སྐྱོ་བྲག་དགའ་དབང་།
བོད་མཐོ་སྒང་གི་ས་ཆ་ཕལ་མོ་ཆེར་ཕྱུགས་ཟོག་ཁ་གྲངས་མང་ཞིང་འབྲུ་རིགས་ཀྱི་ཐོན་ཁུངས་ཉུང་བ་ལ་བརྟེན་ནས་ཤ་ལ་དགའ་ཞིང་ཁྲག་ལ་རྔམས་ཀྱིན་ཡོད་མོད། ཤ་ཁྲག་ལ་དགའ་བ་ནི་ཡག་པོ་ཞིག་མ་རེད། གལ་ཏེ་དུད་འགྲོ་དྲིན་ཆེན་རྣམས་འཇིག་རྟེན་འདི་ནས་རྫོགས་སོང་ན་མི་རྣམས་ཕན་ཚུན་བཟའ་དགོས་ཐུག་པའི་གནས་སུ་གྱར་ངེས་ཤིང་ང་ཚོས་སྲིན་པོ་ཞེས་འཇིགས་ཡེ་རེ་བ་ཞིག་ཏུ་ལྟ་བའང་དོན་ཤ་ཁྲག་ལ་ལོངས་སྤྱོད་པས་རེད།
འཇིག་རྟེན་ན་གཅེས་པ་རང་སྲོག་ཡིན་ཕྱིར་རང་གི་འཚོ་གནས་ལ་འབད་དགོས་པ་བདེན་མོད། སྐད་ཆ་བཤད་ཤེས་མིན་ཙམ་ལས་དུད་འགྲོ་རྣམས་ཀྱང་རང་སྲོག་ལ་ཧ་ཅང་དམར་བཞིན་ཡོད་པ་ནི་མངོན་སུམ་འདི་ཀ་ཡིན། རང་གི་འཚོ་གནས་ཙམ་ལས་གཞན་གྱི་ཚོར་བ་བདེ་སྡུག་ལ་བསམ་ཤེས་ཡེ་མི་བྱེད་ན་ཐ་མ་རང་ཉིད་སྤྱི་ཚོགས་ཀྱི་ནང་དུ་བདེ་གནས་ཡོང་ཐུབ་ཀྱི་མ་རེད། སྔར་ཡིན་ན་བོད་ཡུལ་དུ་དཀར་ཟས་ཉུང་ཙམ་ཡིན་མོད། དིང་གི་དུས་ན་འཛམ་གླིང་སྤྱི་ཡོངས་ཚོང་རར་གྱུར་པས་དཀར་ཟས་སྣ་མང་མ་ཐོབ་པའི་དཀའ་ངལ་ཆེར་མེད་ཅིང། བོད་ཡུལ་ཡིན་ནའང་མུ་མཐུད་ཚོང་ལས་ཅན་དུ་འགྱུར་ངེས་པས་ན་དཀར་ཟས་སྣ་མང་མ་ཐོབ་པའི་དཀའ་ངལ་ཁྱོན་ནས་ཡོང་གི་མ་རེད།
བོད་པ་ཚོས་ང་ཚོ་ཤ་ཁྲག་ལ་དགའ་བ་ནི་ང་ཚོའི་མི་རིགས་ཀྱི་གོམས་གཤིས་རེད་ཅེས་བཤད་ཀྱི་ཡོད། གོམས་གཤིས་ཡིན་ནའང་སྐྱུར་མི་ཐུབ་པ་དང་མི་རུང་བ་ཞིག་མིན་པ་ནི་དིང་གི་དུས་ན་བོད་པ་ཚོ་ཡང་འཕྲུལ་འཁོར་དུ་བསྐྱོད་པ་ལས་རྟ་དང་གཡག་བཞོན་ནས་མི་འགྲོ་བ་འདིས་ཤེས་པ་ཡིན། དོན་དངོས་ལ་བོད་པ་ཤ་ཁྲག་ལ་དགའ་བ་ནི་བཟའ་འདོད་བྱུང་བྲོ་བ་ཞིམ་པ་འདུག་ཟེར་བ་ཙམ་རེད། འདི་ཙམ་གྱི་དབང་དུ་གཏོང་དགོས་ན་ཉི་མ་གཅིག་ཁྱོད་གསོད་འདོད་བྱུང་ཁྱོད་བསད་ན་ང་དགའ་བ་འདུག་ཟེར་སར་བསླེབ་ངེས་པས་ཞེད་སྣང་གི་གནས་ཚུལ་མིན་ནམ།
རྒྱ་གར་གྱི་བྲམ་ཟེ་སོགས་མི་ཡི་རིགས་རྒྱུད་མང་པོས་ཤ་ཁྲག་ཟ་འཐུང་མི་བྱེད་པས་ཚེ་རིང་ནད་མེད་དང་རིག་པ་གསལ་བ་ཡོད་རབས་བཤད་ཀྱི་གདའ་བ། ང་ཚོ་བོད་པ་ཡང་ཚེ་རིང་ནད་མེད་དང་རིག་པ་གསལ་བ་ནི་འདོད་ཀྱིན་ཡོད་པས་ཅིའི་ཕྱིར་རང་དགྲ་རང་གཤེད་བྱེད། གནའ་ནས་ད་བར་བོད་པས་སྒོ་ཟོག་དྲིན་ཆེན་རྣམས་གསོད་གཏུབ་བྱས་ཀྱང་ཐ་མ་བོད་ཡུལ་གྱི་གནས་བབ་སྐྱོ་བོ་འདི་ལ་ཐུག་པས་བཤས་ཚོང་གིས་ཡར་རྒྱས་གོང་འཕེལ་མི་ཡོང་བ་ཡང་ཀླད་ཡོད་ཡིན་ན་ཤེས་ཚོད་རེད།
ང་ཚོ་བོད་རིགས་གཉོམ་ཆུང་རྣམས་ལ་སྐྱབས་ཞུ་མཁན་ཞིག་ཡོད་པ་ནི་རང་གི་སྒོ་ཟོག་དྲིན་ཆེན་འདི་ཙམ་ཡིན་འགྲོ། ཁོ་ཚོ་རི་ནས་ཁྱིམ་ལ་ལོག་ཡོང་གི་ཡོད་ལ་ཁོ་ཚོས་བདག་པོ་མཐོང་བ་ན་ཧ་ཅང་དགའ་བས་རྒྱུག་ཡོང་ནས་ལྕེས་ལྡག་པ་སོགས་བྱེད་ཀྱི་ཡོད། ཡིན་ནའང་ང་ཚོས་ཁོ་ཚོ་བེད་སྤྱོད་གང་དགོས་བཏང་སྟེ་ཐ་མ་སྲོག་ཐོག་ཏུ་གཏོང་གི་ཡོད། དྲིན་ལན་ལོག་འཇལ་བྱ་མཁན་བོད་པ་ལས་སྡུག་ཙམ་ས་སྟེང་དུ་ཨེ་ཡོད་ན་བསམ་གྱི་གདའ། ང་ཚོས་ཆོས་ལོག་ཏུ་བརྩི་བའི་ཕྱིའི་རྒྱལ་ཁབ་མང་པོར་ཉེས་ཅན་གྱི་མི་ག་འདྲ་ཞིག་ཡིན་ནའང་སྲོག་ཐོག་ཏུ་གཏོང་ཆོག་གི་མེད། བོད་པའི་ཁྱིམ་ཚང་མང་པོས་རང་གི་ཕ་མ་ལྟར་གྱུར་པའི་སྒོ་ཟོག་སེམས་ཅན་གསོད་དགོས་ཐུག་པ་ལ་སྐྱོ་སྣང་ཙམ་ཡང་མེད་པར་མང་དག་གསོད་དུ་ཡོད་པ་ནི་ཕྱུག་པོ་ཡིན་པའི་ངོམ་སོ་བྱེད་ཀྱི་ཡོད་ལ། མི་ཁ་ཤས་ཀྱིས་སོ་སོའི་ཕ་མ་འདྲ་བའི་དྲིན་ཆེན་གྱི་ཤ་ཁྲག་ཟ་འཐུང་བྱེད་ཀྱི་ཡོད་པ་མི་ཤེས་པར་ངས་ཚད་རྒལ་བཟའ་འཐུང་ཐུབ་རབས་ཀྱི་དཔའ་གཏམ་ཤོད་ཀྱི་ཡོད།
འདི་ཚོ་ནི་ཕ་བསད་ལ་རྒྱལ་རྔ་རྡུང་བའི་བོད་སྲིན་པོ་གདོང་དམར་གྱི་ཀླ་ཀློའི་སྤྱོད་པ་རང་རེད། སྒོ་ཕྱུགས་ལས་ངན་འདི་ཚོས་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་མཉམ་རུབ་ཡག་པོ་བྱེད་མི་ཤེས་པ་མ་གཏོགས། གལ་ཏེ་ཤེས་ན་ཁ་ཆེ་དྲག་སྤྱོད་པས་མི་དམངས་དམར་གསོད་གཏོང་གི་གདའ་ཟེར་ནས་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེས་དྲག་རྡུང་བྱེད་ཀྱིན་ཡོད་པ་བཞིན། དུད་འགྲོ་རྣམས་ཀྱིས་ཀྱང་ཤ་ཟ་ཁྲག་འཐུང་བྱེད་མཁན་གྱི་མི་ཚོགས་དག་གསོན་ས་སྟེང་དུ་འཇོག་གི་མ་རེད།
ང་ཚོས་ང་ཚོ་ངོ་སྤྲོད་བྱེད་པ་ན་བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་སོགས་ཆེ་རབས་གཉན་རབས་ལུང་པ་དགུ་བཤད་ནས། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་པའི་གོ་བ་དང་ལག་ལེན་ཙམ་ཡང་མེད་པ་ནི་ཅི་འདྲའི་ངོ་གནོངས་དགོས་པ་ཞིག་རེད་ཨང་། ད་དུང་ཧམ་ཆེན་འགའ་རེས་སངས་རྒྱས་ཀྱིས་ཤ་ཁྲག་གི་བཟའ་བ་མ་བཀག་པར་བཤད་པ་ནི་སངས་རྒྱས་ཀྱི་གསུང་རྣམས་རྩིས་མེད་དུ་གཏོང་བ་སྟེ། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །ཅེས་པ་བཞིན་མདོ་སྡེ་མང་པོ་ནས་ནན་གྱིས་བཀག་ཡོད།
རང་ཉིད་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་བྱས་ཤེས་དྲིན་དྲན་ཡོད་པ་དང་། མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུང་། །ཞེས་པའི་དམ་ཆོས་ཀྱི་གོ་བ་ཙམ་ཡོད་མཁན་ཞིག་ཡིན་ན་དམར་ཟས་སྤོངས་ཤོག་དང་བདག་དང་གཞན་གྱི་ཉམས་མྱོང་ལྟར་ན་དམར་ཟས་སྤོང་མི་ཐུབ་པ་དང་སྤངས་ན་ཉེན་ཁ་ཡོད་པ་ཞིག་ཅང་རེད་མི་གདའ། དམར་ཟས་སྤོང་སེམས་བརྟན་པོ་ཞིག་ཡོད་ན་རང་གི་ཁྱིམ་ནས་ཀྱང་ཕ་མ་འདྲ་བའི་སྒོ་ཟོག་དྲིན་ཆེན་རྣམས་སྲོག་ཐོག་ཏུ་གཏོང་དགོས་ཐུག་གི་མ་རེད། གལ་ཏེ་གཏན་སྤོང་མ་ཐུབ་ནའང་ཟ་གྲངས་དང་ཟ་ཚད་ཉུང་དུ་ཐོངས་དང་རང་ཉིད་ཚེ་རིང་ནད་མེད་ཀྱི་འཕྲོད་བསྟེན་བཟང་བའི་ཐོག་ཕ་མ་དང་བླ་མ་སོགས་ཀྱི་སྐུ་ཚེ་ཞབས་རིམ་ཡང་ཡག་ཤོས་རེད།
སྟོན་མཇུག་ཏུ་བསླེབས་པ་ན་བོད་ཡུལ་པ་རྣམས་ཀྱིས་དགུན་བཤས་བཤའ་ཟེར་ནས། རང་ལ་སྐྱབས་བཅོལ་བའི་དུད་འགྲོ་གཉོམ་ཆུང་དང་དྲིན་ཆེན་མང་པོ་ཞིག་སྲོག་ཐོག་ཏུ་གཏོང་གི་ཡོད། གཏོང་སྟངས་ཀྱང་ཡུལ་སྲོལ་ལ་ལར་ནི་དུད་འགྲོ་གསོན་པོའི་སྙིང་ཁ་གཤགས་ནས་སྡིག་ལག་གྲང་མོ་སྤར་སྙོབ་ཀྱིས་སྲོག་རྩ་གཅོད་པས་འཆིར་བཅུགས་པ་དང་། ལ་ལར་ནི་སྟྭ་གྲི་རྣོན་པོས་གསོན་སྐེ་གཏུབས་ཏེ་ཁྲག་དམར་བཞུར་བས་འཆིར་བཅུག་པ་དང་། ལ་ལར་ནི་མགོ་བོར་ཐོ་ཆེན་རྡེག་པས་ཀླད་ཁྲག་གཏོར་ནས་འཆིར་བཅུག་པ་དང་། ལ་ལར་ནི་མཆུ་བསྡམས་ནས་དབུགས་འཐུམས་ཀྱིས་འཆིར་བཅུགས་པ་དང་། ལ་ལར་ནི་སྒལ་ཀླད་ལ་འབུག་བཙུགས་ནས་འགྱེལ་ཤི་བྱེད་བཅུག་པ་སོགས་ཐོས་པ་ཙམ་ནའང་སྐྱི་གཡའ་བའི་བྱེད་སྟངས་ཡ་ང་བ་མང་པོ་ཞིག་ཡོད།
རང་ཉིད་སྔར་བསམ་ཕྱི་གཞིག་ཤེས་པའི་མི་བུ་རྣལ་མ་ཞིག་ཡིན་པའི་ངོས་ནས་རབ་ན་དམར་ཟས་སྤངས་པས་དུད་འགྲོ་གཉོམ་ཆུང་རྣམས་གསོད་མི་དགོས་པ་དང་། ཐ་ནའང་དམར་ཟས་ཉུང་དུ་བཏང་བས་དུད་འགྲོ་ཉུང་ངུ་ལས་གསོད་དགོས་མི་ཐུག་པ་དང་། གསོད་པ་ནའང་སྔར་གྱི་སྲོལ་ངན་མིག་ལྟོས་ཀྱི་རྒྱུན་སྐྱོང་ཙམ་མིན་པར་འཆི་ཁའི་གནད་གཅོད་ཆུང་བའི་གསོད་ཐབས་བཟང་བ་ཞིག་བརྩད་འཚོལ་གྱིས་གང་དྲག་ཅི་དྲག་གནང་རོགས་གྱིས་ཞེས་ཉེས་མེད་སྲོག་ཁྲིམས་ཕོག་པའི་དུད་འགྲོ་གཉོམ་ཆུང་ཚོའི་ངག་ཚབ་ཏུ་ཞུ་བ་ཡིན།
ཨོ་ཡ་་་མཁན་པོ་དགའ་དབང་ལགས། ཁྱོད་ལ་སྐད་ཆ་ཚིག་གསུམ་བཤད་དགོས་ཐལ་སོང་། གནད་དོན་གསུམ་གྱི་ཐོག་ནས་ཡིན། གཅིག་སྤྲུལ་སྐུའི་ལམ་ལུགས། གཉིས་པ་ནུབ་ཕྱོགས་སུ་ཡོད་པའི་བོད་མི་གཞོན་སྐྱེས་རྟོག་སད་པ་རྣམས། གསུམ་པ་ཤ་ཟ་བཀབ་པ། འདི་གསུམ་གྱི་ཐོག་ཏུ་གསལ་བཤད་ཤིག་བྱེད་དགོས་བྱུང་སོང་།
༡་་་་བོད་མི་རིགས་ལ་བསམ་པ་དཀར་བའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོད་ལྡན་མང་པོས་སྤྲུལ་སྐུའི་ལམ་ལུགས་ལ་དགག་པ་བརྒྱབ་དང་རྒྱབ་བཞིན་པའི་སྐབས་སུ་ཁྱོད་ཀྱིས་སོ་སོའི་ཚ་བོ་སྐྱེས་དུས་འཇར་ཤར་རབས་དང་རྟེན་འབྲེལ་བཟང་རབས་སོགས་བྲིས་ནས་རྩོམ་ཡིག་ཞིག་ཁ་བརྡའི་ཐོག་ཏུ་བཀོད་སོང་། རྩོམ་ཡིག་དེ་ལ་བལྟས་ན་ཁྱོད་ཀྱི་ཚ་བོ་དེ་བོད་མི་རིགས་ལ་གཉའ་གནོན་བྱེད་མཁན་དང་དད་ལྡན་ཉམ་ཆུང་མི་དམངས་ཀྱི་དངུལ་ཁུག་འཕྲོག་མཁན་གྱི་སྤྲུལ་སྐུ་ཞིག་བཟོ་འདོད་ཡོད་པར་འདྲ།།
གནད་དོན་དེའི་ཐོག་ནས་ཁྱོད་དང་བོད་མི་རྟོག་སད་པ་སྤྲུལ་དགག་རིང་ལུགས་པ་ཚོ་དང་དགྲ་ཁ་གཏད་ཆགས་སོང་འདོད། སྤྲུལ་དགག་རིང་ལུགས་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་མི་རིགས་ལ་གཉའ་གནོན་དང་དཔལ་འབྱོར་གྱི་ཤུལ་གཞོག་སྤྲོད་མཁན་གྱི་སྤྲུལ་སྐུ་མི་དགོས་ཟེར་བཞིན་ཡོད། ཁྱོད་ཀྱིས་རང་གི་ཚ་བོ་སྐུ་བདག་རྒྱབ་འདོད་ཀྱི་ཡོད་པ་རེད། འགལ་ཟླ་དང་པོར་རེད།
༢་་་་ཁྱོད་ཀྱིས་་་ཕན་དུ་རེ་བའི་བསླབ་བྱ་ཅེས་པའི་རྩོམ་ཡིག་ནང་དུ་འདི་ལྟར་གསལ། ཐམས་ཅད་མཁྱེན་པ་སངས་རྒྱས་ཚུན་གྱི་དམ་པའི་སྐྱེས་བུ་ཐམས་ཅད་ནོར་བ་དང་འཁྲུལ་བར་མཐོང་ནས། རང་གི་ཉེར་མཁོ་ཕྲན་བུ་ལས་བསམ་མནོ་ཅི་ཡང་གཏོང་མི་ཤེས་པའི་ཅོལ་ཆུང་དགེ་མེད་སྡིག་མེད་ཀྱི་ལྟ་ངན་ཅན་ལ་མིང་རྟོག་སད་པ་བཏགས་པ་གང་མང་ཞིག་དིང་གི་དུས་ན་བོད་པའི་སྤྱི་ཚོགས་ནང་ཡོང་གི་འདུག་པ་ཚོའི་ཁ་ཕྱོགས་ཀྱི་རྗེས་སུ་ཅལ་འདྲོགས་ནམ་ཡང་མ་བྱེད། དེས་རང་ཉིད་ཀྱི་འདི་ཕྱི་ཕུང་དུ་སྦྱོར་བ་ལས་གཞན་པའི་ཕན་གནོད་ཅི་ཡང་མེད་པ་ཁོ་ཚོའི་གནས་བབས་ཀྱིས་ཤེས་ཀྱི་གདའ།ཞེས་བཤད་འདུག
ཁྱོད་ཉོན་ཨ། ཁྱོད་ཀྱིས་བསླབ་བྱ་བརྒྱབ་མདོག་གྱི་ཐོག་ནས་མདའ་ཁ་སྐོར་ས་བོད་ཀྱི་རྟོག་སད་པ་དེ་དག་རེད་འདུག་ག ཁྱོད་ལ་ཁག་མེད། རྟོག་སད་པ་དེ་དག་གིས་སྤྲུལ་སྐུ་ལ་རྨོངས་དད་བྱེད་ཀྱི་མ་རེད། ཁྱོད་ཀྱིས་ཚ་བོ་སྐྱེས་དུས་རྟགས་བཟང་རབས་དང་རྟེན་འབྲེལ་རབས་བཟང་ག་ཚོད་བཤད་ནའང་རྟོག་སད་པ་དེ་དག་གིས་ཁས་ལེན་གྱི་མ་རེད། ཁྱོད་ཀྱི་འདོད་ཐོག་ཏུ་འགྲོ་བ་ལ་བཀག་འགོག་བྱེད་ཀྱི་རེད།
དགེ་མེད་སྡུག་མེད་ལྟ་བ་ཅན་ཨེ། དགེ་མེད་སྡུག་མེད་ཀྱི་ལྟ་བ་ཅན་ཞིག་སུ་འདུག་གམ། སུས་དགེ་སྡུག་མེད་ཅེས་བཤད་ཀྱི་འདུག་གམ། སྟོན་ཤོག་ཨ། རྫུན་མ་ཤོད་ཨ། དཀོར་ཟན་ཁྱོད་ཚོ་རྫུན་ལ་གོམས་འདྲིས་ཆགས་ཚར་དུས་རྟག་ཏུ་རྫུན་བཤད་ཀྱི་རེད། དད་ལྡན་བོད་མི་ཉམ་ཆུང་ཚོ་རྫུན་གྱིས་མགོ་སྐོར་གཏོང་གྱི་མཚམས་ཞོག
༣་་་་དེ་རིང་ཡང་སྒེར་བཤས་བཤའ་ན་མི་འགྲིག་མདོག་མདོག་བཤད་ཀྱི་ཡོད་རེད། ངས་ཁྱོད་ལ་སྔོན་མ་ནས་ལན་གཅིག་ལབ་ཡོད། སྡིག་པ་མེད་པའི་ཟས་ཤིག་འཛམ་གླིང་འདི་ལ་མི་འདུག་ཅེས་བཤད་ཡོད། རྩམ་པ་དང་སྔོ་ཚལ་ཡིན་ན་སེམས་ཅན་གྱི་སྲོག་མ་བཅད་པར་ཡོང་ཐབས་མེད། ནས་འབྲུ་རེ་ལ་འབུ་རེ་བསད་དགོས་ཡོད། སྔོ་ཚལ་བཏབ་ནའང་འབུ་གྲངས་ལས་འདས་པ་བསད་དགོས་རེད།
མཁན་པོ་ཁྱོད་ཀྱིས་གསེར་ཁྲིའི་སྟེང་ནས་སྐྱིད་གཏམ་རྒྱག་གཏམ་བཤད་ཀྱི་འདུག་ག ཤ་མ་ཟ་ན་གཟུགས་པོའི་འཕྲོད་བརྟེན་ལ་ཕན་རབས་དང་ཡག་རབས། སྔོ་ཚལ་དང་ཤིང་ཐོགས་སོགས་ཀྱི་གཟུགས་པོ་ལ་ཕན་རབས་སོགས་བཤད་སྟངས་འདི་དག་ལ་སྐྱིད་གཏམ་རྒྱག་གཏམ་ཟེར་ལེ་རེད།
ཤ་མ་ཟས་ན་བོད་མི་ཚོས་ག་རེ་ཟ་དགོས་རེད་དམ། སྔོ་ཚལ་དང་ཤིང་ཐོགས་སོགས་ཟ་དགོས་པ་ཨེ་རེད། ག་ནས་རེག་གི་རེད་དམ། བོད་མི་ཚོས་སྔོ་ཚལ་དང་ཤིང་ཐོགས་འདེབས་ལས་ཡག་པོ་མི་ཤེས་པ། འཚོ་བ་མི་བསྐྱེལ་མི་ཐུབ་པ། ཁྱོད་ཀྱིས་བོད་ཤ་མི་ཟ་བའི་ལུང་པ་ཞིག་ལ་སྒྱུར་འདོད། དང་པོར་་་བོད་མི་རྣམས་ལ་ཞིང་ལས་ཚོད་ལྡན་ཞིག་བྱེད་ཤེས་པར་སློབ་རོགས་བྱོས། སྔོ་ཚལ་བཏབ་ཤེས་པ། ཤིག་ཏོགས་འཛུགས་ཤེས་པ།
དེང་རབས་གསར་པའི་ཞིང་ལས་ཀྱི་ཁྱད་ལས་སློབ་སྦྱོང་ནང་འདྲེན་བྱོས། བོད་མི་ཚོའི་གྲོད་ཁོག་རྒྱག་ཐུབ་པའི་ལྟོ་ཞིག་ཡོང་ཁུངས་ཏན་ཏན་བཟོས། དེ་ནས་ཤ་ཉུང་ཙམ་ཟོ་བོད་མི་ཚོ་ལབ། མ་གཏོགས་ད་ལྟའི་གནས་བབ་ལ་བཤས་མ་བཤའ་ན་ཡོང་ཐབས་མེད། ཟས་ཀྱིས་མི་འདང་བའི་དཀའ་ངལ་འཕྲད་ཀྱི་རེད།
༤་་་་ངས་བསམ་ཚུལ་བྱས་ན་ཁྱོད་ཀྱིས་ཟ་བསྡད་པའི་དཀོར་ཟས་དེ་ལ་སྡིག་པ་ཉིས་རྩག་ཡོད་རེད་བསམས་ཀྱི་འདུག དང་པོར་ཞིང་ལས་བྱས་དུས་འབུ་གྲངས་འདས་པ་བསད། དེ་ནས་དད་ལྡན་མི་དམངས་ཀྱིས་ཁྱོད་ལ་ཕུལ། ཁྱོད་ཀྱིས་དཀའ་ལས་མ་བརྒྱབ་པར་དཀོར་ཟ་བ་དེ་ལས་སྡིག་པ་ཆེ་བའི་ཟས་ཤིག་འཛམ་གླིང་ཐོག་ཏུ་མེད། དེར་ཤེས་པར་བྱོས་།
ཐེག་ཆེན་པའི་ཆོས་ལུགས་པ་ཡིན་མདོག་མདོག་ཡིན་ན་་་དང་པོར་བོད་གངས་ཅན་པའི་ཉམ་ཐག་ཨ་མ་དེ་དག་ལ་སྙིང་རྗེ་བྱོས། དེ་དག་གི་ཆེད་དུ་ལྟོ་གོས་བཟང་ཙམ་རེ་འཐོབ་ཐུབ་པའི་ཆེད་དུ་སྐད་ཆ་ཤོད། དེ་ནས་ག་ལེ་སེམས་ཅན་དུད་འགྲོ་ལ་སྙིང་རྗེ་བྱོས། མི་ལ་སྙིང་རྗེ་ཡང་དག་ཞིག་མ་སྐྱེས་པའི་སྔོན་ནས་དུད་འགྲོ་ལ་སྙིང་རྗེ་ཡོད་མདོག་མདོག་བྱེད་གཡུག་ཞོག ཤེས་སོང་ངམ།
ཡག་པོ་བྲིས་འདུག རྗེས་སུ་ཡི་རང་ཡོད། ཤ་སྤང་ཐུབ་ཚེ་ཡག་པོ་འདུག ངས་ཤ་སྤངས་ཐུབ་མེད་ཀྱང་སྔོན་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཟ་ཀི་ཡོད། བོད་པ་ཚོས་ཤ་ཟ་བ་དེ། ཟ་རྒྱུ་མ་རག་ནས་ཤ་ཟོས་པ་མ་རེད། ཤ་ཁྲག་ལ་རྔམ་ནས་ཟོས་པ་རེད། སྤང་མ་ཐུབ་ནའང་ཉུང་དུ་གཏོང་རྒྱུ་ཅིས་ཀྱང་གལ་ཆེ་བར་སྙམ། །
ཡ། ཤ་མ་ཟ་ཟེར་བ་འདི་ཡག་པོར་མཐོང་། དེ་ནས་འོག་གི་མཆན་ཐོག་མའི་ནང་སྒང་བ་བོད་པའི་ཞིང་འབྲོག་ལ་ཤ་ཟ་མ་དགོས་བའི་ལག་ཤེས་ནང་འདྲེན་ཅེས་ཤོག་ཟེར་བའི་འབོད་སྐུར་དེ་ཡང་ཡག་པོ་མཐོང་། ད་ཅི་བྱེད།
ཤ་མི་ཟ་བའི་ལས་འགུལ་སྤེལ་བར་ཡག་པོ་རེད་ཡིན་ནའང་དང་པོ་རང་ཉིད་དང་རང་ཉིད་ཀྱི་ལྟོས་བཅས་བཅས་ནས་མགོ་འཛུག་དགོས་པ་རེད། དེ་མིན་སྐྱིད་ཉལ་རྒྱགས་ཉལ་གྱི་གཏམ་བཤད་བྱས་ན་ཕན་ཐོགས་མེད། ལྷག་པར་དུ་སེར་མོ་བ་སྤྲུལ་སྐུ་འགའ་ཞིག་ནས་དབང་ཆ་བེད་སྤྱོད་ཀྱིས་འབྲོག་པ་ཉམས་ཆུང་དེ་ཚོའི་ལྟོ་གོས་བཀག་འགོག་བྱེད་པའི་ཁྲིམས་བཟོ་བ
ནི་དབང་ཤེད་རང་རེད། དེ་མིན་འབྲོག་པ་དེ་ཚོར་ལག་ཤེས་ལས་སོགས་དཔལ་འབྱོར་ཡོང་སྒོ་གཞན་པ་ཞིག་གྲྭ་སྒྲིག་ལམ་སྟོན་རོགས་རམ་བྱེད་དགོས་པ་རེད་དེ་མིན་དབང་ཤེད་སྒེར་སྤྱོད་པ་རེད།
བཤད་བཞག་པ་ནི་ཅི་གང་མི་འདུག། འཇིག་རྟེན་འཁོར་ལུགས། འཁོར་བ་སྐྱོང་ལུགས། སྲིད་པའི་ཆགས་རིམ། དུས་བཞིའི་གནས་བབས་སོགས་ཕྱོགས་དུས་ཡུལ་ཁམས་ལ་ཆ་རྒྱུས་གོ་རྟོག་གང་ཡང་མེད་པའི་སྐད་ཆ་ཁོ་ན་རེད། དེ་ཡིས་མ་ཚད་སྡིག་པ་ཟེར་བ་དེ་ལ་སྐྲག་ཙམ་གྱིས་གང་བྱུང་ཟློས་བ་ཞིག་ལས། ངེས་བ་ངོ་རྟོག་རྙེད་པའི་སྐད་ཆ་དེ་འདྲ་གཅིག་ལ་ལན་རྒྱུ་མི་འདུག།
སྐྱོ་བྲག་ལགས། བླ་མ་ཞིག་ཡིན་ན། ཁྲི་ཁ་ནས་བཞུགས་ཡ་མང་དྲག་འདུག། གྲྭ་བ་ཞིག་ཡིན་ན། གྲལ་གདན་ནས་སྒོང་ཡ་མང་དྲག་འདུག།
ཟོག་ལུག་ནི་བོད་ཁ་བ་ཅན་གྱི་ཟ་སྐལ་རེད། གོན་སྐལ་རེད། འདི་མ་འཛོམས་ན། བོད་ཁ་བ་ཅན་གཅེར་བུ་རེད། མུག་གེ་ཅན་རེད། རང་ས་ནས་རང་འཚོ་རང་སྐྱ་ཐུབ་པའི་འཇིག་རྟེན་ལ་མི་རོལ་བར། ཉོས་ན་མི་ཁུག་པ། བཙམ་ན་མི་རྙེད་པ། བཏབ་ན་མི་སྐྱེས་བའི་སུལ་མགོ་དང་ཚལ་ཚོད་ལ་ལོངས་སྐྱོད་ཟེར་བ་ནི། དེ་ཁྱེད་རང་གིས་ངོས་ཡོད་གནས་ལུགས་མ་ཤེས་བས་འཆལ་གཏམ་དུ་བརྫངས་སོ།
བོད་ཀྱི་འབྲོག་པ་ཚོ་ལ་ཆ་བཞག་ན་སྒོ་ཟོག་རང་གིས་བཤའ་ནས་ཟས་ནའང་བླ་སྤྲུལ་ཚོས་འགྲིག་མདོག་མདོག བཤས་ཚོང་བྱས་ནས་བཙོང་ན་ནི་དེ་ལས་མི་ཉན་མདོག་མདོག བྱས་ན་འབྲོག་པ་ཚོ་དུད་འགྲོ་ལ་གཡོག་རྒྱུགས་མཁན་བྲན་གཡོག་ཨེ་རེད། བོད་ཀྱི་འབྲོག་པ་རྣམས་ལ་ཡོང་ཁུངས་ག་རེ་ཡོད་དམ། འོ་མ་ཡོད་ཀྱང་ཆར་བ་ཡག་པོ་ཞིག་བཟོ་མི་ཤེས། ནུབ་ཕྱོགས་པའི་ཆུར་བ་ལྟ་བུ་བཟོ་ཤེས་ན་རིན་གོང་མཐོ་པོ་རེད། དེ་ནི་མི་ཤེས།
མར་བཟོ་ཡི་རེད། མར་ཟས་ན་གཟུགས་པོ་ལ་གནོད་ངོ་མ་གནོད་ཀྱི་རེད། སྣུམ་ཟས་མང་ན་ནད་རིགས་འདྲ་མིན་ན་འོང་གི་རེད། དེ་འདྲ་འབྲོག་མི་ཚོས་ཤེས་ཡང་ཤེས་ཀྱི་མ་རེད། བསམ་བློ་ཡག་པོ་ཐོངས་དང་། འབྲོག་པ་དེ་དག་སྙིང་རྗེ་ཡ་འདྲ་ཞིག་རེད། གནམ་གཤིས་གྲང་མོ་དེ་འདྲ་རེད། གནམ་གཤིས་དེ་འདྲ་ཞིག་གི་ནང་དུ་སྔོ་ཚལ་འདྲ་ཟ་ནས་བསྡད་ཐུབ་ཀྱི་རེད་པེ།
གཉིས་ནས་བོད་ཀྱི་ཞིང་འབྲོག་མཉམ་འབྲེལ་གྱི་འཚོ་བ་འདི་རྩ་མེད་ཕྱིན་པ་ཡིན་ན་བོད་མི་རིགས་ནི་རྒྱ་གཞུང་གི་སྐྱོབ་གསོ་སྒུག་ནས་སྡོད་མཁན་གྱི་ཁྱི་ལྟ་བུ་ཆགས་འོང་ངེས་ཡིན། ཞིང་འབྲོག་མཉམ་འབྲེལ་གྱི་འཚོ་བ་རང་སྐྱོང་འདི་རྩ་མེད་འགྲོ་མི་ཉན་པ་ནི་བོད་མི་རིགས་ཀྱི་ཤི་གསོན་དང་འབྲེལ་བ་ཡོད་པས་དཀོར་ཟན་ཚོས་གང་འདོད་འདོད་དང་གང་དྲན་དྲན་མི་བཤད་པའི་རེ་བ་ཡོད།
སེམས་ཁུར་ལྡན་པའི་རྩོམ་ཞིག་ཏུ་མཐོང་སོང་། ཉམས་ཐག་དུད་འགྲོ་རིགས་ལ་ཐུགས་ཁུར་མང་ཙམ་བཞེས་དགོས་འདུག །དེ་མིན་ཁ་ནས་མར་གྱུར་སེམས་ཅན་ཐམས་ཅད་བཟློས་བཞིན། དོན་ལ་འགལ་ཟླའི་ལས་ལ་ཞུགས་ན་མཚམས་པོ་མིན་འདུག །
བོད་ཀྱི་ནང་བསྟན་གྱི་སྐྱོན་ཆ་ཆེ་ཤོས་གཅིག་ནི་ཤ་ཟས་ལ་བག་མེད་དུ་ལོངས་སྤྱོད་པ་དེ་རེད། དེང་སང་འཛམ་གླིང་གོང་བུ་ཆུང་ཆུང་ཞིག་ཏུ་གྱུར་ཟིན། གནའ་བོའི་སྤྱི་ཚོགས་དང་མི་འདྲ།
སྐྱོ་བྲག་ལ་ན་མོ།
སེམས་ཅན་ཞིག་གི་ངོས་ནས་བཤད་ན། ཁྱེད་ཀྱི་གཏམ་དེ་སེམས་ཅན་བྱེ་བ་ཁྲི་ཁྲག་ལ་ཕན་པའི་སྐད་ཆ་རེད། ཅོ་རི་དང་སྨྱོ་རི་དེ་ཚོས་རྙོག་ཁྲ་བཟོས་རུང་ཉུང་ཤས་ནང་གི་ཉུང་ཤས་རེད། འཇིག་རྟེན་འདིར་བདེན་པ་མིན་འདུག་ཟེར་དུས་བདེན་པ་དང་པོ་དེ་སྲོག་ལ་བརྩི་བཀུར་བྱེད་པའི་བདེན་པ་རེད། སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པའི་འདུ་ཤེས་མ་བསླེབས་བར་དུ་འཁྲུག་རྩོད་དང་འཐབ་རྩོད་མི་ཞི། ང་འཚོ་བའི་ཐོབ་ཐང་ཡོད་ལ་གཞན་འཚོ་བའི་ཐོབ་ཐང་ཡོད་པའི་སྤྱི་ཚོགས་ཞིག་བསྐྲུན་པར་དང་ཐོག་ཚེ་སྲོག་ལ་གུས་ཞབས་དགོས།
སྐད་ཆ་འདི་ནས་མགོ་བཙུགས་ནས། རང་དབང་དང་འདྲ་མཉམ་དང་། དམངས་གཙོ་སོགས་ཤོད་དགོས། ཁ་སྔོན་དྲ་ཁང་གཞན་ཞིག་གིས་ནང་ལ་ཡང་ཚེ་སྲོག་གི་སྐོར་ལ་བགྲོ་གླེང་བྱས་སོང་། སྟབས་ལེགས་པ་ཞིག་ལ། ཚེ་སྲོག་ལ་གཅེས་སྤྲས་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་པའི་འདུན་པ་འདོན་མཁན། ལས་འགུལ་སྤེལ་མཁན་ནི། མི་རབས་གསར་པ་མང་ཆེ་བ་དང་། དེ་ནས་སྒྱུ་རྩལ་བ་དང་། གྲྭ་པ་རྣམས་རེད། ཅོ་རི་ལྟ་བུའི་ཆོས་དང་གཞན་གྱི་ཡོན་ཏན་ལ་རྟག་ཏུ་ཕྲག་མདོག་གིས་ཁོག་ནང་མེ་འབར་བཞིན་པ་དེ་དག་ནི། ཁ་སའི་ཉི་མ་རེད་འདུག ཉིན་རེ་བཞིན་གྲངས་ཉུང་དུ་འགྲོ་བ་དང་། མི་རབས་གསར་པ་ཚོས་ཕྱི་ལ་འབུད་པའི་སྤྲང་རྒན་འབའ་ཞིག་གོ
ཞར་ལ་ཞུ་རྒྱུར། བོད་ཀྱི་བརྡ་སྤྲོད་དང་མཐུན་པར་བྲིས་ན། “སྒོ་བཤས་སྙུངས།” ཟེར་ན་འགྲིགས། ཉུང་དུ་ཐོངས་ཟེར་བ་དེ་ཚོ་བྱ་ཚིག་བཀོལ་མ་ཤེས་པའི་དེང་གི་མཁས་པར་རློམས་པ་དེ་དག་གི་འབྲི་སྟངས་རེད།
སྐྱོ་བྲག་པ་ཁོ་རང་བོད་དུ་ཡོད་དུས་གཡག་ཤ་ཇི་ཙམ་བཟའ་ཡོད་དམ། ཧཧཧ
སེམས་ཅན་གི་ཚེ་སྲོག་ལ་གཅེས་སྤྲད་བྱེད་དགོས་པ་དངོས་བདེན་རེད་སྡིག་པ་ཟེར་བ་ནི་རྫུན་མ་རེད་སྡིག་པ་ནི་མཐོང་རྒྱུ་མེད་པའི་སྐད་ཆ་ཞིག་རེད་
སེམས་ཅན་ཐམས་ཅད་འདྲ་མཉམ་བྱེད་དགོས་ཟེར་བའི་སྐད་ཆ་དང་། རང་དབང་དང་འདྲ་མཉམ། དམངས་གཙོ་སོགས་སེམས་ཅན་ཐམས་ཅད་ཀྱི་མཉམ་དུ་སྤྱོད་ཟེར་བའི་སྐད་ཆ་འདི་དག་སྨྱོན་པའི་སྐད་ཆ་རང་རེད། མི་དང་དུད་འགྲོ་གཉིས་འདྲ་མཉམ་བྱེད་དགོས་ན་མི་ལ་དུད་འགྲོ་དང་འདྲ་མཉམ་གྱི་བལྟ་སྟངས་དགོས། མི་དང་དུད་འགྲོའི་ཚེ་སྲོག་ལ་འདྲ་མཉམ་དགོས་ན་དུད་འགྲོ་བསད་ནའང་མི་བསད་པ་ལྟར་ཁྲིམས་ཆད་གཅོད་དགོས། དེ་འདྲ་ཡོང་ཡ་མེད། མི་དང་དུད་འགྲོ་གཉིས་འདྲ་མཉམ་ཡོང་ཡ་མེད།
དེ་ལས་་་དང་པོར་འགྲོ་བ་མི་དང་མིའི་བར་དུ་འདྲ་མཉམ་དང་རང་དབང་། དམངས་གཙོ་ལོངས་སྤྱོད་ཐུབ་པ་ལ་འབད་བརྩོན་བྱ་དགོས། དེ་ཡང་མཐོ་གསེར་ཁྲིའི་སྟེང་གི་མཁན་བླ་སྤྲུལ་དང་ཉམ་ཆུང་དམངས་མི་གཉིས་ཀྱི་བར་དུ་འདྲ་མཉམ་དང་དྲང་བདེན། རང་དབང་དང་དམངས་གཙོ་ལོངས་སྤྱོད་དགོས། གཅིག་གསེར་ཁྲིའི་སྟེང་ནས་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡིན་མདོག་དང་། གཅིག་གིས་སུག་བཞི་ས་ལ་བཙུགས་ནས་སོ་སོར་སྐྱེ་བོ་ཐ་མ་པ་ཡིན་པའི་འདུ་ཤེས་འཛིན་སྟངས་འདིར་མ་དོར་བར་དུ་འདྲ་མཉམ་ཟེར་བ་ཡོང་ཐབས་མེད།
གཞན་གྱི་ཡོན་ཏན་ལ་ཅོ་རིས་ཕྲག་དོག་བྱེད་པའི་ལུགས་སྲོལ་མེད། སྐྱེ་བོ་ཡོན་ཏན་ཅན་ལ་ཅོ་རི་དགའ་པོ་ཡོད། ཅོ་རི་མི་དགའ་ས་ཡོན་ཏན་མེད་པའི་ཆོས་མིན་སྲིད་མིན་བཤད་ནས་ཡུལ་ལུང་ཕུང་ལ་སྦྱར་མཁན་དང་། སྐྱ་མིན་སེར་མིན་གྱི་མི་ཚེ་བསྐྱེལ་ནས་བོད་མི་རིགས་ལ་དཔལ་འབྱོར་གྱི་ཤུལ་བཞོག་སྤྲོད་མཁན་གྱི་རྨོངས་རྒན་ཚོ་ལ་མི་དགའ། ག་དུས་ཡིན་ནའང་དད་ལྡན་དམངས་ཚོགས་མགོ་སྐོར་གཏོང་གྱི་ཁོ་རང་བསམ་བློ་བཏང་ནས་བསྡད་ཡོད་མཁན་གྱི་ཤེས་མེད་དཀོར་ཟན་དེ་དག་ལ་ཅོ་རི་སྐྱུག་མེར་ལངས་ཀྱི་ཡོད།
ཅོ་རི་ལགས་གི་སྐད་ཆའི་བཤད་སྟང་ལ་ལྟས་ན་ཁོ་ནི་མོའོ་ཙེ་ཏུང་གི་རྗེས་འབྲང་པ་ཞིག་རེད་འདུགས་
ཅོ༷༷༷༷xxxxཞིག་རེད། ཡིན་ནའང་སེམས་ཅན་མགྱོགས་གསོ་རྭ་བ་དག་ནས་གསོད་སྟངས་དང་གསོ་སྟངས་ཀྱི་བར་ཁྱད་ལས། གང་ལ་གང་མཚམས་བོད་མི་རིགས་ཀྱི་འབྲོག་ལས་པ་ཚོས་གཡང་བླ་མ་ཚོ་གཅེས་སྐྱོང་བྱ་ལུགས་ཡིད་དབང་འཕྲོགས་པ་ཞིག་ཡོད། རྣམ་པ་ཚོས་ཏོག་ཙམ་ཏོག་ཙམ་མཁྱེན་པའི་རེ་བ་ཡོད།
འབྲོག་པས་གཡག་བཤའ་རྒྱུ་ལས་ཅང་མི་ཤེས་ན་འབྲོག་པ་ཡར་རྒྱས་འགྲོ་གི་མ་རེད། འབྲོག་པས་གཡག་བཤའ་རྒྱུ་ལས་དྲག་རེ་ཨེ་ཤེས་ལྟོས། ངས་ནི་ཚེ་ཕྱི་མ་ཟེར་བ་ཞིག་འགྲོ་ས་ཡོད་མེད་ལ་ཡིད་ཆེས་ངེས་ཤེས་ཟེར་ནས་ཅང་མི་འདུག་ཀྱང་སེམས་ཅན་གསད་རྒྱུ་བཤའ་རྒྱུ་ལ་གཏན་ནས་མི་དགའ་མཁན ཞིག་ཡིན། གཅིག་བྱས་ན་ཁྱིམ་ཚང་བྱམས་སྙིང་རྗེ་ཅན་ཞིག་ནས་འཚར་ལོངས་བྱུང་བས་ཡིན་པ་འདྲ། སྐྱོ་བྲག་ལགས་ཀྱིས་རྩོམ་ཡིག་འདི་འདྲ་ཞིག་སྤེལ་བར་ཡང་ཐུགས་རྗེ་ཆེ་ཞུ་བ་ལས་གཞན་མེད། ལྷག་པར་འབྲི་གཡག་འདི་ཚོ་མཐོ་སྒང་གི་རྒྱན་ཆ་རེད། འདི་དེང་རབས་ཀྱི་ཁྲོམ་རར་སྐྱེལ་སྲོལ་འདི་ཡག་པོ་ཞིག་ཅང་མ་རེད། འབྲི་གཡག་ཀྱི་སྐྱེད་འཕེལ་རང་སྟེང་ནས་བལྟས་ན་འདི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པའི་སེམས་ཅན་རིགས་ཤིག་མ་རེད། རྨ་ཆུའི་འགྲམ་རྒྱུད་ཀྱི་རྒྱ་ཁ་ཆེ་བས་སྣེ་ཁྲིད་དེ་བོད་མཐོ་སྒང་དུ་འཕྲུལ་ཆའི་བཤས་ར་བཙུགས་པ་དེས་ལོ་ཁ་ཤས་ནང་ལ་གཡག་ཆེན་པོ་ཟེར་བ་མཐོང་རྒྱུ་མེད་པ་འདྲ་ཞིག་བཟོས་ཚར་འདུག འདི་རིགས་ལ་དགག་པ་རྒྱག་དགོས་པ་གལ་ཆེན་དོན་ཆེན་རེད།
སྐྱོ་བྲག་ལགས་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱིས་དུད་འགྲོ་ཉམ་ཆུང་དག་གི་ཚབ་བྱས་ནས་ངུ་ངག་ཙམ་བཏོན་པ་འདི་ཡང་རྗེས་སུ་ཡི་རང་གི་གནས་སུ་མཆིས་ཤིང་། རང་ཉིད་ཤ་ཟ་མཁན་ཞིག་ཡིན་པའི་ཆ་ནས་ཅུང་ཙམ་ངོ་གནོང་དགོས་པ་བཟོས་སོང་།
ཅོ་རི་ལགས་ལ་རྒྱབ་བསྐྱོར་ཡོད། མི་ཚོས་ཕན་ཚུན་བར་བསླབ་བྱ་རྒྱག་ཆོག་གི་རེད་དེ། ཞིང་འབྲོག་མང་ཚོགས་ཤ་ལ་མ་བརྟེན་པ་དང་ཟོག་ལུག་མ་བཙོང་བའི་ཁ་གསོ་ཐབས་ཤིག་སྟོན་ཤོག དེ་ནས་བཤད་ཆོག་གི་རེད།
རྩོམ་འདི་ཀློག་འདོད་མ་བྱུང་ལ་ཀློག་ཀྱང་མེད། འབྲི་མཁན་སེར་མོ་བ་ཞིག་ཡིན་པ་ཤེས་ཡོད། བོད་མི་རིགས་ལ་ཁ་ཕྱོགས་ནས་གཏམ་བཤད་རིང་མོ་མ་འཐེན་སྔོན་ལ་ཁ་རང་ཉིད་དང་རང་དང་འདྲ་བའི་སེར་མོ་བའི་སྡེ་ལ་ཕྱོགས་ནས་བསམ་བློ་ཐོངས། ཤ་ཁྲག་གི་འཚོ་བ་འདི་འདྲ་རང་ཉིད་ཀྱི་སྟོན་པས་གནང་ཨེ་ཡོད་སོམས། དེ་ནས་ང་ཚོ་བོད་མི་རིགས་འདིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་སྒོ་ཕྱུགས་འཚོ་སྐྱོང་བྱས་པའི་དགོས་པ་གང་ཡིན་ལ་བསམ་བློ་ཐོངས། ལྟོ་རྒྱབ་གཉིས་ཀྱི་ཆེད་མིན་ན་ང་ཚོ་ཕྱུགས་ཟོག་གི་གཡོག་ལ་རྒྱུག་དོན་མེད། ཟ་མ་ལོ་གོན་མ་ལོ་ན་དོན་མེད་སྒོ་ཕྱུགས་གསོས་པའི་གཡོག་གླ་དེ་སུས་སྟེར་ཁྱོད་ཀྱིས་སྟེར་ཐུབ་བམ། ཡང་མིན་ན་སྒོ་ཕྱུགས་ཟོག་ལུག་འདི་ཚོ་ནི་བོད་ཀྱི་ཁྱད་ནོར་ཡིན་ལ་གཅེས་ནོར་ཡང་ཡིན་པས་རྩ་བརླག་ཏུ་མི་འགྲོ་ཞིང་འབྲོག་པའི་འཚོ་བར་ཡང་དཀའ་ངལ་མི་འབྱུང་བའི་ཐབས་ལམ་འདྲ་ཡོད་ན་སྟོན་རོགས། ཁྱོད་དང་ཁྱོད་འདྲ་བའི་ཆོས་ལུགས་མི་སྣས་ཐོག་མར་དམར་ཟས་སྤངས་ཟིན་ཡོད་ན་མི་མང་ལའང་དམར་ཟས་བསྟེན་པའི་ཉེས་དམིགས་སོགས་བསྟན་པ་ཡིན་ན་དེ་ནི་ཁྱོད་ཚོའི་ལས་འགན་ནམ་འོས་འགན་གང་རུང་ཡིན་སྲིད་པས་དང་ལེན་མ་ནུས་ནའང་ངོ་རྒོལ་བྱེད་དོན་མེད་མོད་དེ་ལྟར་ཡིན་མིན་མཛུབ་མོ་རང་ལ་བསྐོར་ནས་བསམ་གཞིགས་ནན་ཏན་མཛོད། སྤྱིར་བོད་ཀྱི་སྒོ་ཕྱུགས་རྩ་བརླག་ཏུ་འགྲོ་བའི་སེམས་ཁྲལ་ང་ལའང་ཡོད་ལ་ཟོག་ལུག་རྒྱ་ལག་ཏུ་འཇོག་རྒྱུར་ངའང་མི་དགའ་མོད་རང་ཉིད་ཀྱིས་དེ་དག་གི་འཚོ་བར་ཁག་ཐེག་དང་རོགས་ཕན་གང་ཡང་མ་ནུས་པར་དགག་པ་ཁོ་ན་བྱེད་རྒྱུའི་སྤོབས་པ་ཞིག་མི་འདུགདེ་བས་གཞན་ལ་བཀའ་ཁོ་ན་གཏོང་རྐྱང་མི་བྱེད་པར་ཐབས་ལམ་འོས་མཚམས་རེ་ཡོད་ན་སྟོན་རོགས།
བྱམས་དང་སྙིང་རྗེའི་གླུ་དབྱངས་ལེན་ནས་དད་ལྡན་ཞིང་འབྲོག་མི་དམངས་མགོ་སྐོར་གཏོང་མཁན་འདི་ཚོས་དུད་འགྲོ་ལ་སྙིང་རྗེ་བྱེད་མདོག་འདི་ལ་བལྟས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཞིག་མིན་ནམ་བསམས་བསམས་འདྲ་ཞིག་རེད།
ལྷ་ལུགས་ཆོས་རྒྱུད་ཀྱི་ཕྱོགས་ཞེན་དང་དཀོར་ཕོར་གྱི་ཁེ་ཕན་ལ་ཐུག་འོང་དུས་ཆོས་ལུགས་གཅིག་གི་ཆོས་པ་དང་། བླ་མ་གཅིག་གི་སློབ་མ་ཡིན་ནའང་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་དགག་པ་རྒྱབ་རྐྱང་བྱས་ཀྱི་དང་། གཅིག་གིས་གཅིག་ཕྱོགས་མཐོང་དུས་ཞེ་སྡང་གིས་མེ་འབར་ནས་མགོ་ལ་རྭ་སྐྱེས་མེད་པ་མ་གཏོགས་བདུད་རྒན་མི་ཡུལ་དུ་བསླེབས་པ་ལྟ་བུ་ཡིན་པ། ཧཧ ་ཁྱོད་ཚོ་ལ་རྒྱུས་ཡོད། སྙིང་རྗེ་དང་བརྩེ་བ་ཆེ་མདོག་བྱེད་ཀྱི་ཞོག
ཤཀྱའི་ཆོས་ལུགས་ཀྱི་རྗེས་འཇུག་པའི་ནང་ཁུལ་གསོད་རེས་ག་ཚོད་བྱས་མེད་དམ། བོད་བླ་མའི་དེང་རབས་ཀྱི་ལོ་རྒྱུས་ཀློག་ཉན་མེད་པ། བལྟས་ན་སྐྱུག་མེར་ལངས་ཡ་གི་ལོ་རྒྱུས་ཡིན་པ། དཀོར་ཟན་ཁྱོད་ཚོས་བྱམས་སྙིང་རྗེ་བཤད་པ་དང་དུད་འགྲོ་ལ་ཤ་ཚ་མདོག་མདོག་འདི་རྫུན་མ་ཡིན་པ། རང་དོན་ཡིན་པ། དེ་ཡང་མ་ཤེས་པའི་རང་དོན་སྒྲུབ་ཐབས་ཤིག་ཡིན་པ།
དོན་དངོས་པོའི་ཐོག་ཏུ་ཆོས་ལུགས་ནང་ཁུལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡ་ང་ཡིད་སྐྱོ་དགོས་པའི་གནས་སྟངས་འགྲོ་བཞིན་པ་ཡིན་པ། མིག་མདུན་ཡོད་པ། དེར་དུས་བྱམས་སྙིང་རྗེ་དང་བརྩེ་བ་ཟེར་བ་མི་འདུག་ག ་་ཧཧཧ བོད་མི་རིགས་རྩ་མེད་ཕྱིན་ནའང་ཆོས་ལུགས་ནང་ཁུལ་དུ་མཐུན་ལམ་བྱེད་བཞིན་མེད་པ། སྐྱུག་མེར་ལངས་ཡ་འདི་ཚོ།
ཀས་ཅོ་རི་། གཅིག་ བོད་པ་ཚང་སྤྲང་པོ་ལ་དེའི་ནོར་ཟོས་ནས་སྤྲུལ་སྐུ་ཕྱུག་པོ་ཆགས་མཁན་ཤིག་མ་མཐོང་། གཉིས་ རྟོག་སད་ཡིན་ན་ཡག་རྒྱུ་དེ་མིན་ན་སྡུག་རྒྱུ་ཅང་མི་འདུག་པས་རྟོག་སད་པའི་རྗེས་སུ་ཁྱི་ལྟ་འཕྱ་དགོས་དོན་མ་མཐོང་། གསུམ་ སྡིག་པ་མེད་པའི་ཟས་ཞིག་འཇིག་རྟེ་ན་མེད་པའི་རྒྱུ་མཚན་གྱིས་སྡིག་པ་ཅི་ཆེ་བའི་ཟས་དེ་རང་འདེམས་ནས་ཟ་དགོས་ཟེར་བ་རྨོངས་པའི་རང་འཚང་ངོམས་པ་རང་ལས་མ་མཐོང་། དེ་ལས་སྡུག་ཁ་བཙུམ་ན་ཡག་ས་རེད།
ཅོ་རི་བདེན་གི། སྐྱོ་གྲགས་དགའ་དབང་འདི་ཆོས་ལུགས་ཕྱོགས་རིས་གི་སྨྱོ་ཟིན་པ་ཞིག་རེད། གནའ་མི་བོད་ཀྱི་གཏམ་དཔེ་ལ་། ཆོས་བཤད་ཁྲམ་པའི་ཁ་ན་ཡོད་ཟེར་བ་དེ་རེད།