སྐྱོ་བྲག་དགའ་དབང་།
ངས་གླུ་ཡི་སྐོར་ཅི་ཡང་མི་ཤེས་ལ་ང་རང་གླུ་ལ་དམིགས་བསལ་དགའ་བའི་རིགས་ཀྱང་མིན། ཡིན་ནའང་། ངའི་ཤ་རུས་ཁྲག་རྒྱུད་བོད་པ་གཙང་མ་གཙང་རྐྱང་ཡིན་པའི་ཞེན་ཆགས་ཀྱིས། ང་བོད་ཀྱི་ཁོར་ཡུག་དང་། བོད་ཀྱི་མི་རིགས། བོད་ཀྱི་རིག་གཞུང་ལ་ཆེས་དགའ་ཞིང་དུངས། རང་མི་རིགས་ཀྱི་ཞེན་པ་ནི་ང་གཅིག་པུ་མིན་པར་ང་ཚོ་ཚང་མ་རེད། ཞེན་པ་འདིས་བོད་ཀྱི་སྣོད་བཅུད་རིག་གཞུང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཏང་བ་ཡང་ཉུང་ཉུང་མིན། རང་གི་མི་རིགས་དང་། རང་གི་ཁོར་ཡུག་དང་། རང་གི་རིག་གཞུང་འཚོ་གནས་ཆེད་དུ་རང་ཉིད་འབད་པ་ནི་རང་ལ་ལྷན་སྐྱེས་སུ་འཁྲི་བའི་འགན་འཁྲི་ཞིག་ལས་གཞན་གྱིས་བཀོལ་ཡོང་བ་མ་རེད་ལ། རང་གིས་བླངས་བཞག་པ་ཞིག་ཀྱང་མ་རེད། གླུ་ཚིག་འབྲི་མཁན་ཚོ་ཡིན་ནའང་རང་གི་ཤེས་ཡོན་ཡོད་ཚད་བཀོལ་ནས་གླུ་ཚིག་རིན་མེད་དུ་བྲིས་པ་རེད་ལ། ཕན་ཐོགས་ཀྱང་བྱུང་ཡོད་པ་རེད། ད་རུང་ཡིན་ནའང་མུ་མཐུད་ནས་གླུ་ཚིག་རིན་མེད་དུ་འབྲི་བའི་བབ་འོས་ཡོད་པ་རེད།
གང་ཡིན་ཞེ་ན། བོད་པའི་གནས་བབ་ནི་དུས་རབས་ཀྱི་འགྱུར་བའི་ཤུགས་རྐྱེན་ཐེབས་པ་ཙམ་དུ་མ་ཟད། དབང་ཤེད་དང་། རྒྱུ་ཤུགས་དང་། ཐབས་ཇུས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཐ་ན་ལོ་རྒྱུས་ཡིག་ཐོག་ཏུ་འཇོག་འདོད་ཙམ་ཡང་མི་བྱེད་པའི་ཆག་སྒོ་སྟོབས་ཆེན་ཡོད་ཡོད་པ་རེད། གཉན་འཕྲང་འདི་འདྲར་སླེབ་པ་ན་སྐད་ཡིག་དང་རིག་གཞུང་བེད་སྤྱོད་ཀྱིས་སྐྱོབ་ཐབས་ང་ཚོས་མ་བྱས་ན་གཞན་དག་གང་གིས་ཀྱང་བྱེད་ཀྱི་མ་རེད། ང་ཚོས་མ་འོངས་པའི་རེ་བ་བྱ་སའི་དམིགས་འབེན་ནི་ན་གཞོན་རྣམས་རེད། ན་གཞོན་རྣམས་ཀྱི་འདུན་ལམ་ལ་ཕན་ཐོགས་པ་ནི་རང་མི་རིགས་ཀྱི་བྱས་རྗེས་རེད། གླུ་མཁན་ཕལ་མོ་ཆེ་ནི་ན་གཞོན་དག་རེད། ཁོ་ཚོས་རེ་བ་དང་ཕུགས་བསམ་ཆེན་པོ་ཞིག་བཟུང་ནས་གླུའི་ལས་རིགས་ལ་ཞུགས་པ་ན་གླུ་ཚིག་ཙམ་གྱི་ཕན་ཞིག་ཐོགས་ནའང་རང་མི་རིགས་ཀྱི་ཞབས་འདེགས་རེད།
གལ་ཏེ་རང་ཉིད་དོན་དངོས་ཀྱི་སྙན་པ་ཞིག་ཡིན་ན་གོ་བདེའི་ཚིགས་བཅད་ཁ་ཤས་ནི་རང་ཤུགས་ཀྱིས་སླེབ་ཡོང་བ་ཞིག་ལས་རྔུལ་ཆུ་བསགས་པས་འབྲི་དགོས་པའི་ཁག་པོ་ཞིག་མིན་པ་ནི་བརྒྱ་སྡེ་སྟོང་གསལ་རེད། རང་གི་ཚོར་སྣང་གློ་བུར་བས་བསྐུལ་ནས་སླེབ་ཡོང་བའི་ཚིགས་བཅད་ཁ་ཤས་ཤིག་གིས། བོད་མི་རིགས་ཀྱི་སྐད་ཡིག་ལ་ཕན་པ། ན་གཞོན་ཕོ་མོའི་འདུན་ལམ་ལ་ཕན་པ། ཉན་པ་པོའི་སེམས་ཁམས་ལ་ཕན་པ། རང་གི་མཁས་མཐོང་ལ་ཕན་པ་སོགས་སྤྱི་ཕན་གྱི་ལས་ཀ་ཞིག་སྒོར་མོ་ཁ་ཤས་མ་སྤྲད་ན་བྱེད་ཀྱི་མིན་ཞེས་དམ་འཆའ་བ་མཁས་པ་ལ་འོས་པའི་གཏམ་ནི་མ་རེད།
རང་ཉིད་སྙན་ངག་པ་དངོས་ཤིག་ཡིན་ན་སྒོར་མོ་སྤྲད་མིན་གང་ལྟར་ཡང་གླུ་ཚིག་སྙན་པོ་འབྲི་ཤེས་ཀྱི་རེད། རང་ཉིད་སྙན་པ་དངོས་ཤིག་མིན་ན་སྒོར་མོ་སྤྲད་མིན་གང་ལྟར་ཡང་གླུ་ཚིག་སྙན་པོ་འབྲི་ཤེས་ཀྱི་མ་རེད། གླུ་ཚིག་ལ་སྒོར་མོ་བླངས་པས་གླུ་ཚིག་ཡར་རྒྱས་ཡོང་བ་ནི་ཁ་སྟོང་པའི་བཤད་ཡམ་ཙམ་ལས་གླུ་ཚིག་དང་གླུ་རིན་ལ་འབྲེལ་བ་ཅི་ཡང་ཡོད་པ་མ་རེད། མི་རིགས་གཞན་པའི་རིག་གཞུང་སྒོར་མོ་ལ་བལྟས་ནས་བྱ་ཆོག་པ་དང་། ང་ཚོའི་རིག་གཞུང་དྭང་བླང་གིས་སྲུང་སྐྱོབ་བྱ་དགོས་པ་གཉིས་འདྲ་བོ་ཡིན་པ་ནམ་ཡང་མ་སེམས་ཤིག །
མདོར་ན་རྒྱ་ཆེའི་གླུ་ཚིག་རྩོམ་པ་པོ་རྣམས་ལ། བོད་པའི་གནས་བབ་ཉེན་ཁ་ཅན་དང་། གླུ་མཁན་ཕོ་མོའི་ཕུགས་བསམ་རེ་སྨོན་དང་། སྙན་ངག་པ་རང་ཉིད་ལ་དཀའ་ཚེགས་ཆེར་མེད་པ་དང། རང་རེ་ཚང་མའི་སྤྱི་ཕན་ཡིན་པ་སོགས་ལ་གཟིགས་ཏེ་གླུ་ཚིག་སྔར་ལྟར་རིན་མེད་དུ་འབྲི་བའི་སྐུལ་མ་ཞུ་བཞིན་ཡོད།
དུད་འགྲོ་ཞིག་ཡིན་ན་ཡང་རྩྭ་ཁ་བཟང་སར་འགྲོ་ཤེས་བ་རེད། བཀོར་ཟ་བའི་གྲྭ་བླ་འདང་རྒྱག་མེད་ནི་ཞིག་རེ་མིན་ན། གླུ་ཚིག་ལ་ཚིག་རིན་སྤྲོད་དགོས་བ་རེད་ལ། སྐད་ངག་ལ་སྙན་རིན་སྤྲོད་དགོས་བ་རེད། གདངས་དབྱངས་ལ་གདངས་རིན་ཡང་འབབ་པ་རེད།
སྒྱུ་རྩལ་བས་སྒྱུ་རྩལ་བ་སྲུང་དགོས་ལ། སྒྱུ་རྩལ་ལ་དུང་བ་ཚོས་སྒྱུ་རྩལ་ལ་རིན་པ་སྤྲོད་དགོས། སྒྱུ་རྩལ་གྱིས་སྒྱུ་རྩལ་བ་འཚོ་ཐུབ་དགོས། སྒྱུ་རྩལ་ནི་ཞོར་ལས་ཙམ་གྱིས་མི་ཡོང་ལ། ཞལ་འདེབས་ཙམ་གྱིས་དེ་བས་ཀྱང་མི་ཡོང་།
འཚོ་བར་བརྟེན་མི་ཐུབ་པའི་སྒྱུ་རྩལ་དང་སྒྱུ་རྩལ་གྱི་ཞལ་འདེབས་ནི། གནས་སྐབས་དང་ཕུག་རྒྱང་གི་སྒྱུ་རྩལ་བ་ཡོངས་སུ་གསོད་པའི་ལག་ཆ་དང་བསམ་བློ་དང་པོ་དེ་ཡིན་པས། འདི་འདྲའི་ཞལ་འདེབས་ལ་བཟང་ཆ་ཅི་ཡང་མེད།
བཀོར་ལ་བརྟེན་བསྡད་པའི་མིས་འཇིག་རྟེན་འཁོར་དང་སྒྱུ་རྩལ་སྐྱོབས་ལུགས་ནི་མི་ཤེས་བས། ཞལ་ཁ་བཙུམས་ནས། ཞབས་གཉིས་བསྐུམས་ནས། ཕྱག་ཟུང་ཐོད་ལ་བཟུང་ཏེ། སེམས་བསྡུས་མ་ཤོར་གྱི་སྒོམ་འཆོལ་ཞིག་གནང་ན་ག་འདྲ་རེད། ཧ་ཧ་ཧ།
གཉིས་ཀ་བདེན་བདེན་འདྲ་སྟེ། གཅིག་ནི་ཕུགས་རྒྱང་རིང་མོ་ཕན་སེམས་ཅན་དང་། གཅིག་ཤོས་ནི་དངུལ་མ་གཏོགས་གཞན་མེད་མི་དགོས་པ་འདྲ་ཞིག་འདུག་པ་བོད་ཀྱི་རྣམ་པ་ཤོར་ཚར་འདུག་་་་