བདེ་པོ་འཚོ།
རི་བོ་ཧི་མ་ལ་ཡི་ཕ་རོལ་ན
མཚར་སྡུག་འོད་དུ་འཚེར་བའི་རྨི་ལམ་གྱི་ཞིང་ས་ཞིག
དུས་རབས་གསར་བའི་མདུན་བསྐྱོད་ཀྱི་གོམ་སྒྲ་ཞིག
རང་དབང་གི་འབོད་པའི་དར་ཆ་ཐོགས་པའི་རུ་དཔུང་ཞིག
དཔལ་ཡོན་གྱི་མེ་ཏོག་བཞད་པའི་གནས་ཡུལ་ཞིག
དེ་དག་གི་དཔལ་་་་་དེ་དག་གི་གཟི་བརྗིད་་་་་་་དེ་དག་གི་བཅུད་ཁོ་ན་བསྒོམས་ནས
རྨི་ལམ་གསོན་པོ་ཞིག་དང་ལྷན་ཏུ
རང་ཉིད་ཀྱང་དར་ཆ་ཞིག་གི་ཚུལ་གྱིས་གཡོ་ན་འདོད་ཅིང་།
རྡོ་རིང་ཞིག་གི་ཟོལ་གྱིས་འགྲེངས་འདོད་མྱོང་།
དེ་བས་ལྗིད་ཏིག་ཏིག་གི་གོམ་སྒྲ་རེ་རེས
དམར་ལྷོག་ལྷོག་ཏུ་འཕྱུར་པའི་བྱེ་རླུང་གཤགས་ཤིང་།
སྐྱ་ཐང་ཐང་གི་བྱེ་མའི་རི་བོ་དང
འཇིགས་སུ་རུང་བའི་བྲག་འཕྲང་བརྒལ་ནས་
བར་དོ་དང་དམྱལ་ཁམས་ལྟ་བུའི་འཇིག་རྟེན་ལ་རྐང་རྗེས་བཞག
རུས་རྐང་གི་དྲོད་ཀྱིས་སྦར་བའི་སྤོབས་པ་དེ་དང་
གཟི་འོད་བཀྲ་བའི་མ་འོངས་པ་ཞེས་པའི་བསླུ་བྲིད་ཆེན་པོ་དེས་
འཛད་མཐའ་མེད་པའི་མདུན་ལམ་གྱི་སྣེ་རུ་འཇུས་
འཇིག་ལ་ཉེ་བའི་མི་རིགས་དེའི་ལས་དབང་བསམ་ནས་
འཇིགས་ཡེར་བའི་ལམ་ཁ་དེ་རུ་ཤུགས་ཀྱིས་བགྲོད།
རེ་བའི་ཁུག་སོ་རེ་ནས
ཡུལ་གྱར་གྱི་འཚོ་བའི་སྣང་བརྙན་མིག་ལ་གཟན་ཅིང་
སྒེར་གཅོད་ཀྱི་གྲིབ་གཟུགས་ནག་པོ
ས་འོག་གི་སྐུད་ལམ་ནས་རྒྱུ་བའི་ས་གཞི་རྙིང་པ་དེ་དང་
དཔལ་འབྱོར་གྱི་ནད་ཡམ་འཁྱམས་པོས་
སྐད་ཡིག་གི་དབུགས་རྒྱུན་གཅོད་པའི་བར་སྣང་གསར་པ་འདི་ནས་
མི་རིགས་ཀྱི་རུས་རྐང་སྙི་མོ་ཐོལ་གྱིས་འཐོར་བ་མཐོང་དུས་
ངས་རང་དབང་གི་མཁའ་དབུགས་ཤིག་ཅི་ཙམ་རྔུབ་ཁུལ་བྱས་ན་ཡང་
དོན་དམ་དུ་ང་རང་ཉིད་ཀྱང་མི་རིགས་འདིའི་ཉེས་ཅན་པ་ཞིག་ཏུ་སྣང་ངོ་།
༢༠༡༤/༡༡/༡༠
སྤྱི་ཚོགས་ལ་གདོང་མ་བསྟད་པའི་དངོས་ཡོད་ཉམས་མྱོང་མེད་པའི་སློབ་མ་ཁེར་རྒྱུགས་པ་འདི་ཚོ་སློབ་གྲྭ་ནས་སྤོབས་པ་དང་ང་རྒྱལ་ཡོད་ཀྱང་། སྤྱི་ཚོགས་ནང་ཐོན་དུས་བཤད་བཤད་པོ་དེ་རྫུན་མ་ཡིན་ངེས། དཔལ་འབྱོར་གྱིས་བོད་ཀྱི་སྐད་ཡིག་ལ་གང་ནས་གནོད། ཁྱི་བཤད་འདི་འདྲ་མ་རྒྱག་ན་ལོས་ཧྲ།
བོད་འཕོང་མཁན་ནི་བོད་པ་ཡིན་ལ། བོད་བཟོ་མཁན་རྒྱ་ནག་པོ། རྒྱ་གར་པོ་དང་མགོ་སེར་བོ་རེས་མེད་ཡིན་པ་མ་བརྗེད།
རྨི་ལམ་ཁུར་མཁན་ཚོ་འདི་ལྟར་རྒས་སོང་། ཤི་སོང་། ཡལ་སོང་། མ་ཤི་འདུག་མཁན་ཚོ་ནི། ཆུ་སྣ་གར་ཁྲིད། རྐང་རྗེས་ལག་སུབ། ཡང་ན། དངུལ་ལོའི་གཡོག་པོ་ཡིན། གནས་སྐབས་ཀྱི་སླད་དུ། མི་གཟུགས་འདི་དག་ཅི་ཡང་བཙོང་ཕོད། ཐ་ན་རྣམ་ཤེས་ཀྱང་བཙོང་ཕོད།