གཞུང་པ་ཚེ་དབང་བསོད་ནམས།
ཀ་ཁ་ག་ང་སྦྱང་ནས་བོད་ཡིག་སློབ།།
ཁ་བ་ཅན་གྱི་ས་དེ་ང་ཚོའི་རེད།།
ག་འདྲ་བྱས་ནས་ལེན་པའི་ཐབས་ལ་སྦྱོར།།
ང་ཚོའི་མི་ཚེ་མི་ཡུལ་རྫོགས་མི་ཉན།།
ཅ་ཅོ་དབེན་པའི་བོད་ཀྱི་ལུང་པའི་ནང་།།
ཆ་རྒྱུས་མེད་པའི་དམར་པོའི་ལྟ་སྤྱོད་སྤེལ།།
ཇ་ནག་ཧབ་འཐུང་བྱེད་པ་རྒྱ་ཡི་ལུགས།།
ཉ་ཕག་རྩ་མེདབཟོ་མཁན་རྒྱ་རྒན་རེད།།
ཏ་ཝང་ཡུལ་ལྗོངས་མཛེས་ལྡན་བོད་ཀྱི་ས།།
ཐ་དད་མི་རིགས་སྤྱི་ཚོགས་ཆེན་པོར་ཐིམ།།
ད་ལྟའི་སྐབས་སུ་འཕགས་ཡུལ་རྒྱལ་ཁོངས་ལྷག།
ན་གཞོན་མི་རབས་གསར་པར་བློ་ཡིད་བཅོལ།
པ་བོ་དཔའ་མོ་གཅིག་རྗེས་གཉིས་མཐུད་ཀྱིས།།
ཕ་ཡུལ་དོན་དུ་རང་ལུས་མེར་བསྲེགས་བཏང་།།
བ་ཕྱུགས་དུད་འགྲོ་མིན་པའི་བྱེས་འབྱོར་ཚོ།།
མ་བརྗེད་མ་བརྗེད་ཕ་ཡུལ་བརྗེད་མི་ཉན།།
ཙ་བ་རང་བཙན་ས་ཆའི་བདག་དབང་རེད།།
ཚ་གྲང་མ་བཟོད་མི་རིགས་རང་དབང་གླེང་།།
ཛ་བརྩེ་ཡོད་ན་དེ་གཉིས་ནོར་མི་ཉན།།
ཝ་མོ་ཁྱི་སྤྱང་ལག་སྦྲེལ་མིན་ན་དགའ།།
ཞྭ་རིགས་མི་གཅིག་གནམ་གྱི་སྐར་མ་འདྲ།།
ཟ་སྟངས་མི་འདྲ་ས་ཡི་ལེབ་རྩེ་འདྲ།
འ་འུར་ཆེ་བའི་བོད་རྒྱའི་འབྲེལ་ལམ་ལ།།
ཡ་ཡུད་མ་ཐུབ་གོ་སྐབས་བཟང་པོ་ཤོར།།
ར་ལུག་གསོ་ཉར་ཚད་བརྒལ་ཁྲིམས་ལ་སྦྱར་།
ལ་ལུང་བགྲོད་ཀྱང་རྩ་ཆུའི་བདག་དབང་མེད།།
ཤ་མར་ཐོན་འབབ་འབྲོག་པར་བདག་དབང་མེད།།
ས་ཆའི་བདག་དབང་མེད་པས་ལན་པ་རེད།།
ཧ་ཡོ་ཕང་ལ་བོད་པས་རེ་བ་བཅོལ།།
ཨ་མི་རི་ཀར་བོད་པས་ལམ་སྟོན་ཞུས།།
ས་ཡ་གཉིས་ཀྱི་ཤ་ལན་བརྗེད་མེད་ན།།
ས་ཆའི་བདག་དབང་རྩོད་ཅིག་བོད་མི་ཚོ།།
ས་ཆའི་བདག་དབང་མི་རིགས་སྲུང་སྐྱོབ་ཡིན།།
ས་ཆའི་བདག་དབང་རིག་གཞུང་སྲུང་སྐྱོབ་ཡིན།།
ས་ཆའི་བདག་དབང་སྐད་ཡིག་སྲུང་སྐྱོབ་ཡིན།།
ས་ཆའི་བདག་དབང་ཐུབ་ན་ཚང་མ་ཐུབ།།
ས་ཆའི་བདག་དབང་ཤོར་ན་ཚང་མ་ཤོར།།
འཇིག་རྟེན་བྱེད་པོས་བསྐྲུན་པའི་ས་གཞི་འདི།།
འཇིག་རྟེེན་མི་རིགས་སོ་སོར་ས་རེ་གནང་།།
འཇིག་རྟེན་སོ་སོར་བདག་པའི་ས་ཆ་དེ།།
འཇིག་རྟེན་དུད་འགྲོ་ཡིན་ཀྱང་བདག་དབང་ཡོད།།
ཡག་པོ་བྲིས་འདུག