མི་ཞུན།
མྱི་ཞིག་ལ་མཚོན་ནས་བཤད་ན་ཕ་མའི་ཡན་གི་དྲིན་པོ་ཞིག་མེད་ལ་ཕ་མའི་ཕན་གྱི་སྙིང་ཉེ་དང་ཤ་ཚ་ཞིག་ཀྱང་དཀོན་པོ་ཡིན། དྲིན་ཕ་མ་ཉི་ཟླ་རྙེད་མེད་ཡིན་ཞེས་པ་ཡང་དངོས་གནས་ཅི་མ་བདེན།
ངས་འདི་ནས་རང་གི་ཕ་རྒན་གླེང་འདོད་པ་ཡང་ཁོང་ལྟ་བུའི་མི་ཞིག་ངའི་འཇིག་རྟེན་ལ་སྟོན་པ་བཞིན་བྱོན་པས་ཡིན་ལ། ཁོང་གི་དཀའ་ཚེགས་དང་སྡུག་རུས་ཀྱིས་ངེད་ཕུ་ནུ་མིང་སྲིང་ཚང་མ་བྱ་རྒོད་ཀྱི་གཤོག་འོག་ནས་བསྐྱངས་པ་ལྟ་བུའི་བདེ་ལམ་ཞིག་ཐོབ་ཡོད་པས་ཀྱང་ཡིན་ནོ།།
བདག་གི་ཕ་རྒན་གྱི་མིང་ལ་ཚེ་རིང་བསམ་འགྲུབ་ཟེར། སྡེ་བའི་ནང་གི་མྱི་ཚང་མས་ཨ་ཁུ་བསམ་འགྲུབ་ཅེས་འབོད། ཁོང་ད་ལྟ་དགུང་ལོ་དོན་དྲུག་ཡིན། རྐང་པ་ཅུང་མི་བདེ་བ་མ་གཏོགས་གཞན་ལུས་པོ་ཧ་ཅང་བདེ་ཐང་ཡིན། ཨ་ཁུའི་རོགས་འདེགས་ལ་བརྟེན་ཏེ་ལོ་ལྟར་ཆུ་ཚན་ལ་ཆད་མེད་དུ་སོང་བས་ད་ལྟ་རྐང་པ་ཡང་སངས་དྲགས་སུ་གྱུར་ཡོད།
ངའི་ཕ་རྒན་ནི་གོ་ས་མཐོ་བའི་དཔོན་པོ་དང་ཡོན་ཏན་ཅན་གྱི་མཁས་པ། འཇོན་ཐང་ཅན་གྱི་ཚོང་དཔོན་དང་སྐད་གྲགས་ཅན་གྱི་མི་ཆེན་དེ་འདྲ་གང་ཡང་མ་རེད། དེ་ལྟ་ན། ངའི་ཕ་རྒན་ལ་ལྷ་སྒྲུང་ལྟ་བུའི་དཔའ་བོའི་གཏམ་རྒྱུད་རིང་མོ་དེ་འདྲ་དང་། ཤེས་བྱའི་རྒྱ་མཚོ་ལ་བརྩོན་འགྲུས་ཀྱི་གྲུ་གཟིངས་བཏང་བའི་མ་ཧཱ་མཁས་པའི་ལོ་རྒྱུས་སྙན་པོ་དེ་འདྲ་རྩ་བ་ནས་མེད། གཞན་ཕན་གྱི་ཕྱིར་དུ་རང་སྲོག་འདོར་བའི་དགེ་སྦྱོང་གི་བློས་གཏོང་ཚད་མེད་ཀྱི་མཛད་པ་དེ་འདྲ་དང་། སྤྱི་ཚོགས་དང་རྒྱལ་ཁབ་ལ་ཞབས་ཞུ་ཚད་མེད་བསྒྲུབ་པའི་བྱས་རྗེས་དེ་འདྲ་ཡང་གཏན་ནས་མེད།
ཁོང་ནི་དུད་ཁྱིམ་བཞི་བཅུ་མ་ཟིན་ཙམ་གྱི་གྲོང་གསེབ་ཆུང་ཆུང་ཞིག་ནས་སྐྱེས་པའི་ཆེས་སྤྱིར་བཏང་གི་མི་དམངས་དཀྱུས་མ་ཞིག་དང་ཆེས་སྤྱིར་བཏང་གི་མི་ཕལ་བ་ཞིག་ཡིན། ཁོང་ལ་འགྲན་ཟླ་བྲལ་བའི་བློ་རིག་གི་གཤོག་རྩལ་དང་། གཞན་དྲིང་མི་འཇོག་པའི་ཤེས་རིག་གི་ཡོན་ཏན། གཞན་ཡིད་དབང་འགུག་གི་འཇོན་ཐང་དང་ནུས་པ་སོགས་བླ་ན་མེད་པ་དེ་འདྲ་ཡང་གང་ཡང་མེད། ཁོང་ནི་ཕ་གཡང་འབུམ་དང་མ་ཨ་སྒོའུ་གཉིས་ལ་བྱིས་པ་དྲུག་སྐྱེས་པའི་ནང་གི་བུ་ཕྲུག་ཆུང་ཤོས་དང་ཞི་ལི་ཁེར་མོ་དེ་ཡིན།
ང་ནི་ངའི་ཕ་རྒན་གྱི་བྱིས་པ་ཐ་ཆུང་བ་དེ་ཡིན་པས་འཇིག་རྟེན་འདིར་ཐོན་དུས་ངའི་སྤོ་རྨོ་གཉིས་མཐོང་ཡུལ་དུ་མི་འདུག ངས་རང་གི་སྤོ་རྨོ་གཉིས་ཇི་འདྲ་ཞིག་ཡིན་མིན་མི་ཤེས་ལ་ཁོང་གཉིས་ཀྱི་མི་ཚེའི་ལོ་རྒྱུས་ནི་དེ་བས་ཀྱང་མི་ཤེས། ཕ་རྒན་ལ་སྐད་ཆ་དྲིས་ཏེ་ཤེས་ཐབས་ཀྱི་འབད་བརྩོན་ཡང་བྱས་མ་མྱོང་། སྤོ་རྨོ་གཉིས་རང་གི་བུ་ཁེར་མོ་ལ་འདང་རྩིས་ཀྱི་ཞེ་རྩ་ཧ་ཅང་ཆེ་བས་ཕ་རྒན་གྱིས་ངའི་ཨ་མ་དང་ལྷན་དུ་ཁྱིན་ཐབ་བཟུང་རྗེས་ཁོ་ལ་ལོགས་སུ་ཁང་པ་གསར་བ་ཞིག་བཟོས་པ་རེད། དེ་དུས་སྤྱི་ཡོངས་ནས་འཚོ་བ་ཧ་ཅང་སྐྱོ་བས་མི་ཐམས་ཅད་ལྟོགས་ཤི་ཐེབས་བཞིན་པའི་སྐབས་ཐོག་རེད།
ངའི་ཕ་རྒན་དུས་རབས་ཉི་ཤུའི་ལོ་རབས་སུམ་བཅུའི་ནང་ལ་སྐྱེས་པ་ཡིན་ཙང་། གནའ་མྱི་རེད་ཟེར་ནའང་མི་ཆོག་རྒྱུ་མེད། ཨ་མ་དང་ཁྱིམ་ཐབ་བཟུང་རྗེས་ཁོང་ལ་བུ་མོ་དྲུག་དང་བུ་ལྔ་བཅས་བསྡོམས་ནས་བྱིས་པ་བཅུ་གཅིག་སྐྱེས། འཚོ་བའི་དཀའ་ངལ་དང་སྤྱི་ཚོགས་ཀྱི་རྙོག་འཛིང་ཆེས་ཆེ་བའི་སྐབས་སུ་བྱིས་པ་རེ་རེ་བཞིན་སྐྱེས་ནའང་ཁོང་གིས་རང་གི་ལག་པ་གཉིས་ཀྱི་ངལ་རྩོལ་གཅིག་པོ་ལ་བརྟེན་ནས་བྱིས་པ་གཅིག་ཀྱང་མ་ལུས་པར་གསོན་པོར་བསྐྱངས་པ་རེད། ཁོ་རང་གི་འཇོན་ཐང་ལབ་ན་འདྲ། ནུས་པ་ལབ་ན་འདྲ་ཡོད་ཚད་ཀྱི་ཡོད་ཚད་ངོམ་པར་བྱེད་སའི་གནད་འགག་གི་གཞི་རྩ་ཨ་མ་དེ་འདི་ནས་གསལ་ཡོང་གི་ཡོད།
ཁོང་ལ་སློབ་སྦྱོང་གི་རྨང་རྡོ་མེད་པ་མ་ཟད། རྒྱབ་འདེགས་ཀྱི་རོགས་སྐྱོར་མེད་ལ། སྣེ་འཁྲིད་ཀྱི་ལམ་སྟོན་པ་ཡང་མེད་པས། འཇོན་ནུས་ཀྱང་ཆེན་པོ་དེ་འདྲ་ག་ལ་ཡོད། འོན་ཀྱང་། ངས་ཤེས་དུས་ནས་ཁོང་གིས་བྱིས་པ་ཚོ་ལ་ལྷམ་དང་། སྟོད་གོས་དང་རྐང་སྣམ། ཕྱུ་པ་སོགས་བཙེམས་ནས་བཟོ་བྱེད་ཀྱི་འདུག
ངའི་ཨ་ཕས་ང་དང་ངའི་མིང་སྲིང་ཚོ་ལ་ཚོང་ཁང་ནང་གི་རྐང་སྣམ་དང་སྟོད་གོས་སོགས་གཏན་ནས་མི་ཉོ། ཁོས་ནམ་ཡིན་ཡང་རས་ཉོས་རྗེས་རང་ཉིད་ཀྱིས་བཟོས་ཏེ་བྱིས་པ་ཚོ་ལ་གྱོན་དུ་འཇུག་གི་ཡོད། ཁོང་ལ་དམིགས་བསལ་གྱི་ལག་ཤེས་ཤིག་ཡོད་པ་ནི་ཚེམ་བུ་བརྒྱག་པ་དེ་གཅིག་པོ་ཡིན། ཚེམ་བུ་བརྒྱག་པའི་ལག་རྩལ་དེ་གང་ཞིག་ནས་བསླབ་མིན་མ་ཤེས་ཀྱང་ཁོང་ལ་མཚོན་ན་ཚེ་ཐོག་འདི་ནས་ངོམ་རྒྱུ་ཞིག་ཡོད་ལ་མེད་ལ་དེ་ཚེམ་བུ་བརྒྱག་པའི་ལག་རྩལ་གྱི་ཡོན་ཏན་དེ་རང་ཡིན།
འོན་ཀྱང་། ལག་རྩལ་དེ་ཁྱིམ་ཁ་གསོ་སྤྱད་དང་ཡོང་སྒོ་གསོག་སྤྱད་ཀྱི་ཚོང་ལམ་དུ་གཏན་ནས་བཀོལ་མ་མྱོང་། གཞན་ལ་ཚེམ་བུ་བརྒྱག་པའི་ལས་ཀ་ག་རེ་ཡོད་ནའང་ཁོས་རིན་མེད་ངང་ལས་རྐྱང་བྱེད་ཀི་རེད།
ལས་རོགས་བྱེད་པ་ལ་རིན་ལེན་པའི་ལུགས་སྲོལ་དེ་འདྲ་ཁོའི་རྒྱུད་ན་རྩ་བ་ནས་མེད། ཧ་ལམ་སྔོན་ཆད་ཀྱི་མྱི་ཚང་མ་དེ་འདྲ་ཡིན་ས་རེད།
དཔལ་འབྱོར་གྱི་ཡོང་ཁུངས་བཙན་པོ་ཞིག་མེད་པའི་ཁོང་ཉིད་ཀྱིས་བུ་ཕྲུག་བཅུ་གཅིག་གི་ཚེ་སྲོག་རྒྱུན་སྐྱོང་དང་འཚོ་བའི་མ་རྩ་ཆད་མེད་དུ་བསྐྱངས་ནས་ཡོང་བ་ནི་དངོས་གནས་ཧ་ལས་པ་རེད།
ངས་ཤེས་དུས་ནས་ངེད་ཚང་ལ་ར་མ་ལྔ་བཅུ་ཙམ་དང་། བོང་བུ་བཅུ་ཁ་ཞིགགཡག་དང་འབྲུ། མཛོ་དང་མཛོ་མོ། རྟོལ་ལུ་བཅས་བསྡོམས་ནོར་ཟོག་སུམ་ཅུ་མ་ཟིན་ཙམ་ཞིག་ཡོད།
གཞན་ས་ཞིང་འགའ་ཤས་ཤིག་ཡོད་པ་རེད། འདི་དག་ནི་ཁྱིམ་ཚང་འདིའི་དཔལ་འབྱོར་གྱི་ཡོང་ཁུངས་ཆེ་ཤོས་དང་ཕ་རྒན་གྱི་རྒྱུ་ནོར་ཡོད་ཚད་ཡིན་རྒྱུ་རེད། ཕ་རྒན་གྱིས་འདི་དག་ལ་བརྟེན་ཏེ་ཁྱིམ་ཁ་གསོས་ནས་ཡོང་བ་རེད། དེ་དུས་ད་རུང་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཞེ་དྲགས་ཡར་རྒྱས་ལ་སོང་ཡོད་པའི་སྐད་ཆ་རེད་དེ།
དངོས་གནས་བཤད་ན། ང་མ་སྐྱེས་སྔོན་དུ་བཟའ་བཏུང་གི་དཀའ་ངལ་གཅིག་པོ་བཤད་ནའང་དེང་སང་གི་ང་ཚོའི་རྣ་ལ་ཁྱོན་ནས་འགྲོ་དཀའ་བ་དང་ཡིད་གཏན་ནས་ཆེས་མི་ཐུབ་པ་དེ་འདྲ་རེད། གང་ལྟར།
ང་ཚོ་སྐབས་ཐོག་དེ་ལ་མ་སྐྱེས་པ་ནི་ཚེ་སྔོན་མའི་ལས་བཟང་གི་མཐུ་ལས་བྱུང་བ་རེད།
སྤྱི་ཚོགས་རྙིང་པའི་ནང་གི་མྱི་ཚང་མ་སྡུག་གི་རྒྱ་མཚོ་བརྒལ་ནས་ཡོང་བ་ཤ་སྟག་ཡིན་ཙང་། ཁོང་ཚོ་དང་བསྡུར་ན་ངའི་ཕ་རྒན་གྱི་སྡུག་ལའང་ཧ་ལས་རྒྱུ་ཅང་མེད་རེད། ཡིན་ནའང་། ངོ་མཚར་བ་ཞིག་ལ་ངའི་ཕ་རྒན་གྱིས་སྡུག་ག་ཚོད་ཡོད་ཀྱང་སྡུག་སྣ་མ་འཁྱོག་པའི་ཁོང་ཁྲོ་སྟོན་པ་དང་ཨ་ཆད་འུ་ཐུག་གི་སྐད་ངན་འཆོར་བ་དེ་འདྲ་ནམ་ཡང་བྱེད་མི་སྲིད།
ངའི་ཕུ་བོ་དང་ངེད་གཉིས་གྲོང་ཁྱེར་གྱི་སློབ་གྲྭར་གཏོང་སྐབས་ཕ་རྒན་ལ་མཚོན་ན་དེ་ནི་ཡོང་སྒོ་མེད་པའི་སྒང་ལ་འགྲོ་སོང་གི་སྣོན་པ་རེད་དེ། ཁོས་ཟླ་ནས་ཟླ་དང་ལོ་ནས་ལོ་མཐུད་དེ་ངེད་གཉིས་སློབ་གྲྭ་ལ་མ་ཆད་པ་བྱས། ང་ཚོའི་སྡེ་བའི་ནང་དུ་ཕྱུག་པོ་ཡིན་ཟེར་མཁན་གྱི་ཁྱིམ་ཚང་འགའ་རེ་ཡོད་པ་རེད་ཀྱང་། ངའི་ཕ་རྒན་བཞིན་བྱིས་པ་སློབ་གྲྭར་བསྐྱལ་མཁན་དེ་འདྲ་དེའི་དུས་གཅིག་ཀྱང་བྱུང་མ་མྱོང་།
ངའི་ཕ་རྒན་གྱིས་ཁབ་གསོག་འབུགས་གསོག་བྱས་པའི་ཡོང་སྒོ་ཚང་མ་ངའི་ཕུ་བོ་དང་ངེད་གཉིས་ཀྱི་སྒང་ལ་གཏོང་དགོས་པ་མ་ཟད། ཁྱིམ་མིའི་ལྟོ་གོས་ཀྱི་ཕྱིར་དུའང་གཏོང་དགོས་པས་ཤེས་ཡོན་སློབ་སྦྱོང་མེད་པའི་མི་དམངས་དཀྱུས་མ་ཞིང་ལས་པ་ཞིག་གིས་འདི་ལྟར་རང་གི་ཁྱིམ་ཚང་བསྐྱངས་ནས་ཡོང་བའི་གཏམ་རྒྱུད་འདི་ཆེས་ལྐོག་ཏུ་གྱུར་བའི་ལྷ་སྒྲུང་གི་མཚར་གཏམ་དེ་དག་ལས་ཀྱང་མཚར་ཞིང་སྙན་པའི་དབྱངས་ཤིག་དང་ཅི་ནས་མི་འདྲ་ཨང་།
ད་ལྟའི་དུས་སྐབས་ལ་རང་ངོས་ནས་སྒོར་མོ་གཅིག་འཚོལ་བ་ལའང་ཐབས་ཤེས་བྱེད་དཀའ་བའི་གནས་སུ་གྱར་དུས་ངས་གཞི་ནས་རང་གི་ཕ་རྒན་གྱི་འཇོན་ཐང་གི་རིན་པ་དེ་བླ་ན་མེད་པ་ཞིག་དང་གོང་ན་མེད་པ་ཞིག རྩེ་ན་མེད་པ་ཞིག་དང་གཙུག་ན་མེད་པ་ཞིག་ཡིན་པ་ཤེས་སོང་།
དེ་ལས་ཀྱང་རྩ་ཆེ་བ་ཞིག་ལ། ཁོང་གི་རང་བཞིན་ལྷན་སྐྱེས་ཀྱི་བལ་འཇམ་ལྟ་བུའི་གཤིས་ཀ་དང་མདའ་མོ་ལྟ་བུའི་གཞུང་རྒྱུད། དགེ་སྦྱོང་ལྟ་བུའི་སྤྱོད་པ་དང་ཁ་བཏགས་ལྟ་བུའི་བསམ་པ་སོགས་ནི་མ་བཅོས་ལྷད་མེད་ཀྱི་དྭངས་གཙང་གི་ཤེལ་སྒོང་ཞིག་དང་ཨ་ན་མ་ན་ཡིན། ཁོས་ནམ་ཡིན་རུང་གཞན་ལ་ཟོག་པོ་དང་ཟོལ་པོ་བྱེད་མི་སྲིད་ལ། ཁྲེལ་མེད་དང་ངོ་ཚ་མེད་པ་དེ་འདྲ་རྐང་ནས་བྱེད་མི་སྲིད། རང་ཉིད་ཀྱིས་མ་འཁྱོངས་པའི་ལས་ཀ་གཞན་ལ་ཁག་མི་དཀྲི་བ་དང་གཞན་གྱིས་བརྣག་པའི་བསམ་པ་ལ་ཡང་རྒོལ་བ་མི་བྱེད།
གཞན་གྱི་འབྱོར་བ་ལ་ཆགས་སེམས་མི་ཤོར་བ་དང་རང་གི་འཁོས་ཀ་ལ་ཉམས་དམའ་བོ་ཡང་གཏན་ནས་མི་བྱེད། ལས་གཞི་ག་འདྲ་ཞིག་ཡིན་ནའང་དྲང་མོ་དྲང་རྐྱང་དང་བསམ་པ་རྣམ་དག་ཡིན། སྡེ་བ་གཡས་གཡོན་དང་ཁྱིམ་མཚེས་གོང་འོག་གི་མི་སུ་འདྲ་ཞིག་ལ་ཡང་མི་མཐུན་པ་དང་མ་འགྲིགས་པ་གཏན་ནས་བྱུང་མ་མྱོང་། སྡེ་མི་ཚང་མས་ཀྱང་ཨ་ཁུ་བསམ་འགྲུབ་ཅེས་མི་བཟང་བོ་དཔེ་མེད་པ་ཞིག་ལ་བརྩི་བ་ཡིན།
ཨ་མ་དང་མནའ་མ་སོགས་ལ་ཁ་རྩོད་ཐེངས་གཅིག་བརྒྱབ་པ་ཡང་ངའི་དྲན་ཡུལ་དུ་གཏན་ནས་མེད།
བཟའ་འཁོན་ཟེར་བ་ནི་ཁོ་ལ་མཚོན་ན་མིག་གིས་རིག་པ་དང་རྣ་ཡིས་གོ་བ་ཙམ་དུ་མ་གཏོགས་མི་ཤེས་པའི་ཚོད་ཡིན།བུ་ཕྲུག་སུ་ལ་ཡང་འཇམ་པོའི་ངང་བསླབ་བྱ་བརྒྱག་པ་མ་གཏོགས་ཚིག་ངན་གྱིས་གཤེ་བ་དང་དར་ལྕག་གིས་གཞུས་ནས་ཁུ་ཚུར་གྱིས་བརྡུང་བའི་ཟོལ་གཏན་ནས་མེད། ཆང་འཐུང་ནས་ར་བཟི་ན་ཡང་རྙོག་དྲ་མི་བཤད། བུ་ཕྲུག་ཚོར་རྟག་པར་གཞན་ལ་མཐུན་པོ་བྱེད་དགོས་ཞེས་བསླབ་བྱ་བརྒྱག
ངའི་ཕ་རྒན་ནི་སེམས་ཆུང་གཉོམ་ལྡན་གྱི་མི་ཞིག་ཡིན། བུ་ཕྲུག་ཚོ་རྒོད་དུ་ཤོར་ནས་ཁོའི་ཁ་ལ་མི་ཉན་ན་ཡང་ཁོས་ཚིག་རེ་གཉིས་བཤད་པ་ལས་གཅར་བརྡུང་མི་བྱེད། དཀའ་ངལ་ག་འདྲ་ཞིག་ལའང་གདོང་གཏོད་ཀྱི་སྤོབས་སེམས་ཡོད་པས། ལུས་ཤུགས་ཀྱི་ངལ་སྩོལ་གང་ལའང་སྒྱིད་ལུག་དང་ཕྱིར་བཤོལ་མི་བྱེད། ཁོའི་ཚེ་སྟོད་ལ་དཀའ་སྡུག་སྟོང་ཕྲག་གི་རི་བོ་འཁུར་ཞིང་། ངལ་དུབ་རྔུལ་ནག་གི་རྒྱ་མཚོ་བསྐྱིལ་མྱོང་། ཁོས་མི་ཆེན་བཞིན་སྐྱིད་པོ་རྒྱགས་པ་བཏངས་མ་མྱོང་ལ། ལས་བྱེད་བཞིན་ཁང་བརྩེགས་མཐོན་པོ་དང་། དཔོན་པོ་བཞིན་རླངས་འཁོར་རྫིག་པོའི་ནང་དུའང་ཡེ་ནས་བསྡད་མ་མྱོང་། ཐ་ན་ཟ་ཁང་གྲགས་ཅན་ཞིག་གི་ནང་ནས་ཟ་མ་དགའ་བོ་ཞིག་ཀྱང་ཟོས་མ་མྱོང་།
ཁོས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ཚོའི་དོན་དུ་སྡུག་མྱངས་མྱངས་པའི་མཐའ་མར་ཁང་པ་གསུམ་ལས་མྱོང་ཡོད། དེ་དུས། གནམ་རྒན་མས་ཀྱང་སྙིང་རྗེ་ནས་ཁོང་ལ་རོགས་པ་གཅིག་རང་གཅིག་བྱས་མྱོང་ཡོད་པ་ནི་ན་རུ་མ་བཅུག་པ་དེ་ཁོ་ན་ཡིན།
ཁོས་སྐྱབས་འགྲོ་དང་ལྟུང་གཤེགས། སྨོན་ལམ་རྣམ་ལྔ་སོགས་ཁ་འདོན་བྱེད་པ་ལས་ཡི་གེ་མི་ཤེས། ཡིན་ན་ཡང་ཡི་གེའི་རིན་ཐང་ཤེས། ཁོ་སློབ་གྲྭར་འགྲིམས་ཏེ་སློབ་སྦྱོང་བྱས་མ་མྱོང་། འོན་ཀྱང་། སློབ་སྦྱོང་གི་དགེ་ཕན་རྟོགས། དེ་བས་ང་དང་ངའི་ཕུ་བོ་གཉིས་ཆུང་དུས་ནས་སློབ་གྲྭར་བསྐྱལ་ཞིང་རྟག་པར་སློབ་སྦྱོང་ལ་ཧུར་བརྩོན་བྱོས་ཟེར་ནས་བསླབ་བྱ་བརྒྱག་པ་ཡིན།
ངའི་ཕ་རྒན་ལ་ཧ་ཅང་གི་སེམས་པ་སྙི་མོ་ཞིག་ཡོད། ཁོང་ལ་མ་གཞི་ནས་སེམས་པ་སྙི་མོ་ཞིག་ཡོད་དེ། ནམ་རྒྱུན་ནས་ཉམས་ཆུང་ཚུལ་ལྡན་གྱི་བྱ་བ་ཁོ་ན་ལས་མི་བྱེད་པ་ཞིག་ཡིན། ང་ཚོའི་སྡེ་བའི་ཁྱིམ་ཚང་ཡོངས་སྤྲོ་གསེང་ལ་འགྲོ་བའི་སྐབས་ཐོག་ཅིག་ལ། ཁོང་རྫོང་ཐོག་ཏུ་ཉོ་ཆ་བརྒྱག་གི་སོང་བ་དང་། དེ་ནས་བཤས་ཁང་ཞིག་ལ་ཤ་ཉོ་རུ་སོང་འདུག བཤས་ཁང་ནས་སྟབས་མ་ལེགས་པ་ཞིག་ལ། ཁོང་གིས་སེམས་ཅན་རྣམས་བང་བསྒྲིགས་ནས་གསོད་ཀྱི་ཡོད་པ་མཐོང་བས། སྐད་ཅིག་དེ་ཉིད་ལ་ཁོང་རྦད་དེ་སེམས་ཀྱིས་མི་བཟོད་པའི་སྙིང་རྗེ་ཚད་མེད་ཀྱི་དབང་དུ་ཕྱིན་ཏེ་ཤ་མ་ཉོས་པར་ཕྱིར་ལོག་འདུག
ཁོས་ང་ཚོར་མི་ལ་བཟའ་རྒྱུ་དེ་འདྲའི་མང་པོ་ཞིག་ཡོད་པའི་ནང་ནས་ཡིན་གཅིག་ཤ་བཟའ་དགོས་པའི་རྒྱུ་མཚན་མི་འདུག་གསུངས་སོང་། དེའི་ལོར་ངེད་ཚང་གིས་སྤྲོ་གསེང་སྐབས་ཉིན་གཅིག་ལ་ཤ་མེད་བྱས་པ་ཡིན། ཁོང་ལོ་དེར་སྤྲོ་གསེང་ལ་ཡང་ཡོང་མ་སོང་། དེ་དུས་ངའི་སེམས་ལ་ཕ་རྒན་འདི་ཇི་འདྲིའི་མི་སེར་སྣ་ཅན་ཞིག་རེད་ཨང་བསམ་པ་དྲན་སོང་ཡང་། ད་ལྟ་ངས་ཕ་རྒན་དེ་ཇི་འདྲིའི་སྙིང་རྗེ་ཅན་དང་གཞན་བསམ་ཅན་ཞིག་རེད་ཨང་བསམ་པ་དྲན་གི་འདུག
ཕ་རྒན་དེ་ལྟར་དཀའ་སྡུག་གི་ཚེར་དོང་ལས་ནར་སོན་ཏེ་ཁྱིམ་ཚང་གི་ར་སྐོར་ནས་ལོ་ལོན་སོང་། ཕ་རྒན་དེ་ལྟར་བུ་ཕྲུག་གི་དོན་དུ་ཚེགས་ཤིང་བུ་ཕྲུག་གི་ཕྱིར་དུ་ཆད་སོང་། ཁྱིམ་ཚང་གི་བྲན་དུ་གྱུར་ཞིང་འཁོར་དོང་གི་ཞབས་ལ་ཟགས་སོང་། ཕ་རྒན་དེ་ལྟར་སྐྲ་དཀར་གྱིས་བཏུམས་ཤིང་གཉེར་རིས་ཀྱིས་གཡོགས་སོང་། རླུང་ནད་ཀྱིས་གཟིར་ཞིང་དྲེག་གྲུམ་གྱིས་མནར་སོང་། ཕ་རྒན་དེ་ལྟར་གོ་ཁ་ནས་ལུས་ཤིང་ཞིང་ཁ་ནས་ལྷག་སོང་། ཁ་ཆར་དང་ལྷན་དུ། བུ་ཡུག་དང་མཉམ་དུ།
ངའི་གསེར་མདོག་གི་ཕ་རྒན་ལགས། དོ་མེད་ཀྱི་ཉི་མ་ལགས། ལོ་ཡིས་མཐའ་ལ་དེད་ཅིང་དུས་ཀྱིས་མུ་ལ་འདྲུད་པའི་ཁྱོད། རྒས་ཤིང་འཁོགས་རུང་། ཇ་ཕོར་བ་གང་གི་སྐྱེམས་པ་དང་ཟས་ཁམ་བུ་གང་གི་བཏེགས་པ། དུས་སྐར་མ་གཅིག་གི་ཞབས་གཡོག་དང་འཛུམ་ཉི་ཐིགས་ཙམ་གྱི་དགོད་ཁ་ཡང་སློང་མ་མྱོང་བའི་ང་ཇི་འདྲིའི་སྡུག་ཅིང་ཇི་འདྲིའི་སྐྱོ་ནས་ཡོད་ཨང་། ངའི་མྱི་ཚེ་འདིའི་སྟོན་པ་གསོན་པོ་ལགས།
2014/10/31 ཉིན།
འདི་འདྲ་མང་ཙམ་ཕྲིས་ཤོག སྙན་པོ་འདུག
༼གསེར་མདོག་གི་ཕ་རྒན༽ འདིའི་དོན། ལོ་ལོན་པའི་ཕ་རྒན་ཟེར་བའི་དོན་ཨེ་ཡིན། དེ་འདྲ་མིན་ན། ཅི་ཞིག་བཤད་ཀི་ཡོད།
ཕ་མའི་ཡན་གྱི་༼དྲིན་པོ་ཞིག་མེད༽་ལ་ཕ་མའི་ཕན་གྱི་༼སྙིང་ཉེ་དང་ཤ་ཚ་ཞིག༽་ཀྱང་དཀོན་པོ་ཡིན།
གོང་གི་སྐད་ཆའི་འགྲོས་འདི་ལ་ཁ་མ་ཚང་བའི་བསྡུས་སྐྱོན་ཞིག་མེད་འགྲོ་བསམ། དེ་མིན་པས། བཤད་པ་ཞིག་མི་འདུག། ཁྱེད་ཀྱི་ཕ་དྲིན་ཆེན་ཁོང་དེ་འདྲ་ཞིག་རེད་ཡ་བསམ་པའི་གོ་བརྡ་ཞིག་འཕྲོད་སོང་བས། ཁྱེད་འབྲི་བ་བོ་དང་ང་ཀློག་པ་བོ་གཉིས་བརྡ་སྤྲོད་གཅིག་གི་ཤོག་ངོ་ནས་མཉམ་འགྲོ་དང་མཉམ་འདུག་རེད། ཐུགས་རྗེ་ཆེ།