རྒྱང་མིག
སེམས་ཚོར་ཞིག་གིས་གོམ་འགྲོས་ཡར་ལ་བསྒྱུར།།
འགྲོ་ཕྱོགས་ཤིག་གིས་གོམ་སྣེ་གཞུང་ལམ་དྲངས།།
ལྟ་སྟངས་ཤིག་གིས་ཚིག་ཇ་ཚོང་ཁང་མཐོང༌།།
ཡིད་འགྱུར་ཞིག་གིས་ཇ་ཞིག་འཐུང་འདོད་སྐྱེས།།
ཇ་ཁང་ནང་དུ་སླེབས་མཚམས་མིག་བསྐོར་བརྒྱབ།།
ཇ་ཁང་ནང་དུ་མི་ཚོགས་གང་འཚམས་འདུག །
ཇ་ཁང་ནང་དུ་རང་འདོད་ཇ་ཞིག་ཉོས།།
ཇ་ཁང་ནང་དུ་བདེ་འབོལ་སྟེགས་སྟེང་བསྡད།།
དེ་ཚེ་ང་ཡི་ཐད་ཀའི་མདུན་ཕྱོགས་དེར།།
མཛེས་ཉམས་ལྡན་པའི་ཕྱི་གླིང་བུད་མེད་གསུམ།།
ཕྱག་རྒྱ་དང་བཅས་ལབ་གླེང་མང་པོ་བྱེད།།
ལབ་གླེང་དེ་ཡང་འཛུམ་དམུལ་ཕྱུང་བཞིན་བརྗོད།།
ཁོ་ཚོའི་ལོ་གྲངས་ཏག་ཏག་མ་གསལ་ཡང༌།།
དཔག་ཚོད་ཙམ་ལ་ཉི་ཤུའི་གྲངས་ནང་གནས།།
གཟུགས་བྱད་ལེགས་ཤིང་མཛེས་ཉམས་ཆེ་ལུགས་དེས།།
མིག་ཟུར་དབང་མེད་ཡང་ཡང་གཏོད་དགོས་བྱུང༌།།
བུད་མེད་ཅིག་གི་སྐྲ་མདོག་གསེར་ལྟར་སེར།།
གདོང་དབྱིབས་རིང་ཞིང་སྣ་རྩེ་ཅུང་ཟད་རྣོ།།
སྐེད་གཟུགས་ཕྲ་ལ་མཁྲེང་ཟླུམ་འཕོངས་བརླ་སྦོམ།།
ནུ་མཚན་གཉིས་བཀབ་ཙམ་གྱི་གོས་ལས་མེད།།
བུད་མེད་གཞན་ཞིག་སྨུག་མདོག་ཤ་མཆོག་ལྡན།།
གནག་སྣུམ་སྐྲ་ལོ་ཕྲག་སྟེང་རིང་ཙམ་འཕྱངས།།
དུང་ཟླ་ལྟ་བུར་བཞིན་རས་སྒོར་ཞིང་མཛེས།།
སྟུག་པོའི་ཤ་ཡིས་བརྒྱན་པའི་ལུས་སྨད་ལྡན།།
ཅིག་ཤོས་དེ་ཡི་གདོང་དབྱིབས་དཀར་ཞིང་རྒྱགས།།
ཀེམ་ཀེམ་གཡོ་བའི་མིག་སྟེང་མཛེས་རིས་བཀྲ།།
རབ་རྒྱས་ནུ་འབུར་ཕྱེད་ཙམ་ཕྱི་རུ་མངོན།།
སྲབ་འཇམ་བསིལ་གོས་ཡང་པོས་ལུས་ཕྱེད་བསྒྲིབས།།
གཤིས་ཀའི་ཁྱད་དམ་སེམས་ཀྱི་འདོད་ཕྱོགས་ལས།།
བདག་ནི་ཤ་མདངས་སྨུག་པོའི་རིགས་ལ་དགའ།།
ཇ་ཁང་ནང་དུའང་ཆགས་པའི་མིག་ཟུང་ནི།།
སྨུག་མདོག་ཅན་གྱི་བུད་མེད་དེའི་ཕྱོགས་ཤོར།།
བཞིན་རས་ཟླ་བ་སྒོར་ཞིང་མཛེས་པ་དང་།།
ཡིད་འོང་འཛུམ་དམུལ་པད་ཁ་ཕྱེས་ལྟར་ཕྱུངས།།
གཞོན་པའི་ཤ་སྟེང་སྨུག་མདངས་ལྡན་པ་སོགས།།
བདག་ཡིད་འཕྲོག་པའི་མཛེས་ཆོས་དེ་རུ་འདུས།།
གང་འཚམས་ཞིག་ནས་ཐ་མག་འཐེན་སླད་དུ།།
སེམས་སོང་མཛེས་མ་ཇ་ཁང་ཕྱིར་ཐོན་ཞིང་།།
མཛུབ་མོའི་བར་བཟུང་ཐ་མག་རྐང་གཅིག་དེ།།
ཤུགས་ཀྱིས་རྔུབ་ཞོར་ཁུ་སིམ་སྡོད་པ་མཐོང་།།
དེའི་ཚེ་བདག་གིས་གློག་ཀླད་ཁུག་མར་བཅུག །
ཇ་རིན་སྤྲོད་ཞོར་ཐ་མག་སྒམ་གཅིག་ཉོས།།
བདག་ཀྱང་དུ་འཐེན་ཡིན་པའི་ཟོལ་གྱིས་ནི།།
ཁོ་མོའི་གམ་དུ་མེ་བཅའ་གཡར་བཪ་བཅར།།
དང་ཐོག་ཁོ་མོར་”ཧ་ལོ”འི་འཚམས་འདྲི་བྱས།།
དེ་རྗེས་མེ་བཅའ་གཡོར་བའི་ཞུ་འབོད་བྱས།།
དེ་ནས་བདག་མིང་ཕར་ལ་མཚམས་སྦྱོར་བྱས།།
དེ་འཕྲོས་ཁོ་མོའི་མིང་ཡང་བདག་ལ་བརྗོད།།
གནམ་གཤིས་དང་ནི་གང་ནས་ཡིན་མིན་སོགས།།
ངེས་མེད་གླེང་མོལ་འགའ་ཞིག་བགྱིས་པ་ན།།
ཁོ་མོ་སྔོན་ཆད་བོད་ཡུལ་བསྐྱོད་མྱོང་རྟོགས།།
བོད་སྐད་ཐར་ཐོར་རེ་ཡང་ཞོར་བཤད་བྱེད།།
མཛེས་མ་ད་དུང་བོད་མིར་དགའ་བ་དང་།།
བོད་ཀྱི་ཆོས་རིག་ལ་ཡང་མོས་རབས་བརྗོད།།
ཚུལ་དེ་བདག་གི་འདོད་ཐོག་རྟ་རྒྱུགས་ལྟར།།
ཁོ་མོའི་དགོས་མཁོའི་ཆ་གཅིག་ངེད་ལ་ཚང་།།
དུས་བཟང་དེ་ནས་ངེད་གཉིས་འདྲིས་ཡོད་ཆགས།།
མཚམས་རེར་གྲོས་བཏབ་ཐུག་འཕྲད་ཡོད་པར་གྱུར།།
ལན་རེར་ཕན་ཚུན་རོགས་འདེགས་དགོས་གྱུར་པའི།།
བརྩེ་དགའ་བཅས་ཀྱི་སྐྱིད་སྣང་དགུང་དང་མཉམ།།
རང་འདོད་ཐོག་བབས་ཕྱི་གླིང་བུད་མེད་ཅིག །
འདི་འདྲའི་ཉེ་གྲོགས་ཆགས་བསམ་ཡེ་མེད་ན།།
རླུང་རྟ་ཡར་འགྲོའི་ཕྱོགས་ཀྱི་དགེ་མཚན་ཆར།།
ཡིད་ནས་ཡང་ཡང་བསམ་བཞིན་ཡུན་བདེར་སྨོན།།