སྐྱོ་བྲག་དགའ་དབང༌།
འཁྲུལ་པའི་སྒྱུ་མས་བསླུ་བར་མ་ནུས་པར། །
གནས་ལུགས་དོན་ལ་གོམས་པ་མཐར་ཕྱིན་པས། །
རང་རེའི་བློ་ལས་འདས་པའི་ངོ་མཚར་ལ། །
སྤྱོད་པར་གྲགས་པའི་དོན་ཀུན་གྲུབ་པས་སྐྱོངས། །
དམ་པ་ཁྱེད་ཀྱིས་ཕྱི་ནང་ཡོད་དོ་ཅོག །
བཟང་པོ་ཆོས་ཀྱི་དབྱིངས་སུ་མཉམ་པར་གསུང༌། །
དམན་པ་ངས་ནི་ད་ལྟའི་གནས་ཚུལ་རྣམས། །
ངན་པའི་ཕྱོགས་སུ་མཉམ་པ་འདི་ལྟར་མཐོང༌། །
བདག་མེད་དྭ་ཕྲུག་གང་སར་འཁྱམས་པ་དང༌། །
རང་འདོད་རྒྱུས་མེད་གཞན་ཡུལ་འགྲིམ་པ་གཉིས། །
བློ་གཏད་ཐུབ་པའི་གྲོགས་པོ་གཅིག་མེད་པར། །
ཁེར་རྐྱང་གྱུར་ལ་ཁྱད་པར་མི་འདུག་གོ །
དབང་པོ་ལས་སུ་མ་རུང་འོན་ལྐུགས་དང༌། །
སྐད་རིགས་མ་ཤེས་མི་ལ་འཕྲད་པ་གཉིས། །
ཕན་ཚུན་བསམ་པའི་གོ་བརྡ་མ་འཕྲོད་ནས། །
སོ་སོར་འདུག་ལ་ཁྱད་པར་མི་འདུག་གོ །
ཤིན་ཏུ་བགྲོད་དཀའི་འཕྲང་ལམ་འགྲིམ་པ་དང༌། །
ནམ་མཁའི་དབྱིངས་སུ་གནམ་གྲུས་ཁྱེར་བ་གཉིས། །
ག་དུས་གཡང་དུ་ལྷུང་སྙམ་དོགས་པ་ནི། །
རྣམ་ཀུན་འཆར་ལ་ཁྱད་པར་མི་འདུག་གོ །
འབྲོག་དགོན་ས་རུ་གཅིག་པུར་འཁྱམས་པ་དང། །
མང་པོ་འདུས་པའི་གྲོང་དུ་འགྲོ་བ་གཉིས། །
སྲོག་གཅོད་དཔལ་འབྱོར་ཤོར་བའི་འཇིགས་པ་ཡིས། །
རང་རྒྱུད་མནར་ལ་ཁྱད་པར་མི་འདུག་གོ །
མཁས་པའི་ཡོན་ཏན་བེད་སྤྱོད་མེད་པ་དང༌། །
གླེན་པའི་མི་ཡིས་གང་ཡང་མ་ཤེས་གཉིས། །
རང་གཞན་སུར་ཡང་ཤེས་པས་མི་ཕན་པར། །
རང་གར་འགྱུར་ལ་ཁྱད་པར་མི་འདུག་གོ །
ཕྱུག་པོའི་བུ་ཡིས་ཟ་གོན་མ་བྲ་དང༌། །
སྤྲང་པོའི་བུ་ལ་ཟས་གོས་མེད་པ་གཉིས། །
ཁ་རྒྱབ་དག་ལ་འཁྱགས་ལྟོགས་ཚོར་བ་ནི། །
མྱོང་གིན་གནས་ལ་ཁྱད་པར་མི་འདུག་གོ །
རིན་ཆེའི་སྣ་མང་བཟའ་བ་ཟོས་པ་དང༌། །
ཆོག་ཤེས་ལྡན་པའི་དཀྱུས་མའི་ཁ་ཟས་གཉིས། །
ལྟོ་འགྲང་ལུས་ཟུངས་སྐྱེད་པར་བྱེད་པ་དང༌། །
རྟུག་པར་འགྱུར་ལ་ཁྱད་པར་མི་འདུག་གོ །
ཕ་རོལ་དགྲ་སྡེའི་དཔུང་པས་འཕྲོག་པ་དང༌། །
བརྩེ་བའི་གྲོགས་ལ་རང་གིས་བྱིན་པ་གཉིས། །
ཡོད་པའི་དཔལ་འབྱོར་རང་ལ་མི་དབང་པར། །
གཞན་གྱིས་སྤྱོད་ལ་ཁྱད་པར་མི་འདུག་གོ །
བཟང་པོའི་ཤེས་བྱ་སྦྱོང་དུ་མེད་པ་དང༌། །
ལོ་ཆུང་གཞོན་ནུ་སློབ་གྲྭར་མ་བཞག་གཉིས། །
མཁོ་གལ་ཆེ་བའི་ཡོན་ཏན་གཅིག་མེད་པར། །
མི་ཚེ་ཆུད་ཟོས་ཁྱད་པར་མི་འདུག་གོ །
མཐོན་པོ་དཔོན་གྱི་དབང་ཆ་ཤོར་བ་དང༌། །
ཉེས་ཆེན་གཏེ་བོ་བཙོན་དུ་བཅུག་པ་གཉིས། །
རང་ཉིད་ཉམས་ཉེས་འགྱུར་པའི་སྐྲག་སྣང་གིས། །
སེམས་ཧད་འཐོར་ལ་ཁྱད་པར་མི་འདུག་གོ །
མ་ཤེས་སྐྱེ་བོས་སྡིག་པ་སྒྲུབ་པ་དང༌། །
ཤེས་པའི་བླ་གྲྭ་མི་དགེར་ཞུགས་པ་གཉིས། །
ཚེ་འདིའི་ཆེད་དུ་སྤང་བླང་གོ་ལོག་པས། །
རང་གཞན་ཕུང་ལ་ཁྱད་པར་མི་འདུག་གོ །
བུ་མོའི་བདེ་བས་མྱོས་པའི་ཆགས་ལྡན་དང༌། །
ཚངས་པར་སྤྱོད་ལ་ཞུགས་པའི་དགེ་སློང་གཉིས། །
རེས་དགའ་རེས་སྡུག་འཇིག་རྟེན་སྒྱུ་མའི་ཁྲོད། །
མི་ཚེ་སྐྱེལ་ལ་ཁྱད་པར་མི་འདུག་གོ །
ཁ་ཆེས་འཚེ་བ་ཆོས་སུ་སྨྲ་བ་དང༌། །
སངས་རྒྱས་པ་ཡིས་གཞན་གནོད་སྤོང་བ་གཉིས། །
ལུས་སེམས་མནར་བའི་སྡུག་བསྔལ་མི་འདོད་པར། །
བདེ་བར་རེ་ལ་ཁྱད་པར་མི་འདུག་གོ །
མ་དད་སྐྱེ་བོས་ངན་སྐུར་བྱས་པ་དང༌། །
དད་པའི་སློབ་མས་འུད་བསྟོད་བྱས་པ་གཉིས། །
བླ་མའི་ལོ་རྒྱུས་དངོས་ལས་གཞན་བསྒྱུར་ནས། །
བསྲེ་ལྷད་བྱས་ལ་ཁྱད་པར་མི་འདུག་གོ །
མདོར་ན་འཇིག་རྟེན་འདི་རུ་ཡོད་པའི་ཆོས། །
བཟང་ངན་གང་དུ་བཏགས་ཀྱང་འགའ་རེ་ནས། །
མི་འདྲའི་དངོས་པོ་ཡན་གར་གནས་པ་ཞིག །
གང་དུ་བཙལ་ཀྱང་བརྙེད་བྱར་མི་འདུག་གོ །
དེ་སྐད་སྣ་ཚོགས་སྣང་བའི་གར་སྒྱུར་མཁན། །
སེམས་ཀྱི་ལྷ་མོས་ཡང་ཡང་བསླུས་པའི་མི། །
སྐྱོ་བྲག་དགའ་དབང་ལག་པ་བསྐྱོད་མལ་དུ། །
འཁྲུལ་རྟོག་གྱ་གྱུའི་གཟུགས་བརྙན་དེ་ཙམ་ལུས། །
ཁ་བྲོ་ངོ་མའི་ཡག་འདའ་།ཐུགས་རྗེ་ཆེ་