ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
༸གོང་ས་མཆོག་གིས་ནེ་ཧ་རུའི་རྗེས་དྲན་མཛད་སྒོ་ཐེངས་༡༡ ཐོག་བཀའ་སློབ་སྩལ་བ།
ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ཇ་ཝ་ཧར་ལལ་ནེ་ཧ་རུའི་ Eleventh Nehru Memorial Lecture at Jawaharlal Nehru University རྗེས་དྲན་མཛད་སྒོ་ཐེངས་༡༡ ཐོག་ཆིབས་སྒྱུར་བསྐྱངས་ནས་མིའི་ཐབས་ལམ་འོག་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་རྒྱུ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གཙུག་ལག་སློབ་ཁང་དུ་༸ཞབས་སོར་འཁོད་སྐབས་གཙུག་ལག་སློབ་གྲྭའི་རིགས་བདག་སྐུ་ཞབས་ཀེ་ཀས་ཏུ་རི་རང་གན་མཆོག་ Chancellor, Prof. K. Kasturirangan དང་ཉེ་བའི་རིགས་བདག་སྐུ་ཞབས་ཨེ་སི་ཀེ་སོ་པོ་རི་མཆོག་ Vice-Chancellor, Prof. S. K. Sopory རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས་སྡིངས་ཆའི་ཐོག་གདན་འདྲེན་ཞུས་ནས་ཐོག་མར་སྣང་གསལ་ཞལ་ཕྱེ་མཛད། དེ་རྗེས་ཉེ་བའི་རིགས་བདག་མཆོག་གིས་༸གོང་ས་མཆོག་ལ་འདི་ལོ་ནེ་ཧ་རུ་ཞིང་གཤེགས་དམ་པ་ཁོང་འཁྲུངས་ནས་ལོ་༡༢༥ འཁོར་གྱི་ཡོད་སྐོར་སོགས་སྙན་སྒྲོན་ཞུས་པ་དང་སྦྲགས། རྗེས་དྲན་མཛད་སྒོར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཐུབ་པ་ནི་གཙུག་ལག་སློབ་གྲྭའི་གཟི་བརྗིད་ཆགས་ཡོད་སྐོར་དང་ལོ་སྔོན་མར་རྗེ་དྲན་མཛད་སྒོ་ཐེངས་༡༠ སྐབས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་མུ་ཀར་ཇི་མཆོག་ཆེད་ཕེབས་གནང་བ་མ་ཟད། དེ་སྔོན་རྗེས་དྲན་ཐེངས་༩ སྐབས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨབ་དུལ་ཀ་ལམ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་སྐོར་དང་།
གཞན་ཡང་ཁོང་གིས་སྐབས་དེར་རྗེས་དྲན་གྱི་དུས་ཆེན་དེ་ལྟ་བུ་ལོ་ལྟར་སྲུང་བརྩི་ཞུ་རྒྱུའི་དགོས་དོན་ནི། སྐུ་གཤེགས་དམ་པ་པཎྜི་ཏ་ནེ་ཧ་རུ་མཆོག་གིས་འགྲོ་བ་མིའི་མཛའ་བརྩེའི་འདུ་ཤེས་དང་། བཟོད་སྲན། མིའི་རྣམ་དཔྱོད་དང་རིག་གསར་རྒྱ་བསྐྱེད་གཏོང་རྒྱུ། དེ་བཞིན་བདེན་དོན་འཚོལ་ཞིབ་བྱ་རྒྱུ་བཅས་ལྟ་གྲུབ་གཅེས་འཛིན་གནང་ཡོད་པ་དེ་དག་རྒྱུས་སྤྲོད་བྱས་ནས་མི་རབས་ནས་མི་རབས་རྒྱུན་སྐྱོང་གནང་ཐབས་བྱ་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས། རིགས་བདག་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་བསྟུན། སྤྱི་ནོར་༸གོང་ས་༸མཆོག་ལ་བཀའ་སློབ་སྩོལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་ཉིད་མཆོག་གིས་ཚོགས་བཅར་བ་མི་གྲངས་ ༡༢༠༠ བརྒལ་བར་བཀའ་སློབ་སྩལ་དོན། བཀུར་འོས་སྤུན་ཟླ་ཕོ་མོ་བགྲེས་པ་ཚོ་དང་ལྷན་རྒྱས་ཚང་མར་ངོས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་གཞི་རིམ་འགྲོ་བ་མིའི་གནས་སྟངས་ཐོག་ནས་ལྟ་སྐབས་ང་ཚོ་ཚང་མ་གཅིག་འགྱུར་ཡིན་པ་ངོས་ཀྱིས་དུས་རྟག་ཏུ་ནན་བརྗོད་བྱེད་བཞིན་ཡོད། འགྲོ་བ་མི་ཐེར་འབུམ་༧ ཡོད་པ་ཚང་མ་ལུས་སེམས་དང་། སེམས་ཚོར་གང་གི་ཆ་ནས་གཅིག་འགྱུར་ཡིན། འོན་ཀྱང་ལུས་ཀྱི་དབྱིབས་དཔེར་ན། སྣ་ཁུག་ཆེ་ཆུང་དང་སྐྲའི་ཚོན་མདངས་སོགས་ཕྲན་བུའི་མི་འདྲ་བའི་ཁྱད་པར་ཡོད། ཁྱད་པར་དེ་དག་གལ་ཆེ་ཤོས་མིན། དེ་དག་རིམ་པ་གཉིས་པ་ཡིན། ང་ཚོ་ཚང་མར་མིའི་ཀླད་པ་གཅིག་མཚུངས་ཤིག་ཡོད། དེར་བརྟེན་རྒྱལ་ཁབ་དང་ཆོས་དད། ཤ་མདོག་མི་འདྲ་བ་ཡོད་པ་དེ་དག་གལ་ཆེན་པོ་མིན། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་གཅིག་རྒྱལ་ཁབ་དང་ཆོས་ལུགས་སོགས་མི་འདྲ་བ་ཡོད་པ་དེ་དག་གཙིགས་ཆེར་འཛིན་པ་ལ་བརྟེན་ནས་ཡོང་བཞིན་ཡོད།
གཞི་རྩའི་ཆ་ནས་ང་ཚོ་ཚང་མ་སྤྱི་ཚོགས་ལ་རྟེན་པའི་སེམས་ཅན་ཞིག་ཡིན་སྟབས། ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས། དེར་བརྟེན་ངོས་ཀྱིས་ཐོག་མར་ཁྱེད་རྣམས་ལ་གཅེན་གཅུང་། ཞེས་འཚམས་འདྲི་ཞུ་བཞིན་ཡོད། ངོས་རང་དེ་རིང་འདིར་མགྲོན་འབོད་གནང་བར་ཆེ་མཐོང་ཆེན་པོ་ཐོབ་པ་ཞིག་བྱུང་། ཞིང་གཤེགས་སྐུ་ཞབས་ནེ་ཧ་རུ་མཆོག་ནི་རྒྱ་གར་གྱི་དབུ་ཁྲིད་ཆེན་པོ་ཞིག་ཡིན། ཁོང་གིས་ཨེ་ཤི་ཡའི་མངའ་ཁུལ་དུ་ཕུག་རྒྱང་རིང་པོའི་འཆར་སྣང་འཛིན་མྱོང་ཡོད། སྤྱིར་རྒྱ་གར་འདི་གནའ་རབས་ཀྱི་ཡུལ་གྲུ་ཞིག་ཡིན་པ་དང་།
ཕྱི་ལོ་༡༩༤༧ ལོར་དབྱིན་ཇིའི་བཙན་འོག་ནས་རང་བཙན་ཐོབ་ཡོད། སྐུ་ཞབས་ནེ་ཧ་རུ་མཆོག་དང་མེས་པོ་དམ་པ་གཱན་དྷི་མཆོག་གིས་དབུ་ཁྲིད་འོག་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཡོད། སྤྱིར་དབུ་ཁྲིད་རྣམ་གཉིས་དབར་དགོངས་ཚུལ་མི་འདྲ་བ་ཡོད་ཀྱང་ཁོང་རྣམ་གཉིས་ནས་མང་གཙོ་དང་ཆོས་ལུགས་རིས་མེད། འཚེ་མེད་ཞི་བའི་ལྟ་གྲུབ་སོགས་ལ་གཞི་བཅོལ་བའི་རྒྱ་གར་ཡུལ་འདི་གསར་འཛུགས་གནང་ཡོད། ངོས་སྒེར་ལ་མཚོན་ན་ཕྱི་ལོ་༡༩༥༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཀྲའུ་ཨན་ལན་གྱིས་གསོལ་ཚིགས་ཤིག་གཤོམ་སྐབས་ནེ་ཧ་རུ་ཁོང་དང་ཐོག་མར་མཇལ་རྒྱུ་བྱུང་།
སྐབས་དེར་ཀྲའུ་ཨན་ལན་གྱིས་ངོས་ལ་སྐུ་མགྲོན་གནད་ཡོད་རྣམས་ངོ་སྤྲོད་བྱས་ནས་སྐུ་ཞབས་ནེ་རུའི་མཚམས་སུ་བསླེབས་སྐབས་ནེ་ཧ་རུ་མཆོག་ཡུད་ཙམ་རིང་སྨྲ་བ་གང་ཡང་མེད་པར་མིག་ཧུར་རེར་དགོངས་པ་བཞེས་ཏེ་བཞུགས་སོང་། ངོས་ནས་བསམས་པར་སྐབས་དེར་ནེ་རུས་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་སྐུ་ཞབས་པ་ཊེལ་མཆོག་གིས་ཁོང་ལ་བོད་ནང་རྒྱ་ནག་གི་དབང་བསྒྱུར་བྱ་རྒྱུའི་ཉེན་བརྡ་བཏང་བ་སོགས་ཐུགས་དྲན་གསོས་པ་ཞིག་བྱུང་ཡོད་བསམས་པ་དྲན་བྱུང་། འོན་ཀྱང་དེ་རྗེས་ཀྲའུ་ཨན་ལན་གྱིས་ངོས་ཀྱི་འགྲམ་དུ་པཎ་ཆེན་རིན་པོ་ཆེ་མཆོག་ཞུགས་ཡོད་པ་ནེ་ཧ་རུ་མཆོག་ལ་ངོ་སྤྲོད་ཞུས་སོང་། དེ་རྗེས་ནེ་ཧ་རུ་མཆོག་དང་མཇལ་འཕྲད་ཐེངས་གཉིས་པ་དེ་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་༡༩༥༦ ལོར་སངས་རྒྱས་མྱང་འདས་ཀྱི་ལོ་༢༥༠༠ འཁོར་བའི་དྲན་གསོའི་དུས་ཆེན་སྐབས་ཡིན།
སྐབས་དེར་ངོས་ཀྱིས་ནེ་ཧ་རུ་མཆོག་དང་མཇལ་འཕྲད་ཐེངས་འགའ་ཤས་བྱུང་སྐབས་ཁོང་ནས་ལམ་སྟོན་བཀའ་སློབ་ཞུ་རྒྱུ་བྱུང་། ཕྱི་ལོ་༡༩༥༧ འགོ་ལྟོད་ཙམ་ནང་ངོས་ཀྱི་སློབ་སྟོན་པ་ཁག་གཅིག་གིས་ངོས་རང་བོད་དུ་ཕྱིར་ལོག་མ་བྱས་པར་རྒྱ་གར་དུ་བསྡད་ན་བཟང་ཚུལ་གྱི་བསམ་ཚུལ་བརྗོད་བྱུང་། འོན་ཀྱང་ནེ་ཧ་རུ་མཆོག་དང་མཇལ་འཕྲད་སྐབས་ཁོང་གིས་ངོས་རང་བོད་དུ་ཕྱིར་ལོག་ནས་སྔར་བཞིན་ཞི་བའི་ལམ་ནས་ཐབས་ཤེས་བྱས་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་ནས་རང་ཁེ་ཅི་ལོན་གྱི་ལག་ལེན་འཁེལ་ཐབས་བྱ་དགོས་པའི་སློབ་སྟོན་གནང་བྱུང་།
ངོས་ནས་ཀྱང་བོད་དུ་ཕྱིར་ལོག་བྱས་ནས་ཁོང་གི་སློབ་སྟོན་ལྟར་ལག་བསྟར་ཡོང་ཐབས་བྱས་པ་ཡིན། ཕྱིར་རྒྱ་གར་ནས་གྲོ་མོར་འབྱོར་སྐབས་ངོས་ཀྱི་རྒྱ་མིའི་དཔོན་རིགས་ཚོར་དེ་སྔ་ནོར་འཁྲུལ་ཤོར་བ་དེ་དག་ཐོག་བསམ་བློ་ཟབ་ནན་གཏོང་དགོས་པ་བརྗོད་པ་ཡིན། དེ་ལྟར་རྒྱ་ནག་དང་བསྟུན་རྒྱུའི་ཐབས་ཤེས་ཡོད་ཚད་བྱས་མཐར་ཕྱི་ལོ་༡༩༥༩ ཟླ་༤ ནང་ངོས་རང་སླར་ཡང་རྒྱ་གར་ས་མཚམས་སུ་འབྱོར། འོན་ཀྱང་ངོས་ལ་རྒྱ་གར་གཞུང་གི་ཆོག་མཆན་གྱི་བརྡ་འཕྲིན་ཞིག་མ་འབྱོར་བར་རྒྱ་གར་ས་ཆའི་ནང་འཛུལ་ཞུགས་ཐུབ་ཨེ་ཡོང་སྙམ་པའི་སོམ་ཉི་ཞིག་བྱུང་། དེ་རྗེས་ཕྱི་ཟླ་༤ ཟླ་མདུག་ཏུ་ངོས་རང་མ་སུ་རིར་འབྱོར་འཕྲལ་ནེ་ཧ་རུ་མཆོག་ངོས་རང་ཐུག་པར་ཕེབས་བྱུང་། སྐབས་དེར་ངོས་ཀྱིས་ནེ་ཧ་རུ་མཆོག་ལ་སྔ་རྗེས་བྱུང་རིམ་རྣམས་ཞིབ་ཕྲ་ཞུ་སྐབས་ཁོང་གིས་དོ་སྣང་ཧ་ཅང་གནང་སོང་། ཞེས་བཀའ་སློབ་སྩལ་བ་མ་ཟད།
བཙན་བྱོལ་བོད་མིའི་ཤེས་ཡོན་སོགས་ཀྱི་གནས་སྟངས་ཐོག་ནེ་ཧ་རུ་མཆོག་གིས་ཐུགས་ཁུར་ཇི་འདྲ་བཞེས་ཡོད་སྐོར་མུ་མཐུད་བཀའ་སློབ་སྩལ་དོན། ཕྱི་ལོ་༡༩༦༠ ལོར་ནེ་ཧ་རུ་མཆོག་གིས་དབྱིན་སྐད་ནི་རྒྱལ་སྤྱིའི་སྐད་ཡིན་སྟབས། ང་ཚོའི་སློབ་གྲྭའི་ནང་སྐད་ཡིག་བརྒྱུད་ལམ་དབྱིན་ཇི་འཇོག་དགོས་པ་དང་། བོད་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབས་བྱེད་དགོས་ན་བོད་པའི་ཕྲུ་གུ་རྣམས་ལ་སློབ་སྦྱོང་སྤྲོད་དགོས་པའི་ལམ་སྟོན་གནང་བྱུང་བར་བརྟེན་ནེ་ཧ་རུ་མཆོག་ནི་ངོས་ལ་རོགས་རམ་ཧ་ཅང་གནང་མཁན་གྱི་གྲོགས་པོ་ཞིག་ཡིན།
དེར་བརྟེན་དེ་རིང་ངོས་རང་འདིར་ནེ་རུའི་རྗེས་དྲན་གྱི་མཛད་སྒོར་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། ཞེས་བཀའ་སློབ་སྩལ་རྗེས་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་མཛད་རྒྱུའི་མཛད་འགན་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
དེ་རྗེས་ལྕམ་རེ་ནུ་ཀ་སིང་ Renuka Singh ལགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་དེ་མགོན་པོ་གང་ཉིད་མཆོག་གིས་དབུ་འབྱེད་མཛད། མཛད་སྒོ་གྲུབ་བསྟུན་ཕེབས་ལམ་དུ་༸གོང་ས་མཆོག་གིས་གཙུག་ལག་སློབ་གྲྭ་དེའི་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་རྣམས་ལ་བཀའ་སློབ་འཁྱུག་ཙམ་སྩལ།།