སྤོབས་པ་མཐའ་ཡས།
ལོ་ན་ཆེས་གཞོན་པའི་གླུ་མ་བསྟན་འཛིན་ཀུན་གསལ་དང་མོའི་གླུ་གཞས་ཀྱི་སྐོར་ལ་བོད་ནང་གི་ཤེས་ཡོན་ཅན་མང་པོས་དྲྭ་རྒྱའི་སྟེང་བགྲོ་གླེང་དང་བསྟོད་བསྔགས་གནང་བཞིན་པ་མཐོང་། དེ་ནི་ཁོང་ཚོར་མཚོན་ན་རྒྱ་མཚོའི་ཕ་རོལ་ནས་ཁྱེར་ཡོང་པའི་རེ་སྤོབས་ཤིག་དང་བཙན་བྱོལ་བོད་མིའི་བསྐྲུན་པའི་སྒྱུ་རྩལ་ལས་རིགས་ཀྱི་གྲུབ་འབྲས་ཤིག་ལ་མཐོང་བཞིན་ཡོད་ངེས། འོན་ཀྱང་ང་ཚོ་བཙན་བྱོལ་བོད་མིའི་ངོས་ནས་དེ་ཙམ་གྱི་དོ་སྣང་དང་བསྟོད་བསྔགས་བྱེད་བཞིན་པ་ཤེས་ཚོར་མ་བྱུང་བས། རྗེ་ས་པཎ་གྱིས་ངོ་མཚར་གནས་ལ་མཚར་དུ་མི་འཛིན་པ་བླུན་པོའི་རྟགས་ཡིན་པར་གསུངས་པ་དེ་ལྟ་བུ་ཞིག་མིན་ནམ།
སྤྱིར་བཏང་རང་རེའི་ངག་རིག་པར་བརྫུ་བ་དག་ནི་གསེར་ཁྲིའི་སྒང་གི་བླ་མ་གཟི་བརྗིད་ཅན་དང་། ལས་ཁུངས་སྦུག་གི་སྐུ་ངོ་གཏུམ་དྲག་ཅན། གླེགས་བམ་ཕག་གི་མཁས་པ་ང་རྒྱལ་ཅན་སོགས་ང་ཆེ་ང་བཙན་གྱི་རང་གཤིས་ཅན་ཚོར་ངོ་བསྟོད་གཅམ་བུའི་ཕྱེ་གཏོར་ཁོ་ན་ལ་སྲེད་ཀྱང་ཉེ་རབས་ཀྱི་དུས་ནས་རང་རེའི་རྩོམ་པ་པོར་རློམས་པ་ཕལ་མོ་ཆེས་རང་གི་སྤྱི་ཚོགས་འདིའི་མུན་ནག་གི་ཆ་ཤ་སྟག་བཏུ་བ་ལས་དཀར་ཆ་ལས་གླེང་རྒྱུར་དེ་ཙམ་མི་མཉེས་པ་འདྲ། འོན་ཀྱང་ང་ཚོ་མི་རིགས་ཤིག་ཤི་ལམ་དང་། རིག་གཞུང་ཞིག་ཆག་འཇིག་གི་འཕྲངས་ལ་གྱར་བའི་དུས་འདིར་ལས་རིགས་དང་ཕོ་མོ་རིས་སུ་མ་ཆད་པར་མདོར་ན་ངོམས་དང་སྨོན་པར་འོས་པའི་མི་སྣ་རེ་རེ་བྱོན་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་འོས་པ་ཡིན་སྟབས་ངས་འདིར་ལོ་ན་ཆེས་གཞོན་པའི་གླུ་མ་བསྟན་འཛིན་ཀུན་གསལ་གྱི་སྐོར་ལ་རྩོམ་ཐུང་འདི་སྤེལ་འདོད་བྱུང་།
དེ་ཡང་བོད་ནང་གི་རྩོམ་པ་པོ་ཞིག་གིས་འདི་ལྟར་གླེང་ཡོད་དེ། བུ་མོ་བསྟན་འཛིན་ཀུན་གསལ་གྱིས་བླངས་པའི་ཕ་ཡུལ་དྲན་གླུ་ལྟ་བུས་ནི་ནམ་ཡང་མི་སེམས་གསོ་ལ། མི་སེམས་ལྷག་ཏུ་འགུལ་བའི་སྙན་དབྱངས་ཡིན་པར་འདོད་དེ། དེ་ཡང་གླུ་གཞས་སྙན་པོ་འདི་དག གླུ་བ་གླུ་མ་དག་གིས་སྙིང་ཁོངས་རུས་པའི་གཏིང་ནས་བླངས་པས་ཡིན་ངེས་སྙམ། ཞེས་དང་། ལྷག་དོན་སྒྱུ་རྩམ་གྱི་འཚར་ལོངས་ལམ་བུ་བརྒྱུད་བཞིན་པའི་བུ་མོ་བསྟན་འཛིན་ཀུན་གསལ་གྱི་སེམས་ཁོངས་ཀྱི་སྙན་དབྱངས་དག་ཀྱང་ཧི་མ་ལ་ཡའི་རི་རྒྱུད་ཁྱོན་དུ་གྲག་པའི་སྨོན་འདུན་ཞུ། སོགས་ཀྱིས་མཚོན་དྲྭ་རྒྱའི་སྟེང་དུ་བསྟན་འཛིན་ཀུན་གསལ་གྱི་སྐོར་དང་ཁོང་མོར་བསྟོད་པ་མང་དུ་བྲིས་ཡོད།
གདོང་དྲུག་བོད་མིའི་ཁྲག་རྒྱུན་ལུས་ལ་ཁོལ་ཞིང་། ཕ་སྐད་གཙང་མའི་དབྱངས་རྟ་ངག་ལས་གྱེར་བའི་ལོ་ན་ཆེས་གཞོན་པའི་གླུ་མ་བསྟན་འཛིན་ཀུན་གསལ་གྱི་རྣམ་རིག་གྲུང་བའི་གཤིས་ཀ་དང་། དྭངས་གཙང་སྙན་འཇེབས་ཀྱི་གླུ་སྐད། ཡིད་འོང་བྱིས་པའི་གཞོན་ཤ་ཆགས་པའི་བཞིན་རས། གཉའ་ཞུམ་བག་འཁུམས་ཀྱི་སྒྲོག་ལས་གྲོལ་བའི་སྤོབས་པ་བཅས་མིག་ཡིད་རྣ་བའི་དགའ་སྟོན་དུ་རོལ་མྱོང་ཞིག་གྱིས་དང་། ང་ཚོས་རང་གི་མི་རིགས་ལ་བཅངས་པའི་བརྩེ་དུང་དང་། མདུན་ལམ་ལ་བཅངས་པའི་རེ་བ། མི་ཚེ་ལ་མངའ་བའི་མཛེས་སྡུག རིག་གཞུང་གིས་ངོམ་པའི་རིན་ཐང་བཅས་ལ་སེམས་འགུལ་དང་། རེ་སྤོབས། ངེས་ཤེས་བཅས་གསར་པ་ཞིག་སྐྱེས་ཐུབ་པར་ངེས་སོ། །
ང་ཚོས་འདི་ལྟ་བུའི་མི་སྣ་དང་། དེ་ལྟ་བུའི་ལས་རིགས་སྟེ་བོད་པའི་སྒྱུ་རྩལ་ལས་རིགས་ལ་སྤྲོ་སྣང་འཕེལ་བ་དང་། སེམས་འགུལ་ཐེབས་པ། སློབ་སྦྱོང་བྱེད་པ་བཅས་ཀྱི་ཆེད་དུ་བྱིས་པ་ཡོད་པའི་ཁྱིམ་ཚང་དང་། བུ་གསོ་ཁང་། སློབ་གྲ་ཆུང་འབྲིང་སོགས་སུ་ལོ་ན་ཆེས་གཞོན་པའི་གླུ་མ་བསྟན་འཛིན་ཀུན་གསལ་གྱི་གླུ་གཞས་འཁོར་ཐག་རྣམས་གཟིགས་འབུལ་ཞུས་ན་བོད་མི་རིགས་ཀྱི་ལ་རྒྱ་འཕེལ་བ་དང། ཤུལ་བཞག་རིག་གཞུང་གི་རིན་ཐང་ཤེས་པ། ལྷག་པར་ཡང་བོད་ཀྱི་སྒྱུ་རྩལ་ལས་རིགས་ཉམས་གསོ་དར་སྤེལ་བྱེད་པའི་སྙིང་སྟོབས་དང་ཆོད་སེམས་ཇེ་བརྟན་དུ་འགྱུར་བ། རང་རང་གི་མི་ཚེའི་མཛེས་སྡུག་ཕྱིན་མངོན་པར་གཉའ་མི་ཞུམས་པ་བཅས་ལ་མིག་དཔེ་དང་ཕན་ནུས་བླ་ལྷག་ཏུ་འབྱུང་བ་གོར་མ་ཆག་གོ།
མཐའ་དོན། བསྟན་འཛིན་ཀུན་གསལ་དང་མོ་ལྟ་བུའི་ལྷན་སྐྱེས་ཡོན་ཏན་བླ་ན་མཐོ་ཞིང་སྦྱངས་སྟོབས་ཀྱི་གོ་སྐབས་མདུན་ན་མངའ་བའི་ན་གཞོན་རྣམས་ལ་བདག་གཅེས་དང་གསོ་སྐྱོང་། མཐོང་ཆེན་དང་མིག་དཔེར་འཛིན་པ་བཅས་བྱས་ན་དེ་ནི་མི་རིགས་འདིའི་ཞབས་པད་བསྐལ་བརྒྱར་བརྟན་པའི་རྒྱུར་འགྱུར་བར་ཐེ་ཚོམ་མེད་དོ། །
མོ་རང་གི་སྐད་ངག་བདེ་མོ་དེ་མོ་རང་གི་ཤེས་རིག་སློབ་གཉེར་གྱི་གེགས་ཤིག་ཏུ་མི་འགྲོ་བའི་སྨོན་ལམ་ཡང་ཡང་འདེབས་ཀྱི་ཡོད། འདི་འདྲ་ལོ་ཆུང་ཞིག་མི་ཚོགས་མདུན་ཁྲོམ་སྟོན་བྱེད་རྒྱུ་ཅུང་སྔ་དྲགས་པ་མ་རེད་དམ། ད་རུང་མོ་ལོ་བཅི་བརྒྱད་ལ་སོན་ཡོད་རྒྱུ་མ་རེད། ཨ་ལེ་དང་པོ་སློབ་སྦྱོང་ཡག་པོ་ཞིག་བྱེད་ཆུག གླུ་སྙན་མོ་ལ་ཁའི་ལུག་རྫིས་ཀྱང་ལེན།
ཕྱི་ལོགས་སུ་ཡོད་པ་རྣམས་ཕ་ཡུལ་གྱི་གཞས་ལ་དགའ། ནང་ལོགས་ཀྱི་མི་རྣམས་ཕྱི་ལོགས་ཀྱི་གཞས་ལ་དགའ། ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཀྱི་མི་རྣམས་རང་བྱུང་དང་གནའ་དངོས་ལ་རྩིས་འདང་ཆེ། ཡར་རྒྱས་དལ་བའི་རྒྱལ་ཁབ་ཀྱི་མི་རྣམས་དེང་རབས་དང་གསར་བར་དགའ་ཞེན་ཆེ། འདི་དག་ནི་ཁོར་ཡུག་ཅིག་དང་ཁོར་ཡུག་དེས་བསྐྲུན་པའི་སེམས་ཁམས་ཤིག་གི་ཁྱད་པར་ཙམ་ཡིན།
ཨོ། ཕྱག་གཉིས་པ། བར་སྐབས་རིང་ལ་ཁྱོད་ཀྱིས་བླ་ཉམས་སོང་བ་རེད། ཉམས་ཟིན་པའི་བླ་དེ་གསོ་དགོས་ཀྱིན་འདུག ཡེ་ཤེས་མགོན་པོ་འདི་དཔལ་ན་ལནྜའི་དཀོར་སྲུང་གི་ཚུལ་དུ་བཞུགས་སྐབས་ྐླ་ྐློའི་དམག་དཔུང་སླེབས་ནས་དགོན་པ་བཅོམ་སོང་བས་དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོས་དཔལ་ན་ལྞྜའི་གཎ་ཌི་ཁྱེར་ནས་བྲོས་པའི་སྒྲུང་ཞིག་ཆོས་འབྱུང་ཁག་གི་ནང་དུ་བྲིས་འདུག མགོན་པོས་ཕྱག་གཉིས་ཀྱིས་གནྜི་ཞིག་བསྐྱོར་ནས་བཞུགས་པའི་གཟུགས་རིས་འདི་བཞེངས་སྲོལ་དེ་ནས་བྱུང་བ་རེད་ཟེར་སྲོལ་འདུག དེ་ཁྱོད་དང་སྦྱར་ན་ལེགས་པོ་འདུག
ང་བླ་ཉམས་ཡོད་མེད་དེ་ངས་ཤེས་གི་རེད། ང་ཁྱེད་རང་གི་སེམས་ངོ་ནས་བླ་ཉམས་ཡོད་པ་དེ་ཁྱེད་རང་གི་སེམས་ལ་ཐུག་ཡོད་པ་རེད། དེས་ན་འདིས་ཀྱང་ཁྱེད་རང་བླ་ཉམས་ཡོད་པ་དེ་ར་སྤྲོད་བྱེད་ཀྱི་མི་འདུག་གམ།
ང་ཚོའི་དྲ་ཐོག་འདིར་གཏམ་བརྗོད་རང་དབང་མེད་མཁན་རིགས་གཉིས་འདུག རིགས་དང་པོ་དེ་ཚང་མས་ཤེས་གསལ་ལྟར། རྒྱ་དངུལ་གྱིས་ཉོས་ཚར་བའི་མི་དེ་རིགས་རེད། རིགས་གཉིས་པ་ནི་ཁྱེད་རང་སྤོབས་པ་མཐའ་ཡས་ལྟ་བུ་རྟག་པར་མི་གཅིག་རང་གཅིག་ལ་རྒྱབ་སྐྱོར་བྱས་སྡོད་མཁན། རྐུབ་ལ་ལྕེ་ལྡག་བྱས་སྡོད་མཁན་དེ་རིགས་རེད།
ཁ་སང་དེ་རིང་ཁྱེད་རང་གིས་ང་ལ་རྗེས་འདེད་གཏོང་བའི་རྒྱུ་མཚན་ངས་ཤེས་ཀྱི་ཡོད། ཁྱེད་རང་གིས་མཁས་ཉམས་ཤིག་སྟོན་དགོས་བསམ་ནས་གང་ཞིག་བྲིས་པ་རེད་དེ། ངས་དེའི་རྐུབ་གཡོགས་རལ་རེད། ཁྱེད་གིས་ནོར་སོང་ཟེར་ནས་ངོས་ལེན་བྱས་པ་ཡག་པོ་རེད། ཡིན་ན་ཡང་། ང་ལ་ཐུགས་རྗེ་ཆེ་ཙམ་ཡང་མི་ཞུ་བའི་ཁར་བླ་ཉམས་པ་རེད་ཟེར་བ་ནི་ཁྱེད་རང་རྒྱ་རྩོད་ལ་རྒྱུགས་སྟངས་མ་ཤེས་པ་རེད། ཡོན་ཏན་པའི་རྒྱ་རྩོད་ལ་རྒྱུགས་སྟངས་ནི་གནས་ལུགས་དང་རྒྱུ་མཚན་ཁྱེར་ནས་རྒྱུགས་དགོས་རེད། དེ་རིང་དེ་ཙམ་བྱེད།
གོང་གི་སྐད་གྲགས་ཆེ་བའི་གླུ་མ་ཁོང་རང་གི་ལོ་ཚད་ལ་བབས་པའི་ཡག་ཐག་ཆོད་རེད།
འོན་ཀྱང་ངའི་རེ་བ་ལ་ཁོང་གི་ཞབས་བྲོའི་རྒྱུ་རྩལ་དེ་ཞལ་བྱུང་བྱས་ནས་།
ཕྱི་རོལ་རང་དབང་ལུང་བ་ནས་སློབ་སྦོང་ཡག་པོ་ཞིག་བྱས་དེ་
མ་འོང་བ་ན་རང་མི་རིགས་ལ་ཤེས་ཡོན་གྱིས་ལག་སྐྱེས་ཡག་པོ་ཞིག་ཕུལ་ཐུབ་ན་འདོད་དོ།།