སྐྱེས་སར་ཀླུ་སྒྲུབ།
༼མུ་ཏིག་༽ཅེས་པའི་གྲགས་ཅན་སྒྲུང་རྩོམ་བོད་འགྱུར་མའི་སྔོན་གླེང།
མུ་ཏིག་འདི་ནི་མེ་ལོང་ཞིག་ཡིན་པས། འདི་ནས་སུ་ཡང་མཐོང་ཐུབ་ལ། མུ་ཏིག་འདི་འགྲེལ་པ་ཞིག་ཡིན་པས། གང་ལ་ཡང་འགྲེལ་བཤད་བྱས་ཡོད། མུ་ཏིག་འདི་དར་སྐུད་ཅིག་ཡིན་ན། བྱུང་བ་འདི་ནི་དར་སྐུད་ལ་བརྒྱུས་པའི་རིན་ཐང་ཆེ་བའི་ཕྲེང་ལྡོག་རེ་རེ་ཡིན་ལ། མུ་ཏིག་འདི་ཤོག་དཀར་ཞིག་ཡིན་ན། བྱུང་བ་འདི་ནི་ཤོག་ངོས་སུ་བྲིས་པའི་བདེན་ལུགས་ཀྱི་ཡིག་ཕྲེང་གསོན་པོ་ཞིག ད་དུང་མུ་ཏིག་འདི་དཀར་སྡེར་ཞིག་ཡིན་ན། བྱུང་བ་འདི་ནི་མངར་སྐྱུར་འདྲིས་མའི་འཚོ་བའི་ཁ་ཟས་ཤིག་སྟེ་ཁྱེད་ཀྱི་མདུན་སར་བཤམས་པའི་གུང་ཚིགས་ཀྱི་སྡེར་ཁ་ཞིག་རེད།
མུ་ཏིག་ཅེས་པའི་གྲགས་ཅན་སྒྲུང་རྩོམ་འདི་མུ་ཏིག་ཅིག་རྙེད་པ་ནས་འགོ་བཙུགས་ཏེ་མུ་ཏིག་དེ་ཉིད་ཕྱིར་ཆུར་གཡུག་པས་མཇུག་བསྡུས་ཡོད་པ་འདི་ཉིད་ཡ་མཚན་ཞིག་མ་ཡིན་ནམ། ཅི་ཙམ་བཙལ་ཡང་རྙེད་དཀའ་བའི་མུ་ཏིག་ཅིག་ཅིའི་ཕྱིར་ཕྱིར་མཚོ་ནང་དུ་གཡུག་པ་ཡིན། སེམས་བཟང་གི་ཀློག་པ་པོ་ཚོས་ཁས་ལེན་པ་ཞིག་ནི། མུ་ཏིག་དེ་ཉིད་གནས་སྐབས་དེར་མུ་ཏིག་རྙེད་མཁན་གྱི་ཁེ་ནོ་ཙམ་མིན་པར། སུ་ལ་ཡང་དགོས་ངེས་ཀྱི་དངོས་པོ་དེ་ལྟ་བུ་ཞིག་ཅིའི་ཕྱིར་རྒྱ་མཚོའི་འཇིངས་སུ་གཡུག་པ་ཡིན་ནམ། ད་དུང་འོ་ན་དང་ཐོག་རྙེད་ཙམ་ཉིད་ནས་ཕྱིར་གཡུག་ན་ཆོག་པ་ལ། དེ་ལྟར་མ་བྱས་པར། མུ་ཏིག་དེའི་ཆེད་ལུས་སེམས་ཀྱི་དཀའ་སྡུག་དེ་ལྟ་བུ་ཞིག་མྱངས་ནས་མཐར་ཅི་ཡང་མེད་པར་བྱས་པའི་དགོས་དོན་ཅི་ཞིག་ཡིན་ནམ་སྙམ་པ་སོགས་འཕང་སེམས་དང་གནོང་འགྱོད་ཇི་སྙེད་ཅིག་བསྐྲུན་པ་ནི། རྩོམ་པ་པོ་འཇོན་སི་ཊེན་བྷེ་ཁུས་གཟབ་ནན་ངང་བསམ་གཞིགས་བྱས་པའི་ཤུལ་བཞག་ཅིག་ལོས་ཡིན་སྙམ། ཁེ་ནོའི་དམིགས་ཡུལ་འགྲུབ་ཚར་ན། ཀློག་པ་པོ་རྣམས་ཀྱིས་རྒུན་ཆང་གི་དགའ་མ་རེ་བསྟེན་བཞིན་ངལ་གསོ་བྱེད་ཆོག་ལ། ད་དུང་མུ་ཏིག་དང་འབྲེལ་བའི་ཡོད་ཚད་ཕལ་ཆེར་འཇིག་རྟེན་ནས་བརྗེད་ཆོག་པར་འདོད།
འོན་ཀྱང་རྩོམ་པ་པོས་དེ་ལྟར་མ་བྱས་པར། ཀུན་གྱིས་འཚོལ་བཞིན་པའི་མུ་ཏིག་རྩ་ཆེན་ཞིག་ཁེ་ནོས་རྙེད་པའི་རྐྱེན་གྱིས། སུས་ཀྱང་ཡོང་ན་མི་འདོད་པའི་ཆག་སྒོ་གང་མང་ཞིག་ཀུན་གྱིས་རོཊ་རམ་བྱེད་དགོས་སའི་ཁེ་ནོ་ལྟ་བུའི་མགོར་ཡོང་བ་མ་ཟད། དཀའ་ཁག་དེ་དག་ཡོང་སའམ་ཡང་ན་སྤྲོད་མཁན་དེའང། ནམ་རྒྱུན་སྤྱི་ཚོགས་ནང་མི་ཆོས་ཀྱིས་ཕོངས་བའི་ཆོས་ལུཊ་མི་སྣ་རེ་ཟུང་དང། ཚོང་ལས་པ་སོགས་ཡིན་སྟབས་རྩོམ་པ་པོས་གཟུར་གནས་ཀྱི་ཀློག་པ་པོ་རྣམས་ལ་ཁེ་ནོ་ལྟ་བུའི་ཉམས་ཆུང་དབུལ་བོ་ཚོར་ཤ་ཚ་སྐྱེས་སུ་བཅུག་པ་མ་ཟད། ནམ་ཡང་རྨོངས་དད་ཆེ་བའི་འབྱོར་ལྡན་པ་ཞིག་གསོལ་འདེབས་སུ་ཡོང་རྒྱུར་སྒུག་མཁན་གྱི་ཡེ་ཤུའི་མཆོད་ཁང་གི་བླ་རྒན་ཚོ་དང། མིའི་ཚེ་སྲོག་ལས་དངུལ་ལོ་འགའ་རེ་རྩ་ཆེན་དུ་བརྩི་བའི་སྨན་པ་རྒྱགས་པ། ད་དུང་རང་ཉིད་ཀྱི་ཆེད་ཡོད་ཚད་བློས་གཏོང་བྱེད་པའི་ཧམ་སེམས་ཀྱི་བདག་པོར་གྱུར་པའི་ཚོང་བ་སོགས་ལ་ཞེན་པ་ལོག་ཅིང་། ཚོགས་གཏམ་གཏོང་བཅུག་ནས། ཡོད་ཚད་ཀྱི་ཤ་ཚ་དང་སྙིང་ཉེ་ཁེ་ནོའི་ཐོག་སྤུངས་སུ་བཅུག་པ་དེ་སྒྲུང་རྩོམ་འདིའི་རྒྱུ་རྩལ་གྱི་འགུག་ཤུགས་ཆེ་ཤོས་དེ་ཆགས་ཡོད་ལ། དེའི་ཐོགས་ནས་རྩོམ་པ་པོ་དང་། མུ་ཏིག ཁེ་ནོ་གསུམ་ནམ་ཡང་ཀློག་པ་པོའི་སེམས་ཁམས་ནས་འབྲལ་བ་མེད་པར་བཟོས་ཡོད་ཁར། ད་དུང་སུ་ཞིག་གིས་སྒྲུང་འདི་གླེང་སྐབས་ཁེ་ནོ་དང་ཇོ་ནཱ་གཉིས་ཀྱིས་མྱུར་བར་ཡེ་ཤུའི་ཆོས་ཁང་ནས་གཉེན་སྒྲིག་རྒྱུར་སྒུགས་པའི་ཆོས་པ་དང། ནད་པ་ཛ་དྲག་གི་གནས་བབ་ལ་མི་ལྟ་བར་ཡོད་ཚད་ཀྱི་ཐོག་མར་ནད་པ་དང་། ནད་བདག་འབྱོར་ལྡན་ཡིན་མིན་ལྟ་བའི་སྨན་པ་སོགས་སུ་ཞིག་གིས་མི་གླེང་།
འདི་ལྟར་བལྟས་ན། རྩོམ་པ་པོས་མུ་ཏིག་རྙེད་པར་བྱས་པ་ནི། གཏམ་རྒྱུད་འདི་གླེང་བྱེད་ཀྱི་ལྡེའུ་མིག་ཡིན་ལ། མུ་ཏིག་ཕྱིར་མཚོ་ནང་དུ་གཡུག་པ་དེ་ནི་མུ་ཏིག་ལ་བརྒྱུས་པའི་གཏམ་རྒྱུད་འདིའི་ཡོད་ཚད་མི་བརྗེད་པའི་མན་ངག་ཡིན་པར་བསམ་ཆོག ཡིན་ཡང་ངོས་ཟིན་དགོས་པ་ཞིག་ནི། འཆར་གཞི་ནི་རེ་སྨོན་ཙམ་ལས་ལེགས་འགྲུབ་མིན་པ་དང། འགོ་བརྩམས་པ་ཙམ་གྱིས་རྒྱལ་ཁ་ཐོབ་པ་མིན་སྟབས། ཁེ་ནོའི་ཁང་བ་མེར་བསྲེགས་པ་དང། བུ་ཆུང་མེ་མདའི་འོག་ཤི་བ། ད་དུང་དུས་སྐབས་ངེས་ཅན་ཞིག་གི་རིང་ཁོ་ནེ་བཟའ་མི་གཉིས་ཀས་ལུས་སེམས་ཀྱི་དཀའ་སྡུག་མང་པོ་ཞིག་མྱང་བ་ནི། བསམ་ཚད་ལེགས་འགྲུབ་ཡོང་མི་ཐུབ་པའི་བརྡ་ཡིན་ལ། ཀློག་པ་པོ་རྣམས་ཀྱིས་མུ་ཏིག་འདི་བཀླགས་ཟིན་མཚམས་ཁེ་ནོ་དང་ཇོ་ནཱར་གདུང་སེམས་མཉམ་བསྐྱེད་བྱེད་དགོས་སའི་གནད་དོན་ཞིག་ཀྱང་ཡིན། དེ་དང་ལྷན་དུ་ཡེ་ཤུ་ཆོས་ཁང་གི་བླ་རྒན་དང། སྨན་པ་རྒྱགས་པ། ཚོང་པ་ཧམ་སེམས་ཅན་ཚོ་སུ་གཅིག་གི་རེ་སྨོན་མ་འགྲུབ་ཁར། ཁེ་ནོས་མུ་ཏིག་རྙེད་རྗེས་སྨན་པ་རྒྱགས་པས་དངུལ་དངོས་མང་ཙམ་ཐོབ་རེས་བྱིས་པར་སྨན་བཅོས་བྱེད་ཁུལ་བྱས་པ་དེར་སྨན་རིན་ཅི་ཡང་རག་མེད་པ་སོགས་ཀྱིས་འཇིག་རྟེན་འདིའི་ངན་མཚང་མང་པོ་ཞིག་དམར་རྗེན་དུ་བཏོན་ཡོད། འདི་ལྟར་བཀླག་ཚེ་ད་གཟོད་མུ་ཏིག་ཅེས་པའི་སྒྲུང་འདི་ཇི་འདྲའི་སྙན་ཞིང་འཇེབས་པའི་ཁེ་ནོའི་གཏམ་རྒྱུད་ཅིག་ལས་བརྒལ་ཏེ། འཇིག་རྟེན་གྱི་གནས་ལུགས་གང་མང་ཞིག་ལ་གཏིང་ཟབ་པའི་ཚ་འདྲི་བྱས་པར་ཡང་ངོས་འཛིན་བྱེད་ཆོག་ལ། ད་དུང་མུ་ཏིག་ལས་བྱུང་བའི་དོན་རྐྱེན་གང་མང་ཞིག་རང་རེ་བོད་ཀྱི་སྤྱི་ཚོགས་དང་གཤིབ་བསྡུར་ཡང་བྱེད་ཆོག་པར་འདོད།
དེ་ཡང་འདི་ལྟ་སྟེ་ཡེ་ཤུ་པའི་ཆོས་ཁང་གི་ཆོས་དཔོན་ལག་པར་རྨོངས་དད་ཅན་གྱི་གསོལ་འདེབས་པ་ཞིག་མ་རག་པར་ཡོད་པ་དང། རང་རེ་བོད་ཀྱི་བླ་རྒན་གང་མང་ཞིག་གིས་རང་གི་མིང་ཙམ་ཡང་འབྲི་མི་ཤེས་པར་ད་དུང་སེམས་ཅན་ཐམས་ཅད་ཟེར་ནས་ཡར་མར་རྒྱུགས་ཏེ་དངུལ་དངོས་འཚོལ་བར་བྲེད་ཤ་ལངས་བཞིན་པའི་བར་ལ་ཁྱད་པར་ཅིག་འདུག་གམ།
ཡེ་ཤུ་ཆོས་ཁང་གི་ཡབ་ཆེན་གྱིས་ནག་ཁུངས་ནང་གི་དཀོན་མཆོག་དེ་བེད་སྤྱོད་བྱས་ཤིང་། བོད་ཀྱི་བླ་རྒན་ཚོས་མཆོག་གསུམ་དང་ལས་འབྲས་ལ་ཁ་གཡར་ནས་རྒྱུགས་མདུར་བྱས་པར་ཁྱད་པར་ཅི་ཞིག་ཡོད། ཁོ་གཉིས་ཀར་དགོས་པ་དེ་དངུལ་དངོས་ཤིག་ལས་གཞན་ཅི། ད་དུང་བོད་ཀྱི་བླ་སྤྲུལ་གང་མང་ཞིག་གིས་འབྱོར་ལྡན་ཚོར་ཐུགས་བརྩེ་ཆེན་པོས་རྗེས་འཛིན་བྱེད་ཁུལ་བྱས་པ་དང། ཉམས་ཆུང་དབུལ་ཕུང་རིགས་ལ་ཐུགས་གཡེང་སྤྱན་གཡེང་བྱེད་བཞིན་པ་འདི་ཉིད་ཁེ་ནོའི་ཁྱིམ་ཚང་གིས་ཁེ་ཡོ་ཊེ་ཊོར་སྡུག་པ་ར་ཙས་སོ་བརྒྱབ་སྐབས་རེ་བ་འདོན་ས་དང་། མུ་ཏིག་སྟོན་ས། མཐའ་ན་ཁེ་ནོས་མཛུབ་མོའི་བར་ནས་ཁྲག་དམར་འཛར་འཛར་བཞུར་བར་དུ་སྒོ་དྲག་རྡུང་བྱེད་སའི་སྨན་པ་རྒྱགས་པ་དང་གཅིག་མཚུངས་སུ་མི་འདུག་གམ། ད་དུང་ཧམ་སེམས་ཆེ་བའི་ཚོང་བ་ཚོས་ཁེ་ནོའི་མཛེས་སྡུག་ལྡན་པའི་མུ་ཏིག་དེ་རང་ལ་ཐོབ་འདོད་ཡོད་ཅིང། འོས་འཚམ་གྱི་རིན་འབབ་སྤྲོད་འདོད་མེད་ཁར། མཐའ་མར་ཁེ་ནོ་བསད་ནས་ལེན་འདོད་པའི་ཧམ་སེམས་ཀྱི་ཚུལ་དེ་ལྟ་བུའམ། དེ་དང་ཆེས་ཐག་ཉེ་བ་གང་མང་ཞིག་རང་རེའི་སྤྱི་ཚོགས་ནང་མིག་མཐོང་ལག་ཟིན་དུ་ཡོད་སྟབས། མུ་ཏིག་ལ་བརྒྱུས་པའི་གཏམ་རྒྱུད་འདི་ཀློག་བཞིན་རང་རེའི་སྤྱི་ཚོགས་ཤིག་བསྔོགས་ན། ངུ་བྲོ་ལ་དགོད་བྲོ་བའི་གནས་ཚུལ་ཇི་སྙེད་ཅིག་ཡིད་ངོར་ཤར་གྱི་མི་འདུག་གམ། ཟུར་གཅིག་ནས་གླེང་ན་དེང་སྐབས་བོད་ཀྱི་ཆོས་ལུགས་མི་སྣ་ཕལ་མོ་ཆེས་རང་ཉིད་ཀྱི་བླུན་རྟགས་ཕྱིར་སྟོན་མ་འདོད་པ་དང། མི་རིགས་ཀྱི་ཕུགས་རྒྱང་རིང་བོའི་མདུན་ལམ་ལ་བསམ་གཞིགས་གཏོང་མ་ཤེས་པ། ད་དུང་མང་ཚོགས་ཀྱི་ལག་ནས་དངུལ་དངོས་གཡོ་ལེན་བྱེད་མཚམས་འཇོག་མ་འདོད་པ་སོགས་ཀྱིས་དུས་ནས་དུས་སུ་རྩ་བའི་བླ་མ་དང། སྐྱབས་མགོན། སྐྱབས་རྗེ་སོགས་ཀྱི་མིང་ཐོག་ནས་བོད་རིགས་མང་ཚོགས་ཀྱི་གོ་རྟོགས་སད་རྒྱུར་དགག་བྱ་མཐའ་གཅིག་ཏུ་བྱེད་བཞིན་པའི་ངན་གཡོའི་རྫོང་མཁར་འདི་ཉིད་བོད་ཀྱི་ཤེས་ལྡན་མི་སྣ་དང། ལྷག་ཏུ་རྒྱལ་སྤྱིའི་འགྱུར་འགྲོས་དང་། བོད་ཀྱི་གནས་བབ་ངོས་ཟིན་པའི་གཞོན་སྐྱེས་ཚོས་གདོང་ལེན་བྱེད་ཡུལ་ཞིག་ཡིན་པ་ནམ་ཡང་བརྗེད་མི་རུང་།
གལ་ཏེ་ང་ཚོར་ངེས་པར་སྐྱབས་མགོན་ཞིག་དགོས་ཚེ་དེ་ནི་རང་ཉིད་ཁོ་ན་ལས་གཞན་སུ་ཡང་ཡིན་མི་སྲིད་ལ། ལྷག་ཏུ་གཟི་བརྗིད་ཁོག་སྟོང་གི་བོད་ཀྱི་བླ་སྤྲུལ་དེ་ཚོ་ག་ལ་ཡིན། སྔར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་སྐུལ་ཞིག་གིས་ཚོགས་དབུས་ནས། གྲལ་འགོར་ཡོད་པའི་བླ་སྤྲུལ་ཚོར། ༼གསེར་གྱི་བུམ་པ་སྟོང་པ་རྣམས་ཡར་ཤུགས། ཀ་རམས་འབྱམས་དགེ་བའི་བཤེས་གཉེན་རྣམས་ཤོང་གི་མི་འདུག༽ཅེས་ཚོགས་གཏམ་བཏང་བ་དེ་ངོ་མ་རྣག་ཐོག་གཙག་ཁེལ་ཞིག་མ་ཡིན་ནམ། མུ་ཏིག་ལས་ཐོབ་པའི་བསླབ་བྱ་ཡང། དེ་ལྟར་ངེས་ཏེ་ཡོད་ཚད་ལས་རྣམ་པར་རྒྱལ་པར་བྱེད་མཁན་ཁེ་ནོ་རང་ཉིད་ལས། ཡེ་ཤུ་ཆོས་ཁང་གི་ཡབ་ཆེན་གྱི་སྐྱབས་འཇུག་མ་ཡིན་ལ། རྡོ་རྩིག་གི་ཁང་བར་འཇིང་བའི་སྨན་པ་རྒྱགས་པ་སོགས་མིན་པ་མ་ཟད། ད་དུང་གཞན་གྱི་ཡོད་ཚད་རང་ཉིད་གཅིག་བུར་དབང་བར་འདོད་པའི་ཚོང་བ་ཧམ་སེམས་ཅན་དེ་ཚོ་ཡང་མཐར་ཁེ་ནོའི་རྩེ་གྲི་དང། ཁོང་ཚོ་རང་ཉིད་ཀྱི་མེ་མདའི་ངར་ཤུགས་ཀྱིས་བསད་པ་མ་ཡིན་ནམ། ཁེ་ནོས་ང་སྟག་ཤ་ར་ཞིག་ཡིན་ཞེས་བཤད་པ་ལྟར། ང་ཚོ་བོད་ཀྱི་ན་གཞོན་རྣམས་ཀྱང་སྟག་ཤ་ར་ཞིག་ལས་ཁྱི་སྡར་མ་ཞིག་མ་ཡིན་སྟབས། ནམ་ཡང་བོད་པ་ཚང་གི་ཁྱིམ་གཞི་དྲོད་མོ་འདིའི་ཆེད་ཡར་ལངས་དགོས་ལ། གྲོད་པ་ནང་དུ་བཟེད་ནས། གློ་བ་ཕྱིར་གཏོད་བྱེད་པའི་ཆོས་པའི་གཟུགས་འཛིན་པ་འགའ་རེས་གཙོས་མི་རིགས་འདིའི་བསམ་བློའི་སྒོ་འགོག་མཁན་ཚོ་ཡར་ལངས་མེད་པ་བཟོ་ཆེད། མི་ཚེའི་ལྕགས་སྨྱུག་ལ་ཟུང་ཁྲག་གི་སྣག་ཚ་དྲངས་ནས་རྒོལ་དགོས་པ་མ་ཡིན་ནམ། མུ་ཏིག་འདི། འདི་ལྟར་ཀློག་ན་ད་གཟོད་རྩོམ་པ་པོ་དང་། ཡིག་སྒྱུར་པ་རེ་རེའི་རིན་ཐང་ཡང་གཞི་ནས་རྟོགས་མི་ཡོང་ངམ། མུ་ཏིག་གི་རྩོམ་པ་པོས་ཀྱང་མུ་ཏིག་ཅིག་རྙེད་ནས་དེ་ཡང་བསྐྱར་ཆུར་གཡུག་པའི་བྱུང་བ་ཙམ་ངོ་སྤྲོད་བྱས་པ་མིན་པར། སྐབས་དེའི་སྤྱི་ཚོགས་ཀྱི་ཟར་དང་ཟུར་གྱི་གནས་ཚུལ་ཞིག་སྒྱུ་རྩལ་གྱིས་བཤད་སྟབས། ང་ཚོས་ཀྱང་རྩོམ་པ་པོའི་བསམ་བློའི་གཏིང་རིམ་ན་གནས་པའི་སྐད་ཆ་དེ་གོ་དགོས་པ་ཡིན། དེ་བཞིན་སྒྱུ་རྩལ་གྱི་གསོན་ཤུགས་བླ་རུ་འཁྱིལ་བའི་གྲགས་རྩོམ་འདི་ཉིད་བོད་བསྒྱུར་གནང་མཁན་སྐུ་ཞབས་རླངས་ཚང་བསོད་ནམས་རྡོ་རྗེ་ལགས་ལ་ང་ཚོས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་དགོས་པ་དང། མི་རིགས་ཀྱི་འདུ་ཤེས་ཟབ་པའི་སྐུ་ཞབས་ཁོང་གིས་བོད་ཡིག་ནང་སྒྱུ་རྩལ་རྩོམ་རིག་གམ། དབྱིན་འགྱུར་སྒྲུང་རྩོམ་མང་དུ་བཏང་བ་ཙམ་མ་ཡིན་པར། བསམ་གཞིག་བྱེད་རིན་ཡོད་པའི་སྒྲུང་འདི་ལྟ་བུ་བསྒྱུར་པ་ནི་ཆེས་དགའ་བསུ་བྱེད་དགོས་པ་ཞིག་ཡིན་ལ། ཁོས་བསྒྱུར་དགོས་པའི་དམིགས་ཡུལ་ཡང་། རྩོམ་པ་པོས་ཅིའི་ཕྱིར་སྒྲུང་འདི་བྲིས་པ་དང་། ཆེས་ཐག་ཉེ་བར་འདོད། རླངས་ཚང་བསོད་ནམས་རྡོ་རྗེས་སྔར་བོད་ཡིག་ནང་བསྒྱུར་པའི་རྒྱ་གར་གྱི་རང་དབང་སྣེ་ཁྲིད་པ་དང། ཞི་བདེའི་མེས་པོ་སེམས་དཔའ་ཆེན་པོ་གྷན་དྷིའི་ལོ་རྒྱུས་ཀློག་མྱོང་ཁར། ཁོ་བོ་བོད་ཀྱི་གཙུག་ལག་དཔེ་མཛོད་ཁང་དུ་ཉམས་ཞིབ་ཀྱི་ལས་ཀ་བྱས་ནས་ཡོད་སྐབས་ཤིག་ལ། ཁོང་གིས་བོད་བསྒྱུར་བྱས་པའི་དབྱིན་སྒྲུང་སྡོང་ལོ་རྣམས་ཕྱིར་སྡོང་རྩར་ཟགས་པ་ཞེས་པའི་སྒྲུང་རྩོམ་གྲགས་ཅན་ཞིག་ཁུར་ནས་སྒྲུང་འདི་དཔར་སྐྲུན་བྱེད་དགོས་པའི་གླེང་མོལ་བྱུང་བ་བཞིན། མཁྱེན་དཔྱོད་ཡངས་ཤིང་དུས་རབས་ཀྱི་གཟིགས་རྟོགས་མངོན་པར་མཐོ་བའི་དཔེ་མཛོད་དབུ་འཛིན་དགེ་བཤེས་ལྷག་རྡོར་དང་གླེང་མོལ་གྱིས་དེ་བཞིན་དཔེ་སྐྲུན་བྱེད་གཏན་ཁེལ་ནས་ཡོད་སྐབས་སུ་བསྐྱར་ཞིབ་བྱེད་མི་ཞིག་གིས་མ་བུ་གཉིས་ཀ་བོར་བརླགས་སུ་བཏང་བ་ནི་འཕངས་སེམས་སྐྱེ་དགོས་པར་གྱུར། དེང་བོད་ཡིག་ལ་དོ་སྣང་བྱེད་མཁན་དེ་ཙམ་མེད་ཁར། ཕྱིའི་སྐད་ཡིག་ནས་བོད་ཡིག་ནང་ཕབ་བསྒྱུར་བྱེད་མཁན་དེ་བས་ཀྱང་མེད་སྐབས་རླངས་ཚང་བསོད་ནམས་རྡོ་རྗེས་དབྱིན་སྒྲུང་འདི་ཉིད་བོད་བསྒྱུར་བྱས་འདུག་པར་དགའ་བསུ་ཆེན་པོ་ཞུ་དགོས་པའི་གནས་སུ་མཐོང་།
ད་དུང་འདིར་ངེས་པར་ཤོད་དགོས་པ་ཞིག་ནི། ང་རང་གི་སློབ་སྦྱོང་བརྒྱུད་རིམ་ཁྲོད་སྒྱུ་རྩལ་རྩོམ་རིག་སྤྱི་དང། ལྷག་པར་སྒྲུང་རྩོམ་འབྲི་བ་དང། དེར་དཔྱད་བརྗོད་དང་ཞིབ་འཇུག་སོགས་ཀྱི་མྱོང་བ་མེད་སྟབས། གྲགས་རྩོམ་འདིའི་གླེང་བརྗོད་སྤེལ་བའི་འོས་བབ་མེད་རུང། རང་གིས་ཤེས་ཚོད་ཀྱིས་སྒྲུང་རྩོམ་འདིའི་བསམ་བློའི་ཆ་རག་ཙམ་གླེང་བ་ཡིན་ན། སྐུ་ཞབས་རླངས་ཚང་བསོད་ནམས་རྡོ་རྗེས་གཙོས་བོད་ཀྱི་ཡིག་སྒྱུར་ལས་རིགས་ལ་ཧུར་བརྩོན་གནང་མཁན་ཚང་མར་སྙིང་ནས་གུས་འདུད་ཞུ་བཞིན་ཡོད། དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་ཡས་མས་སུ། རྩོམ་པ་པོ་རྣམས་སྒྱུ་རྩལ་རྩོམ་རིག་ལ་ཁ་ཕྱོགས་པ་ནས། ད་ཆ་རང་མི་རིགས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་ཆེད་བསམ་བློའི་རང་བཞིན་ཅན་གྱི་རྩོམ་ཡིག་གསར་སྤེལ་དང། ཡིག་སྒྱུར་སོགས་ལ་འབད་བཞིན་པ་དེ་ནི་ཞོགས་པའི་སྐྱ་རེངས་དང་ཀུན་ནས་མཚུངས་ཤིང། དེས་ང་ཚོར་ཁྱེར་ཡོང་བ་ནི་འོད་སྣང་ཞིག་ཡིན་སྟབས། ང་ཚོའི་རེ་བའི་མེ་ཏོག་དེ་བཞད་ལ་ཉེ་བར་ཐེ་ཚོམ་ཅི་ཡོད་ཅེས་བཅས།
ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡ ཉིན་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས་སྤེལ།
བཀྲ་ཤིས་བདེ་ལེགས་ཡོད། མི་འགྱངས་པར་ཀློག་ཐུབ་པར་སྨོན།
སྐྱེས་སར་ཀླུ་སྒྲུབ་ལགས། སྐྱེས་སར་མི་སྐྱེ་བར་སྒལ་ཚིགས་ནང་སྐྱེས་པ་ཡིན་བགྱི་མ་རེད། སྒྲུང་ཐུང་ཞིག་མིན་བཟོ་འདུག་པས་གླེང་ནས་ཉོག་གི་མ་འཇུག ཉུང་ངུར་ཐོངས། ཡི་གེ་ཤེས་པ་ཙམ་གྱིས་ཡིག་རྨོངས་པར་གཤེ་གཤེ་གཏོང་བའི་ཐོབ་ཐང་མེད་འཇིག་རྟེན་མིག་གི་དགོངས་པ་ཡིན་ན་དམིགས་བསལ་རེད། རང་ང་རང་མིས་ངལ་རྩོལ་ཆུད་ཟད་དུ་མ་གཏོང་རོགས།
འདྲེས་མ་ལ་ཁ་སྐད་ཤོར་ཏེ་འདྲིས་མ་བྲིས་འདུག དབུལ་ཕོངས་ཀྱི་ཡེ་གེར་རྨོངས་པས་དབུལ་ཕུང་བྲིས་འདུག འོ་མགྱོགས་པོར་འཆོས། འགྱུར་མ་མ་སྤེལ་གོང་ནས་གླེང་ཁད་བགྱིས། སྨེ་གཙོག།