ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཤར་ནུབ་ཆོས་ཚན་རིག་པ་དར་ཞིང་རྒྱས།།
སྐྱེ་དགུ་རྨོངས་པའི་མུན་པ་མཐའ་ནས་བསལ།།
དྲང་བདེན་དགེ་བའི་བཤེས་གཉེན་སྐུ་ཚེ་བརྟན།།
འབྱུང་འདུས་རྒུད་པ་བྲལ་བས་སེམས་པ་སྐྱིད།།
དུས་བཞིར་ནམ་ཟླ་བཟང་པོས་ཆར་ཆུ་མཉམ།།
རྐང་འཐུང་རི་བོ་ལྗང་མདོག་པད་ཚལ་བཞད།།
ཡིད་འོང་མཚོ་དང་མཚོའུ་དྭངས་གསལ་འཁྱིལ།།
འཁོར་ཡུག་ཀུན་བཟང་ཆོས་གླིང་གནས་པ་བདེ།།
ཕྱོགས་ཞེན་འཐེན་ཁྱེར་བྱེད་པའི་སྡུག་རྩུབ་དབེན།།
ཞི་དུལ་སྒོ་གསུམ་མཛེས་པའི་ཆོས་པས་གང་།།
འདི་ཕྱིའི་ཕན་བདེ་སྒྲུབ་པའི་གང་ཟག་ལ།།
ཚེ་རབས་ཀུན་ཏུ་དགེ་ལེགས་འབྱུང་བ་དགའ།།
ཞེས་པ་འདི་ཡང་སྙིང་གྲོགས་བདེ་ཆེན་རྡོ་རྗེས་ཁྱོད་རང་སྐྱིད་པོ་ཡིན་ནམ་ཞེས་པའི་ལན་དུ་ཨེ་མ་ཧོས་གུས་པས་ཕུལ་བར་དགེའོ།། །།
སྐྱིད་རབ་བདེ་རབ་བཤད་འདུག་མཁན་ཚོ་སྐྱིད་པོ་བདེ་མོ་མེད་རྟགས་ཡིན།