བསེ་རུ།
ཉི་ཤུ་དགུ་ཡི་དགུ་ཐུག་མེད་པས་བསེ་རུ་འབྲས་དང་ལྡ་ལིར་རོལ།།
རྐྱེན་ངན་གོད་ཆག་ཟློག་ཐབས་སྣ་ཚོགས་འབྲས་དང་ལྡ་ལིས་བྱེད་ཐབས་བྲལ།།
ཁྱི་དང་ཁྱི་མོར་ཆངས་བུ་སྟེར་བའི་གོ་སྐལ་དེ་ཉིད་ང་ལ་མེད།།
ད་ནི་ལོ་གསར་བསུ་སྟངས་ཤིག་གིས་ང་ལ་མནར་གཅོད་སླར་ཡང་བཏང་།།
དུས་ཀྱི་འཁོར་ལོ་བར་མེད་འཁོར་བར་སུ་དང་གང་གིས་འགོག་མི་ནུས།།
གནམ་གང་ཉིན་གྱི་བྲེལ་འཚུབ་མེད་པས་བསེ་རུ་སྤྲོ་འཆམ་ལས་ལ་གཞོལ།།
ཚེས་གཅིག་བཀྲ་ཤིས་ཁ་གཡང་མེད་པར་བསེ་རུ་མལ་སའི་གཏིང་ཏུ་འཛུལ།།
འདི་ནི་ང་ཡི་ལོ་གསར་ཡིན་ནོ་ཁྱེད་རྣམས་ཇི་འདྲ་གཏོང་གིན་ཡོད།།
བཀྲ་ཤིས་གྲོ་སོ་ཕྱེ་མར་མེད་པའི་ལོ་གསར་བསུ་ན་འདི་རུ་ཕེབས།།
བཀྲ་ཤིས་སྡེར་ཁ་སྣ་ཚོགས་མེད་པའི་དཔེ་མཚོན་དགོས་ན་འདི་རུ་ཕེབས།།
བཀྲ་ཤིས་ཇ་ཆང་ལོངས་སྤྱོད་མེད་པའི་སྐུ་མགྲོན་གནང་ན་འདི་རུ་ཕེབས།།
བསེ་རུ་ང་ཡི་རང་ཤག་གྲུ་བཞིར་ལོ་གསར་རྣམ་པ་ཅི་ཡང་མེད།།
ལོ་གསར་མེད་པའི་འཕྲེད་དར་རིང་པོ་འབྲི་བའི་སྐུལ་མ་ང་ལ་བསྩལ།།
ལོ་གསར་མེད་པའི་གསར་འགྱུར་སྣ་ཚོགས་ང་ཡི་མིག་ལམ་མངོན་དུ་གྱུར།།
ལོ་གསར་མེད་པའི་མྱ་ངན་འོ་དོད་བཙན་འོག་ཡུལ་ནས་བར་མེད་ཐོས།།
ལོ་གསར་མེད་པའི་ས་མཐའ་འདི་ནས་མང་མང་ལོ་གསར་དཔལ་རོལ།།
བཀྲ་ཤིས་རྟེན་འབྲེལ་ཞུ་བར་མི་སྤོབས་པ་སེམས་ནང་ན་ཟུག་ཁུར་པོས་མནན།།
བཀྲ་ཤིས་གླུ་གར་དཔལ་ལ་མི་རོལ་ནང་མི་སྤུན་ཉེ་བཙོན་དུ་ཡོད།།
བཀྲ་ཤིས་ཁ་བཏགས་དཀར་པོ་མེད་པས་ཁྱེད་རྣམས་དགོངས་པ་མ་ཚོམས་རོགས།།
བཀྲ་ཤིས་ལོ་གསར་ས་མཐར་གཏོང་དགོས་གཤིན་རྗེའི་ཆད་པ་ཅིས་མ་ཡིན།།
རྩོམ་ཡིག་གི་བརྗོད་བྱ་ཡིད་འཕྲོག་པ་དང་སྙིང་ལ་ན་ཟུག་སྤྲོད་པ་ཞིག་བསྐྲུན་འདུག བཀའ་དྲིན་ཆེ།
ཀློག་པ་པོར་སེམས་ཚོར་ཞིག་སྦྱིན་ན་དེ་ཡང་ང་རང་དགའ་སྤོབས་སྐྱེ་འོས་པ་ཞིག་རེད།
རྩོམ་ཡིག་འདིའི་ནང་དོན་ལྟར་ལོ་གསར་འདི་ནི་ང་རང་བཙན་བྱོལ་དུ་འབྱོར་རྗེས་སྐྱོ་སྣང་ཆེ་ཤོས་ཀྱི་ཉིན་གཅིག་རེད། འོན་ཀྱང་དེ་རིང་ངས་ཉིན་གང་རྩོམ་ཡིག་གི་རིགས་ལ་ཞུ་དག་དང་དྲ་ངོས་སུ་མྱུལ་ཏེ་གནས་ཚུལ་གསར་པ་དང་། ཟིན་བྲིས་གསར་པ་ཁག་སྔོག་གིན་བསྡད་དེ་ལོ་གསར་ཚེས་གཅིག་འདི་ལྟར་རྫོགས་སོང་། ད་ལྟ་མཚན་གྱི་ཆུ་ཚོད་བཅུ་གཉིས་དང་སྐར་མ་ལྔ་རེད། དེ་རིང་ཉིན་གང་ངའི་ནང་དུ་སྐུ་མགྲོན་གཅིག་ཀྱང་སླེབས་མེད་ལ། མགྲོན་འབོད་ཀྱང་བྱས་མེད། དེ་ནི་ངའི་ལོ་གསར་བསུ་སྟངས་ཀྱི་ཟུར་ཞིག་ཡིན།།
དེང་དུས་ཀྱི་མི་ལ་རས་པའི་ལོ་གསར་ཡིན་པ་འདྲ། ཨེ་མ་ཧོ།