ཉི་མ་སུམ་བརྒྱ་དྲུག་ཅུ་ཚར་གོ་གི།
ཉི་ཤུ་དགུ་འདི་དགུ་རྡུལ་ལེན་ཉིན་རེད།།
གང་ས་གང་ན་དགུ་རྡུལ་ལེན་གོ་གི།
ང་རང་དགུ་རྡུལ་བླངས་ནས་ཚར་སོང་ང་།།
ཁ་བརྡ་དྲ་ཁང་རྡུལ་གྱི་འཁོར་ལོ་རེད།།
མི་རེས་རྩོམ་རེ་བྲིས་ནས་རྡུལ་འཚུབ་བསླངས།།
དཔྱད་མཆན་འདྲ་མིན་རྒྱབ་ནས་རྡུལ་གྱིས་ཁེངས།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ཚིག་ངན་རྡུལ་ནག་སློང་ས་འདི་ལ་རེད།།
ཕྲག་དོག་རྡུལ་དམར་འཚུབ་ས་འདི་ལ་རེད།།
ཁ་རྩོད་ཐལ་རྡུལ་འཁོར་ས་འདི་ལ་རེད།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ལས་མེད་འཁྱབ་ཉུལ་པ་རྣམས་འདི་ན་ཡོད།།
མི་ཧྲེང་འདོད་པས་གཟིར་རྣམས་འདི་ན་ཡོད།
ར་བཟི་སྐྱུར་འགོང་བཤད་མཁན་འདི་ན་ཡོད།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།
གྲུབ་མཐའ་འདྲ་མིན་བར་ལ་རྡུལ་ཅིག་ལངས།།
དགེ་ལུགས་དགེ་བླུགས་རྙིང་མ་རྙང་མ་ཟེར།།
ས་སྐྱ་བཀའ་བརྒྱུད་བོན་པོ་ཅིག་ཅིག་ཟེར།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ཁམས་པ་རྣམས་ཀྱིས་སྤྱི་འཐུས་གཏོར་སོང་ཟེར།།
ཨ་མདོ་རྣམས་ཀྱིས་ཁ་རྡུང་བཏང་སོང་ཟེར།།
དབུས་པ་ཁ་ཡག་ཁོག་འཁྱོག་རེད་ཅེས་ཟེར།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
སྒོམ་སྡེ་ལྷ་རམས་འདི་ནས་བྲོས་བོ་ད།།
ཨ་ཕོ་སྟག་སྨྱོན་གཞན་གྱིས་བདའ་དང་ད།།
རྡོ་སྦིས་བློ་ཡོན་བར་ནས་བོར་རོ་ད།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
བུད་མེད་ཡོང་ན་ཚང་མ་མྱོས་འགྲོ་གི།
ཁ་བཙོག་བཤད་ནས་ཉི་མ་བཏང་འགྲོ་གི།
ཀླུ་སྨྱོན་སྡོམ་པ་ཤོར་མིན་ཆ་མ་འཚལ།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
མཇེ་སྟུ་རྐུབ་ཀྱི་ཐ་སྙད་གང་སར་འདུག།
ཁ་ངན་ཚིག་ངན་བསྒྲུགས་ན་ཉུང་ཉུང་མིན།།
ཁ་རྒྱགས་ཚིག་རྒྱགས་བཤད་མཁན་མེད་པ་མིན།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
འཇོན་པོ་རྒོད་པོ་ཚང་མས་མ་འགྲིགས་ཟེར།།
མཁས་པ་རྣམས་ཀྱིས་བཤད་པ་ནོར་འདུག་ཟེར།།
སྐུ་ཚབ་སོང་ནས་དོན་དག་མ་འགྲུབ་ཟེར།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
དྲ་དཔོན་རྣམས་ཀྱིས་ང་རང་བཀག་སོང་ཟེར།།
དྲ་ཉུལ་རྣམས་ཀྱིས་དྲ་ཁང་གཏོར་སོང་ཟེར།།
ཆ་ངེ་ཆུང་ངེ་རྩོད་ནས་མི་ཚར་གི།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ཆོས་ལ་བཤད་ན་ཁྱེད་རང་དོལ་རྒྱལ་ཟེར།།
གཞུང་ལ་བཤད་ན་རྒྱ་མིའི་སོ་བ་ཟེར།།
སྐྱོན་སེལ་མཁན་ལ་སྡང་མཁན་ཉུང་ཉུང་མིན།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
དོན་ལ་བལྟས་ན་མ་དཔྱད་སྐད་ཆ་མང་།
ཚིག་ལ་བལྟས་ན་ཡིག་ནོར་ཕྲད་ནོར་མང་།།
ཞིབ་ཀྱིས་བལྟས་ན་ནོར་འཁྲུལ་གང་སར་འདུག
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
མདའ་ཚན་མདའ་མོ་གང་བྱུང་མང་བྱུང་འཕེན།།
ཞར་དང་ཞོར་ལ་ཕོག་པ་ཡོད་ཚོད་ཡིན།།
ཁྲག་ཚིལ་སྣུམ་གྱིས་མདའ་རྩེ་སྦགས་ནས་འདུག།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
འགའ་རེས་གཏམ་བརྗོད་རང་དབང་མི་འདུག་ཟེར།།
འགའ་རེས་རབ་དབང་ཟེར་ན་ཚད་ཡོད་ཟེར།།
བདག་པོས་ད་ལོ་ནན་པོ་བྱེད་རྒྱུ་ཟེར།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
འབྲོག་པའི་གཞུ་མོ་མདའ་ལ་ཁ་ཚོད་མེད༎
བོའུ་སྟོང་མདའ་སྟོང་གང་ས་གང་འཕེན་རེད།
བཙོག་ནོ་སྡུག་ནོ་ཐམས་ཅད་བཤད་དང་ཐ༎
ཡག་ནོ་དགའ་ནོ་ཚང་མ་བསྐྱུར་དང་ཐ༎
འབྲོག་ག་འབྲོག་ནག་ཁ་ལ་ལྟ་རྒྱུ་མེད༎
རོང་ང་རོང་དཀར་ཁ་ན་རྩམ་དཀར་ཡོད༎
རྩམ་དཀར་འབྲུ་མར་སེར་བོས་བརྫི་ནི་ཡིན༎
དགུ་ཐུག་ཞིམ་པོ་ཉིན་སྐོལ་མཚན་སྐོལ་ཡིན༎
དེ་རིང་དགུ་རྡུལ་ལེན་པའི་ཉི་མ་རེད།།
མི་གཙང་ཐལ་རྡུལ་ཚང་མ་ཕྱགས་དགོས་རེད།།
ཕྱགས་ནས་གད་རྙིགས་ནུབ་ལ་འཕོ་དགོས་རེད།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
བཙོག་ནོ་སྡུག་ནོ་ཚང་མ་འདེད་དགོས་རེད།།
ཡག་ནོ་མཛེས་ནོ་ཚང་མ་འཇོག་དགོས་རེད།།
གཙང་བཙོག་ཕྱེ་ནས་གཙང་སྦྲ་བྱེད་དགོས་རེད།
ཁ་བརྡ་དྲ་ཁང་ལ་དགུ་རྡུལ་ལེན།།
འབྲོག་པར་ཕྱེ་མེད་རོང་བར་མར་མེད་ཟེར།།
ཁྱོད་ཀྱི་ཁ་དང་ང་ཡི་སྣ་བཤད་ནས།།
རོང་འབྲོག་ལ་རྒྱ་རྩོད་པའི་ཉི་མ་མིན།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ཨ་མའི་ཤིག་རྩག་རྡབ་རྡབ་གཏོང་དགོས་རེད།།
ཨ་ཕའི་ཝ་ཞྭ་རྡུལ་སེལ་བྱེད་དགོས་རེད།།
ཨ་ཇོའི་གློག་ཀླད་ཕྱིས་ཕྱིས་གཏོང་དགོས་རེད།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ནང་ན་དགུ་རྡུལ་ལེན་ཞོར་ལེན་ཞོར་དུ།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ནང་ན་དགུ་ཐུག་ཞིམ་པོ་སྐོལ་ཞོར་དུ།།
ཁ་བརྡ་དྲ་ཁང་ནང་དུ་དགུ་ཐུག་སྐོལ།།
དགུ་རྡུལ་ཨ་ཁུ་འབྲོག་པའི་ལེན་སྲོལ་ཡིན།།
དགུ་ཐུག་ཨ་ཁུ་འབྲོག་པའི་སྐོལ་སྲོལ་ཡིན།།
དགུ་ཐུག་འཐུང་འདོད་ཡོད་ན་འདི་ལ་ཤོག།
ཟས་རིགས་སྣ་ཁ་དགུ་འཛོམས་དགུ་ཐུག་ཡིན།།
ཨ་ཁུས་གསུང་ན་དགུ་གཏོར་འཕེན་དགོས་ཟེར། །
ཨ་ཕས་བཤད་ན་དགུ་ཐུག་འཐུང་དགོས་ཟེར། །
ཨ་མས་བཤད་ན་གྲོད་ཁོག་འགྲངས་དགོས་ཟེར། །
ཨམ་ཕྲུག་ཁོ་བོས་གང་ཡང་མི་དགོས་བཤད། །
ལོ་གསར་མེད་པས་འདི་དག་དགོས་དོན་མེད། །
ལོ་གསར་མེད་པས་གྲལ་སྒྲིག་དགོས་དོན་མེད། །
ལོ་གསར་ཚེས་གཅིག་ཉིན་མོར་ཨམ་ཕྲུག་ངས། །
ལོ་གསར་སྡུག་གཏམ་གླེང་ནས་འདུག་གི་ཡིན། །
Nyengak nyinjepo shidra duk:
http://www.tibetwrites.org/?A-Song-from-a-Distance#forum127
དགུ་ཐུག
ཉི་ཤུ་དགུ་ཡི་དགུ་ཐུག་ནང་། །
ཟས་ན་དགུ་བླུག་བག་ཐུག་དེ། །
འཐུང་ཐེངས་དགུ་ཡིས་གདོན་འདྲེ་དང་། །
ངན་དགུ་ཐམས་ཅད་བྲོས་ཐལ་ཤོར། །
ཕྱིར། བཟློག་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག
ཨ་ཁུ་རོང་བས་དགུ་ཐུག་དྲོན་མོ་སྐོལ།།
ཨ་འབྲོག་མགོན་པོས་དགུ་རྡུལ་གཙང་ན་བཟོས།།
ད་ནི་དྲ་ཁང་གྲུ་བཞིའི་གོ་ཁ་འདིར།།
མཉམ་དུ་འཛོམས་དང་དགུ་ཐུག་འཐུང་རྐྱང་རེད།།
ངན་པ་དགུ་འཛོམས་ཉིས་སྟོང་དགུ་ལ་ཚང་།།
གྲོས་མོལ་དགུ་བར་གྲུབ་འབྲས་མ་བྱུང་ད།།
བཟང་བོ་བཅུ་འཛོམས་ཉིས་སྟོང་བཅུ་ཡི་ལོ།།
རེ་བའི་ཁ་བཏགས་བཟུང་ནས་བསུ་བ་བྱེད།།
མདའ་ཚན་པ་ཡིས་དགུ་རྡུལ་བླངས་དང་ཟིག།
རབ་གསལ་རྗེས་ཀྱང་དགུ་རྡུལ་བླངས་ང་ཟེར།།
འོན་ཀྱང་དགྲ་སྟ་ད་དུང་ཉལ་བསྡད་ཡོད།།
དགུ་རྡུལ་ལེན་པའི་སྙིང་དོན་མ་རྟོགས་ཐལ།།
ཡབ་མྱེས་རིང་ནས་དགུ་རྡུལ་བླངས་བླངས་ཡིན།།
བླངས་ཀྱང་རེ་བའི་རི་མོ་འགྲུབ་པ་མེད།།
དེ་བས་ད་ལོ་ནང་དུ་གསོག་རྒྱུ་ཡིན།།
ཕན་བལྟས་བྱུང་ན་སང་ཀྱང་ལེན་རྩིས་མེད།།
ལུགས་དང་སྲོལ་གྱི་སྲོག་ཐག་བཙན་ན་ཡང༌།།
དགྲ་སྟ་ངེད་ཀྱི་རྣམ་ཤེས་གསར་བ་ཡིན།།
དེ་བས་རྒན་རབས་གོང་མ་ཁྱེད་རྣམ་ཀྱང༌།།
ལུགས་དང་ལམ་སྲོལ་ཙམ་ལ་མ་རྔམས་འང༌།།
མདའ་ཚན་པ་ཡིས་དགུ་རྡུལ་ལེན་སྲོལ་འདི།།
རིག་པ་ཅན་གྱི་ལམ་ཀ་རེད་མི་འདུག།
ཁྱོད་རང་ཆེ་ཡང་འཇིག་རྟེན་ཁྱོད་ལས་ཆེ།།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།།
དགྲ་སྟ།
དགུ་རྡུལ་མ་བླངས་ནའང་འགྲིགས་གི་རེད།།
རྡུལ་དང་གད་རྙིགས་ནང་དུ་གཉིད་ལ་སྡོད།།
རྙིང་པའི་ནང་ན་རྣམ་ཤེས་གསར་པ་ཞིག།
ཡོད་དོ་ཟེར་ཡང་ཕལ་ཆེར་རྫུན་དུ་ཤེས།།
ང་རང་རྙིང་པ་ཐམས་ཅད་དེད་པ་ཡིན།།
ཕྱི་ནང་གང་ལ་བལྟས་ཀྱང་གསར་པ་ཡིན།།
ད་ལྟ་ང་ཡི་རྣམ་ཤེས་གསར་པ་ཡིན།།
ཁ་སང་དེ་རིང་སྣང་བ་སྐྱིད་པོ་ཡིན།།