འབའ་སྲས།
༼སྔོན་མའི་འཕྲོས།༽
ཁྱི་ཡི་རྒྱལ་བོ་སེང་གེ་རྣ་ཅན་དེར།།
ཁྱི་མོའི་ཚོགས་ན་ནགས་ཀྱི་སྟག་མོ་བཞིན།།
སྡིག་རྩུབ་ཆེ་ཞིང་སྤུ་ཕྲེང་དམར་བོའི་མདོག །
ལྡན་པའི་བཙུན་མོ་ཡོད་པ་དེ་ཡིས་ཐོས།།
ཀྭ་ཡེ་ཁྱི་རྒྱལ་བདག་གི་བདག་པོ་ཀྱེ།།
ཁྱི་ཡི་སྲིད་ལུགས་དར་ཞིང་རྒྱས་པ་དང་།།
ང་ཡི་ལང་ཚོར་ཆགས་པ་འདོར་བྱེད་ན།།
ཁྱི་ཡི་གྲོང་ཁྱེར་སྐད་ཅིག་བདག་གིས་གཞོམ།།
དེ་ལྟར་ཤིན་ཏུ་ཁྲོ་བའི་ཁ་ནང་ནས།།
ལྕེ་ཡི་གློག་དམར་འཁྱུག་ཅིང་སྤུ་རྩེ་རུ།།
མེ་སྟག་ཕྲོམ་ཕྲོམ་མཆེད་པའི་འཇིགས་བསྟན་པས།།
ཁྱི་རྒྱལ་སེང་གེ་སྣ་ཅན་ཞུམ་པར་གྱུར།།
ཟླ་བའི་དཀྱིལ་འཁོར་མུན་པས་བསྒྲིབས་པས་ན།།
མཐའ་འཁོར་སྐར་མའི་ཚོགས་ལ་འོད་ནི་ཅི།།
ཁྱི་རྒན་རྒྱལ་བོ་བཙུན་མོས་བཅུན་ཟིན་པས།།
ཁྱི་ཡི་འཁོར་ན་སུ་ཞིག་སྙིང་དང་ལྡན།།
ད་ནི་ཁྱི་ཡི་གྲོང་ཁྱེར་ན།།
མཱུ་ངྷ་གླེང་བ་མེད་པར་གྱུར།།
ཁྱི་ཡི་འཁོར་དུ་མ་འཚུད་པའི།།
སྤང་ཁྱི་གཞན་ཞིག་ཡོད་ཀྱང་སྲིད།།
མཱུ་ངྷའི་ཁྱིམ་གྱི་མི་རིང་བར།།
ཁྱི་ཡི་གྲོང་གི་ཁྱི་མིན་ལ།།
མི་ཡི་སྒོ་ཁྱིར་མ་བཟུང་བའི།།
ཕྱོགས་ཡོང་སྤང་ཁྱི་གཞན་ཞིག་ཐོན།།
ཨེ་མ་ཁྱི་ཡི་ནང་དུ་མི་ཡི་བསོད་ནམས་ཅན།།
སུས་ཀྱང་བདག་པོར་མ་བཟུང་སྤང་ཁྱི་སེར་ལོག་དེ།།
མཱུ་ངྷའི་ཡབ་མོས་དྲང་སྲོང་རྣམས་ཀྱིས་མེ་ཏོག་གིས །
མཆོད་ཅིང་མཱུ་ངྷའི་ལས་དབང་བཟློག་པའི་ཁྱོ་བོར་བསུས།།
མཱུ་ངྷའི་ལས་ཀྱི་ཟླ་བའི་དཀྱིལ་འཁོར་རུ།།
སྤང་ཁྱི་སེར་ལོག་གཟུགས་ཀྱིས་སྦག་བྱས་པས།།
རི་བོང་གཟུགས་ཀྱིས་བརྒྱན་པའི་ཟླ་བ་ནི།།
ཡངས་པའི་མཁའ་རུ་རྒྱུ་ལ་སྐྱེངས་པར་གྱུར།།
དེ་ལྟ་མོད་ཀྱང་མཱུ་ངྷ་དང་།།
སྤང་ཁྱི་སེར་ལོག་གཉེན་སྟོན་ནི།།
བས་མཐའི་གྲོང་ལས་བརྒལ་གྱུར་ཏེ།།
ཕྱོགས་བཞི་གླིང་དུ་གྲགས་པར་གྱུར།།
དྲང་སྲོང་རྣམས་ཀྱིས་ཁྱོར་ཆུ་དང་།།
ཡབ་མོས་དག་གིས་མེ་ཏོག་གི །
འདབ་མ་སྟོར་ཏེ་མཱུ་ངྷ་དང་།།
སྤང་ཁྱི་གཉེན་སྟོན་རྒྱ་ཆེར་བྱས།།
མཱུ་ངྷ་སྐྱོ་བའི་ཉི་མ་དང་།།
སྤང་ཁྱི་དགའ་བའི་ཟླ་བ་ནི།།
ལྷན་ཅིག་ནུབ་དང་འཆར་བ་ཡིས།།
མི་ཡི་འཇིག་རྟེན་མཚན་མོར་བྱས།།
བུད་མོ་མཱུ་ངྷའི་ལས་དབང་རྒྱ་མཚོ་ནི།།
རྣམ་རྟོག་རླུང་གིས་གཡོ་ཞིང་འཕྱུར་བར་བྱས།།
ནམ་ཞིག་རྟ་དཀར་རྒྱལ་བོ་ཉི་མ་ཆེ།།
ཤར་ཞིང་རེ་བའི་འདབ་སྟོང་དགོད་མིན་ལོ།།
མཱུ་ངྷའི་ལས་དབང་བསྒྱུར་བའི་ཁ་ལོ་བ།།
ཁྱི་ལས་མེད་པར་བརྗོད་པའི་དྲང་སྲོང་རྣམས།།
ཤི་ནས་སྐྱེས་པ་ཁྱི་མོ་དག་དང་ལྷན།།
མཐའ་འཁོབ་ནགས་ཀྱི་ཚལ་དུ་སྐྱེ་བར་ཤོག །
༼མུ་འགོད།༽
བདེ་སྐྱིད་ནི་སེམས་ཀྱི་ཆོག་ཤེས།།
༧སྐྱབས་མགོན་༧གོང་མ་ཁྲི་འཛིན་མཆོག།
སྐྱིད་དང་མི་སྐྱིད། བདེ་ངད་མི་བདེ་ཟེར་བ་དག་རང་ཉིད་ཀྱིས་བསམ་བློ་གཏོང་ཕྱོགས་ཤིག་ལ་རག་ལས་ཡོད། བསམ་བློ་གཏོང་ཕྱོགས་ཡག་པོ་མེད་ན་མཐུན་རྐྱེན་ཤིན་ཏུ་ཡོད་པའི་ལུང་པ་དེ་ཚོའི་ནང་དུ་སེམསཔ་གཏན་ནས་མི་སྐྱིད་པའི་མི་མང་པོ་མཐོང་གི་ཡོད་པ་མངོན་གསལ་རེད། བསམ་བློ་གཏོང་ཕྱོགས་གུ་ཡངས་མོ་ངད་། ཆོག་ཤེས་བྱས་པ་ཡིན་ན་གང་ཡིན་ནའང་འགྲིག་བསྡད་པ་ཞིག་ཡིན་པས་ཚང་མས་བསམ་བློ་གུ་ཡངས་དང་བག་ཕེལ་བྱས་ཏེ་སྡོད་རྒྱུ་ཤིན་ཏུ་གལ་ཆེན་རེད། ང་རང་ཚོའི་ལུས་སེམས་གཉིས་ཀྱི་ནང་ནས་སེམས་གཙོ་བོ་དང་། ལུས་དེ་དེའི་ཆ་ཤས་ལྟ་བུ་ཡིན་པས་སེམས་གུ་དོགས་པོ་དང་དངངས་སྐྲག་དང་། ཆོག་ཤེས་མེད་པར་བྱས་ན་གང་ལ་བསྡད་ཀྱང་སྐྱིད་པོར་ཡོང་བ་ཤིན་ཏུ་དཀའ་མོ་ཡིན་པ་མྱོང་བས་གྲུབ་ཀྱི་རེད།།
མཐུན་སྒྲིལ་ནི་སྟོབས་ཤུགས།།
གཙོ་ཆེ་ཤོས་འདིར་ཡོད་བའི་ཆོས་ལུགས་དང་། ཆོལ་ཁ་སོགས་ལ་འཐེན་འཁྱེར་གཏན་ནས་མེད་པར་མཐུན་ལམ་གང་བུ་གཅིག་གྱུར་དུ་ཡོད་པ་རྩ་ཆེན་པོ་རེད། མ་ཚད་གཞིས་བྱེས་གང་ལ་ཡོད་ནའང་མཐུན་སྒྲིལ་བྱེད་རྒྱུ་འདི་ལས་ལྷག་ཚད་མེད་པས་བོད་ཀྱི་དམངས་ཁྲོད་ནང་ནས་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་ཁ་དཔེ་བརྗོད་སྲོལ་ཡོད། ད་ལྟ་ང་ཚོའི་མི་རིགས་འདིར་མི་གྲངས་ཉུང་བ་དང་།
དཔལ་འབོར་ཞན་པ་སོགས་ཡིན་ནའང་གང་ཡོད་པ་དེ་འཆམ་མཐུན་བྱུང་ན་ས་སྐྱ་པཎྡི་ཏས། མང་པོ་གཅིག་ཏུ་བློ་མཐུན་ན། ཉམས་ཆུང་གིས་ཀྱང་དོན་ཆེན་འགྲུབ། སྲོག་ཆགས་གྲོག་མའི་ཚོགས་འདུས་པས། སེ་གེའི་ཕྲུ་གུ་བསད་ཅེས་གྲགས། ཞེས་པ་ལྟར་རོ།།