[གསལ་བཤད། དེ་རིང་དྲན་ཕྱོགས་ཤིག་གིས་འདས་པོ་དམ་པ་མགོན་པོ་ཚེ་རིང་གི་རྩོམ་ཡིག་ཅིག་འཚོལ་འདོད་སྐྱེས་ཏེ་ཁ་བརྡ་དྲ་བར་བཙལ་བ་ཡིན། རྩོམ་ཡིག་རྣམས་ཁ་འཐོར་འདུག་སྟབས་རྩོམ་ཡིག་རེ་རེ་འཚོལ་བཞིན་རྩོམ་ཡིག་ཚང་མ་འཚོལ་བའི་རྩོལ་བ་བསྟེན། དེའི་འབྲས་བུ་རྣམས་འདིར་གཟིགས་བདེ་ཡོང་ཕྱིར་དཀྱུས་གཅིག་ཏུ་བསྒྲིགས་ཏེ་བཀོད་ཡོད། ༢༠༠༨ ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་རྩོམ་གྱི་ཐོག་མ་ “རྒྱལ་དབང་རིན་པོ་ཆེའི་མཚན་བསྟོད། གཞས་ཚིག” ཅེས་པ་ནས་མགོ་བཙུགས་ཏེ་ ༢༠༡༢ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་གྱི་རྩོམ་ “ཁྱོད་ཀྱིས་བོད་དོན་དེ་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་བརྒྱུད་ནས་མ་གཏོགས་སེལ་ཐབས་ཡོད་པ་མ་རེད་འདོད་དམ།” ཞེས་པའི་བར་རྩོམ་ཡིག་ཁ་གྲངས་ ༡༨༢ ཙམ་ཁ་བརྡ་དྲ་བར་བཀོད་གནང་འདུག་པ་དེའི་ཁོངས་ནས་ཁོང་གི་རང་རྩོམ་ཡིན་ཚད་ཕལ་ཆེ་བ་ཕྱོགས་གཅིག་ཏུ་བཏུས་ཏེ་འདིར་བཀོད་ཡོད། རྩོམ་ཡིག་མང་པོར་ཁོང་གིས་ཞུ་དག་བྱས་པ་རྣམས་མཆན་གྱི་གྲས་སུ་ཡོད་པ་འདིར་འགོད་ཐུབ་མེད། འོན་ཀྱང་རྩོམ་ཡིག་གི་སྦྲེལ་ཐག་ཁ་བྱང་དེར་ཡོད་པ་ལ་བསྣུན་ན་ཁ་བརྡ་དྲ་བ་ནས་གཟིགས་ཐུབ། གུས་བཅས། དགེ་འདུན་རབ་གསལ་གྱིས།]
ཁྱོད་ཀྱིས་བོད་དོན་དེ་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་བརྒྱུད་ནས་མ་གཏོགས་སེལ་ཐབས་ཡོད་པ་མ་རེད་འདོད་དམ།
མགོན་པོ་ཕྱག་གཉིས་པ།
https://www.khabdha.org/?p=34851
དཔེ་ཀློག་བྱས་ནས་ཁ་ཁར་སྡོད་འདོད་ཀྱང་།།
མ་ཤེས་འཁྲུལ་བཤད་མང་པོ་མཐོང་བ་ན།།
ཁ་འདི་ཁ་རོག་སྡོད་ཐབས་མི་འདུག་པས།
སེམས་ལ་གང་དྲན་ཁ་རུ་བཏོན་པ་ཡིན།།
ཉིན་ཤས་གོང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐལ་ལྡན་བློ་གྲོས་ལགས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་ལ་འཁྱུག་ཙམ་ཉན་པ་ཡིན།དེའི་ནང་དམིགས་བསལ་དོ་སྣང་བྱུང་བ་ཞིག་ལ་སྐལ་ལྡན་བློ་གྲོས་ལགས་ནས་ཚིག་ཐག་ཆོད་པོས་བོད་དོན་དེ་རྒྱ་ནག་དང་གྲོས་མོལ་གྱི་ལམ་ནས་མ་གཏོགས་ཐག་གཅོད་ཐབས་མེད་པ་ལྟ་བུ་ཞིག་བཤད་པ་དེ་ངས་གོ་བ་དང་གད་མོ་ཞིག་ཀྱང་རང་དབང་མེད་པར་ཤོར་སོང་། རྒྱུ་མཚན་ནི་ངས་བསམ་བློའི་ནང་བོད་དོན་དེ་རྒྱ་བོད་གཉིས་གྲོས་མོལ་གྱི་ལམ་ནས་མ་གཏོགས་སེལ་ཐབས་མེད་པར་མཐོང་བའི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་དེ་ལ་ཡིད་ཆེས་རྩ་ནས་བྱེད་ཀྱི་མེད་པས་ཡིན། ཁོང་ནི་བོད་མིའི་སྤྱི་ཚོགས་ནང་གི་ཅུང་གོ་རིམ་མཐོ་བར་གནས་པའི་གསར་འགོད་པ་ཞིག་དང་ཤེས་ལྡན་མི་སྣ་ཞིག་རེད། བོད་ཀྱི་མཐོ་རིམ་ཤེས་ལྡན་མི་སྣའི་ནང་འདི་ལྟར་གཞི་རྩ་མེད་པའི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་དེས་བོད་མིའི་སྤྱི་ཚོགས་ནང་དེ་འདྲའི་མི་མང་པོ་ཞིག་ཡོད་པ་དེ་བསྟན་པ་རེད། ཞིབ་ཙམ་བསམ་ན་དེ་ནི་བོད་མིའི་སྤྱི་ཚོགས་ཙམ་གྱིས་མི་ཚད་པར་རྒྱལ་སྤྱིའི་ཐོག་གི་མི་སྣ་གང་མང་ཞིག་དང་རྒྱ་ཡི་མཁས་པ་མང་པོ་ཞིག་ནས་ཀྱང་དེ་ལྟར་བསམ་གྱི་ཡོད་པ་དེ་ཁོ་ཚོའི་གཏམ་བཤད་དང་བྲིས་རྩོམ་ཁག་ལས་མཐོང་ཐུབ་པ་ཞིག་རེད། དེས་ན་དོན་དག་འདི་གད་མོ་ཙམ་ཤོར་ནས་འཇོག་འོས་པ་ཞིག་ཀྱང་མིན་པས་དྲ་གྲོགས་ཚོ་དང་མཉམ་དུ་དཔྱད་གླེང་ཅུང་ཙམ་བྱེད་པར་སྤྲོ།
བོད་ནི་རྒྱ་གཞུང་གི་དབང་འོག་ཏུ་ཤོར་ནས་ད་ཆ་ལོ་དྲུག་ཅུ་ལྷག་འགྲོ་གི་ཡོད་པ་རེད། དེའི་རིང་བཟང་ངན་ལ་མ་ལྟོས་པར་རྩ་ཁྲིམས་དང་བཅའ་ཁྲིམས། ས་ཁུལ་གྱི་སྲོལ་ཞིག་སོགས་ལ་བཟོ་བཅོས་ཐེངས་སྔ་ཕྱིར་ཕྱིན་ཡོད་པ་རེད། ཡིན་ནའང་དེ་ནི་འདས་པ་ཡིན་པས་འདི་རུ་གླེང་སློང་བྱེད་ཀྱི་མིན། བོད་ཀྱི་འབྱུང་འགྱུར་སྐོར་གླེང་གི་ཡིན། ད་ཆ་རྒྱ་གཞུང་གི་འགོ་ཁྲིད་དག་ཕྱོགས་ཁག་ཏུ་ཆད་ནས་གོ་གནས་འཐབ་རྩོད་ནང་ཡོད་པའི་སྐབས་ཤིག་རེད། གཙོ་བོ་ནི་དམར་སྲིད་རྒྱུན་འཇགས་ཀྱི་ལྟ་བ་འཛིན་མཁན་དང་བཅོས་སྒྱུར་གྱི་ལྟ་བ་འཛིན་མཁན་ཕྱོགས་གཉིས་རེད། དེ་བས་བོད་ཀྱི་མདུན་ལམ་ལའང་ཕྱོགས་གཉིས་ནས་བལྟ་དགོས་པ་འདྲ། དམར་སྲིད་འཛིན་མཁན་ནམ་མཁྲེགས་འཛིན་པ་ཚོའི་ལག་ཏུ་དབང་ཆ་ཤོར་ནས་ཡུན་རིང་གནས་པ་ཡིན་ན་བོད་དོན་དེའང་འཆི་བའི་ལམ་ཁ་ལ་ཕྱོགས་རྒྱུ་ལས་གཞན་མེད་པ་རེད། དེ་ནི་བོད་དོན་ལ་རེ་ཆེན་པོ་མེད་པའི་ཕྱོགས་ཤིག་རེད། ད་ལྟའི་རྒྱ་ནག་དང་རྒྱལ་སྤྱིའི་འགྱུར་བ། རྒྱ་ནག་གི་དངོས་ཡོད་གནས་སྟངས་སོགས་གནས་དུས་གང་ལ་བལྟས་ཀྱང་རང་འཇགས་གནས་པ་དང་ཕྱི་བཤིག་བྱེད་པ་ནི་མི་སྲིད་པ་ཞིག་རེད། ཝུན་ཇ་པོས་ཡང་ཡང་གླེང་བཞིན་པ་དང་ཞི་ཅིན་ཕེན་གྱིས་ཀྱང་སྔ་ཕྱིར་བཤད་པ་ལྟར་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ངེས་པར་འགྲོ་གི་རེད་སྙམ།
ད་ཐེངས་ཀྱི་རྒྱ་ནག་གི་འགྱུར་བ་དེ་ཁོ་ཚོས་གླེང་བཞིན་པ་ལྟར་ཆབ་སྲིད་ཀྱི་འགྱུར་བ་རེད། འགྱུར་བ་ག་འདྲ་ཞིག་འགྲོ་གི་རེད་ཟེར་ན་ད་དུང་ལན་འདེབས་བྱེད་དཀའ་བ་ཞིག་རེད། གང་ལྟར་མགྱོགས་པོའམ་རིམ་པས་རྒྱ་ནག་དམངས་གཙོར་འགྱུར་རྒྱུ་ཡིན་པ་དེའང་ཕྱོགས་གང་ནས་བལྟས་ཀྱང་གཡོལ་ཐབས་མེད་པའི་དོན་དག་ཅིག་རེད། ཁོ་ཚོ་དམངས་གཙོར་ཆགས་སྐབས་བོད་དོན་དེ་གང་འདྲ་ཞིག་ཏུ་འགྲོ་གི་རེད་དམ། དེ་ཡང་བཤད་ཚོད་མི་ཐིག་པ་ཞིག་རེད། གཙོ་བོ་དེ་སྐབས་ཁོ་ཚོས་གྲངས་ཉུང་མི་རིགས་ཆེ་ཁག་ལ་སྲིད་བྱུས་ཀྱི་གདན་ག་འདྲ་ཞིག་བཏིང་རྒྱུ་ཡིན་མིན་ལ་བལྟ་དགོས་པ་རེད། མི་མང་འཐུས་མི་ཚོགས་ཆེན་ཟེར་བར་དབང་ཚད་ག་འདྲ་ཞིག་ཡོད་མེད་དང་། ལྷག་པར་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དག་ལ་དབང་ཚད་ག་འདྲ་ཞིག་སྤྲད་མིན། མི་རིགས་ཤིག་ལ་ཡོད་དགོས་པའི་རང་ཐག་རང་གཅོད་ངོ་མ་ཞིག་སྤྲད་རྒྱུ་ཡིན་མིན་ལ་བལྟ་དགོས་པ་རེད། འཛམ་གླིང་མི་མང་དང་བོད་ཕྱི་ནང་གཉིས་ཀྱི་མི་མང་གིས་བལྟ་བསྡད་རྒྱུ་ཡིན་པ་རེད། གྲངས་ཉུང་མི་རིགས་ཆེ་ཁག་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཞིག་མ་སྤྲད་པ་ཡིན་ན། ཁོ་ཚོའི་དམངས་གཙོ་དེ་ཡང་སྙིང་པོས་སྟོང་བའི་ཆུ་ཤིང་གི་སྨྱུག་མ་ཙམ་ཞིག་དང་ཕྱི་ཤུན་ཙམ་ཞིག་ལས་མིན་པས་ཕྱི་ནང་གཉིས་སུ་སྐད་འབོད་བྱེད་མཁན་སྔར་བཞིན་མཚམས་ཆད་རྒྱུ་མིན་པ་དང་རྒྱ་ནག་ནང་རྒྱལ་སྤྱིའི་བྱུས་གཏོགས་ཀྱང་སྔར་བཞིན་སླེབས་རྒྱུ་ཡིན་པས། རྒྱ་ནག་གིས་བསམ་བློ་སྐྱར་མ་ཞིག་དང་བཅོས་སྒྱུར་སྐྱར་མ་ཞིག་བྱེད་དགོས་ཐུག་གི་རེད།
ཁྱེད་ཀྱིས་འདི་བར་དུ་ཀློག་པ་ཡིན་ན། གོང་གསལ་གྱི་བོད་དོན་དེ་རྒྱ་བོད་གྲོས་མོལ་ལམ་ནས་སེལ་གྱི་རེད་བསམ་པ་དེ་ནོར་འཁྲུལ་ཡིན་པ་སེམས་ལ་རོབ་ཙམ་འཆར་སྲིད་ཀྱང་ཆ་ཚང་བ་དང་ཡོངས་སུ་རྫོགས་པ་ཞིག་ད་རུང་འཆར་དཀའ་བར་མཐོང་བས་འདི་ནས་མར་བཙན་བྱོལ་བོད་གཞུང་གི་གནས་སྟངས་དང་རྒྱ་ནག་གིས་བཙན་བྱོལ་བོད་གཞུང་ལ་འཛིན་པའི་ལྟ་སྟངས་སོགས་ཀྱི་སྐོར་ནས་རོབ་ཙམ་ཞུས་པ་ཡིན་ན་གཞི་ནས་ཁྱེད་རང་ལ་ནོར་འཁྲུལ་ཅན་གྱི་བསམ་བློ་དེའི་སྐོར་གོ་རྟོགས་རགས་ཙམ་སྐྱེ་བར་ཡིད་ཆེས་བྱེད་ཀྱི་ཡོད། ཐོག་མར་ངས་བཙན་བྱོལ་བོད་གཞུང་དང་འབྲེལ་བའི་དྲི་བ་ཁ་ཤས་ཞུ་གི་ཡིན། རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་དེ་བོད་མི་མང་གི་སྐུ་ཚབ་དང་བོད་མི་མང་གི་གཞུང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་དམ། དེ་ལྟར་ངོས་འཛིན་བྱེད་གི་རེད་དམ། དེ་ལྟར་མིན་ན་བཙན་བྱོལ་བོད་གཞུང་དང་འབྲེལ་མོལ་བྱེད་དགོས་པ་ག་རེ་ལྷག་ཡོད་པ་རེད། བོད་ནང་དུ་རང་དབང་ཡོད་པ་ཡིན་ན་བོད་མི་མང་གི་སྐུ་ཚབ་དང་དོན་གྱི་བདག་པོ་དེ་གཞིས་བཞུགས་བོད་མི་རྣམས་ཡིན་དགོས་པ་ལས་བྱེས་བཞུགས་ཀྱི་གཞུང་ཡིན་མི་སྲིད་པ་རེད། དེས་ན་བོད་ནང་གི་མི་མང་ཚོའི་འདོད་འདུན་ལྟར་ཐག་གཅོད་བྱེད་པ་ལས་བཙན་བྱོལ་བོད་གཞུང་ལ་དེ་དོན་སྐོར་འབྲེལ་མོལ་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡོད་པ་རེད། བཙན་བྱོལ་བོད་གཞུང་དེ་སྔོན་མའི་བོད་གཞུང་གི་ཤུལ་འཛིན་པ་ལྟ་བུ་ཞིག་ཡིན་ནའང་ད་ཆ་བཙལ་བྱོལ་དུ་ཡོད་པའི་བོད་མི་གཅིག་པུའི་སྒྲིག་འཛུགས་ལྟ་བུ་ཞིག་ཏུ་མིང་བསྒྱར་བྱས་ཡོད་པས། ལྷག་པར་དུའང་རྒྱ་གཞུང་གིས་ཕྱི་ལོགས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཤིག་ལ་ག་རེ་བྱས་ནས་ནང་གི་འགྱུར་བའི་སྐོར་གྲོས་མོལ་བྱེད་དགོས་པ་རེད། བོད་གཞུང་ལ་རྒྱལ་སྤྱིའི་ནང་བོད་དོན་ཐད་ནུས་པ་དང་ཤུགས་རྐྱེན་ཆེན་པོ་རྒྱ་གཞུང་གིས་འབྲེལ་བ་ངེས་པར་མ་བྱེད་ཐབས་མེད་ཆགས་པ་དེ་འདྲ་ག་རེ་ཡོད་པ་རེད།
ནོར་འཁྲུལ་ཅན་གྱི་བསམ་བློའི་འབྱུང་རྐྱེན་ལ་དཔྱད་པ།
གོང་གསལ་འདི་དག་ལས་ང་ཚོར་ངོ་འཕྲོད་པ་ནི། བོད་དོན་དེ་རྒྱ་མི་དང་གྲོས་མོལ་གྱིས་མ་གཏོགས་སེལ་ཐབས་ཡོད་པ་མ་རེད་བསམ་པ་དེ་ནོར་འཁྲུལ་ཡིན་པ་སྟོན་གྱི་ཡོད་པ་རེད། མི་མང་པོའི་སེམས་ལ་ནོར་འཁྲུལ་འདི་ལྟ་བུ་ཞིག་འབྱུང་བཞིན་པ་དེ་ལའང་ཁག་མི་འདུག་སྙམ། དེ་ལའང་རྒྱུ་མཚན་ཞིག་དང་གོ་རིམ་ཞིག་ངེས་པར་ཡོད་པར་མཐོང་། དང་པོ་བོད་དེ་བོད་གཞུང་དང་བོད་ཀྱི་རྒྱལ་ཕྲན་དཔོན་ཕྲན་ཚོའི་ལག་ནས་ཕར་རྒྱ་གཞུང་ལ་ཤོར་བ་རེད། ཚུར་བཙན་བྱོལ་དུ་ཡོང་སྐབས་རང་ཉིད་བོད་གཞུང་དང་བོད་ཀྱི་སྐུ་ཚབ་ངོ་མ་དེ་ཡིན་བསམ་གྱི་ཡོད་པ་རེད། བོད་དེ་ཤོར་ས་ནས་ཚུར་ལེན་གྱི་ཡིན། ལེན་མཁན་རང་ཉིད་ཡིན་བསམ་གྱི་ཡོད་པ་རེད། བོད་དོན་སྐོར་སྐད་ཆ་སུ་ཞིག་ནས་བཤད་ཀྱང་བཤད་ས་དེ་བོད་གཞུང་ཡིན་བསམ་གྱི་ཡོད་པ་རེད། དེ་ལྟར་རེད་ཀྱང་རེད་བདེན་པ་རེད། ད་ཆ་རྒྱ་ནག་དང་བོད་གཞུང་གི་གནས་སྟངས་སོགས་ལ་འགྱུར་བ་ཕྱིན་ཚར་བ་རེད་དེ། མང་པོ་ཞིག་གི་ཐོག་མའི་བསམ་བློའི་འཛིན་སྟངས་ཏེ་བོད་གཞུང་དེ་སྔོན་མའི་བོད་གཞུང་གི་ཤུལ་འཛིན་ཡིན་པས་བོད་དོན་དེ་བོད་གཞུང་དང་འབྲེལ་མོལ་གྱིས་ཐག་གཅོད་བྱེད་དགོས་ཀྱི་རེད་བསམ་པ་དང་དེ་ལྟར་ཐག་གཅོད་བྱེད་ཀྱི་རེད་བསམ་པ། བོད་གཞུང་དང་འབྲེལ་བ་མ་བྱས་པར་བོད་དོན་ཐག་གཅོད་ཐབས་རྩ་ནས་ཡོད་པ་མ་རེད་བསམ་པའི་ནོར་འཁྲུལ་ཅན་གྱི་ཨ་འཐས་ཀྱི་བསམ་བློ་འདི་མིག་སྔའི་གནས་ཚུལ་ལ་འགྱུར་བ་ཕྱིན་ཡོད་ཀྱང་བསམ་བློ་དེ་སྔར་བཞིན་འགྱུར་བ་མ་ཕྱིན་པར་བཅངས་བསྡད་ཡོད་པ་རེད།
ད་དུང་ནོར་འཁྲུལ་ཅན་གྱི་བསམ་བློ་འདིར་འགྱུར་བ་མ་ཕྱིན་པར་ཨ་འཐས་སུ་གནས་རྐྱེན་གཞན་པ་ཞིག་ནི། རྗེས་སུ་རྒྱ་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་ཕར་གདན་ཞུ་བྱས་ཏེ་བོད་གཞུང་བསྡུ་གསོག་བརྒྱབ་ནས་གུང་ཁྲན་ཏང་གི་དབང་འོག་ཏུ་འཐབ་ཕྱོགས་གཅིག་གྱུར་ཡོང་བའི་ཆེད་དུ་འཐབ་ཕྱོགས་གཅིག་གྱུར་ཁང་ནས་ཚུར་བོད་གཞུང་ལ་འབྲེལ་བ་བྱས་པ་རེད། བོད་གཞུང་གིས་རྒྱ་མིའི་དམིགས་ཡུལ་དང་བསམ་ཚུལ་ངོ་མ་མ་རྟོགས་པའམ་གང་ལྟར་བོད་དོན་དེ་ཕན་ཚུན་གཉིས་མོལ་ལམ་གཉིས་མོས་ཀྱི་ལམ་ནས་ཐག་ཆོད་ས་རེད་སྙམ་པའི་རྨི་ལམ་སྟོང་བ་ཞིག་རྨིས་མགོ་བཙུགས་པ་རེད། རྒྱ་གཞུང་ལ་འབྲེལ་བ་རིམ་པ་བྱས་པ་རེད། ༧རྒྱལ་བ་རིན་པོ་ཆེས་ཀྱང་བོད་དོན་དེ་ཕན་ཚུན་གཉིས་མོས་ཀྱི་ལམ་ནས་སེལ་འོས་པའི་དགོངས་ཚུལ་ཡང་ཡང་བཏོན་པས་རྒྱལ་སྤྱིའ་ཐོག་གི་བོད་དོན་མི་སྣ་གང་མང་། བོད་མི་ཕལ་ཆེ་བ། རྒྱ་མི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གི་སེམས་ཁ་རྒྱ་བོད་གྲོས་མོལ་གྱི་ལམ་ནས་བོད་དོན་སེལ་རྒྱུ་ཡིན་པར་བློ་ཁ་ཕྱོགས་པ་རེད། ཝང་ལི་ཞུང་གིས་ཀྱང་བོད་དོན་གྱི་ལྡེ་མིག་༧རྒྱལ་བ་རིན་པོ་ཆེ་ཡིན་པར་བཤད་པ་རེད། དོན་དངོས་ལ་ཉེ་བར་བཅར་ནས་ཞིབ་ཙམ་དཔྱད་ན་བསམ་ཚུལ་དང་ལྟ་བ་འདི་དག་ནི་གཞི་རྩ་མེད་པ་དང་ནོར་འཁྲུལ་ཅན་ཞིག་ཡིན་པ་ང་ཚོར་ར་སྤྲོད་འབྱུང་གི་རེད། རྒྱ་གཞུང་གིས་བོད་གཞུང་ལ་འབྲེལ་བ་འཛིན་པ་དེ་བོད་དོན་མིན་པར་བོད་གཞུང་རྩ་མེད་བཟོ་བའི་ཆེད་ཡིན་པ་ཕྱོགས་དུ་མ་ནས་ཁུངས་སྐྱེལ་བྱེད་ཐུབ་པ་རེད། ཁོ་ཚོས་ཐོག་མའི་འཆར་གཞི་ལྟར་བོད་གཞུང་བསྡུ་གསོག་རྒྱག་མ་ཐུབ་པ་རེད། རྗེས་སུ་རྒྱ་དཔོན་ཀྲང་ཆིས་ལེན་གྱིས་། བོད་གཞུང་དེ་སྦྲུལ་ལྟ་བུ་ཞིག་དང་༧རྒྱལ་བ་རིན་པོ་ཆེ་སྦྲུལ་མགོ་ལྟ་བུ་ཞིག་ཏུ་བརྗོད་དེ་སྦྲུལ་གསོད་ན་དང་པོར་སྦྲུལ་མགོ་རྫོགས་དགོས་པ་རེད་ཟེར་ནས་དམར་རྗེན་དུ་བཤད་པ་ལྟར་རེད།
ཕན་ཚུན་གཉིས་མོལ་ཟེར་བ་འདི་དབུ་མའི་ལམ་པ་བ་ཚོས་བོད་དོན་ཆེད་བཤད་རྒྱུའི་སྐད་ཆ་ཡོད་ན་མེད་ན་ཞིག་རེད། སྐད་ཆ་འདི་ལ་རེ་བ་ཡོད་མེད་བཤད་ན་རེ་བ་ཆེན་པོ་མེད་པ་གོང་སོང་ལྟར་རེད། གཞན་པ་ཁོ་ཚོས་བཤད་རྒྱུ་གཙོ་བོ་ཞིག་ནི། བོད་དང་བོད་ཀྱི་རིག་གཞུང་། སྐད་ཡིག་གོམས་སྲོལ་སོགས་རྩ་མེད་དུ་མ་འགྲོ་བའི་ཆེད་ཟེར་ནས་བཤད་ཀྱི་ཡོད་པ་རེད། དེ་ཡང་གཅིག་པ་གཅིག་རྐྱང་རེད། རེ་སྟོང་བཅངས་པ་ཙམ་རེད། རྒྱ་གཞུང་ལ་འགྱུར་བ་མ་ཕྱིན་པར་སྦྲུལ་ལྟ་བུར་མཐོང་བའི་གཞུང་ལ་འབྲེལ་བ་བྱེད་ཀྱི་མ་རེད། བྱས་པ་ཡིན་ནའང་ཀུན་སློབ་སྔོན་མའི་དེ་ལས་མ་མཆིས། གོང་སུ་བཤད་པ་ལྟར། རྒྱ་གཞུང་ལ་འགྱུར་བ་ཕྱིན་པ་ཡིན་ན་བོད་མི་མང་གི་འདོད་འདུན་ལྟར་མི་རིགས་སྲིད་བྱུས་དེ་ཡང་བཟང་ཕྱོགས་སུ་འཕེལ་རྒྱུ་ཡིན་པ་དང་རང་མི་རིགས་ཀྱི་ངོ་བོ་དེ་བོད་ནང་གི་མི་མང་ཚོས་གཅེས་འཛིན་བྱེད་ཐུབ་རྒྱུ་ཡིན་པས་བོད་གཞུང་ལ་ཕར་ལག་པ་བསྲིང་ས་ཞིག་དང་ནུས་པ་འདོན་ས་ཞིག་ངས་ནི་ཤིན་ཏུ་ནས་ཀྱང་མཐོང་དཀའ་འོ།
དེས་ན་བོད་གཞུང་གིས་ག་རེ་བྱེད་དགོས་པ་རེད། བོད་གཞུང་ལ་བོད་ནང་དམིགས་བསལ་བྱེད་རྒྱུ་མེད་ནའང་རྒྱལ་སྤྱིའི་ཐོག་ལས་ཀ་བྱེད་རྒྱུ་མང་པོ་ཞིག་ཡོད་པ་རེད་འདོད། རྒྱ་བོད་གཉིས་མོལ་གྱི་འབྲེལ་ལམ་དེའང་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཆ་ཤས་གཙོ་བོ་ཞིག་ཏུ་བཟུང་ན་འགྲིགས་པར་སྙམ། གཙོ་བོ་རང་ཉིད་ཀྱི་རྐང་པ་སྲ་བརྟན་དང་ནུས་པ་ཆེ་བསྐྱེད། རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཡོང་ཐབས། ཤེས་ལྡན་མི་སྣ་མང་པོ་སྐྱེད་སྲིང་། བར་སྐབས་ཤིག་ནས་ཁ་རྒྱ་ལ་འཁོར་ཏེ་སྣང་ཆུང་ཅམ་འཇོག་ཏུ་ལུས་པའི་མཉམ་སྦྲེལ་རྒྱལ་ཚོགས་ནང་བཞག་པའི་གྲོས་ཆོད་ཁག་ལ་མཇུག་གནོན་ཡོང་ཐབས། རྒྱལ་སྤྱིའི་ནང་བོད་ནང་རང་དབང་སྤུ་ཙམ་མེད་པའི་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ངོ་མ་ཞིག་ཡོང་ཐབས། དབུ་མའི་ལམ་ཟེར་བ་ནུས་མེད་ཀྱི་སྲིད་བྱུས་དེ་ཁ་ནས་མ་ཎི་བགྲང་བགྲང་བྱེད་པ་ལས་ བོད་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་སྟེ་ རང་ཐག་རང་གཅོད་ ཟེར་བ་འདི་བོད་མི་རྣམས་ལ་ཆ་ཚང་ཞིག་མ་རག་བར་དུ། རྒྱ་གཞུང་གི་རྣ་ལམ་དང་རྒྱལ་སྤྱིའི་སྙན་ལམ་དུ་འོན་འོན་བར་དུ་བསྒྲགས་ཤིང་འབོད་དགོས་པར་མཐོང་། མ་ནི་ཡིག་དྲུག་གི་ཚབ་ཏུ་རང་ཐག་རང་གཅོད་ཐོན། ༧རྒྱལ་བའི་ཞབས་བརྟན་གྱི་ཆེད་དུ་རང་ཐག་རང་གཅོད་སྐོར་ཀློག་འདོན་བྱོས། རྒྱ་བོད་འབྲེལ་མོལ་བྱུང་ན་རང་ཐག་རང་གཅོད་སྒྲོགས། བོད་མི་མང་གི་མགྲིན་ཚབ་དང་སྐུ་ཚབ་ངོ་མ་ཞིག་བྱེད་འདོད་ན་རང་ཐག་རང་གཅོད་གླེང་། རང་བཙན་དང་ཚད་མཐོའི་རང་སྐྱོང་ཟེར་ནས་གང་ཟག་སྒེར་བ་རྐྱང་གི་བསམ་ཚུལ་གླེང་སྡོད་པ་ལས་རང་ཐག་རང་གཅོད་གླེང་།
ཉོན་ཅིག རྒྱ་གཞུང་དང་བོད་གཞུང་གཉིས་ཀར་བོད་མིའི་མདུན་ལམ་ཐག་གཅོད་པའི་དབང་ཚད་མེད་པ་དེ་ཤེས་པར་གྱིས། མ་འོངས་པ་ན་བོད་མི་མང་གི་མདུན་ལམ་བོད་མི་རང་གིས་ཐག་གཅོད་པའི་དབང་ཚད་ཡོད་པ་དེ་ལ་ང་ཚོ་ཚང་མས་བརྩི་འཇོག་བྱེད་དགོས་ངེས་སུ་མཐོང་།
བསྒྲགས་པར་འདོད་ན་རང་ཐག་རང་གཅོད་སྒྲོགས།།
རྩོད་པར་འདོད་ན་རང་ཐག་རང་གཅོད་རྩོད།།
རང་ཐག་རང་གཅོད་བོད་མིའི་ཐོབ་ཐང་ཡིན།།
ཁྱོད་ཀྱིས་འཁྱེར་དང་གཞན་གྱིས་འཕྲོག་ས་མེད།།
མོ་ཡིས་བཤད་ན་རང་བཙན་དགོས་ཡོད་ཟེར།།
ཁོང་གིས་གསུང་ན་རང་སྐྱོང་རྩོད་སླ་ཟེར།།
ཁྲིམས་མཐུན་ཐོབ་ཐང་རང་ཐག་རང་གཅོད་རེད།།
ལྕེ་རྩེ་ཡར་མར་ཡོ་དོན་ཅི་ལ་ཡོད།།
རང་ཐག་རང་གཅོད་རྒྱལ་གྱུར་ཅིག །
དུས་འཁོར་ལས་འཕྲོས་པའི་དྲི་བ།
https://www.khabdha.org/?p=34794
དབྱིན་རྩོམ་འགའ་རེའི་ནང་ནང་ཆོས་ཀྱི་དུས་འཁོར་ཞེས་པ་དེ། སྔོན་ནང་བསྟན་དར་ཁྱབ་ཆེ་བའི་ཨབ་ཧྥི་གྷན་ནང་ཁ་ཆེ་ཆེས་ཆེར་དར་ནས་ནང་ཆོས་དར་བར་འགལ་རྐྱེན་ལ་ཐུག་པའི་གཉན་འཕྲང་ཅན་གྱི་དུས་དེར་དར་ཡོང་བ་ཞིག་ལ་ངོས་འཛིན་མཁན་འདུག ང་ཚོའི་བོད་ཡུལ་དུའང་དུས་འཁོར་རྩ་རྒྱུད་དེ་ཕྱིས་སུ་1027 ལོར་དར་བ་མ་རེད་དམ། འགའ་རེས་དུས་འཁོར་དེ་དང་པོར་དུས་རབས་དགུ་པར་རྒྱ་གར་ནུབ་བྱང་ཁུལ་དུ་དར་བར་བཤད། ཡང་རྩོམ་ཞིག་ཏུ། དུས་འཁོར་ནི་རྒྱ་གར་གྱི་སྔོན་གྱི་རིག་བྱེད་དང་འབྲེལ་བ་མངོན་གསལ་དུ་ཡོད་པ་མཐོང་། རིག་བྱེད་ནི་སངས་རྒྱས་ལས་ཆེས་ཆེར་སྔ་ཞེས་གསལ། བཤད་ཚུལ་འདི་དག་ལས་འཕྲོས་པའི་དྲི་བ་འགའ་ཤས་ཤིག་ནང་ཆོས་ཀྱི་མཁས་དབང་ཚོར་ཕུལ་བ་གཤམ་དུ་གསལ།
༡ དུས་འཁོར་གྱི་མིང་བཀོད་པའི་ནང་པའི་དཔེ་ཆ་སྔ་ཤོས་དེ་གང་རེད།
༢ བསྟན་པ་སྔ་དར་སྐབས་ཀྱི་བཀའ་བསྟན་ཁག་ནང་དུས་འཁོར་རྩ་རྒྱུད་ཅེས་པའི་མིང་འདི་སླེབས་ཡོད་པ་རེད་དམ།
༣ བསྟན་པ་སྔ་དར་སྐབས་ནས་ཡོད་པ་ཞིག་ཡིན་ན་གལ་ཆེ་བའི་ཆོས་འདི་བོད་ཡིག་ཏུ་དེའི་སྐབས་ཅིའི་ཕྱིར་མ་བསྒྱུར་བ་རེད།
༤ སངས་རྒྱས་ཀྱི་སྔོན་ནས་དུས་འཁོར་ཡོད་ཚུལ་བཤད་པ་དེར་ཁུངས་ལུང་རྒྱུ་མཚན་བགྲངས་ནས་དེ་ལྟར་མིན་པར་སྒྲུབ་བྱེད་ཡང་དག་པ་དང་ཁུངས་ཕེར་པ་ཞིག་ཁྱེད་ལ་བཀོད་རྒྱུ་ཨེ་ཡོད།
༥ དུས་རབས་དགུ་པའི་མཇུག་ཏུ་རྒྱ་གར་ནུབ་བྱང་ནས་དར་བར་བསྙད་པ་དེ་ལ་དེ་ལྟར་མིན་པའི་སྒྲུབ་བྱེད་འགོད་རྒྱུ་ཡོད་དམ།
ཁ་ནས་ཁད་ཀྱིས་ཤོར་བའི་མགུར་མ་ཆུ་མིག་རང་བརྡོལ།
https://www.khabdha.org/?p=34719
མགོན་པོ་ཕྱག་གཉིས་པ།
ལོ་དང་ཟླ་བ་རེ་རེ།།
མཛུབ་མོས་བགྲང་ནས་རྫོགས་སོང་།།
རྫོགས་ཀྱང་འགྱོད་པ་མི་འདུག།
དུས་ཀྱི་ཆོས་ཉིད་རེད་མོད།།
མདུན་གྱི་སྡོང་ལོ་རེ་རེ།།
སྟོན་རླུང་གཡུག་ནས་ཁུར་སོང་།།
ཁུར་ཀྱང་སེམས་ལས་མི་འདུག།
སང་ལོ་སྐྱར་དུ་ཐོགས་ཡོང་།།
བགྲང་ནས་རྫོགས་ན་བསམ་ཡང་།།
རྫོགས་མཐའ་མེད་པ་གང་རེད།།
རང་དབང་ཆེད་དུ་མེ་མཆོད།།
འབུལ་མཁན་རྫོགས་མཐའ་མེད་ག།
ཡིད་སེམས་རྫ་རི་སྨུག་པོར།།
སྨུག་མེད་སྨུག་པས་བཟུང་སོང་།།
ཁྲ་ཆུང་མིག་གི་མཐའ་ལ།།
ཆུ་མེད་ཆུ་ཞིག་འཁོར་སོང་།།
རང་དབང་ཐོབ་རྒྱུ་ཡོད་ན།།
རྫོགས་མཐའ་མེད་ཀྱང་དྲག་ག།
རང་རང་མེ་ལ་བསྲེག་པའི།།
དོན་དག་དེ་ག་རེད་མོད།།
རང་དབང་ཉི་མ་སེར་པོ།།
མགྱོགས་པོ་འཆར་རན་ཡིན་ཏེ།།
རྒྱ་སྲིད་སྤྲིན་པ་ནག་པོ།།
རྔམ་ཁ་འཐུག་ནས་འཐུག་ཏུ།།
དཔའ་བོ་གཅིག་ཕེབས་གཉིས་ཕེབས།།
མེ་ལྕེ་འབར་བཞིན་ཕེབས་སོང་།།
བཅུ་པའི་ལྔ་མཆོད་མར་མེ།།
གྲངས་ཀ་མང་རྒྱུ་མི་འདུག།
གྲྭ་བཙུན་ཆོས་འཕྲོ་བཞག་ནས།།
རང་དབང་ཆེད་དུ་བསྲེག་སོང་།།
ཨ་པ་གུང་ཁྲན་ངའི་སྐེ།།
འདི་ཚོར་རང་དབང་སྤྲོད་དང་།།
ཕ་མས་བུ་ཕྲུག་བཞག་ནས།།
བོད་འབངས་ཆེད་དུ་འབར་སོང་།།
ཨ་པ་གུང་ཁྲན་ལོ་ལོ།།
བོད་མིར་སྙིང་རྗེས་གཟིགས་དང་།།
བོད་མི་འཕྲོ་རུང་འཕྲོ་བྱས།།
འཆི་རུ་འཇུག་རྒྱུ་ཡིན་མིན།།
ཨ་པ་གུང་ཁྲན་དྲིན་ཆེན།།
ཁྱེད་ཚོའི་ལག་པ་རེད་མོད།།
བོད་མི་གཅིག་ཤི་གཉིས་ཤི།
ཁྱོད་ཚོ་དགའ་ནི་ཨེ་ཡིན།།
མིན་ན་ཁོང་ཚོའི་རེ་འདུན།།
ཁྱོད་ཚོས་སྐོང་ན་ཆོག་ག།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
ཁྱོད་ཚོས་ཁ་ཁར་འཇོག་རོགས།།
རང་ཚོའི་སྒལ་བར་ཡོད་པའི།།
རྡོག་ཁྲེས་རང་གིས་འཁུར་རོགས།།
བཀའ་ཁྲི་བློ་བཟང་སེང་གེ།
ཁ་ཡི་གདངས་ཚོད་སྔ་སོང་།།
གཞན་ལ་མེ་བསྲེག་མ་གཏོང་།།
ཟེར་ནས་ཞུ་བ་མཚང་ཆེ།།
ཁོང་ཚོའི་རེ་འདུན་མ་འགྲུབ།།
ག་ན་བདག་མེད་ལྷག་འདུག།
བདག་པོ་རྒྱག་མཁན་ཁྱོད་ཡིན།།
ཡང་ན་གུང་ཁྲན་ཏང་ཡིན།།
ཁྱེད་ཚོས་རང་ཉིད་སྲེགས་ཞེས།།
སྨྲ་བའི་སྤོབས་པ་ང་མེད།།
ང་རང་བསྲེག་པར་མ་ནུས།།
ད་རུང་ཡོད་ནོ་འདི་རེད།།
ནད་ཀྱིས་གདུང་བའི་རོ་གོག།
ཤིང་སྐམ་འདྲ་པོ་འདི་ཉིད།།
འཚིག་པར་སླ་བ་འདྲ་སྟེ།།
སླ་ཡང་སྤོབས་པ་མི་འདུག།
ཁྱེད་ཚོས་མ་བསྲེག་ཟེར་ནས།།
བཤད་པའི་ཐོབ་ཐང་ང་མེད།།
རྒྱ་དམར་གུང་ཁྲན་ཏང་ལ།།
དེ་ཡི་འགན་ཁུར་ཡོད་རེད།།
ཁྱེད་ཚོས་རང་ཉིད་བསྲེག་པ།།
བསྲེག་པའི་དོན་གོ་ཆོད་ཡོད།།
རང་གཞན་གཉིས་ཀྱི་དོན་རེད།།
འདི་ཕྱི་གཉིས་ཀྱི་གཏམ་རེད།།
ཡ་གི་དག་པའི་ཞིང་ནས།།
ཕྱི་མིག་གཟིགས་ནས་བཞུགས་དང་།།
མ་ཤི་དུར་ཁུང་ནང་ནས།།
ཤི་མིག་ཅེར་ནས་སྡོད་དང་།།
བོད་མི་གཞིས་བྱེས་ཚང་མ།།
ཁྱེད་ཚོའི་རྒྱབ་ན་ཡོད་རེད།།
རྒྱལ་སྤྱིའི་མི་མང་ཚང་མས།།
འབོད་སྐད་སྒྲོགས་ཀྱི་ཡོད་རེད།།
རྒྱ་དམར་ཨམ་ཅོག་སྒང་ལ།།
ཟ་འཕྲུག་ལངས་ཀྱི་ཡོད་རེད།།
རྒྱ་དམར་སེམས་ཀྱི་ནང་ལ།།
བསམ་བློ་འཁོར་གྱི་ཡོད་རེད།།
སྙན་ངག་མཁན་པོའི་སེམས་ཁམས།།
མེ་ལྕེ་བཞིན་དུ་འབར་སོང་།།
སྙན་པོ་ཚིག་གི་ཕྲེང་བས།།
ཁྱེད་ཚོར་སྐྱེལ་མ་ཞུས་ཡིན།།
ཐར་བའི་ཐེམ་སྐས་འཛེགས་ནས།།
ག་ལེར་ག་ལེར་ཕེབས་ཤིག།
དག་ཞིང་བཞུགས་ཁྲིའི་སྟེང་དུ།།
ལྷོད་ལྷོད་གནང་ནས་བཞུགས་རོགས།།
རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་གྲོས་གཞི་ནང་ཆད་འདུག་ཨང་།
https://www.khabdha.org/?p=33969
ད་ལྟ་བོད་མིའི་དམིགས་བསལ་ཚོགས་ཆེན་ཐེངས་༢ པ་ཚོགས་བཞིན་པ་རེད། ཚོགས་ཞུགས་པ་རྣམས་ཀྱིས་ ༡ བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས། ༢ རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས། ༣ རྒྱ་གར་དང་ལྷོ་ཤར་ཨེ་ཤའི་ཡའི་ནང་ལས་འགུལ་སྤེལ་ཕྱོགས་བཅས་གྲོས་གཞི་གསུམ་ལ་གཏན་འཁེལ་ནས་བགྲོ་གླེང་ཚ་ཚ་འུར་འུར་བྱེད་ཀྱི་འདུག་ཟེར།
ཚ་ཚ་འུར་འུར་བགྲོ་གླེང་བྱེད་པ་ལེགས་མོད་ཀྱང་དོན་ཚན་དེ་གསུམ་ལས་ཀྱང་ཆེས་གལ་ཆེ་བའི་དོན་ཚན་གཅིག་ལུས་འདུག་པ་དེ་རྒྱུ་མཚན་ཅིའི་ཕྱིར་ལུས་པ་ནི་བསམ་ཡིད་ལ་འཁོར་དཀའ་བ་ཞིག་རེད།དོན་ཚན་དེ་ནི་རྒྱ་ནག་ནང་དང་རྒྱ་མི་རིགས་ནང་ལས་འགུལ་སྤེལ་ཕྱོགས་དེ་བགྲོ་གླེང་གྲོས་གཞིའི་ནང་བཀོད་མེད་པ་དེ་རེད། དེ་བས་ཁོ་ཚོས་ཚ་ཚ་འུར་འུར་ག་ཚོད་ཀྱིས་བགྲོ་གླེང་བྱས་ནའང་་དེ་ནི་རྩ་བ་བཏང་ནས་ཡལ་ག་ལ་འཇུ་སྟངས་ཀྱི་ཚ་ཚ་འུར་འུར་ཞིག་ལས་མ་མཆིས
གོང་གི་ལས་འགུལ་སྤེལ་ཕྱོགས་ཚང་མའི་མཐའ་གཏུགས་སའི་དམིགས་འབེན་ནི་རྒྱ་ནག་མ་ཡིན་ནམ། མེ་བསྲེག་གཏོང་མཁན་ཚང་མ་བོད་ནང་ན་ཡོད་པ་རེད། མེ་བསྲེག་གཏོང་དགོས་དོན་རྒྱ་མིའི་སྲིད་བྱུས་ལ་ཐུག་པ་རེད། ལས་འགུལ་ག་རེ་སྤེལ་ན་འབེན་འདྲ་བོ་དེ་རྒྱ་ནག་རེད། རྒྱལ་སྤྱིའི་སྟེང་ལས་འགུལ་སྤེལ་བ་དེའང་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་ཆེད་མ་རེད་དམ། དེས་ན་ང་ཚོས་ཀྱང་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཐད་ཀར་རྒྱ་ནག་མི་མང་ནང་ལས་འགུལ་འདྲ་མིན་སྤེལ་རྒྱུ་དེ་ནི་ཆེས་གལ་ཆེ་ཤོས་སུ་འཛིན་དགོས་པར་མཐོང་བས་གོང་གསུམ་དོན་ཚན་གསུམ་སྐོར་ཅང་ཞུ་རྒྱུ་མིན་པར་རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་ལ་ཚིག་རེ་ཟུང་ཞུ་འདོད་བྱུང་།
འགའ་རེས་བསམ་ན། རང་ཉིད་ཕྱི་རུ་བསྡད་ནས་རྒྱ་ནག་ནང་ལ་ལས་འགུལ་ཇི་ལྟར་སྤེལ་དགོས་པ་རེད་བསམ་སྲིད་ཀྱང་དེ་ནི་ཁྱེད་རང་ནོར་བ་རེད། ད་ལྟ་དེང་རབས་ཀྱི་འཕྲུལ་ཐབས་གསར་པ་ལ་བརྟེན་པར་བྱས་ན་ཁྱེད་རང་སྐད་ཅིག་རིང་རྒྱ་ནག་གི་ནང་དུ་སྐྱེལ་ངེས་རེད། རྒྱ་གཞུང་གི་ལས་ཁུངས་གང་ལའང་ཁྱེད་རང་འཛུལ་ཐུབ་པ་རེད། མཐོ་དབུས་གཞུང་ནས་ཞིང་ཆེན། ས་ཁུལ་ནས་རྫོང་གང་དུའང་སོང་ནས་ཁོ་ཚོའི་ལས་ཁུངས་ཀྱི་སྒོ་རྡུང་ཆོག་གི་རེད་ལ་སྒོ་ལ་རྡོག་རྒྱག་གཞུ་དགོས་ན་རྡོག་རྒྱག་གཞུས་ནས་ཁོ་ཚོ་སུན་པོ་བཟོ་ཆོག་གི་རེད། ཡང་གུས་ཞབས་དང་བཅས་སྐད་ཆ་འཇམ་པོའང་བཤད་ཆོག་གི་རེད།
ཁྱེད་རང་གིས་རང་ལ་ཡོད་པའི་དྲ་རྒྱ། ཁ་པར། ཡིག་འབྲེལ། ཨི་མེལ་སོགས་བརྒྱུད་ལམ་དེ་དག་བེད་སྤྱོད་བཏང་ནས་རྒྱ་ནག་ཏུ་རྒྱུག་ཆོག་གི་རེད། ཁྱེད་རང་གང་ལ་རྒྱུག་གི་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྒྱུག་གི་ཡིན་ནམ་འཐབ་ཕྱོགས་གཅིག་གྱུར་ཁང་ལ་རྒྱུག་གི་ཡིན། ཡང་ན་མི་མང་ཚོགས་ཁང་ནང་ལ་རྒྱུག་གི་ཡིན། མིན་ན་སྤྱི་བདེ་ལས་ཁུངས་ནང་ལ་རྒྱུག་གི་ཡིན། དེ་མིན་ན་ཞིང་ཆེན་དང་ས་གནས་སྲིད་གཞུང་གི་ལས་ཁུངས་གང་གི་ནང་རྒྱུག་གི་ཡིན། ཁྱེད་རང་དེ་ལ་སླེབས་ཐུབ་ཀྱི་རེད་ལ་སེམས་ནང་གི་བཤད་འདོད་པའི་སྐད་ཆ་ཚང་མ་བཤད་ས་ཞིག་རྙེད་ཀྱི་རེད།
བོད་ནང་དུ་དོན་དག་ཅིག་བྱུང་མ་ཐག་ཏུ། ཕྱི་ལོགས་ནས་བོད་མི་སྟོང་ཕྲག་མང་པོས་ཁ་པར་དང་ཡིག་ལམ་སོགས་བརྒྱུད་ལམ་འདྲ་མིན་བརྒྱུད་ནས་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་དྲི་བ་འདྲ་མིན་བཏོན་པ་ཡིན་ན་དེ་ནི་ལས་འགུལ་ཆུང་ཆུང་ཞིག་ཡིན་རྒྱུ་མ་རེད་འདོད། བོད་ནང་དོན་དག་གང་ཞིག་བྱུང་སྐབས། ང་ཚོས་རྒྱ་ནག་ནང་ལ་སྦྲག་ཡིག་དམར་པོ་ཆར་དུ་འབེབས་ཆོག་གི་རེད། ང་ཚོས་རྒྱ་ནག་གི་ཁ་པར་སྐུད་ལམ་དག་ཚ་བོ་བཟོ་ཆོག་གི་རེད། དབུས་གཞུང་གི་དཔོན་པོ་དག་གི་ཨམ་ཅོག་ཚ་བོ་བཟོ་ཆོག་གི་རེད།
དེ་ཡིན་ནའང་ང་ཚོ་ལ་ཆ་རྐྱེན་སྐྲུན་མཁན་གཅིག་དགོས་པ་ནི། ཕར་ཕྱོགས་སུ་འབྲེལ་ཡོད་དང་གནད་ཡོད་ལས་ཁུངས་ཁག་གི་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་དུས་དང་དུས་སུ་མི་མང་ལ་མཁོ་སྤྲོད་ཞུ་མཁན་ཞིག་དགོས་པ་དེ་རེད། དེ་ནི་བོད་གཞུང་ངམ་ཚོགས་པ་བྱེ་བྲག་པ་ཞིག་ནས་ཕྱོགས་བསྒྲིགས་ཀྱིས་མི་མང་ལ་མཁོ་འདོན་བྱེད་ཐུབ་ཀྱི་མ་རེད་དམ། གཞན་ཡང་ལས་འགུལ་སྤེལ་ཐབས་འདྲ་མི་འདྲ་ཡོད་རྒྱུ་རེད། ངས་འདིར་རང་གི་བསམ་ཚུལ་བཀོད་པ་ནི་རྣམ་པ་ཚོའི་དགོངས་ཚུལ་རྩ་ཆེན་རྣམས་འདྲེན་པའི་ཆེད་དུ་ཡིན། ད་བར་དུ། ང་ཚོའི་ནམ་རྒྱུན་ལས་འགུལ་སྤེལ་བའི་ནང་ཆད་སྐྱོན་ཞིག་ཡོད་པ་ནི་རྒྱ་ནག་ཐད་ཀར་དམིགས་འབེན་དུ་བཟུང་ནས་ལས་འགུལ་སྤེལ་གྱི་མེད་པ་དེ་རེད་ལ། དེ་ནི་ད་རེས་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་ནང་དུའང་སྔར་བཞིན་ཆད་སྐྱོན་བྱུང་འདུག་པས་ད་རེས་དམིགས་བཀར་རྒྱ་ནག་ནང་ལས་འགུལ་སྤེལ་ཕྱོགས་ལ་ཚིག་འགས་གླེང་སློང་བ་ཙམ་ཡིན།
སྙན་དངགས་བཏུས་མ་སྙིམ་པའི་མེ་ཏོག
https://www.khabdha.org/?p=51562
རྩོམ་པ་པོ། སློབ་དཔོན་དཔའ་བོ།
༡ རྒྱལ་ཚབ་ཐམས་ཅད་སྒྲོལ།
གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ།། གཟི་བརྗིད་ཆེ་ཡང་བཟོད་ཅིང་དེས་པའི་ངང་།།
མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད།། དཔལ་དང་ལྡན་ཞིང་འབྱོར་ཡང་དྲེགས་པ་མེད།།
དེ་ཡི་གྲགས་པས་འཇིག་རྟེན་གསུམ་ཁྱབ་པས།། ཕྱོགས་རྣམས་རྒྱ་ཆེན་རབ་ཏུ་མཐོང་གྱུར་ཀྱང་།།
གཞན་གྱི་གྲགས་པ་ཅུང་ཟད་ཡོད་པ་རྣམས།། འཕྲོ་བའི་སྐབས་ཀྱང་མེད་པ་བཞིན་དུ་གྱུར།།
སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་དཔག་མེད་པ།། དེ་ཡིས་མ་བཟོད་སྙིང་རྗེའི་གཞུ་དག་དང་།།
སྦྱིན་པའི་མདའ་རྣམས་ཆར་བཞིན་འབེབས་པ་ཡིས།། དེ་དང་ལྷན་ཅིག་གཡུལ་ཆེན་འགྱེད་པ་འདྲ།།
༢ དཀའ་ཐུབ་ནགས་ཚལ།
མི་སྲུན་མི་མེད་ཤིང་དང་ཆུ་མང་བསྐྱེད།། བྱ་རྣམས་སྣ་ཚོགས་སྒྲ་འབྱིན་རི་དྭགས་མང་།།
ནེའུ་གསིང་སྔོན་པོ་ཡིད་འོང་བེེཌྰུར་འདྲ།། སྐྱེད་མོས་ཚལ་ལས་དཀའ་ཐུབ་ནགས་ཚལ་དགྱེས།།
ནགས་ཚལ་ལྕུག་མའི་ཁྲོད་དག་ན།། གཞོན་ནུ་འདི་གཉིས་ཕྲེང་བ་ཡིས།།
བརྒྱན་ཅིང་རྩེ་བ་གཟིགས་ན་ནི།། རྒྱལ་སྲིད་དག་ཀྱང་དགོས་མི་འགྱུར།།
དུས་ཀྱི་དབང་གིས་གྱུར་བ་ཡི།། ནགས་ཚལ་མཛེས་པ་གསར་བ་དང་།།
སྨན་ལྗོངས་འབབ་ཆུར་བཅས་པ་ཡི།། ནགས་ཚལ་དག་ན་དགྱེས་པར་འགྱུར།།
དགའ་བས་འཚལ་བའི་བྱ་རྣམས་ནི།། སྣ་ཚོགས་སྒྲ་འབྱིན་སིལ་སྙན་བཞིན།།
འདོད་ཆགས་བདེ་བའི་སློབ་དཔོན་གྱིས།། བསྟན་པའི་རྨ་བྱ་གར་ཡང་བྱེད།།
བུང་བའི་ན་ཆུང་གླུ་ལེན་པ།། རབ་ཏུ་སྙན་ཅིང་མ་སྨད་པ།།
ནགས་ཚལ་དག་ན་གླུ་གར་གྱིས།། ཁྱོད་ཀྱི་ཐུགས་ནི་དགྱེས་པར་བགྱིད།།
འབབ་ཆུའི་ན་ཆུང་གོར་མས་བསྐྱོད་པ་ཡི།། ཆབ་སྒྲ་སྙན་པ་ལྷང་ལྷང་སྒྲ་སྒྲོགས་པ།།
རྒྱན་གྱི་སྒྲ་སྣམས་སིལ་ཁྲོལ་མཆིས་པ་བཞིན།། ཁྱོད་ཀྱི་ཐུགས་ནི་རབ་ཏུ་དགྱེས་པར་བགྱིད།།
་་་་་་
ལྗོན་པའི་ཤིང་རྣམས་འབྲས་བུ་བཟང་པོ་ཡི།། རྩེ་མོ་བཏུད་ནས་མགྲོན་དུ་གཉེར་བ་བཞིན།།
བསོད་ནམས་མཐུ་ཡིས་མངོན་དུ་ལྟ་བྱེད་ཅིང་།། སློབ་མ་དུལ་བ་ཕྱག་ཀྱང་འཚལ་བ་འདྲ།།
གང་དུ་ཆུ་འདོད་གྱུར་པ་དེ་དག་ཏུ། དད་པའི་དཔུང་མགོས་པདྨ་བསྐྱོད་པ་ཡི།།
ཟེ་བ་ལྷགས་པས་སེར་པོ་གསལ་གྱུར་པའི།། མཚོ་རྣམས་དེ་ལ་རབ་ཏུ་བྱུང་བར་གྱུར།།
སྤྲིན་རྣམས་ཀྱིས་ཀྱང་བླ་རེ་བཟང་པོ་བྲེས།། སེར་བུ་བདེ་བའི་དྲི་ཞིམ་ངད་ཀྱང་ལྡང་།།
ངལ་བའི་སྡུག་བསྔལ་མྱོང་བ་མི་བཟོད་པས།། གནོད་སྦྱིན་རྣམས་ཀྱིས་དེ་ཡི་ལམ་ཡང་བསྟུངས།།
༣ ལྷ་དང་ལྷ་མིན་གཡུལ་གྱི་ལས།།
དེ་ནས་དེར་ནི་གཡུལ་བསྲེས་པས།། སྡར་མ་རྣམས་ནི་སྐྲག་པར་བྱེད།།
ཕན་ཚུལ་མཚོན་འདེབས་ཕྱེ་མར་ལྷགས།། གོ་ཆ་རྣམས་ནི་རལ་བར་གྱུར།།
ང་ནི་འདི་ན་འདུག་བཞིན་དུ།། མཐོང་བཞིན་ཐར་པ་ག་ལ་འགྱུར།།
ཐོབ་ཤིག་འདི་ནི་མེད་ཟིན་ཏོ།། དེ་ལྟར་ཕན་ཚུན་དམྱལ་འདྲར་གྱུར།།
དེ་ནས་མཚོན་ཆ་འཁྲུག་པ་ཡི།། སྒྲ་ཆེན་གཡུལ་ནི་བསྲེས་པ་དང་།།
རྔ་བརྡུངས་སྒྲ་ནི་གྲག་པ་ཡིས།། ནམ་མཁའི་ངོས་ནི་རལ་བ་བཞིན།།
བྲག་ལྟར་འཇིགས་པའི་གླང་ཆེན་དག། ཕན་ཚུན་འཐབ་མོ་འགྱེད་པ་ཡི།།
རྡུལ་གྱི་དྲི་ནི་མི་བཟོད་པ།། དུས་མཐའི་རླུང་གིས་གཡོས་པ་བཞིན།།
གློག་ལྟར་འགྱུ་བའི་བ་དན་ཅན།། ཤིང་རྟའི་སྒྲ་ཆེན་གྲག་པ་ནི།།
ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་པ།། སྤྲིན་ཆེན་གློ་བུར་ལངས་པ་བཞིན།།
ཕན་ཚུན་མདའ་རྣམས་འཕངས་པ་ཡིས།། ལྷ་དང་ལྷ་ཡིན་དཔའ་བོ་ཡི།།
གདུགས་དང་རྒྱལ་མཚན་གོ་ཆ་དང་།། ཅོད་པན་དག་ནི་འགྱེལ་བར་གྱུར།།
༤ རྒྱ་མཚོར་ཞུགས་པ།
དེ་ནས་ཨནྡ་རྙིལ་གྱི་འོད་ལྟར་སྔོ།། ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན།།
ཁོ་ར་ཁོར་ཡུག་ཆུ་འགྲམ་བལྟར་མི་སྣང་།། གཏིང་དཔག་དཀའ་བའི་མཚོ་མཇིང་ནང་དུ་ཞུགས།།
རླབས་ནི་རྣམ་པར་འཁྲུགས་ཤིང་ལྦུ་བ་འཐོར།། དྲག་པོའི་རླུང་གིས་བསྐྱོད་པས་འཇིགས་སྒྲ་འབྱིན།།
ཆུ་ཀུན་ཐ་མལ་འདུག་པས་རབ་ཏུ་གཡོས།། རྒྱ་མཚོ་དེ་མ་ཐག་ཏུ་འཁྲུགས་པར་གྱུར།།
ལྟས་ངན་གློ་བུར་ལངས་པའི་རླུང་གིས་བསྐྱོད།། རླབས་ཆེན་འཇིགས་སུ་རུང་བའི་ཤུགས་ཀྱིས་དཀྲུགས།།
དུས་མཐའི་རླུང་གིས་རི་གཡོས་ས་གཞི་བཞིན།། རྒྱ་མཚོའི་མཇིང་ནི་རབ་ཏུ་འཁྲུགས་པར་གྱུར།།
གློག་ཕྲེང་རྒྱུ་བའི་འོད་འབར་ལྕེ་གཡོ་བ།། སྦྲུལ་ནག་མགོ་མང་བཞིན་དུ་མདོག་སྔོ་བའི།།
སྤྲིན་གྱིས་ཉི་མའི་ལམ་ཡང་བསྒྲིབས་པར་གྱུར།། འབྲུག་སྒྲ་འཇིགས་སུ་རུང་བ་རྒྱུན་མར་གྲགས།།
སྤྲིན་ཆེན་འཐུག་པོས་འོད་ཀྱི་དྲ་བ་སྒྲིབ།། ཉི་མ་མཐར་གྱིས་ནུབ་ཏུ་ཉེ་ལ་གྱུར།།
ཉི་མ་ནུབ་པའི་སྐབས་ནི་རྙེད་པ་དང་།། མུན་པའང་རིམ་གྱིས་གནག་ཏུ་ཉེ་བར་གྱུར།།
ཆར་རྒྱུན་མདའ་ཡིས་རླབས་ལ་ཕོག་པ་དང་།། རྒྱ་མཚོའི་མཇིང་ནི་གནམ་དུ་བརྒལ་བ་འདྲ།།
གྲུ་ཡང་འཇིག་པ་བཞིན་དུ་རབ་ཏུ་གཡོས།། དེ་དག་སྙིང་ལ་འཇིགས་པ་སྐྱེད་པར་བྱེད།།
༥ སྤྲིན་ནག་འཁྲིགས་པ།།
ནག་པོའི་སྤྲིན་རྣམས་རི་བོའི་གྲིབ་མ་བཞིན།། ཕྱོགས་ཀྱི་ཐ་གྲུའི་ཚད་ནི་འཇལ་བ་བཞིན།།
སྤྲིན་མགོ་ནག་པོས་མུན་ནག་སྤེལ་བ་བཞིན།། མེ་ལོང་ནང་བཞིན་ནམ་མཁའི་དཀྱིལ་ན་མཛེས།།
རྨ་བྱ་རབ་དགའ་ཟེ་བ་སྦྲེལ་བ་རྣམས།། གླུ་གར་མཛེས་པས་རབ་ཏུ་བསྟོད་པ་བཞིན།།
སྤྲིན་ཚོགས་དེ་དག་དཔའ་བོ་དགོད་པ་བཞིན།། རྒྱུན་ཆགས་ཟབ་མོའི་སྒྲ་འཛིན་རྣམ་པར་མཛེས།།
དེ་ཡིས་ཆར་བ་མུ་ཏིག་གཏོར་བ་བཞིན།། ཆུ་རྒྱུན་འབབ་པས་རྡུལ་རྣམས་རབ་ཞི་ཞིང་།།
ཆར་སྤྲིན་ལངས་པའི་རླུང་གིས་རབ་བསྐྱོད་པས།། ས་གཞི་དྲི་ཞིམ་ངད་ཀྱིས་ཁྱབ་པར་གྱུར།།
དཔྱིད་ཀྱི་དུས་ལ་བབ་པས་རྣམ་སྤེལ་ཀྱང་།། ཉི་མའི་འོད་ཟེར་སྣང་བ་མེད་པར་གྱུར།།
ལྦུ་བའི་ཕྲེང་བ་འཁྲིགས་པས་བསྐོར་བ་ཡི།། ཆུ་རྣམས་ཤོང་བུ་དམའ་བར་འབབ་པར་གྱུར།།
འབྲུག་གི་རྔ་སྒྲས་རབ་ཏུ་དགའ་གྱུར་ནས།། གློག་ཕྲེང་འགྱུ་བ་བྲོ་གར་བྱེད་པ་བཞིན།།
ཡང་དང་ཡང་དུ་གསེར་འོད་གསལ་བ་ཡི།། འོད་ཟེར་འཕྲོ་བས་ཕྱོགས་རྣམས་ཁྱབ་པར་གྱུར།།
༦ ཡིད་བཞིན་གྱི་མཚོ་མོ།
ལྗོན་ཤིང་མེ་ཏོག་བཟང་ལྡན་ཞིང་།། ལོ་མ་བཟང་པོ་འོད་གསལ་རྣམས།།
དེ་ལ་ལྟད་མོ་ལྟར་ལྷགས་བཞིན།། མཚོ་ཡི་ཐ་མ་ཡོངས་སུ་བསྐོར།།
པདྨ་རྣམས་ནི་དགོད་པ་བཞིན།། ཆུ་རླབས་འཁྲུག་པས་གཡོ་བར་གྱུར།།
དེ་ལ་ཆགས་པའི་བུང་བ་རྣམས།། གཡོ་ཞིང་འཕུར་བ་མང་པོས་གང་།།
ཁ་ཅིག་ན་ནི་ཟླ་འོད་ཀྱིས།། ཁ་བྱེ་ཀུ་མུ་ཏ་དག་དང་།།
ཤིང་གི་གྲིབ་མས་བར་བཅད་པས།། ཁ་ཅིག་ཟླ་བའི་དུམ་བུ་འདྲ།།
པདྨ་ཨུཏྤལ་ཕྱེ་བ་རྣམས།། རླབས་ཀྱིས་སོར་མོས་བྲིས་པ་བཞིན།།
མཚོ་ཡི་འགྲམ་དག་རབ་ཏུ་བརྒྱན།། ཁ་ཅིག་གསེར་ཕྱེའི་རི་མོ་བཞིན།།
པདྨ་ཨུཏྤལ་འདབ་མ་དག གེ་སར་བཅས་པ་དེ་དང་དེར།།
མེ་ཏོག་སིལ་བ་བཀྲམ་པ་བཞིན།། རབ་ཏུ་ཉམས་དགའ་རྣམ་པར་མཛེས།།
ཆུ་ནི་རབ་གསལ་མི་གཡོ་བས།། ལུས་ཀྱི་ཡོན་ཏན་གསལ་མཛེས་པའི།།
ཉ་ཡི་ཚོགས་ནི་མང་པོ་དག། མཁའ་ལ་རྒྱུ་བ་འདྲ་བས་བརྒྱན།།
ལ་ལ་མུ་ཏིག་ཕྲེང་བཅད་བཞིན།། གླང་ཆེན་སྣ་ནས་བུས་པ་དང་།།
བྲག་ལ་ཕོག་པའི་ཆུ་འཕྲོས་པས།། རླབས་ཀྱི་ཕྱེ་མ་རབ་ཏུ་འཕྲོ།།
རིག་འཛིན་ན་ཆུང་ཁྲུས་བྱ་ཞིང་།། གླང་ཆེན་རྒྱལ་བའི་བསུང་དག་དང་།།
མེ་ཏོག་རྣམས་ཀྱི་ཕྱེ་མ་ཡིས།། ཁ་ཅིག་ཏུ་ནི་བསུང་བསྒོས་བཞིན།།
ཟླ་བའི་ཆུང་མ་སྐར་མ་རྣམས།། སྤྱི་ཡི་གདོང་ལྟ་མེ་ལོང་བཞིན།།
བྱ་རྣམས་དགའ་བ་མང་པོས་གང་།། དེ་ཡི་སྒྲ་སྙན་རབ་ཏུ་གྲགས།།
༧ པད་མཚོར་ཁྲུས་ལ་རོལ་བའི་བཙུན་མོའི་འཁོར།
དགའ་བའི་ཚལ་ལྟར་ཉམས་དགའ་མཛེས་པའི་ཚལ།། དེ་ཡི་བཙུན་མོའི་འཁོར་གྱིས་གང་བར་གྱུར།།
ལོངས་སྤྱོད་ཅན་གྱི་སྤྱོད་ཚུལ་མཛེས་པ་ཡི།། ན་ཆུང་ཆས་པ་རྣམས་ཀྱིས་བརྒྱན་པ་བཞིན།།
འཁྲི་ཤིང་འཁྱིལ་བས་གཏིབས་པ་ལྡིང་ཁང་བཞིན།། མེ་ཏོག་རྒྱས་པའི་ལྗོན་ཤིང་བཀོད་པ་བཞིན།།
པདྨ་རབ་ཏུ་རྒྱས་པའི་མཚོ་འགྲམ་ན།། བཙུན་མོ་རྣམས་ནི་རབ་ཏུ་དགའ་ཞིང་རྩེ།།
མེ་ཏོག་ཕྲེང་དང་ཁྲུས་ཀྱི་བྱུག་སྤོས་ཀྱི།། བསུང་ཞིམ་ངད་ཀྱིས་བུང་བ་འདུས་རྣམས་ལ།།
བཙུན་མོ་ཁ་ཅིག་ལྟད་མོ་ཆེར་ལྟ་བ།། ཡ་མཚན་ཆེར་གྱུར་བསྔགས་ཤིང་འཛུམ་པས་མཛེས།།
མེ་ཏོག་རྣ་ཆ་གསར་བས་རབ་ཏུ་མཛེས་པ་དང་།། སྐྲ་ཡི་རྒྱན་དུ་བཏགས་པའི་ཕྲེང་བ་མཛེས་ཡོད་ཀྱང་།།
དེ་དག་མེ་ཏོག་འདོད་པས་ཚིམ་པར་མ་གྱུར་ཏེ།། དེ་བཞིན་རྒྱལ་པོའི་བཙུན་མོ་རྩེ་བས་སྙིང་མ་ཚིམ།།
མེ་ཏོག་ཤིང་ལ་བུད་མེད་མིག་ལྟ་ཞིང་།། གཞལ་མེད་ཁང་ལ་ལྟ་བས་ཆགས་གྱུར་པ།།
པདྨའི་མཚོ་ན་བུང་བ་དངར་བ་བཞིན།། རབ་ཏུ་མཛེས་པ་རྒྱལ་པོས་མཐོང་བར་གྱུར།།
ཀོ་ཀི་ལ་དག་མྱོས་པའི་སྒྲ་རྣམས་དང་།། རྨ་བྱ་གར་བྱེད་བུང་བ་གླུ་ལེན་དང་།།
ན་ཆུང་ཚིག་སྨྲ་གླུ་ལེན་གར་བྱེད་པས།། དེ་དག་དེ་ན་རབ་ཏུ་མཛེས་པར་སྣང་།།
འབྲུག་སྒྲ་ཟབ་མོ་རྔ་སྒྲ་བརྡུངས་པ་བཞིན།། རྨ་བྱ་མང་པོ་ལྷང་ལྷང་སྒྲ་འབྱིན་ཞིང་།།
རབ་ཏུ་སྒྱུ་རྩལ་ཐབས་ཀྱིས་གར་བྱེད་པ།། རྒྱལ་པོ་དེ་ལ་རྨ་བྱ་གར་བྱེད་འདྲ།།
རྒྱ་གར་གྱི་མཁན་པོ་བིདྱྰ་ཀ་ར་སིྃ་ཧ་དང་། ཞུ་ཆེན་གྱི་ལོ་ཙྰ་བ་བནྡེ་མཉྫུ་ཤྲྰི་ཝརྨས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།
མང་གཙོ་དང་དམངས་གཙོའི་ཁྱད་པར་བཤད་པ་ཟམ་གདོང་རིན་པོ་ཆེ་ཨ་ཚ་ཚ་ཞེས་བྱ་བ་བཞུགས་སོ།
https://www.khabdha.org/?p=33634
མང་དང་དམངས་ཀྱི་ཁྱད་པར་མ་རྟོགས་པར།།
མང་གཙོ་འབྲི་བ་རང་སྣང་འཁྲུལ་བ་ཡིན།།
དམངས་གཙོའི་ཁུངས་ལུང་རྒྱུ་མཚན་འདི་ན་འཚེར།།
རང་དབང་ལྷ་མོ་སྤྱན་རས་འཁྱུག་ཙམ་གཡོས།།
མགོན་པོ་ཕྱག་གཉིས་བྱ་རྒྱལ་རྒོད་པོ་ཡིན།།
རྣམ་དཔྱོད་གཤོག་ཟུང་བརྐྱང་ནས་འཕུར་རྒྱུ་ཡིན།།
རི་བོ་མཐོ་མཐོ་ཡོད་ན་དམའ་བོ་བྱོས།།
བན་རྒན་མགོ་མཁྲེགས་ཡོད་ན་དམའ་བོ་བྱོས།།
དེང་གི་དུས་འདིར་དབྱིན་སྐད་ཀྱི་ Democracy ཞེས་པའི་ཚིག་ཐོག་མའི་སྐད་ཁུངས་གྷི་རིག་ལ་ཐུག་པ་འདི་ལ་ང་ཚོའི་སྤྱི་ཚོགས་ནང་མང་གཙོ་དང་དམངས་གཙོ་ཞེས་འབྲི་སྲོལ་མི་འདྲ་བ་གཉིས་ཡོད་པ་རེད། དེ་ལ་མཁས་པ་དུ་མ་ཞིག་ནས་རང་རང་གི་བཞེད་ཕྱོགས་མི་མཐུན་པ་བྲིས་ཏེ་རྩོད་གཞི་ཅན་ཞིག་ཏུ་གྱུར་ཞིང་ད་དུང་ཡང་ཡོངས་སུ་གཅིག་གྱུར་བྱུང་མེད་པ་རེད། རྩོད་གཞི་རྙིང་པ་འདི་ཡང་སྐྱར་གླེང་རྒྱུའི་འདོད་པ་ཆེན་པོ་མེད་ནའང་དྲ་གྲོགས་ BONPOལགས་ནས། ཁོ་བོས་བྲིས་པའི་རྩོམ། མཚོ་དང་འཚོ་ཡི་ཁྱད་པར་བཤད་པ་གཡུ་མཚོ་སྔོན་མོའི་ཐིགས་པ་ཞེས་པའི་དཔྱད་མཆན་ནང་འདིའི་སྐོར་ང་ལ་དྲི་བ་བཏོན་འདུག་པས་དྲི་ལན་མ་སྟོང་ཙམ་འབུལ་བར་བྱའོ།
གཅིག མང་གཙོ་ཞེས་པར་དཔྱད་པ།
མང་གཙོ་ཞེས་པའི་ཚིག་འདི་འབྲི་མཁན་གཙོ་བོ་ཞིག་ནི་ཟམ་གདོང་རིན་པོ་ཆེ་ཡིན་པ་དང་ཁོང་གི་སྐུ་དབང་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གིས་མཚོན་པའི་མི་སྐོར་ཞིག་ནས་ཚིག་འདི་འབྲི་བཞིན་པ་རེད། ཚིག་འདི་གོང་དུ་བརྗོད་པ་ལྟར་དབྱིན་ཚིག་ Democracyནས་ཡོང་བ་དང་། Demoནི་མི་མང་དང་cracyནི་དབང་བསྒྱུར་བའི་དོན། གྷི་རིག་གི་སྐད་ལྟར་ན་κράτος kratos ཡི་ཐད་ཀའི་དོན་ངོ་མ་ནི་ power ཏེ་སྟོབས་ཤུགས་ལ་འཇུག་པར་བཤད། དེ་ཡིན་ན་མི་མང་གི་སྟོབས་ཤུགས་སམ་གཙོ་ཤུགས་ཀྱིས་གྲུབ་པའི་གཞུང་དེ་ལ་གོ་བའོ། དབྱིན་ཚིག་འདིའི་གོ་བ་ལེན་སྟངས་དང་འགྲེལ་སྟངས་ལ་ང་ཚོར་རྩོད་གཞི་མེད་པར་ཕལ་ཆེར་གཅིག་མཐུན་རེད། དེས་ན་ད་ལྟའི་མི་མང་གི་ཆེད་དུ་མི་མང་གིས་གྲུབ་པའི་མི་མང་གི་གཞུང་འདི་ལ་དམངས་གཙོ་འབྲིའམ་མང་གཙོ་འབྲི་དེ་ང་ཚོའི་རྩོད་གཞི་རེད།
ཟམ་གདོང་རིན་པོ་ཆེས་མང་གཙོ་བྲིས་ན་ལེགས་པའི་སྐོར་ལ་རྩོམ་ཡིག་ཅིག་ཀྱང་བྲིས་ཏེ་ལྗང་གཞོན་༡༩༩༡ འདོན་ཐེངས་༢ ནང་བཀོད་པ་རེད། ཁོང་ནས་ གོང་གི་དབྱིན་ཚིག་དེའི་དོན ་་མི་མང་སྲིད་དབང་་ངམ ་་མི་མང་དབང་བསྒྱུར་་ ཞེས་བསྒྱུར་དགོས་ཚུལ་གསུངས་པ་དང་ཆབས་ཅིག ་་ཕྱིས་སུ་མི་མང་ནང་ནས་མང་ཕྱོགས་ཀྱིས་ཐག་གཅོད་བྱས་པའི་སྲིད་སྲོལ་ལའང་གོ་བར་འདུག་པས ་་མང་གཙོ་་ ཞེས་པ་དོན་དང་མི་འགལ། ཞེས་གསུངས། དེས་ན་མང་ཕྱོགས་ཀྱིས་ཐག་གཅོད་བྱེད་པ་ཙམ་ལ་བརྟེན་ནས་མང་གཙོ་ཞེས་བྲིས་པ་གསལ། ད་དུང་དེའི་རྒྱབ་རྟེན་དུ། ཆེས་སྔོན་ནས་རྒྱ་གར་དུ་བྱུང་བའི་སྲིད་ལུགས་ ་་ཚོགས་ཀྱིས་དབང་བ་་ དང་། ་་མང་པོས་བཀུར་བ་་ ཞེས་པའི་ཚིག་གཉིས་ལུང་དྲངས་ཤིང་དེ་ལ་འགྲེལ་བརྗོད་ཀྱང་གནང་འདུག
ཟམ་གདོང་རིན་པོ་ཆེའི་དགོངས་ཚུལ་འདི་ལ་ལྟ་ཙམ་བྱས་ན་བདེན་མདོག་དང་མང་གཙོ་ཟེར་ན་བདེ་མདོག་ཁ་པོ་ཡོད་ཀྱང་། ཞིབ་ཙམ་དཔྱད་པ་ཡིན་ན་གཞི་འཛིན་འོས་པའི་ཁུངས་ལུང་དང་གནས་ལུགས་ལྡན་པ་ཞིག་མ་རེད། རྒྱུ་མཚན་ནི་དེང་དུས་ཀྱི་ཌེ་མོ་ཁིར་སེ་ཞེས་པ་དེ་ནི་མང་ཕྱོགས་ཀྱིས་ཐག་གཅོད་བྱས་པ་ཙམ་གྱིས་སྟོན་ཐུབ་ཀྱི་ཡོད་པ་མ་རེད། ཚོགས་ཀྱིས་དབང་བ་དང་མང་བཀུར་ཡང་ཌེ་མོ་ཁིར་སེ་དང་རྒྱ་ཐག་རིང་བོ་རེད། མང་གཙོ་བྲིས་ན་ལེགས་པའི་དགོངས་ཚུལ་ཡོད་མཁན་གཞན་ཞིག་ནི། རག་ར་རིན་པོ་ཆེ་རེད། ཁོང་གིས་ཀྱང་ཟམ་གདོང་རིན་པོ་ཆེ་ལྟར། མང་པོས་བཀུར་བའི་ཚོགས་ཀྱིས་བསྐྱངས་པ། མང་བཀུར་སྡེ་པ་སོགས་ལ་མང་བཀུར་ལས་དམངས་བཀུར་ཞེས་ལོ་ཙྰ་བ་ཆེན་པོ་ཚོས་བྲིས་མེད་པ་དེ་ད་སྔོན་འཇུག་ཆིག་དང་ས་ཡང་འཇུག་ཅིག་བྲི་མ་མཁྱེན་པ་དང་བྲི་རྒྱུ་ལུས་པ་ག་ལ་ཡིན་ཟེར་ནས་བྲིས་འདུག དེ་ལ་མང་པོས་བཀུར་བ་དང་མང་བོའི་ཚོགས་ཀྱིས་བསྐྱངས་མང་དང་འབྲེལ་བས་དེ་ལྟར་བྲིས་པ་ནི་ཡང་དག་པའོ། ཌེམོ་ཁིར་སེ་ཡིས་མི་མང་གཙོ་བོ་ཡིན་པ་སྟོན་གྱི་ཡོད་པ་རེད། ད་དུང་འདྲ་མཉམ་དང་མི་སྒེར་གྱི་ཐོབ་ཐང་སོགས་ཀྱང་དེའི་ནང་ཚུད་ཡོད་པ་རེད། མང་གཙོ་ཟེར་བའི་མིང་དེས་མང་བ་ཙམ་ལས་མི་མང་གི་དོན་སྟོན་ཐུབ་ཀྱི་མེད་པ་རེད།
ང་ཚོ་ལ་དམངས་ཟེར་བའི་ཚིག་ཅིག་ཡོད་པ་རེད། དེས་མི་མང་གི་དོན་སྟོན་ཐུབ་ཀྱི་ཡོད་པ་རེད། དེས་ན། དམངས་གཙོ་ཟེར་ནས་བྲིས་ན་དེས་མི་མང་གཙོ་བོ་ཡིན་པ་དེ་སྟོན་པས། མང་གཙོ་ལས་དམངས་གཙོ་ཌེ་མོ་ཁིར་སེ་ཡི་དོན་དང་ཉེ་བ་རེད།
༡ ཟམ་གདོང་རིན་པོ་ཆེས་དམངས་གཙོ་དགག་པར་དཔྱད་པ།
ཟམ་གདོང་རིན་པོ་ཆེས་ ་་དམངས་གཙོ་་ཞེས་པ་ནི། ཌེམོཀེརེསྰི ཞེས་པའི་ཚིག་དོན་སྟོན་ནུས་པར་མ་མཐོང་ངོ་་ཞེས་བྲིས་འདུག དེའི་རྒྱུ་མཚན་དུ། མང་ཞེས་པ་གྲངས་ཀྱི་གསལ་བྱེད་དང་། དམངས་ཞེས་པ་རིགས་སམ་གྲལ་རིམ་གྱི་གསལ་བྱེད་ཡིན་ཞེས་ཚིག་མཛོད་དང་སྔོན་གྱི་འགྱུར་མི་འདྲ་བ་སོགས་ནས་ཁུངས་ལུང་མང་པོ་ཞིག་དྲངས་ཏེ། མཐར་དམངས་ཞེས་པ་བྲན་འཁོལ་དང་། གདོལ་པ། ཕལ་པ་བཅས་ཀྱི་དོན་ལས་མི་མང་དང་མང་ཚོགས་ཀྱི་གོ་བྱེད་དུ་སྦྱར་བ་གཅིག་ཀྱང་མེད། རྒྱུན་ལྡན་སྨྲ་བརྗོད་དུའང་། དམངས་རྩམ། དམངས་ཆང་། དམངས་གཞས་སོགས་མི་ཕལ་པའམ་གྲལ་རིམ་ཕལ་པ་ཞིག་གི་ཆེད་གོ་བ་ཡོངས་གྲགས་སུ་འདུག ཅེས་མ་བརྟག་པ་རྣམས་ཀྱི་ངོར་མཁས་བཤད་བླ་མ་མཁྱེན་ཞིག་གནང་འདུག་ཀྱང་། བརྟག་པ་ཡིན་ན་རང་གི་རྐུབ་གཡོགས་རངགིས་དབྲལ་འདུག གོང་གསལ་དམངས་ཀྱི་འཇུག་ཡུལ་ཚོའི་ནང་གི་ ་་ཕལ་པ་་ ཟེར་བ་དེ་ཅི་རེད། རིན་པོ་ཆེས་མི་ཕལ་པ་དང་གྲལ་རིམ་ཕལ་པ་ཟེར། མི་ཕལ་པ་དང་གྲལ་རིམ་ཕལ་པ་དེ་སུ་རེད། ཨ་དེ་ལ་རྨོངས་དགོས་པ་ཞིག་ཡོད་པ་མ་རེད། དེ་ནི་མི་མང་ཕལ་པའམ་དམངས་རྣམས་ལ་ཟེར་གྱི་ཡོད་པ་རེད། དེས་ན། དམངས་གཙོ་ཞེས་པའི་ཚིག་འདི་གོང་གི་རིན་པོ་ཆེའི་གསུང་། དམངས་རྩམ། དམངས་ཆང་། དམངས་གཞས་ཟེར་བ་དག་གི་གྲལ་དུ་ཤིན་ཏུ་ནས་ཀྱང་མཛའ་འོ། དམངས་རྩམ། དམངས་ཆང་། དམངས་གཞས་ཞེས་པའི་ཐ་སྙད་དག་ལས་དམངས་ཞེས་པ་འདིའང་མི་མང་ལ་འཇུག་པ་མ་གཏོགས་རིགས་དམན་པར་འཇུག་པ་མ་ཡིན་ནོ།
༢ ཟམ་གདོང་རིན་པོ་ཆེ་དམངས་གཙོར་རྣམ་རྟོག་ཟ་དོན་གཅིག་ནི། དམངས་དེ་རིགས་དམའ་བ་དང་གདོལ་པའི་དོན་ཡིན་པ་དེ་རེད། ཁོང་དམངས་གཙོ་ལ་རྣམ་རྟོག་ཟ་དོན་གཉིས་པ་ནི། ཁོང་ནས ་་དམངས་གཙོ་ཞེས་པའི་ཚིག་ནི། རྒྱ་དམར་གྱིས་བོད་དུ་བཙན་འཛུལ་རྗེས་སྐད་ཡིག་གི་བཙན་གནོན་གྱི་ཆ་ཤས་སུ་བྱུང་བ་ད་ལྟའི་བར་བོད་མིའི་ངག་རྒྱུན་ལ་སྣང་མེད་དུ་འབྱར་བ་ཞིག་ཡིན་པ་ངོས་ཟིན་དགོས། ཐོག་མའི་ཡིག་ཆ་འགའ་རེའི་ནང་། འབངས་གཙོ་དང་། མི་སེར་དབང་གཙོ། མི་སེར་རྒྱལ་ཁབ་སོགས་ཀྱི་ཚིག་སྦྱོར་ཐ་ཐོར་བྱུང་བའང་དམངས་གཙོ་ཞེས་པ་ལས་བཟང་བར་འདུག་་ཅེས་གསལ། འདི་ནི་བོད་མིའི་ངག་རྒྱུན་ལ་སྣང་མེད་དུ་འབྱར་བ་ཞིག་མིན་པར་།བོད་ཀྱི་མཁས་དབང་རྒན་པོ་ཚོས་དམངས་ཀྱི་གོ་དོན་ལེགས་པར་རྟོགས་པའི་སྒོ་ནས་ ་་མི་མང་གཙོ་བོ་་ ཡིན་པའི་དོན་ཅན་ལ་དམངས་གཙོ་ཞེས་བསྒྱུར་བ་ཞིག་རེད། འདི་ཡོངས་ཁུངས་རྒྱ་མིའི་དམར་གཞུང་ཡིན་ནའང་སྒྱུར་མཁན་བོད་ཀྱི་མཁས་དབང་རྒན་པ་ཚོ་རེད། ཁོང་ནས་འབངས་གཙོ་བཟང་བར་མཐོང་བ་དང་དམངས་གཙོ་མི་བཟང་བར་མཐོང་བ་ནི་ད་ལྟ་བལྟས་ན་ས་རིས་ཐང་གསལ་རེད། དམངས་དེ་གདོལ་པའི་དོན་དུ་མཐོང་བས་རེད། མི་སེར་དབང་གཙོ་ཟེར་བའི་ཚབ་དམངས་གཙོ་ཟེར་ན་ཧ་ཅང་སྟབས་བདེ་རེད་མོད་ཁོང་གི་ཐུགས་ནང་དམངས་ཀྱི་རིགས་རུས་འབྱུང་ཁུངས་ལེགས་པོ་མིན་པར་མཐོང་གི་ཡོད་པས་ཁག་མི་འདུག ཐོག་མའི་ཆར་གདོལ་པའི་དོན་ཅན་གྱི་དམངས་ཡིག་འདི་ད་ལྟ་མཐོ་བ་སྲིད་འཛིན་གྱི་ཁྱབ་ཁོངས་སུ་རྣམ་རྟོག་དང་བཙོག་ལྟ་མཁན་མེད་པར་སླེབས་པ་ཡིན་ན་དེ་ནི་ལྷག་ཏུའང་དམངས་གཙོའི་གོ་དོན་མཚོན་ཐུབ་ཀྱི་ཡོད་པ་རེད། ད་རུང་གྲལ་རིམ་གྱི་དབྱེ་བ་དང་རིགས་རུས་ཀྱི་མཐོ་དམན། སྲིད་དོན་ཚོགས་པ་བྱེ་བྲག་པར་རྣམ་རྟོག་སྐྱེས་བསྡད་ན་དམངས་གཙོ་ཟེར་བ་ཁ་ཙམ་མ་ཡིན་ནམ། ཨ་ཟམ་གདོང་རིན་པོ་ཆེ།
གཉིས། དམངས་གཙོར་དཔྱད་པ།
དབྱིག་ཡིག་གི་ཌེ་མོ་ཁིར་སི་ལ་དམངས་གཙོ་ཞེས་འབྲི་མཁན་ནི་རྒྱ་གཞུང་དང་བོད་ནང་གི་བོད་མི་ཡོངས་དང་བཙན་བྱོལ་དུའང་མི་གང་འཚམས་ཤིག་ཡོད་པར་འདོད། བོད་མིའི་མི་འབོར་ལ་བརྒྱ་ཆ་བཀུག་ན་དམངས་གཙོ་འབྲི་མཁན་མང་བ་ཡོད་པ་རེད། དམངས་གཙོ་ཟེར་བ་འདི་དང་པོ་ངོ་མ་ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར་རྒྱ་གཞུང་གི་བོད་ཡིག་ཡིག་ཆ་ཁག་ནང་དང་པོར་བྱུང་བ་རེད། དེ་ཡང་རྒྱ་ཡིག་གི་མེན་ཀྲུའུ་ཞེས་པ་དེ་ནས་བསྒྱུར་ཡོང་བ་རེད། མེན་ཀྲུའུ་ནི་མེན་ཟེར་ན་མི་མང་ངམ་དམངས་དང་། ཀྲུའུ་ཟེར་ན་གཙོ་བོའི་དོན་དག་ལ་འཇུག་པ་རེད། མི་མང་གཙོ་བོ་ཡིན་པའི་གཞུང་དེ་ལ་དམངས་གཙོ་ཞེས་བྲིས་ན་བདེ་མིན་མ་བཤད་གོང་། དམངས་ཞེས་པའི་དོན་འདི་ལ་དཔྱད་ཞིབ་མུ་མཐུད་དུ་བྱས་ནས་ཁུངས་ལུང་འཚོལ་དགོས་པ་དེ་གལ་ཆེན་པོར་མཐོང་།
༡ མི་མང་གི་ཚབ་ལ་དམངས་འབྲི་བ་དེ་རྒྱལ་དབང་ལྔ་པ་བར་ཁུངས་འདེད་བྱེད་ཐུབ།།
དམངས་གཙོའི་སྐོར་ལ་ཁུངས་ལུང་རྒྱུ་མཚན་ཡོད་པའི་དཔྱད་རྩོམ་ལེགས་པོ་ཞིག་སྔོན་མ་སྐུ་ངོ་ཞེ་བོ་ནས་བྲིས་པ་ཞིག་མཐོང་ཡང་ད་ལྟ་ཁོང་གི་ཕྱག་རྩོམ་དེ་འདིར་མེད། གསལ་པོ་ཞེ་དྲག་མེད་ཀྱང་ཁོང་གིས་མི་མང་ལ་མི་དམངས་ཞེས་པའི་འབྲི་སྲོལ་དེ་རྒྱལ་དབང་ལྔ་པའི་སྐབས་ཤིག་ནས་བྱུང་བར་ཁུངས་ལུང་རྒྱུ་མཚན་དྲངས་ཏེ་དཔྱད་རྩོམ་ལེགས་པོ་ཞིག་བྲིས་ཏེ་དམངས་གཙོ་འབྲི་མཁན་གྱི་ཕྱོགས་བཟུང་བ་རེད་བསམས། ཁོང་གི་རྩོམ་འདིར་མེད་ཀྱང་ངས་འདིར་རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀྰུ་ལའི་གོས་བཟང་ལ་མིག་བཤེར་ཙམ་བྱས་པས་མི་མང་གི་དོན་དང་འབྲེལ་བ་དང་མི་མིང་གི་དོན་ཅན་དམངས་ཡིག་ཁ་ཤས་ཤིག་རྙེད་སོང་། ཤེས་རིག་ལས་ཁུངས་ནས་པར་བརྒྱབ་པའི་འཁྲུངས་རབས་དེབ་༢ ཤོག་གྲངས༣༢༨ ཐོག ་་མི་དམངས་དེ་འདྲའི་ཡོན་ཏན་སློབ་པར་བླ་མར་མི་བརྩི་བའི་སྟབས་ཞལ་ངོ་ཡང་སྒྲའི་སློབ་དཔོན་ལ་ཐུགས་དོགས་ཆུང་་ཞེས་དང་། ཤོག་གྲངས་༣༢༩ལ། ་་གྲྭ་དམངས་ཀྱིས་གསུང་མ་ཉན་པར་་ ཞེས་དང་། ཤོག་གྲངས་༣༣༡ པར། ་་མི་དམངས་ཀྱིས་ཀུན་སློང་ངན་པས་དགོན་པ་བཏབ་་ཅེས་དང་།ཤོག་གྲངས་༤༠༢མགོར། ་་ནད་སྣ་ཐོར་བུ་བྱུང་བར་ཆོས་སྐྱོང་ཆེན་པོས་སྒར་དམངས་ལ་མཆེད་དོགས་པའི་ངོ་འདུག་པས་་ཞེས་དང་། ཤོག་གྲངས་༤༠༦ལ། ་་པྰ་རས་སྡེ་དམངས་དང་རྒྱ་འདྲེས་པའི་སྟོང་ཕྲག་ལྔ་ཙམ་ལ་་ཞེས་དང་། ཤོག་གྲངས་༤༣༡ན། ་་མི་དམངས་འདི་རྒྱུ་མཚན་མ་གོ་བའི་མཐོང་སྣང་ངན་པ་ཞིག་འདུག་པས་་ ཞེས་དང་། ཤོག་གྲངས་༤༨༡ན། ་་དེ་ནས་ཆོས་སྐྱོང་ལ་འཚལ་ཞེས་ཕྱིར་བསྟད་ནས་གསུམ་འཚལ་བའི་དམངས་དང་མི་མཐུན་པ་ཞིག་གདའ་་ཞེས་་སོགས་གསལ་ལ། དུ་ཀྰུ་ལིའི་མཇུག་སྡེ་སྲིད་ཀྱིས་བརྩམས་པ་ལྟར་ཁོང་ནས་ཀྱང་། ཤོག་གྲངས་༥༦༦ ལ། གྲྭ་དམངས་བརྒྱ་སྐོར་དང་ཞེས་དང་དེ་ནས་མར་གཤམ་དུ་སོག་དམངས་ལྔ་བརྒྱ་སྐོར་ལ་ཕྱག་ནས་གནང་ཞེས་སོགས་མི་མང་གི་ཚབ་ཏུ་དམངས་བྲིས་པ་གང་སར་མཐོང་རྒྱུ་ཡོད་པས་དམངས་དེ་རིགས་ངན་པ་གཅིག་པུ་ལས་མི་འཇུག་པའི་རྣམ་རྟོག་དེ་སྐྱེ་དགོས་མི་འདུག་ལ་མི་མང་གི་དོན་སྟོན་མི་ཐུབ་པར་འདོད་པ་དེའང་ནོར་འཁྲུལ་ཡིན་པ་རང་གི་ལུང་གིས་རང་གི་རྐུབ་གཡོགས་དབྲལ་ཡོད་པ་མ་ཟད་གོང་གསལ་འདི་དག་གིས་ཡང་སྐྱར་ཁོང་གི་ནོར་བར་གསལ་བཤད་བྱས་འདུག
༢ དམངས་དང་མང་གི་ཁྱད་པར།
དམངས་དང་མང་གི་ཁྱད་པར་ནི་བོད་ཡིག་ལ་གོ་བ་གང་འཚམས་ཡོད་པ་ཞིག་ཡིན་ཕྱིན་ལམ་སང་རྟོགས་ཐུབ་པ་ཞིག་རེད། དམངས་ནི་མིང་ཞིག་ཡིན་པ་དང་མིང་ཞིག་ཡིན་ཕྱིན་རང་ངོས་ནས་དོན་དག་ཅིག་སྟོན་ཐུབ་པ་རེད། དམངས་ཞེས་པའི་མིང་རྐྱང་ངམ་ཡི་གེ་རྐྱང་བ་འདི་གཅིག་པུས་ཀྱང་མི་མང་ཞེས་ཡིག་འབྲུ་གཉིས་ཅན་འདིའི་དོན་ཆ་ཚང་སྟོན་ཐུབ་པ་རེད། ཡང་དེ་ལས་ལྡོག་སྟེ་མང་ཞེས་པ་འདི་ནི་མིང་གི་ཁྱད་ཆོས་སྟོན་བྱེད་ཀྱི་ཚིག་ཅིག་ཡིན་པས་མིང་གཞན་ཞིག་དང་མཉམ་སྦྱར་མ་བྱས་པར་རང་ངོས་ནས་དོན་གང་ཡང་སྟོན་མི་ཐུབ་པ་རེད། དམངས་གཙོ་ཟེར་ན་མི་མང་གཙོ་བོ་ཡིན་པའི་ཌེ་མོ་ཁིར་སེའི་དོན་སྟོན་ཐུབ་ཀྱང་། མང་གཙོ་ཟེར་ན་མང་བ་ཙམ་གཙོ་བོ་སྟོན་པ་ལས་དམངས་གཙོའི་གོ་དོན་སྟོན་མི་ཐུབ་བོ། བར་འདིར་ངས་ངེས་པར་དྲན་གསོ་བྱེད་འདོད་པ་ཞིག་ལ། ལ་རྩེ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་པདྨ་འབུམ་ལགས་ཀྱིས་ཀྱང་། མང་ལས་མཆེད་པའི་དམངས་ཞེས་པའི་དཔྱད་རྩོམ་སྤྲོ་སྣང་སྟེར་ཐུབ་པ་ཞིག་བྲིས་ཏེ་མང་གཙོ་ལས་དམངས་གཙོ་ལེགས་པ་དང་བོད་ཕྱི་ནང་གཉིས་སུ་རྒྱུག་ཆེ་ཚུལ་བྲིས་ཏེ། ལྗང་གཞོན་ ༡༩༩༡ །༣ པའི་ཐོག་བཀོད་ཡོད་པ་རེད། ཁོང་གི་དཔྱད་རྩོམ་ནང་། དམངས་ལ་ཁུངས་ལུང་ཡོད་མེད་དང་སྔོན་མ་ནས་འབྲི་རྒྱུན་ཡོད་མེད་སོགས་གླེང་སློང་མ་བྱས་པར། མང་དང་དམངས་ཞེས་པའི་མིང་ཚིག་འདི་གཉིས་རང་གི་གྲུབ་ཚུལ་དང་འབྲེལ་བའི་སྐོར་བོད་ཀྱི་སྐད་དང་བརྡ་སྤྲོད་ཀྱི་གྲུབ་སྟངས་གཞིར་བཟུང་ནས་དཔྱད་བརྗོད་སྙིང་རྗེ་བོ་ཞིག་བྱས་ཡོད་པ་རེད། ཁོང་ནས། ་་ཟམ་གདོང་རིན་པོ་ཆེས་གཞུང་ལུགས་ཁག་དང་སྐད་རིགས་ཁག་ལ་དཔྱད་བསྡུར་གྱིས་ཐུགས་ཞིབ་གནང་བ་གལ་ཆེན་པོར་བཟུང་སྟེ། མང་དང་དམངས་གཉིས་ཀྱི་ཚིག་གི་ངོ་བོ་དང་འབྲེལ་བ་བཅས་ལ་ཐུགས་ཞིབ་གནང་རྒྱུ་མ་བྱུང་བ་འདྲ་་ ཞེས་ མང་དང་མངས། དམངས་བཅས་ཀྱི་འབྲེལ་བ་དང་མང་ལས་དམངས་མཆེད་ཚུལ། ཁྱད་ཚིག་མང་གིས་དོན་བྱེ་བྲག་པ་ཞིག་སྟོན་མི་ཐུབ་པ་དཔེ་མཚོན་དང་བཅས་རྒྱས་བཤད་བྱས་ཡོད་པ་དང་། དམངས་ཡིག་གིས་གཞུང་གི་ཁྲིམས་འོག་ཏུ་ཚུད་པའི་མི་སེར་ཡོངས་རྫོགས་སྟོན་ཐུབ་པར་བཤད་པ་སོགས་ནི་སྲིད་དོན་དང་ཆེར་མ་འབྲེལ་བར་བོད་ཀྱི་སྐད་དང་བརྡ་སྤྲོད་གཞིར་བཞག་ནས་བྲིས་པའི་དཔྱད་བརྗོད་ལེགས་པོ་ཞིག་ཏུ་མཐོང་། ཞེ་བོ་བློ་བཟང་དར་རྒྱས་ལགས་དང་པདྨ་འབུམ་ལགས་ཀྱི་དཔྱད་བརྗོད་གཉིས་ཀྱིས་ངས་དམངས་གཙོ་བྲིས་ན་བཟང་བར་མཐོང་བའི་ལྟ་ཚུལ་ལ་ཤུགས་རྐྱེན་ཐེབས་ཡོད་ཅེས་འདིར་བཤད་འདོད་བྱུང་།
སྡོམ།
མཐའ་སྡོམ་ནི། གོང་གསལ་དཔྱད་ཞིབ་ཁག་ལས་ཤེས་ཐུབ་པ་ནི། ༡ དམངས་དེ་གདོལ་པ་དང་རིགས་ཐ་མ་གཅིག་པུའི་དོན་ལས་འདས་ཏེ་མི་མང་གི་དོན་སྟོན་ཐུབ་པ་གསལ་པོ་ཞེ་དྲག་རེད། ༢ དམངས་གཙོས་ཌེ་མོ་ཁིར་སེའི་དོན་མི་མང་གཙོ་ཆེ་བ་དེ་སྟོན་ཐུབ་ཀྱང་མང་གཙོས་མང་བ་གཙོ་ཆེ་བ་ཙམ་ལས་མི་མང་གཙོ་ཆེ་བ་སྟོན་མི་ཐུབ་བོ། ༣ དམངས་གཙོ་ནི་བོད་ཡིག་ནང་འབྲི་སྤྱོད་བྱས་ཏེ་ཉུང་མཐར་ལོ་དྲུག་ཅུ་ལྷག་གི་ལོ་རྒྱུས་ཡོད་པ་དང་འབྲི་ཁྱབ་ཆེ་བ། ཟམ་གདོང་རིན་པོ་ཆེ་བར་དུ་དེ་ལ་རྩོད་གླེང་བྱེད་མཁན་སུ་གང་ཡང་བྱུང་མེད་པ།
༤ ཟམ་གདོང་རིན་པོ་ཆེའི་སྐབས་ནས་དམངས་གཙོ་ལ་འབྲི་ཐབས་གཉིས་བྱུང་བ་ཡང་། མཐར་དེད་ཕྱིན་ན་ཁོང་གི་དགོངས་ཚུལ་དེ་ཚོ་ཁུངས་གང་ཡང་མེད་པ།
༥ གོང་གསལ་རྒྱུ་མཚན་དག་ལས་སྔར་བཞིན་ཚང་མས་གཅིག་གྱུར་གྱིས་དམངས་གཙོ་རང་བཀོལ་ན་ལེགས་ཤོས་དང་འཚམས་ཤོས་སུ་མཐོང་བ་བཅས་རེ་ཞིག་རྫོགས་སོ།
སྨྲས་པ། མང་བ་གཙོ་ཆེ་ཙམ་ནི་དམངས་གཙོ་མིན།།
མང་པོས་ཚོགས་ཀྱིས་བསྐྱངས་པ་དམངས་གཙོ་མིན།།
མང་པོས་བཀུར་བ་ཙམ་ཡང་དམངས་གཙོ་མིན།
དམངས་རིགས་གདོལ་པར་བཤད་ན་དམངས་གཙོ་མིན།།
མཚོ་དང་འཚོ་ཡི་ཁྱད་པར་བཤད་པ་གཡུ་མཚོ་སྔོན་མོའི་ཐིགས་པ།
https://www.khabdha.org/?p=33564
ཨ་ཅེ་གཡུ་མཚོ་ལྷ་འཚོ་དགྱེས་པའི་ཕྱིར།།
མཚོ་དང་འཚོ་ཡི་བཤད་པ་འདི་ན་སྤྲོ།།
ལྷ་སྨན་རྣམས་ཀྱིས་སྨྱུག་ཁ་རྟག་འཚོ་ཞིང་།།
རིག་པའི་གླེང་མོ་བྱེད་ལ་གྲོགས་བྱེད་ཤོག།
སྔོན་འཇུག་མ་ཐོབ་པའི་མཚོ་དང་སྔོན་འཇུག་འ་ཐོབ་པའི་འཚོ་འདི་གཉིས་ནི་སྒྲ་ཉེ་ཡང་དོན་ཁ་ཁ་ཡིན་པར་མཁས་པ་རྣམས་ལ་རྩོད་གཞི་ཁྱོད་ནས་མེད་པ་ཞིག་རེད། མ་མཚོ་ནི་རྒྱ་མཚོ་དང་མཚོ་ལ་འཇུག་པ་དང་འ་འཚོ་ནི་སྲོག་འཚོ་བ། ཕྱུགས་འཚོ་བ། སྲུང་བའི་དོན་ཅན་དང་། འཇིག་རྟེན་མིའི་འཚོ་བ་ལ་འཇུག་པའོ། ཐ་སྙད་འདི་གཉིས་ནི་འཇུག་ཡུལ་མི་གཅིག་ཁ་ཁ་རེད། དེ་ལྟར་ཡང་། ཐ་སྙད་འདི་གཉིས་མིའི་མིང་གི་རྗེས་སུ་སྦྱོར་སྐབས་འབྲི་ཚུལ་མི་མཐུན་པ་འདྲ་མིན་ཞིག་ཡོང་གི་འདུག འདི་གཉིས་ལས་གང་ཞིག་དག་མིན་སྐོར་ལ་བསམ་ཚུལ་བཤད་པ་ཡང་རེ་ཟུང་རེ་མཐོང་རྒྱུ་འདུག ཡག་པོ་ཞིག་བསམ་བློ་བཏང་ན། གང་ཞིག་དག་མིན་ཟེར་ནས་མིང་གི་རྗེས་སུ་ཡང་ན་མཚོ་དང་མིན་ན་འཚོ་ཡིན་དགོས་པར་བསམ་པ་དང་འབྲི་ཚུལ་གཅིག་རང་ལ་གཏན་འཁེལ་དགོས་བསམ་པ་དེ་ནི་ནོར་འཁྲུལ་ཅན་གྱི་བསམ་ཚུལ་ཞིག་རེད། དེ་ཡང་མཚོ་དང་འཚོ་གཉིས་ཀྱི་དོན་དག་ཡག་པོ་མ་ཤེས་པ་དེ་ལ་ཐུག་འདུག་སྙམ། ངས་འདིར་བཤད་འདོད་ན་ནི། མཚོ་དང་འཚོ་གཉིས་ཀ་མིང་གི་རྗེས་སུ་འཇུག་པ་རེད་ཟེར་ནས་བཤད་འདོད་བྱུང་། ཡིན་ནའང་། མིང་འདི་གཉིས་དོན་དག་ཁ་ཁ་ཡིན་པས་མིང་གི་རྗེས་སུ་སྦྱོར་ཚུལ་ཡང་ཁ་ཁ་རེད། དེས་ན། མིང་གང་གི་རྗེས་སུ་མཚོ་ཐོབ་པ་དང་མིང་གང་གི་རྗེས་སུ་འཚོ་ཐོབ་པ་རེད་ཟེར་ན། ཤེས་དགོས་པ་དང་པོ་དེ་མིང་འདི་གཉིས་ཀྱི་དོན་དག་ཡག་པོ་ཤེས་དགོས་པ་དེ་རེད།
༡ མིང་གི་རྗེས་སུ་འཚོ་ཐོབ་པ།
ང་ཚོའི་སྔོན་མའི་བསྟན་བཅོས་ཁག་ན། མཁན་ཆེན་ཞི་བ་འཚོ། ས་འཚོ་གྲགས་འཛིན་མ། པཎ་ཊི་ཏ་བློ་སེམས་འཚོ་ཟེར་བ་ལྟ་བུའི་རྗེས་སུ་འ་འཚོ་སྦྱར་འདུག ས་འཚོ་ཟེར་བ་དང་བློ་སེམས་འཚོ་ཟེར་བའི་འཚོ་དེ་ལེགས་སྦྱར་སྐད་ཅི་འདྲ་ཞིག་ནས་བསྒྱུར་ཡོང་བར་ཟུར་ལྟ་བྱེད་ས་མ་རག་ཀྱང་། ཞི་བ་འཚོ་ཟེར་བ་ནི་ལེགས་སྦྱར་གྱི་སྐད་ཤནྟ་རཀྵིཏ་བོད་སྐད་དུ་བསྒྱུར་བ་ལས་བྱུང་བ་ཞིག་རེད། རཀྵི་ཏ་ནི་འཚོ་བའི་དོན་ཅན་དུ་བསྒྱུར་ཡོད་པ་དང་ཡང་སྐབས་རེར་སྲུང་བའི་དོན་ཅན་དུ་བསྒྱུར་ཡོད་པ་ནི། དཔེར་ན། ནཱགེནྡྲ་རཀྵི་ཏ་ལ་ཀླུའི་དབང་བོ་སྲུང་བ་ཞེས་བསྒྱུར་ཡོད་པ་ལྟ་བུ་རེད། བོད་སྐད་དུ་འཚོ་བ་དང་སྲུང་བའི་དོན་གཅིག་པའི་སྐབས་ཡོད་པ་རེད། དཔེར་ན། དཀོན་མཆོག་འཚོ་ཟེར་ན་དཀོན་མཆོག་གི་སྲུང་བའམ་འཚོ་བའི་དོན་ཡིན་པ་རེད། འདི་ནི་དཀོན་མཆོག་སྐྱབས་ཟེར་བ་དང་ཡོངས་སུ་གཅིག་པ་མིན་ནའང་འདྲ་བའི་ཆ་ཡོད་པ་རེད། དེས་ན་མིང་འདི་རིགས་ཏེ། ཏྰ་རེ་འཚོ། སངས་རྒྱས་འཚོ། མགོན་པོ་འཚོ། རྣམ་རྒྱལ་འཚོ། གདུགས་དཀར་འཚོ། ལྷ་མོ་འཚོ་ཟེར་ནས་བྲིས་ན་དག་པ་དང་དོན་དག་འགྲེལ་དུ་ཡོད་པ་རེད། མིང་འདི་རིགས་ལ་མ་མཚོ་སྦྱར་བ་ཡིན་ན་གོ་རྒྱུ་གང་ཡང་མེད་པ་རེད།
༢ མིང་གི་རྗེས་སུ་མཚོ་ཐོབ་པ།
མིང་གང་འདྲ་བའི་རྗེས་སུ་མ་མཚོ་ཐོབ་པར་ཤེས་དགོས་ན། གོང་དུ་བརྗོད་པ་ལྟར་དང་པོ་མཚོ་ཡི་དོན་དག་ཤེས་དགོས་པ་རེད། མཚོ་ནི་འཚོ་བཞིན་འཇུག་ཡུལ་དུ་མ་ཞིག་མེད་པར་རྒྱ་མཚོ་དང་མཚོ་ལ་འཇུག་པ་དང་རྒྱ་མཚོ་ལས་འཕྲོས་ཏེ་རྒྱ་ཆེ་བ་དང་མང་བའི་དོན་ལ་མ་གཏོགས་འཇུག་ཡུལ་མང་པོ་མེད་པའི་མིང་ཚིག་སྟབས་བདེ་ཞིག་ཡིན་པས་དེའི་སྦྱོར་ཚུལ་དེའང་རྙོག་དྲ་ཅན་ཞིག་མ་རེད། ང་ཚོ་བོད་མི་རྣམས་ནི་རང་བྱུང་ནས་འཚར་ལོངས་བྱུང་ཞིང་རང་བྱུང་དང་འབྲེལ་བ་དམིགས་བསལ་ཡོད་པ་དང་དེ་ལ་དགའ་མོས་ཡོད་པ་ཞིག་རེད་ལ། ལྷག་པར་དུ་རང་བྱུང་གི་གཡུ་མཚོ་སྔོན་མོ་དག་ལ་དགའ་མོས་ཡོད་པས། མི་ཡི་མིང་ལ་རྒྱ་མཚོ་ཅན་མང་པོ་ཡོད་པ་དང་བུད་མེད་མཚོ་མོའི་མིང་ཅན་མང་པོ་ཞིག་ཡོད་པ་རེད། དཔེ་བཞག་ན། བསོད་ནམས་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ་ལྟ་བུའི་ཕོ་མིང་དང་། གཡུ་མཚོ། གནམ་མཚོ། མཚོ་རྒྱལ། མཚོ་མོ། ལྟ་བུ་རེད། དེ་དག་ལ་མ་མཚོ་ཐོབ་པ་ལ་ནི་ཕལ་ཆེར་རྩོད་གཞི་མེད་པ་ཞིག་རེད།
༣ མིང་གི་རྗེས་སུ་མཚོ་དང་འཚོ་གཉིས་གང་ཐོབ་འདམ་ཁ་ཅན།
མིང་གང་འདྲ་ཞིག་གི་རྗེས་སུ་འ་འཚོ་ཐོབ་པ་དང་ཡང་གང་འདྲ་ཞིག་གི་རྗེས་སུ་མ་མཚོ་ཐོབ་པ་གོང་དུ་མདོར་བསྡུས་ཤིག་བཤད་ཟིན། ཡིན་ན་ཡང་། ད་རུང་དེ་ཙམ་གྱིས་མཚོ་དང་འཚོ་ཅན་གྱི་མིང་ཡོངས་སུ་རྫོགས་པ་ཐག་ཆོད་མེད། ད་རུང་བསམ་ཞིབ་བྱས་ཡོང་ན་མིང་སྐོར་ཞིག་ལ་འ་འཚོ་ཐོབ་དང་མ་མཚོ་ཐོབ་ཐེ་ཚོམ་གྱི་གཞི་རུ་འགྱུར་ཞིང་། དོན་དག་ལ་བསམ་བློ་བཏང་ན་གཉིས་ཀའི་གང་ཡང་སྤྱད་རུང་བ་དེ་འདྲའི་མིང་ཡང་སྐོར་ཞིག་ཡོད་པ་ནི། བདེ་སྐྱིད་དང་བསོད་ནམས་ལྟ་བུ་རེད། བདེ་སྐྱིད་འཚོ། བསོད་ནམས་འཚོ་ཟེར་ནས་བྲིས་ན། བདེ་སྐྱིད་དང་ལྡན་པའི་ངང་འཚོ་བ་དང་བདེ་སྐྱིད་ལ་རོལ་བའམ་བདེ་སྐྱིད་ཀྱིས་སྲུང་བའི་དོན་དུ་འགྲེལ་ཆོག་པ་དང་། བསོད་ནམས་འཚོ་ཟེར་ནའང་དེ་བཞིན་ནོ། ཡང་བདེ་སྐྱིད་མཚོ་དང་བསོད་ནམས་མཚོ་ཟེར་ན། བདེ་སྐྱིད་ཀྱི་མཚོ་མོ་དང་བསོད་ནམས་ཀྱི་མཚོ་མོ་སྟེ། བདེ་སྐྱིད་དང་བསོད་ནམས་རྒྱ་ཆེན་པོ་ཡོང་བར་སྨོན་པའི་དོན་ཅན་ཡིན་པའོ། དེ་བཞིན་ད་རུང་མཚོ་སྐྱིད་དང་ཡང་ན་སྐྱིད་མཚོ་ལྟ་བུའང་འཚོ་དང་མཚོ་གཉིས་ལས་གང་ཡང་སྦྱར་ཆོག་པའོ། འདི་རིགས་ནི་རང་རང་གི་འདོད་མོས་དང་མཐུན་པར་གང་ཡང་སྦྱར་རུང་བའོ། དོན་དག་ལ་ཅུང་ཟད་ཁྱད་པར་ཡོད་པ་དེ་ཤེས་དགོས་པའོ། གཞན་དང་གཞན་གྱི་མཚོ་དང་འཚོ་ཡི་མིང་ཅན་དག་ལའང་གོང་གསལ་གྱི་དོན་ཚན་གསུམ་གྱི་གང་གི་ཁོངས་སུ་གཏོགས་མིན་རིགས་བསྒྲེ་བར་བྱ།
བོད་ཀྱི་མིང་བརྡ་རྒྱ་ཆེན་མཚོ་མོ་ལས།།
མཚོ་དང་འཚོ་ཡི་ཐིགས་པ་ཆུང་ཆུང་གཉིས།།
སོར་རྩེར་བཏེགས་ཏེ་མ་སྲུ་མོ་སྨན་མཆོད།།
དགའ་བའི་དར་ཁ་ཡོངས་སུ་ཕྱེ་བར་ཤོག།
དབུ་མའི་ལམ། རེ་ཐག་ཆད་རྒྱུ་མེད་པའི་རེ་སྟོང་གི་རྨི་ལམ།
k: https://www.khabdha.org/?p=31580
ཆབ་སྲིད་དཔྱད་གླེང་འདོན་ཐེངས་གཉིས་པ་ལས་དྲངས་ཞེས་པའི་ཟམ་གདོང་རིན་པོ་ཆེའི་གསུང་བཤད་ལ་བལྟས་རྗེས།
ད་རུང་རྨོངས་སྡོད་པ་དེ་ཐབས་སྐྱོ་བོ་ཞེ་དྲག་རེད། ཟམ་གདོང་རིན་པོ་ཆེས ་་༼བསམ་འཆར་༽ཡིག་ཆ་དེ་བཞག་ནས་ཐབས་ལམ་གསར་པ་ཞིག་བཙལ་དགོས་ཀྱི་ཡོད་པར་ནམ་ཡང་ངོས་འཛིན་བྱེད་ཀྱི་མེད་ལ། དེ་འདྲའི་བསམ་ཚུལ་ཞིག་རྩ་བ་ཉིད་ནས་མེད།་་ ཟེར། འདི་ནི་རྩ་བ་ནས་འགྲིགས་མེད་པ་དང་རྒྱ་ནག་གི་གནས་ཚུལ་ཡོངས་སུ་མ་ཤེས་པའི་སྣང་བ་སྐྱིད་པོའི་སྐད་ཆ་ཞིག་རེད་ལ་རང་མགོ་རང་གཡོག་དང་ངང་སྒུག་བྱེད་རྒྱུ། རེ་སྟོང་ཞིག་ལས་མ་མཆིས། ནོར་འཁྲུལ་ཅན་གྱི་བསམ་ཚུལ་འདིའི་རྩ་བ་ཐུག་སའང་གཤམ་གྱི་སྐད་ཆ་འདི་རེད།
་་མི་དང་མི་གདོང་ཐུག་ནས་སྐད་ཆ་བཤད་པའི་སྐབས་་ ་་འབྱུང་འགྱུར་འབྲེལ་མོལ་དང་གྲོས་མོལ་བྱེད་རྒྱུའི་གོ་སྐབས་ག་དུས་བྱུང་ནའང་། ང་ཚོའི་ངོས་ནས་སྐད་ཆ་བཤད་རྒྱུའི་གཞི་རྩ་ལྟེ་བ་ལ་བཟུང་ནས་འགྲོ་རྒྱུ་རེད།་་ བསམ་ཚུལ་འདི་རེད། ང་དགོད་ཤོར་སོང་།
བཀུར་བར་འོས་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ། ཁྱེད་ཀྱིས་བོད་དོན་གྱི་ཆེད་དུ་རྒྱ་མི་དང་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཤིག་འབྱུང་གི་རེད་བསམ་མམ། ཁྱེད་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཐུག་པའི་སྐབས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་གི་རེད་བསམ་མམ། ག་རེ་བྱས་ནས་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་དགོས་པ་རེད། དེའི་རྒྱུ་མཚན་ཞིག་གསུངས་དང་།
སྔོན་མའི་འབྲེལ་མོལ་ཁ་ཤས་བྱུང་བ་དེ་ནི་བོད་དོན་ཐག་གཅོད་པའི་ཆེད་མ་རེད་ད། ཁོ་ཚོས་ཕར་ཕྱོགས་སུ་ཁ་གསལ་བོ་བྱས་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཁོ་ཚོའི་དམིགས་ཡུལ་ནི་༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་བསྡུ་གསོག་བརྒྱབ་ནས་ཕར་གུང་ཁྲན་འོག་འཐབ་ཕྱོགས་གཅིག་གྱུར་བྱ་རྒྱུ་དེ་རེད། དེ་འདྲ་ཡིན་ཙང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བཙན་བྱོལ་བོད་གཞུང་དང་འབྲེལ་མོལ་ཁ་ཤས་བྱེད་དགོས་བྱུང་པ་རེད། ཕན་ཚུན་གཉིས་ཀྱི་དམིགས་ཡུལ་ཁ་ཁ་ཡིན་ནའང་། ཚུར་ཕྱོགས་ནས་བོད་དོན་གླེང་བ་དེ་རང་བཞིན་གྱིས་རྒྱལ་བ་རིན་པོ་ཆེ་ཕར་ཕེབས་པའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཞིག་ཏུ་གྱུར་པ་རེད།
བསམ་ཆར་ཡིག་ཆ་དེ་གལ་སྲིད་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གད་སྙིགས་ནང་གཡུག་མེད་པར་རྒྱལ་སྲིད་སྤྱི་ཁང་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཅོག་ཙེའི་སྒང་སྟབས་ཡག་ནས་སླེབས་ཡོད་པ་ཡིན་ན། དེ་དང་ད་བར་དུ་བོད་ནང་དུའང་དེ་དང་འདྲ་བའི་སྙན་ཞུ་དང་དགོངས་ཚུལ་བཏོན་པ་ཚང་མ། མི་རིགས་སྲིད་བྱུས་གསར་པ་ཞིག་གཏན་འབེབས་གནང་སྐབས་གཞི་འཛིན་ས་ཞིག་ཆགས་སྲིད་ཀྱི་རེད། ཡིན་ནའང་ཁོ་ཚོས་ཁྲིམས་གསར་བཟོ་ལ་བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱེད་དགོས་པའི་དོན་དག་ཁོ་རང་ཡོད་པ་མ་རེད། ངས་དཔེ་མཚོན་གཅིག་འཇོག སྔོན་ཧུའུ་ཡའོ་པང་གི་སྐབས། བོད་ནང་སྲིད་བྱུས་ཅུང་ཟད་གུ་ཡངས་པོ་ཞིག་བཟུང་བ་རེད། བོད་ཀྱི་ཆེད་བཞུགས་མོལ་ཚོགས་འདུའང་རིམ་པར་གནང་བ་རེད། ༧པཎ་ཆེན་རིན་པོ་ཆེ་དང་ཕུན་ཚོགས་དབང་རྒྱལ་སོགས་ཀྱི་དགོངས་ཚུལ་ལའང་ཉན་པ་རེད། མི་རིགས་སྲིད་བྱུས་ལ་ལེགས་བཅོས་བྱེད་རྒྱུའི་དམིགས་ཡུལ་ཡག་པོ་ཞིག་ཡོད་པ་འདྲ། ཡིན་ནའང་། མི་རིགས་སྲིད་བྱུས་ག་འདྲ་ཞིག་འཛིན་དགོས་མིན་ཐད་བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱས་མེད་པ་ལྟར་རེད། སྲིད་བྱུས་བཟང་དུ་བཏང་ནས་༧རྒྱལ་བ་རིན་པོེ་ཆེ་གདན་འདྲེན་ཞུ་རྒྱུའི་བསམ་ཚུལ་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད།
དེའང་རྗེས་མའང་སྲིད་བྱུས་གསར་པ་བཟོ་བའི་དུས་ཤིག་ཡོང་གི་རེད། དམངས་གཙོ་དོན་དང་ལྡན་པ་ཞིག་ཡོང་ན་བོད་ནང་གི་བོད་ཀྱི་འཐུས་མི་ཚོའི་དགོངས་ཚུལ་དང་ད་བར་གྱི་བོད་དོན་སྙན་ཞུ་གལ་ཆེན་ཁག་གཞིར་བཟུང་ནས་མི་སྲིད་བྱུས་ཤིག་བཟོ་གི་རེད། དེ་བཟོ་བར་བཙན་བྱོལ་བོད་གཞུང་དང་འབྲེལ་བ་བྱེད་དགོས་པ་དང་སྐད་ཆ་བཤད་དགོས་པའི་དོན་དག་ཁོ་རང་ཡོད་པ་མ་རེད། ཚད་མཐོའི་རང་སྐྱོང་ཟེར་བ་དེ་གུང་གཞུང་གི་སྲིད་བྱུས་འགྱུར་བ་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོས་ལེན་ཐུབ་བྱེད་ཀྱི་རེད། ངས་བལྟས་ན། ཚད་མཐོའི་རང་སྐྱོང་ཙམ་ཡིན་ན། བཙན་བྱོལ་བོད་གཞུང་ལ་བོད་ནང་ལས་ཀ་དམིགས་བསལ་ཡོད་པ་མ་རེད། རང་བཙན་གཙང་མ་དང་རང་ཐག་རང་གཅོད་ལྟ་བུ་ཞིག་ལ་དམིགས་པ་ཡིན་ན་ད་ལྟ་ནས་ཕྱག་ལས་གནང་རྒྱུ་མང་པོ་ཞིག་ཡོད་པར་འདོད་ལ། དེས་རྒྱ་ནག་གི་མི་རིགས་སྲིད་བྱུས་བཏིང་བར་ཡང་ཤུགས་རྐྱེན་ཐེབས་མི་སྲིད་པའང་རེད། མ་མཐའ་ཡང་གནད་འགག་གི་སྐབས་དེར་མི་མང་གི་འོས་ཤོག་ཅིག་བསྡུ་དགོས་བྱུང་ནའང་བསྡུ་ཆོག་ཆོག་ཡོད་པ་ཞིག་ད་ལྟ་ནས་བྱེད་དགོས་པར་མཐོང་།
ཁྱེད་ཚོ་མི་རིགས་ཤིག་གི་ཐོབ་ཐང་རྩོད་མཁན་ཨེ་ཡིན། དེ་ཡིན་ན་རང་གི་ཐོབ་ཐང་མི་རྩོད་པར་གཉིས་ཕན་ཟེར་བའི་སྐད་ཆ་དེ་གླེང་དགོས་དོན་ག་རེད། གཞན་གྱི་ཁེ་ཕན་ཁྱེད་ཚོས་གླེང་མི་དགོས་པར་གཞན་གྱིས་རྩོད་རྒྱུ་མ་རེད་དམ།
ཁྱེད་ཚོས་དབུ་མ་ཟེར་ནས་མང་པོ་བཤད་པར་བལྟས་ན་མི་རིགས་ཤིག་གི་ཐོབ་ཐང་རྩོད་མཁན་མིན་པ་འདྲ། ཁྱེད་ཚོ་རྒྱལ་ཁབ་གཉིས་སམ་མི་རིགས་གཉིས་བར་གྱི་བར་འདུམ་བྱེད་མཁན་ནམ་གཟུ་བ་ཡིན་པ་འདྲ། དེ་འདྲ་ཨེ་ཡིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་ཡོད་ཅེས་གནའ་སྔ་མོ་ཞིག་ནས་ཤོག་གུ་དཀར་པོའི་ཐོག་ཡི་གེ་ནག་པོ་བྲིས་ནས་གསལ་པོ་གསལ་རྐྱང་བཟོས་ཡོད་ཀྱང་། ཁྱེད་ཚོས་ལོ་རྒྱུས་ཀྱི་བདེན་པ་རྒྱབ་ཏུ་བསྐྱུར། ཁྲིམས་ཐོག་གི་ཐོབ་ཐང་རྒྱབ་ཏུ་བསྐྱུར། ཇག་རྐུན་ཞིག་ལ་རེ་བ་བཅངས་ནས་ནང་མོལ་དང་གཉིས་མོལ་དབུ་མ་ཟེར་ནས་ད་བར་ག་རེ་ཐོབ་སོང་། གལ་ཆེ་བ་དང་ཉག་ཕྲ་བའི་སྐབས་འདིར་ད་རུང་ཐབས་ལམ་གསར་པ་ཞིག་བཙལ་དགོས་པའི་བསམ་ཚུལ་རྩ་བ་ཉིད་ནས་མེད་ཟེར་ནས་སྨྱོ་སོང་བ་མ་རེད་དམ།
གར་ལོག་མི་ཤེས་ན་འདི་རེད།
https://www.khabdha.org/?p=31363
ང་ཚོའི་ལོ་རྒྱུས་ནང་བྱུང་བའི་གར་ལོག་ཟེར་བ་དེ་ནི་ད་བར་ས་ཆ་འདི་རེད་ཟེར་ནས་ངོས་འཛིན་གསལ་བོ་ཞིག་བྱུང་མེད་པ་རེད། ཞ་སྒབ་པས་ཡར་ཁྱེན་ཕྱོགས་མིན་འགྲོ་ཟེར་ནས་གར་ལོག་གི་ཟུར་ཙམ་ངོས་བཟུང་། དགེ་ཆོས་ཀྱིས་དེ་ཕྱོགས་ཀྱི་ཁ་ཆེའི་ས་ཆ་ཞེས་གནད་ལ་ཁེལ་བ་ཞིག་བཤད་མེད་པ་རེད།
དེ་རིང་དྲ་གྲོགས་ཤིག་ནས་མཆན་ཞིག་གི་ནང་གར་ལོག་སྐོར་འདྲི་ཡི་འདུག་པས་ས་བཅད་མ་སྟོང་ཙམ་ཞིག་བྲིས་ནས་གསལ་བཤད་ཅིག་བྱེད་འདོད་བྱུང་། གར་ལོག་ནི། དབྱིན་ཡིག་ནང་kharlukh དང་ Qarluq 葛邏祿ཟེར་ནས་འབྲི། རྒྱ་སྐད་དུ། 葛逻禄ཀི་ལོ་ལུ་ཟེར་བ་དེ་རེད། ཡུལ་ལུང་དེ་ནི་禄葛逻禄དཀྱིལ་ཤར་ཨེ་ཤ་ཡའི་ཁོངས་སུ་གཏོགས་པའི་མི་རིགས་ཤིག་ཡིན་པ་དང་། 葛邏དྲུ་གུའི་ནུབ་ཏུ་གནས་ཤིང་། ས་ཆའི་ལྟེ་བ་དེ་ད་ལྟའི་ཁིར་གྷི་སི་ཐན་ནང་འཁེལ་གྱི་ཡོད་འདུག གར་ལོག་དེ་གཙོ་བོ་མི་རིགས་གསུམ་གྱིས་གྲུབ། ད་ལྟའི་ཆར་དེ་ཕྱོགས་ཀྱི་ཁ་ཆེའི་ས་ཆ་འདྲ་མིན་ནང་ཁ་འཐོར་ནས་གནས་པའང་མང་པོ་ཡོད་འདུག ཁ་ཛག་ཟེར་བ་དེ་ཚོའང་གར་ལོག་ལ་གཏོགས་པར་བཤད། ལོ་རྒྱུས་ནང་མི་རིགས་འདི་སྐབས་རེར་སྟོབས་ཤུགས་ཆེན་པོ་ཆགས་ནས་དྲུ་གུའི་ནུབ་ཕྱོགས་ཀྱི་ས་ཆ་མང་པོ་ཞིག་ལ་དབང་སྒྱུར་ཞིང་། སྐབས་རེར་དྲུ་གུའི་འོག་ཏུ་ཚུད་པ། སྐབས་རེ་རྒྱ་ཡི་འོག་ཏུ་ཚུད་དེ་མི་རིགས་སྐོར་ཅིག་དྲུ་གུ་ཤར་ཕྱོགས་སུའང་གནས་དགོས་བྱུང་། རྒྱ་གར་དུའང་བར་སྐབས་ཤིག་རྒྱལ་ཁབ་ཅིག་གི་ངོ་བོར་གནས་པའི་གར་ལོག་ཟེར་བ་འདིས་ནང་ཆོས་ཀྱི་ལྟེ་གནས་ཁག་ལ་དགྲ་ལན་ཅིག་མིན་པར་བྱུང་བའི་ཚུལ་རང་རེའི་ཆོས་འབྱུང་ཁག་ན་ཡོད་པ་ལྟར་རེད། ཆོས་རྒྱལ་ཚོའི་སྐབས་ཀྱི་གར་ལོག་དེའང་མི་རིགས་འདི་ཡིན་པ་རེད་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་ཀྱི་གར་ལོག་དེའང་འདི་རེད། ཁ་བཞི་སྒར་ཟེར་བའི་དྲུ་གུའི་ནུབ་ཕྱོགས་ཀྱི་གྲོང་དེ་ནི་མི་རིགས་འདིའི་ཤར་ཕྱོགས་ཀྱི་ལྟེ་གནས་ཤིག་ཡིན་པ་རེད། ཞ་སྒབ་པས་ཡར་ཁྱེན་ཕྱོགས་ཟེར་ནས་ས་སྣེ་ཙམ་ངོས་བཟུང་ཐུབ་པ་རེད། མི་རིགས་འདིའི་ལོ་རྒྱུས་ལ་ཞིབ་པར་ལྟ་འདོད་ན་གོང་གསལ་གྱི་དབྱིན་ཡིག་ཐོག་ནས་འཚོལ་དང་ཁྱེད་ལ་རྙེད་ཀྱི་རེད། གཤམ་གྱི་དྲ་གནས་འདིར་ཕྱིན་དང་ལོ་རྒྱུས་ཅུང་ཙམ་དང་ས་བཀྲ་ཡང་འདུག Western Turk Khaganate ཟེར་བའི་གཤམ་དུ་གར་ལོག་གི་མིང་ཡོད་པ་རེད། མི་རིགས་འདི་ནི་ད་རུང་བར་སྐབས་ཤིག་ཐོ་གར་Tokharistanགྱི་འོག་ཏུ་འང་ཚུད་པ་རེད། ཐོ་གར་ནི་དབྱིན་ཡིག་ནང་ཐོ་ཁ་རི་ཡ་ཟེར་བ་དང་ཐོ་གར་Tokharsཟེར་ནས་བྲིས་པའང་འདུག བར་སྐབས་ཤིག་རང་རེའི་ནུབ་བྱང་གི་ཁ་ཆེའི་ས་ཆ་མང་པོ་ཞིག་ཐོ་གར་གྱིས་དབང་དུ་བསྡུས་པ་རེད། རང་རེའི་མགོ་དཀར་ཟེར་བ་དེའང་ཁ་ཆེ་ལ་ཟེར་ཡང་། ཞིབ་ཚགས་ཙམ་བྱས་ན་Göktürkཟེར་བའི་གོ་ཁི་ནས་ཟུར་ཆག་པ་མིན་ནམ་བདག་སྙམ་མོ། དེ་ལའང་བརྟག་དཔྱད་འཚལ། གཟིམས་འཇག་གནང་། ད་ཉལ་ས་དྲན་སོང་།
http://upload.wikimedia.org/wikipedia/commons/thumb/c/c1/Asia_600ad.jpg/290px-Asia_600ad.jpg
རྒྱ། གཏམ་དཔེ།
https://www.khabdha.org/?p=30366
རྒྱ་རྒྱ་ཡུལ་དུ་སྐྱིད། བོད་བོད་ཡུལ་དུ་སྐྱིད།
རྒྱ་རྒྱ་ནང་དང་ཉ་ཆུ་ནང་།
རྒྱ་ཡི་ཇ་ཞན་ལེ་ཡིན་དང་། བོད་ཀྱི་ཆུ་ཞན་ལེ་ཡིན།
རྒྱ་ཡི་ཇ་ཉོབ་རེད། བོད་ཀྱི་ཆུ་ཉོབ་རེད།
རྒྱ་ལ་འགྲོ་བར་རྒྱུ་དགོས། རྒྱུ་མ་རྒྱོང་བར་ཁྲག་དགོས།
རྒྱ་ཇ་ཁ་ལ་འཐུང་དུས། སྨུག་ཆུང་དྲེའུ་མི་བརྗེད།
རྒྱ་མགོ་མཐོ་དུས་རྒྱ་མགོ། བོད་མགོ་མཐོ་དུས་བོད་མགོ།
རྒྱ་ལྷ་ཁང་གི་དགེ་སློང་བྱེད་པ་ལས། ཆུ་སུམ་མདོའི་ཀོ་མོག་བྱེད་པ་དགའ།
རྒྱ་ཉལ་ན་སྟག་ཉལ་ཉལ། བོད་ཉལ་ན་ཁྱི་ཉལ་ཉལ།
རྒྱ་རོང་བ་གཉིས་ལ་ཞད་ཅིག སྒྱིད་པའི་ནང་ན་གུག་ཅིག
ཨ་ཅེ་རྒྱ་མོ་ཡག་གི་ཟེར་ན། ཁ་ལག་ཉིས་བཀྲུ།
རྒྱ་ཡིག་ཐོག བོད་ཚིག་ཐོག
རྒྱ་ཞག་ཅིག་འདུག་སར་མཁར་རྫོང་། བོད་ཚེ་གཅིག་འདུག་སར་ཐལ་ཕུང་།
རྒྱ་སྐྱིད་སྐྱིད་བོད་མི་སྐྱིད། རྒྱ་སྡུག་སྡུག་བོད་མི་སྡུག
རྒྱ་ཟ་ཁ་གྲགས། བོད་ཉལ་ཁ་གྲགས།
རྒྱ་ཤ་ཟན་གྱི་ཁ་ལ་མ་ལྟ། བོད་ཆང་འཐུང་གི་ངོ་ལ་མ་ལྟ།
རང་ཉིད་རང་ལ་ཡིད་ཆེས་དགོས།
ཕྱི་ཡི་ཉི་མ་དྲོ།།
ནང་གི་གོ་ཁ་དྲོ།།
གོན་གྱི་རྩག་པ་དྲོ།།
ཡིད་ཆེས་ཡོད་ན་དྲོ།
ཀ
བྱ་བ་གང་ཞིག་ལེགས་འགྲུབ་ཡོང་དགོས་ན། དང་པོ་དེ། ང་ཚོས་ངེས་པར་བྱེད་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་ཤིག་དགོས་པ་རེད། མེ་ཤེལ་ཁོར་ཏ།
ཁ།
རྒྱབ་ཀྱི་འཛིན་མཁན་དེ་ཁྱེད་རང་མ་རེད། ཁྱེད་རང་གིས་རང་ཉིད་ཀྱིས་ཡོང་གི་མ་རེད་བསམ་པ་དེ་རེད། ཨ་ནོ་ནེ་མོ་སི།
ག
ཡིད་ཆེས་ལས་ལག་ལེན་དང་། ལག་ལེན་ལས་གྲུབ་འབྲས་བྱུང་། ཡིན་ནའང་། དང་པོ་དེ་ཡིད་ཆེས་དགོས། མར་ཁུ་བིག་ཁྲོར་ཧན་སེན།
ང་།
ཁྱེད་རང་ལ་དགོས་དགོས་ཚང་མ་འཐོབ་ཀྱི་རེད། གལ་སྲིད་ཁྱེད་རང་གིས་འཐོབ་ཀྱི་མ་རེད་བསམ་པའི་ཡིད་ཆེས་དེ་དོར་བ་ཡིན་ན། རོ་སྦར་ཁྲི་ཨན་ཐོ་ནེ།
ཅ།
ང་ཚོས་རང་ཉིད་ནི་རང་ཉིད་ཀྱི་གྲོགས་པོ་ཡག་ཤོས་བྱེད་པར་སློབ་དགོས། རྒྱུ་མཚན་ནི། དེ་མིན་པ་ན། རང་ཉིད་རང་ཉིད་ཀྱི་དགྲ་བོ་སྡུག་ཤོས་ཀྱི་རྙི་ནང་ལ་ལས་སླ་པོར་ཚུད། རོ་ཊི་རིག་ཐོར་ཕི།
ཆ།
ངས་ཐེངས་དང་པོའི་ཕམ་ཁ་བྱུང་དུས་ཞེད་སྣང་སྤངས་པ་ཡིན། ག་རེ་རེད་ཟེར་ན། ནམ་མཁའ་མར་ལྷུང་མ་སོང་། ཨ་ལེན་ནི་ཧར།
ཇ།
ཡིད་ཆེས་ནི་རྟག་པར་འགྲིག་པ་རྐྱང་རྐྱང་ལས་ཡོང་གི་ཡོད་མ་རེད། ནོར་འཁྲུལ་བྱུང་བར་འཇིགས་སྣང་མེད་པ་ལས་ཡོང་གི་ཡོད་པ་རེད། ཕེ་ཊར་མེ་སན་ཋ་ཡར།
ཉ།
“can’t.” ཞེས་པའི་མཇུག་གི་ t དེ་མར་རྫོགས་ཤོག ས་མེལ་ཇོན་སོན།
ཏ།
གལ་སྲིད། ཁྱེད་རང་རང་ཉིད་ལ་ཐེ་ཚོམ་ཟ་བ་ཡིན་ན། ཁྱེད་རང་ངོ་མ་ས་ཡོམ་འགུལ་ཅན་ཞིག་གི་ཐོག་ལངས་ཡོད་པ་རེད། ཧེན་རིག་ཨེབ་སེན།
ཐ།
རྟག་པར་མགོ་བོ་ཡར་ལ་དགྱེས། ཡིན་ན་ཡང་། ཁྱེད་རང་གི་སྣ་ཁུག་དེ་མཐོ་ཚད་རན་ཙམ་བྱེད་པར་གཟབ་གཟབ་གྱིས། མ་ཁེ་སི་ཕོར་མན།
ད།
ང་ཚོའི་ཐེ་ཚོན་ནི་ངོ་ལོག་པ་རེད། གདོང་མཆོང་བྱེད་པར་སྐྲག་སྣང་བྱེད། དེས་འཐོབ་སྲིད་པའི་ལེགས་ཚོགས་དེའང་འཆོར་བར་འཇུག ཝེ་ལམ་ཤེ་ཁི་སི་ཕེར།
ན།
རང་ཉིད་ཀྱི་དགྲ་བོ་དེ་རང་ཉིད་རེད།
རང་ཉིད་འགྱོགས་མཁན་དེ་རང་ཉིད་རེད།
གདོན་འདྲེ་རྣམས་བཟོ་མཁན་རང་ཉིད་རེད།
རང་ཉིད་ལ་ཡིད་ཆེས་སྟེར་མཁན་དེ་རང་ཉིད་རེད། པོལ་ཁོལ།
པ།
རང་ཉིད་གཞན་ལ་གཡར་ས་གྱིས། ཡིན་ན་ཡང་རང་ཉིད་རང་ལ་སྟེར་ས་གྱིས། མེ་ཤལ་དེ་མོན་ཁྲེན།
ཕ།
སུ་གང་ལ་ཁྱེད་རང་གི་རྨི་ལམ་རྐུ་རུ་མ་འཇུག དེ་ནི་ཁྱེད་རང་གི་རྨི་ལམ་རེད། གཞན་པའི་མ་རེད། ཌན་ཛ་སྒྲི་ར།
བ།
གཞན་སུ་ཞིག་གིས་མེ་ཏོག་ཁྱེར་ཡོང་བར་སྒུག་པའི་ཚབ་ཏུ། རང་ཉིད་ཀྱི་ལྡུམ་རར་རང་གིས་ཐོབ། རང་ཉིད་ཀྱི་བླ་སྲོག་ལ་རང་གིས་མཛེས་རྒྱན་སྤྲོས། ཝེ་རོ་ནི་ཀ།
མ།
ངས་གྲུ་གཟིངས་གཏོང་སྟངས་སློབ་སྦྱོང་བྱེད་པའི་དོན་དུ་ང་ཆར་རླུང་ལ་མི་སྐྲག ལུ་ཝེ་ཟ་མེ་འོལ་ཁོ་ཌི།
ཙ།
ནང་ལོགས་སུ་དགྲ་མེད་ན་ཕྱིའི་དགྲ་བོས་ཁྱེད་ལ་མི་ཚུགས། ཨ་ཧྥེ་རི་འི་གཏམ་དཔེ།
ཚ།
གཞན་པ་རྣམས་ཁྱེད་ལ་ཡིད་ཆེས་བྱེད་དགོས་ཡོད་ན། ཐོག་མར་རང་ཉིད་གཞན་ལ་ཡིད་ཆེས་བྱེད་པར་འཚལ། མེ་ཁི་ཧར་ཝེ།
ཛ།
རང་ཉིད་རང་ལ་ཡིད་ཆེས་པ་ལས་ལྷག་པའི་མཛེས་སྡུག་ཅིག་དེ་རུ་མེད། བསམ་ཁོ།
ཝ།
ཞེད་སྣང་གིས་ཡོད་ཚད་གསོད། ཁྱེད་ཀྱི་སེམས། ཁྱེད་ཀྱི་སྙིང་། ཁྱེད་ཀྱི་འཆར་སྣང་། ཁོར་ནེ་ལི་ཡ་ཧྥན་ཁི།
ཞ།
བྱ་བ་ལེགས་འགྲུབ་ཡོང་མཁན་གྱི་མི་ནི་གཞན་དག་གིས་ཁོང་གི་སྟེང་གཡུག་པའི་ས་ཕག་དག་བེད་སྤྱད་ནས་རྩིག་རྨང་འདིང་མཁན་སུ་གང་དེ་ཡིན། ཌ་ཝེ་ཌི་སྦི་རིན་ཁི་ལེ།
ཟ།
གྲུབ་འབྲས་ནི་ཐུབ་ཀྱི་རེད་ཟེར་བ་ལས་བྱུང་། ཐུབ་ཀྱི་མ་རེད་ཟེར་བ་ལས་མིན།
འ།
ཞོགས་པ་རེ་རེ་བཞིན། ཡར་མ་ལངས་སྔོན་གྱི་སྐད་ཆ་དང་པོ་དེ། ང་ལ་ཡིད་ཆེས་ཡོད་ཅེས་ཐེངས་གསུམ་ལ་ཟློས། ནོར་མན་ཝེན་སན་ཁྲི་ཕེར།
ཡ།
ནམ་རྒྱུན་དུ། རང་གི་ཞེད་སྣང་དེ་རྒྱབ་ཏུ་ཞོག རང་གི་རྨི་ལམ་དེ་མདུན་ལ་ཞོག
ར།
ཡིད་ཆེས། མུན་ནག་གི་ནང་དུ་འོད་ཡིན།
ཡིད་ཆེས། ཁེར་རྐྱང་གི་སྐབས་སུ་གྲོགས་ཡིན།
ཡིད་ཆེས། ཕམ་པའི་སྐབས་སུ་སྟོབས་ཤུགས་ཡིན།
ཡིད་ཆེས། ཞུམ་པའི་སྐབས་སུ་སྙིང་སྟོབས་ཡིན།
ཡིད་ཆེས། འགྲོ་ན་རྐང་པ་ཡིན།
ཡིད་ཆེས། ལས་ན་ལག་པ་ཡིན།
ཡིད་ཆེས། དང་པོའི་མགོ་འཛུགས་དང་ཐ་མའི་གྲུབ་འབྲས་ཡིན།
ཡིད་ཆེས། མི་ཚེའི་མིག་ཡིན། མདའ་ཚན་པ།
God
https://www.khabdha.org/?p=29961
སྟོང་ཁམས་ཆེན་པོ་འདི་སྟོང་སངས་ངེར་བྱེད་དུས།
ཁྱེད་རང་ཁེར་རྐྱང་གི་སྡུག་གིས་ག་ཚོད་ཅིག་གཟིར་ཡོད་པ་ངས་ཚོད་ཐུག་གི་འདུག
དེ་ནི་ཁྱེད་རང་གི་ཆེད་ལས་དེ་སྒྱུ་རྩལ་བ་ཞིག་ཏུ་གྱུར་དགོས་པའི་རྐྱེན་ཡང་ལོས་ཀྱང་ཡིན།
ཁྱེད་ཀྱི་སྒྱུ་རྩལ་གྱི་ཆ་ཤས་རེར་གྱུར་པའི་སྐྱེ་འགྲོ་ཐམས་ཅད།
ཁྱེད་ཀྱི་སྒྱུ་རྩལ་གྱིས་ཡོངས་སུ་གདུང་བར་བྱས་པའི་དུས་ནས་བཟུང་།
སྒྱུ་རྩལ་པ་ཁྱེད་རང་། རང་གི་སྒྱུ་རྩལ་དག་གི་སྐྱབས་དང་སྐྱོབས་པ་བླ་མེད་དུ་གྱུར།
ཕར་ལ་གསོལ་འདེབས་བྱས་པས་སེམས་ཀྱི་སྡུག་བསྔལ་སེལ་གི་སྒྱུ་རྩལ་ཡ་མཚན།།
དཀར་ནག་ལས་ཀྱི་འབྲས་བུ་བདེ་སྡུག་སོ་སོར་སྨིན་གི་སྒྱུ་རྩལ་འགངས་ཆེན།།
མཐའ་གཉིས་སུ་མ་ལྷུང་བའི་བདེ་སྐྱིད་སྒྲུབ་སྟངས།
དེང་རབ་ཚན་རིག་གི་ཡབ་ཏུའང་འབོད་མཁན་ཡོད་པའི་ཌེ་མོ་ཁི་རེ་ཁྲུ་ནི་( 460 BC – 370 BC) དངོས་པོ་ཚང་མ་རྡུལ་ཕྲན་གྱིས་གྲུབ་པ་དང་ཆེས་ཕྲ་བའི་རྡུལ་ཕྲ་མོ་ནི་འཇིག་པ་མེད་པར་རྟག་པའི་རང་བཞིན་ཅན་ཡིན་པར་བརྗོད་མཁན་དུ་ཡོངས་གྲགས་སུ་དངོས་འཛིན་གྱི་ཡོད་པ་རེད། ཁོང་ནུབ་ཕྱོགས་ཀྱི་མཚན་ཉིད་རིགས་པ་གྲགས་ཅན་སོ་ཁུ་རེ་ཌུའི་སྔོན་ལ་བྱུང་བ་ཞིག་རེད།
སྤྱིར་བཏང་སྤྱི་ལོ་སྔོན་ནས་ཕྱི་དངོས་པོའི་ཕུན་ཚོགས་ཀྱིས་བདེ་སྐྱིད་སྐྲུན་ཐུབ་པར་ཡིད་ཆེས་མེད་པ་དང་། འཇིག་རྟེན་གྱི་ལས་ལ་ངེས་འབྱུང་མཁན་གྱི་བྱ་བྲལ་བ་དང་དཀའ་ཐུབ་སྒྲུབ་མཁན། འཇིག་རྟན་འཚོ་བ་ལས་རྒྱང་རིང་དུ་བསྐྱེད་པའམ་གཡོལ་ཏེ་ཁེར་སྡོད་སྒོམ་སྒྲུབ་ཀྱིས་སེམས་ཐོག་རང་དུ་བདེ་སྐྱིད་འཚོལ་ཐབས་ཀྱིས་མི་ཚེ་གཏོང་མཁན་གྱི་ཚོགས་སྡེ་དང་སློབ་གྲྭ་དེ་འདྲ་ཧིན་དུ་དང་གནའ་སྔ་མོའི་གྷི་རིག་ནང་དུ་རིམ་པར་བྱུང་ཡོད་པ་རེད།
སངས་རྒྱས་ཀྱི་ཆོས་དེ་གནའ་སྔ་མོའི་ཧིན་དུའི་ཆོས་ལུགས་གཞིར་བཞག་ནས་གསར་བཏོད་གནང་བ་ཞིག་ལ་མང་པོ་ཞིག་ནས་ངོས་འཛིན་གནང་གི་ཡོད་པ་རེད། ད་རུང་། ཧིན་དུའི་ཡོ་རོབ་ཀྱི་རིག་གཞུང་དེ་གཅིག་ལ་གཅིག་གིས་ཤན་ཞུགས་ཤིང་རྩ་བ་དང་ལོ་རྒྱུས་ཁོངས་གཅིག་ལ་ཐུག་ཡོད་པ་ཞིག་ཡིན་པས་ད་རུང་རྒྱུ་མ་ཕུ་འདེད་བྱ་རྒྱུ་མང་དུ་ཡོད་པ་རེད།
ལོ་ངོ་ཉིས་སྟོང་སུམ་སྟོང་གི་ལོ་རྒྱུས་ཡོད་པའི་སེམས་ཐོག་ཁོ་ན་ནས་བདེ་སྐྱིད་འཚོལ་ཐབས་ཀྱི་གྲུབ་མཐའ་འདི་མཐའ་གཅིག་ཏུ་ལྷུང་ཞིང་ཆ་ཚང་བའི་གྲུབ་མཐའ་ཞིག་མིན་པར་བརྟེན་ལོ་རྒྱུས་རིང་མོའི་ཁྲོད། མིའི་སྤྱིའི་ཚོགས་ཀྱིས་ངོས་ལེན་ཆ་ཚང་མ་གནང་བར་ཕྱི་དངོས་པོའི་ཐོག་ནས་བདེ་སྐྱིད་འཚོལ་ཐབས་ལ་གཅིག་ཏུ་འབད་ནས་ཡོང་བ་རེད། ད་ཆ་མི་མང་པོ་ཞིག་གི་འཚོ་བའི་གནས་སྟངས་ཀྱི་རིམ་པ་ལྟར་ནང་སེམས་ཀྱི་བདེ་སྐྱིད་ལ་ཞིབ་འཇུག་གནང་བའི་འབྲས་བུ་ལྟར་ནའང་། ལས་ཀ་ཡག་པོ་ཡོད་པ། ཕྱི་དངོས་པོའི་ཆ་རྐྱེན་དང་མཐུན་རྐྱེན་འཛོམས་པོ་ཡོད་པ་རྣམས་ལ་བདེ་སྐྱིད་ཆེ་བ་དང་། དེ་ལྟར་མེད་པ་རྣམས་སེམས་སྡུག་དང་དཀའ་ངལ་མང་བ་ཡོད་པའི་ཞིབ་འཇུག་དེ་དག་གིས་ཀྱང་སེམས་ཐོག་ཁོ་ན་ནས་བདེ་སྐྱིད་འཚོལ་ཐབས་དེ་མཐའ་གཅིག་ཏུ་ལྷུང་བ་ཞིག་ཡིན་པར་ར་སྤྲོད་ཐུབ་ཀྱི་ཡོད་པ་རེད། དེས་ན་མཐའ་གཅིག་ཏུ་མ་ལྷུང་བར་ཕྱི་དངོས་པོ་དང་ནང་སེམས་གཉིས་ཐོག་ནས་མཐར་རུ་མ་ལྷུང་བའི་བདེ་སྐྱིད་སྒྲུབ་དགོས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད།
ལས་ཀ་མ་ལས་པར་སྐྱེས་དམན་དང་བྱིས་པ་གཡུག་ཏེ་དབེན་པར་སོང་ནས་ཁེར་མོར་སྡོད་པ་ནི་ཁྱིམ་ཚང་ལ་འགན་མ་ཁུར་བ། སྤྱི་ཚོགས་ལ་འགན་མ་ཁུར་བ། ཐ་ན་མི་རང་ཉིད་ཀྱི་ལྟོ་གོས་ལའང་འགན་མ་ཁུར་བ་ཞིག་ཅི་ལ་མིན། ལས་ཀ་མ་བྱས་ན་ཟ་མ་གང་ནས་ཡོང་དགོས་རེད། གོན་རྒྱུ་གང་ནས་ཡོང་དགོས་རེད། ལྟོ་གོས་མེད་ནས་ལྟོགས་སྐོམ་བྱུང་ན་དེ་ན་བདེ་སྐྱིད་ཅང་ཡོད་པ་མ་རེད། ཡིན་ནའང་བསམ་བློའི་འཛིན་སྟངས་ཤིག་གི་ཐོག་ནས་དེ་ལ་སྡུག་སྒོམ་བཟོད་བསྲན་དང་དཀའ་ཐུབ་སྤྱད་ནས་གདོང་ལེན་བྱེད་ཐབས་ཤིག་ལོས་ཀྱང་ཡོད།
ང་ཚོའི་ནང་པ་སངས་རྒྱས་ཀྱི་ཆོས་འདི་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིབ་འཇུག་བྱེད་རིན་ཡོད་པ་དང་ལེགས་ཆ་བསྡུ་རྒྱུ་ཡོད་པ་ཞིག་ཡིན་པ་སྨྲོས་མེད་ཀྱང་འདོད་པའི་རང་བཞིན་ཅན་འདོད་པ་དོན་དུ་གཉེར་དགོས་པ་ནི་ཁ་ཚ་དགོས་གཏུགས་ཡིན་པའི་མིའི་འཇིག་རྟེན་གྱི་སྤྱི་ཚོགས་འདི་དང་ཧ་ཅང་འཚམས་པོ་ཡོད་པའི་ཆོས་ལུགས་ཤིག་མིན་པ་འདྲ། ཡང་འདོད་པ་ལམ་འཁྱེར་ཟེར་བའི་མིའི་སྤྱི་ཚོགས་འདི་དང་འཚམས་པོ་ཡོད་པའི་ལེགས་བཤད་གསེར་འདྲ་བ་དེ་འདྲའང་མཐོང་རྒྱུ་འདུག མི་མང་པོ་ཞིག་གི་སེམས་ལ་འདོད་པ་དོན་དུ་གཉེར་ཟེར་ན། མི་དགེ་བའི་ལས་ལ་ཞུགས་ཟེར་བ་ལྟ་བུ་ཞིག་ཏུ་གོ་ན་དེ་ནི་ནོར་འཁྲུལ་ཡིན་པ་རེད། ང་ཚོའི་མིས་བཟོས་པའི་ཁྲིམས་ཟེར་བ་ཞིག་ཡོད་པ་དེ་དང་མཐུན་པ། ང་ཚོས་མིས་བཟོས་པའི་མི་ཆོས་ཟེར་བ་ཞིག་ཡོད་པ་དེ་དང་མཐུན་པ། ང་ཚོས་མིས་བཟོས་པའི་ལྷ་ཆོས་ཟེར་བ་ཞིག་ཡོད་པ་དེ་དག་དང་མཐུན་པའི་སྒོ་ནས་འདོད་པ་དོན་དུ་གཉེར་སྟངས་མཐའ་དང་ཕྱོགས་སུ་མ་ལྷུང་བ་ཞིག་ཡོད་པ་རེད། དེ་གལ་ཆེན་པོ་རེད།
ལྗང་བུའི་སྙན་ངག་འགའ་ཀློག་པའི་མྱོང་ཚོར།
https://www.khabdha.org/?p=29823
ཀ
མཐའ་མེད་པའི་ཁྱེད་ཀྱི་འཆར་སྣང་མང་པོ།
ཐལ་རྡུལ་དཀར་པོ་འཚུབ་འདྲའི་བར་སྣང་གི་སྐར་ཚོགས་ཡིན་པ་འདྲ་བྱུང་།
ཁྱེད་ཀྱིས། ་་སྐར་མ་མེ་བདུན་གྱི་སྐྱོགས་ཀྱིས་བཅུས་པའི།
ནམ་མཁའི་དགུ་ཚིགས་སྐྱ་མོ་་༡
ངེད་ཅག་གི་བདུན་དུ་གཏོར་བའི་སྙན་ཚོམ་འདི་དག་ཅིའི་མ་ཡིན།
ཁ
མཛེས་མའི་མིག་འོད་འདྲ་བའི་འོད་ལྡན་སྐར་མ་རེ་རེས
ང་ཚོ་ལ་གསང་བརྡ་ཅི་ཞིག་སྟོན་གྱི་ཡོད།
ནམ་མཁའི་ཕ་མཐར་སྐྱོང་བའི་དགུ་ཚིགས་སྐྱ་མོ།
གསང་བ་ལྐོག་གྱུར་གྱི་ཀློང་ན་སྐྱ་སོབ་བེ
་་ཨ་མཚར་མཚར་ར་མཚར་དགུའི་ཁེད་གླུ་ལེན་ཅིང་མཆིས།
ག
དགུ་ཚིགས་སྐྱ་མོ་འབྲུག་མོའི་བག་ལམ་ཨེ་རེད།
སྨིན་དྲུག་ཕྲ་མོ་བག་མའི་བག་རོགས་ཨེ་རེད།
ང་།
ང་ལ་མཚོན་ན།
ཁྱེད་ཀྱི་སྐྱོགས་ཏེསྐར་མ་མེ་བདུན་ནི། སྐྱོགས་ཤིག་མ་ཡིན་པར་དྲི་རྟགས?ཤིག་སྟེ།
དྲི་རྟགས་འདིའི་རྒྱབ་ལོགས་སུ།
དྲི་ལན་གྱི་ནོར་བུ་མི་འདྲ་བ་གང་མང་བསྔོག་རྒྱུ་དང་བསྒྲུག་རྒྱུ་འདུག
ཨ། ལྗང་བུ།
་་ང་དང་སྐར་ཚོགས་ཕྲ་མོ། ལ་མོ་རྒྱག་དགོས་བྱུང་སོང་།་་༢
༡ ལྗང་བུའི་སྙན་ངག་ཅིག་ལས་དྲངས།
༢ འབའ་གཞས་ཤིག་དྲངས།
བདེན་པ་ངོ་མ་དང་སངས་རྒྱས་ཀྱི་བདེན་པ།
https://www.khabdha.org/?p=29650
མཐོང་རེག་མྱོང་རྒྱུ་ཡོད་པའི་དངོས་པོ་འདི།།
བདེན་པ་མིན་ན་གང་ཞིག་བདེན་པ་ཡིན།།
ཡ་མཚན་འཕྲུལ་ཐབས་གསར་པའི་ཐོན་དངོས་དག།།
བདེན་པ་བདེན་ཐོག་འཁྱོལ་བྱེད་དཔང་པོ་ཡིན།།
ཅི་ཞིག་ལ་བདེན་པ་ཟེར་བ་རེད་ཅེས་ང་ཚོར་སུ་ཞིག་ནས་དྲི་བ་དྲིས་པ་ཡིན་ན་ཕལ་ཆེར་དེ་ལ་ལན་འདེབས་འདྲ་མིན་ཞིག་ཡོང་གི་རེད་འདོད། འགའ་རེས་བདེན་པ་ཟེར་བ་གཅིག་མ་གཏོགས་གཉིས་ཡོད་པ་མ་རེད། གཅིག་གི་ཐོག་ལ་གཅིག་མནན་ན་གཉིས་རེད་ཅེས་དང་། ཡང་འགའ་རེས་བདེན་པ་ཟེར་བ་དེ་ནི་འདི་རེད་ཟེར་ནས་གཅིག་གྱུར་ཅིག་མེད་པར་གང་ཟག་སྒེར་བ་སོ་སོའི་འདོད་མོས་དང་དགའ་སྣང་དང་མཐུན་མིན་གྱིས་འཇོག་པའི་མི་སྒེར་ལ་འབྲེལ་བ་ཡོད་པ་ཞིག་རེད་ཟེར་སྲིད། དཔེར་ན། མཛེས་མི་མཛེས་དང་དགའ་མི་དགའ་ལ་བསམ་ཚུལ་ཡེ་ནས་མི་མཐུན་པ་རེད། དེ་ལྟར་ན། མི་སུམ་ཅུ་ལ་བསམ་པ་སུམ་ཅུ་ཡོད་པ་ལྟར་བདེན་པའང་སུམ་ཅུ་ཡོད་པ་རེད། ཡང་། རྟ་ཞིག་བསྟན་ནས་འདི་རྟ་ཨེ་རེད་ཟེར་ན། དེ་རྟ་ཡིན་པར་མི་ཚང་མ་ཁ་མཐུན་པ་དང་དེ་རྟ་ཡིན་པ་བདེན་པར་འཛིན་པའོ། གོང་གསལ་གྱི་དྲི་བ་དང་ལན་མི་འདྲ་བ་འདི་དག་ལས་ང་ཚོས་ཤེས་པ་ནི། ང་ཚོས་བདེན་པའི་སྐོར་ལ་དྲི་བ་འདྲི་གི་ཡིན་ན་ཆོས་དང་དོན་དག་བྱེ་བྲག་པ་ཞིག་གི་ཐོག་ཏུ་བབས་ནས་དེ་བདེན་པ་ཡིན་མིན་དྲི་བ་མ་དྲིས་ན་འབབ་ས་ཅི་ཡང་མེད་པ་རེད།
དངོས་ཡོད་ཡིན་ན་བདེན་པ་མ་རེད་དམ།
སྤྱིར་བཏང་། ང་ཚོའི་མིའི་སྤྱི་ཚོགས་འདིའི་ངོས་འཛིན་སྟངས་ལྟར་བྱས་ན། དབང་པོ་ལྔའི་སྤྱོད་ཡུལ་དུ་གྱུར་པའི་རིག་རྒྱུ། མཐོང་རྒྱུ། རེག་རྒྱུ་ཡོད་པའི་རི་རྭ་བ་ཁང་ཁྱིམ་རྟ་དང་བ་གླང་ལ་སོགས་པའི་སེམས་ལྡན་སེམས་མེད་ཀྱི་དངོས་པོ་འདི་དག་ཐམས་ཅད་ལ་དངོས་ཡོད་དང་བདེན་པར་བརྩི་བ་རེད། ང་ཚོའི་མཐོང་སྣང་དུ་དངོས་སུ་གྲུབ་པའི་མངོན་སུམ་དང་དངོས་ཡོད་བདེན་པའི་ཆོས་འདི་དག་ནི་འཁྲུལ་བའི་རང་བཞིན་དང་བདེན་པར་མ་གྲུབ་པར་འགྲེལ་བརྗོད་གནང་མཁན་ཡང་ཡོད་པ་ཀུན་ཤེས་རེད། དཔེ་བཞག་ན། ཕི་ལ་ཋོ། སྤྱི་ལོ་སྔོན ༤༢༨-༣༤༧དང་ནང་ཆོས་ལྟ་བུ་རེད། ཕི་ལ་ཋོ་ཡིས་དབང་ཤེས་ལྔ་དེ་འཁྲུལ་བའི་རང་བཞིན་ཅན་དང་ཆ་མ་ཚང་བ་ཞིག་ཡིན་པར་ངོས་འཛིན་གྱིས་དབང་ཤེས་ཀྱིས་ཁྱེར་ཡོང་བའི་ང་ཚོའི་མཐོང་སྣང་གི་དངོས་པོ་འདི་དག་ཀྱང་བདེན་པ་མིན་པར་སྒྲུབ་ཡོད་པ་རེད། ནང་ཆོས་སུའང། ་ང་ཚོའི་བདེན་པ་ཡིན་མིན་ངོས་འཛིན་མཁན་གྱི་བློ་འདི་ལ། ཀུན་རྫོབ་ཀྱི་བློ་ཟེར་ནས་ཡང་དག་པ་མིན་པར་བརྗོད་ཡོད་པ་མ་ཟད་མཐོང་སྣང་གི་དངོས་པོ་དེ་དག་ཀྱང་བདེན་པར་མ་གྲུབ་པར་བརྗོད་ཡོད་པ་མ་རེད་དམ།
འདི་ནས་མར་ཡོངས་གྲགས་སུ་དངོས་ཡོད་དང་བདེན་པར་འཛིན་པའི་བློ་དང་མཐོང་སྣང་གི་དངོས་པོ་འདི་དག་དངོས་སུ་ན་ཡང་དག་ཡིན་དང་འཁྲུལ་བ་ཡིན་མུ་མཐུད་དཔྱད་ཞིབ་བྱེད་ན་འདོད། ང་ཚོའི་དབང་ཤེས་ལྔ་དེར་འཁྲུལ་བའི་ཆ་ཡོད་ནའང་རྦད་དེ་འཁྲུལ་བ་ཡིན་པར་བརྗོད་ན་དེ་ནི་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་ཞིག་རེད། རྒྱུ་མཚན་ནི། ང་ཚོ་འགྲོ་བ་མི་ཟེར་བའི་ཤེས་པ་དང་ལྡན་པ་འདིས་ནོར་འཁྲུལ་ཡང་ཡང་བཟོ་གི་ཡོད་ནའང་། བཟོས་པའི་ནོར་འཁྲུལ་དེ་བཅོས་བྱེད་ཀྱི་ཤེས་རབ། རྣམ་དཔྱོད། རྒྱུ་མཚན། རིགས་པ། གཏན་ཚིགས། ད་དུང་ལོ་རྒྱུས་ཀྱི་ཉམས་མྱོང་སོགས་ཀྱིས་འཁྲུལ་བ་དེ་བཅོས་ནས་ཡང་དག་པ་དང་བདེན་པར་བཟོ་ཐུབ་པ་རེད། ང་ཚོས་ལོ་རྒྱུས་ཀྱི་དུས་རིམ་རིང་པོ་བརྒྱུད་ད་ལྟ་ལ་ཐུག་གི་བར་མཐོང་སྣང་གི་དངོས་པོ་འདི་དག་བདེན་པར་བཟུང་བ་མ་ཟད་བདེན་པའི་བྱ་དངོས་འདི་དག་ཐམས་ཅད་ཀྱི་ངོ་བོ། རྣམ་པ། བྱེད་ལས། དབྱེ་བ་སོགས་ལ་རྣམ་དཔྱོད་དང་ལྡན་པའི་ངང་ཞིབ་འཇུག་དང་བརྟག་དཔྱད་བྱས་ཏེ་བདེན་པའི་གནས་ལུགས་མང་པོ་ཞིག་ཤེས་ཏེ་ཚན་རིག་དང་མཐུན་པའི་གྲུབ་དོན་རྙེད་ཡོད་པ་རེད། བདེན་པ་ངོ་མ་འཁྲུལ་བར་ལྟ་མཁན་དག་གི་བསམ་པའི་ཡིད་ལས་འདས་པའི་ཚན་རིག་གི་གསར་བཏོད་ཏེ་གནམ་གྲུ། བརྙན་འཕྲིན། རླུང་འཕྲིན། འཕུར་མདའ། ཆུ་གློག སྐམ་གློག རླུང་གློག ཉི་གློག་སོགས་གྲངས་ལས་འདས་པ་ཞིག་ང་ཚོའི་མིག་ངོར་སྤྱོད་དུ་ཡོད་པ་འདི་བདེན་པ་བདེན་པར་ཤེས་པའི་གྲུབ་འབྲས་ཅི་ལ་མིན། འདི་ནི་བདེན་པ་བདེན་ཐོག་འཁྱོལ་བའི་དཔང་པོ་ཞིག་ཀྱང་རེད། ཨ་རེ་སི་ཋོ་ཋལ་གྱིས་སྤྱི་ལོ་སྔོན་ནས། དབང་ཤེས་ལྔ་བརྒྱུད་ནས་ཡོང་བའི་ཤེས་པ་དེ་དངོས་བདེན་མཇལ་བྱེད་ཀྱི་ཚད་ཐིག་མཐོ་ཤོས་དེ་ཡིན་པར་ངོས་བཟུང་བ་དེར་ད་ལྟ་བལྟས་ནའང་ངོ་མ་བདེན་པར་མཐོང་། ནང་ཆོས་སུ། ང་ཚོའི་བློ་འདི་འཁྲུལ་བའི་རང་བཞིན་ཅན་དང་། མཐོང་སྣང་གི་དངོས་པོ་འདི་ཚོ་བདེན་པར་མ་གྲུབ་པར་གསུང་གི་འདུག་ཀྱང་། ཕྱོགས་གཅིག་ནས་ང་ཚོའི་མཐོང་རེག་ཏུ་དངོས་སུ་གྱུར་པ་འདི་དག་ལ་མངོན་སུམ་ཚད་མ་ཟེར་ནས་གལ་ཆེན་དུ་བརྩི་གི་འདུག ད་དུང་སྟོང་ཉིད་ཟེར་བའི་རྟོགས་དཀའ་བའི་གནས་ལུགས་དེའང་ཀུན་རྫོབ་ཟེར་ནས་མཐོང་ཆུང་བྱེད་ཡུལ་དུ་གྱུར་པའི་བློ་འདིས་རྟོགས་དགོས་པ་ཞིག་མ་ཡིན་ནམ། ང་ཚོའི་འཁྲུལ་བའི་བློ་འདིས་འཁྲུལ་གྱིན་འཁྲུལ་གྱིན། བཅོས་གྱིན་བཅོས་གྱིན། ཤེས་རབ་དང་རྣམ་དཔྱོད་ཀྱིས་ཡང་ཡང་བརྟག་ཤིང་དཔྱད་དེ་རྟོགས་དགོས་པ་ཞིག་མ་ཡིན་ནམ།
ནང་ཆོས་ཀྱི་བདེན་པ་དེ་བདེན་པ་བྱེ་བྲག་པ་ཞིག་མ་ཡིན་ནམ།
འགྲིག་མིན་མི་ཤེས་ཀྱང་ངའི་ལྟ་ཚུལ་ལྟར་བྱས་ན། ནང་ཆོས་ནི་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་ཀྱི་ཆོས་ལུགས་གྲུབ་མཐའ་ཞིག་ཏུ་མཐོང་། བདེ་སྐྱིད་དགོས་ན་སྡུག་བསྔལ་མེད་པ་བཟོ་དགོས་པ་རེད། སྡུག་བསྔལ་མེད་པ་བཟོ་དགོས་ན་སྡུག་བསྔལ་གྱི་འབྱུང་ཁུངས་སུ་གྱུར་པའི་ཉོན་མོངས་དང་། སྡུག་བསྔལ་དང་ཉོན་མོངས་ཀྱི་གཞི་རྩར་གྱུར་པའི་སེམས་ཀྱི་འཛིན་པའམ་བདེན་འཛིན་དེ་མེད་པ་བཟོ་དགོས་པ་གསལ་བོ་རེད། དམིགས་ཡུལ་དེ་འདྲ་ཞིག་བཅངས་ནས། བློ་འཁྲུལ་བ་ཡིན་པ། མཐོང་སྣང་གི་ཆོས་འདི་དག་བདེན་པར་མ་གྲུབ་པ། གཟུགས་སྟོང་བ་ཡིན་པ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་བ་ཡིན་པ་སོགས་གསུངས་པ་མ་ཡིན་ནམ། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་མ་གྲུབ་དང་། དངོས་པོ་དེ་ཕར་འཚོལ་བ་ཡིན་ན་བཙལ་དུ་མེད་པ། དངོས་པོ་ཟེར་ན་དེ་ནི་ཐ་སྙད་ཀྱི་བཏགས་དོན་ཙམ་ལས་མ་འདས་པ་སོགས་ཕྱོགས་གཅིག་ནས་བལྟས་ན་སངས་རྒྱས་ཀྱི་བདེན་པ་དེའང་བདེན་པ་ལྟར་སྣང་ཡང་། མཐར་དེད་ན་བདེན་པ་དེ་ནི་དངོས་པོ་གང་ཞིག་ལ་བྱེ་བྲག་ཏུ་ལྟ་བའི་བདེན་པ་ཞིག་ལས་མ་འདས།
ད་ནངས་ཅི་བྱས་ད་ལྟ་མི་དྲན་པའི།།
ཀླད་འཐོམས་འདི་ལ་བསམ་ན་ཡི་ཆད་ཀྱང་།།
བདེན་པ་བརྗོད་ལ་དགའ་བའི་ཁ་ལྕེ་འདི།།
བདེན་པའི་ཆེད་དུ་ནམ་ཡང་སྡོད་མ་ཚུགས།།
དུས་ཚོད་ཀྱི་གླུ།
ཁ་བྱང་གི་འགྲེལ།
ཡོད་ཚད་ཐམས་ཅད་དུས་ཚོད་ཀྱིས་བཟོས་ཤིང་གྲུབ། དུས་ཚོད་ཀྱིས་བཟོས་ཤིང་མ་གྲུབ་པའི་དངོས་པོ་རྡུལ་ཕྲན་ཙམ་ཡང་ཡོད་པ་མ་ཡིན་ནོ། -མདའ་ཚན་པ།
དུས་ཚོད་ནི་ཅི་ཞིག་རེད་ཟེར་ན།།
ཚན་རིག་པར་འགྲེལ་བཤད་ཉུང་གི་ཟེར།།
ཤེར་རྟོག་པར་སྐད་ཆ་དཀོན་གི་ཟེར།།
ཆོས་ལུགས་པའི་ངག་སྒོ་དམ་གི་ཟེར།
དུས་ཚོད་ལ་འགྲེལ་ཞིག་མ་བརྒྱབ་ན།།
དུས་ཚོད་ཀྱིས་གནང་བའི་ཀླད་པ་འདི།།
དུས་ཚོད་ཀྱི་ཆེད་དུ་བཏང་བ་འདི།།
དུས་ཚོད་ཀྱིས་འཕྲོ་བརླག་འགྲོ་བ་འདྲ།།
བར་སྣང་ཡངས་པོ་དུས་ཚོད་ཀྱིས་བྲེས་པའི་བླ་རེ་རེད།།
སྦིག་སྦང་གས་ཐོར་དུས་ཚོད་ཀྱིས་ཅིག་ཅར་གད་པ་རེད།།
དུང་ཕྱུར་དགུ་ཚིགས་དུས་ཚོད་ཀྱིས་ཐོར་བུར་གཏོར་བ་རེད།།
སྐར་ཚོགས་མཐུག་པོ་དུས་ཚོད་ཀྱིས་བཀྲམ་པའི་སྨུག་སྤྲིན་རེད།།
འོད་ལོ་རིང་པོ་དུས་ཚོད་ཀྱིས་འཕངས་པའི་ཇུ་ཞགས་རེད།།
ལོ་རྒྱུས་ཟེར་ཡང་དུས་ཚོད་ཀྱིས་བགྲངས་པའི་གྲངས་ཀ་ཞིག།
མི་ཚེ་ཟེར་ཡང་དུས་ཚོད་ཀྱི་ཁུག་པའི་གཉེར་རིས་ཤིག།
དུས་ཚོད་ཟེར་ཡང་རྡུལ་ཕྲན་གྱི་བྱེ་ཟེགས་གྲུབ་སྟངས་ཤིག།
བརྟན་པའི་སྣོད་འདི་དུས་ཚོད་ཀྱིས་ཡོངས་སུ་བརྟན་པ་རེད།།
གཡོ་བའི་སེམས་ཅན་དུས་ཚོད་ཀྱིས་ཡོངས་སུ་གཡོས་པ་རེད།།
བརྟན་གཡོ་ཐམས་ཅད་དུས་ཚོད་ཀྱིས་གཡོ་ཞིང་སྐྱོམ་པར་བྱེད།།
ཡོད་ཚད་ཐམས་ཅད་དུས་ཚོད་ཀྱི་ཁུག་ན་འདར་ར་ར།།
གོ་ལ་འདི་དག་དུས་ཚོད་ཀྱི་ལག་པས་སྐོར་བཞིན་གདའ།།
འཛམ་གླིང་ཧྲིལ་བོ་དུས་ཚོད་དང་འགྲོགས་ནས་འཁོར་བཞིན་གདའ།།
སྐོར་མཁན་དང་འཁོར་མཁན་གཉིས་ཀ་དུས་ཚོད་རེད་འདུག།
འཇིག་རྟེན་དང་དཀོན་མཆོག་བཞེངས་མཁན་དུས་ཚོད་རེད་འདུག།
བསྐལ་བའི་ཆགས་འཇིག་ཟེར་ཡང་དུས་ཚོད་ཀྱིས་བཟོས་པ་རེད།།
རྟག་དང་མི་རྟག་ཟེར་ཡང་དུས་ཚོད་ལ་ཟེར་བ་རེད།།
འགྲོ་བའི་དར་རྒུད་ཟེར་ཡང་དུས་ཚོད་ཀྱི་ཆོ་འཕྲུལ་རེད།།
འགྱུར་བ་འགྱུར་བ་ཟེར་ཡང་དུས་ཚོད་ཀྱི་འགྱུར་བ་རེད།།
འུ་ཅག་ཚང་མ་དུས་ཚོད་ཀྱིས་དེད་དེ་འགྱུར་གྱིན་གདའ།།
རྒྱ་ནག་མི་འགྱུར་ཟེར་ཡང་དུས་ཚོད་ཀྱིས་འགྱུར་གྱིན་གདའ།།
ཨ་རིའི་འཕུར་གྲུ་དུས་ཚོད་ཀྱིས་མཁའ་ན་འཕུར་གྱིན་གདའ།།
རྒྱ་མིའི་ཤོག་སྒོར་དུས་ཚོད་ཀྱིས་ཤག་ཤག་བགྲང་གིན་གདའ།།
རེ་བ་ཡོད་པ་ཡིན་ན་དུས་ཚོད་ཀྱིས་ཡོད་པ་ཡིན།།
བདེ་སྐྱིད་མེད་པ་ཡིན་ན་དུས་ཚོད་ཀྱིས་མེད་པ་ཡིན།།
ཡོད་པ་བདེན་གྲུབ་ཡིན་ན་དུས་ཚོད་ཀྱིས་གྲུབ་པ་ཡིན།།
མེད་པ་བདེན་མེད་ཡིན་ན་དུས་ཚོད་ཀྱིས་མེད་པ་ཡིན།།
དཔྱིད་གསུམ་སོས་ཀའི་ས་བོན་དུས་ཚོད་ཀྱིས་འདེབས་ཀྱི་འདུག།
དབྱར་གསུམ་ཉི་མའི་དྲོད་ཁོལ་དུས་ཚོད་ཀྱིས་གནང་གི་འདུག།
སྟོན་གསུམ་སྡོང་ལོ་སེར་པོ་དུས་ཚོད་ཀྱིས་གཏོར་གྱི་འདུག།
དགུན་གསུམ་ལུག་གི་ཤ་ཤེད་དུས་ཚོད་ཀྱིས་ལྷུང་གི་འདུག།
ན་ཆུང་བུ་མོའི་འདོད་བརྩེ་དུས་ཚོད་ཀྱིས་རྒྱས་ན་ཡང་།།
ཨ་མ་རྒན་མོའི་ལུས་པོ་དུས་ཚོད་ཀྱིས་སྒུར་གྱི་འདུག།
ཕོ་གསར་གཞོན་ནུའི་སྣང་བ་དུས་ཚོད་ཀྱིས་་བཏེགས་ནའང་།།
ཨ་ཕ་རྒན་པོའི་ལུས་ཤུགས་དུས་ཚོད་ཀྱིས་ཉམས་ཀྱི་འདུག།
ཨ་མྱེས་སངས་ལོ་ན་ནིང་དུས་ཚོད་ཀྱིས་ཤི་བོ་ཐལ།།
བུ་མོ་འབྲུག་མོ་ད་ལོར་དུས་ཚོད་ཀྱིས་སྐྱེས་དང་ཐལ།།
ཞི་ལི་སངས་རྒྱས་ལོ་རེར་དུས་ཚོད་ཀྱིས་འཚར་གི་འདུག།
ཨ་མ་དཔལ་སྐྱིད་ཟླ་རེར་དུས་ཚོད་ཀྱིས་རྒས་ཀྱི་འདུག།
ཁ་སང་དུས་ཚོད་ཀྱིས་མི་ལུས་རིན་ཆེན་གནང་ད་མོད།།
དེ་རིང་དུས་ཚོད་ཀྱིས་ན་ཚའི་ཁུར་བོ་སྐུར་ད་མོད།།
སང་ཉིན་དུས་ཚོད་ཀྱིས་འཆི་བ་སྟེར་རྒྱུ་ངེས་གི་མོད།།
ང་རང་དུས་ཚོད་ཀྱི་རྡུལ་ཕྲན་ཟེགས་མ་ཞིག་ཡིན་ཟིག་མོད།།
ཀྲུག་ཡོང་ཁང་གི་དབང་ཆ་རྩིས་སྤྲོད།
རྒྱ་ཡིག་གི་ ་་འཛམ་གླིང་གསར་གནས་དྲ་རྒྱ་ སོགས་དུ་མ་ཞིག་གིས་དབྱིན་ཡུལ་གྱི་ནོར་སྲིད་དུས་ཚོད”ཅེས་པའི་ཐོག་བཀོད་པའི་གནས་ཚུལ་ཞིག་གང་སར་ལུང་འདྲེན་བྱས་ཏེ་བཀོད་པ་ལྟར་ན། ཀྲུག་ཡོང་ཁང་གིས་རང་གི་གོ་གནས་རྩིས་སྤྲོད་བྱས་པ་དང་། དེ་དང་མཚུངས་སུ་ནང་ཁུལ་གྱི་ཚོགས་འདུའི་ནང་པའོ་ཞི་ལེ་ལ་སྲུང་སྐྱོབ་བྱས་པའི་སྐྱོན་ཆ་ངོས་ལེན་གནང་། ནོར་སྲིད་དུས་ཚོད་ཀྱིས་བརྗོད་པར། ཕྱི་ཚུལ་ལྟར་ན། ཀྲུག་ཡོང་ཁང་ནི་སྔ་བཞིན་དམར་ཤོག་དབུས་གཞུང་གི་སྲིད་ཁྲིམས་ཀྱི་མགོ་གཙོ་དང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་རེད། ཡིན་ནའང་། ཁོའི་ཉིན་རྒྱུན་གྱི་དབང་ཆ་དེ་ད་ལྟའི་བདེ་འཇགས་མགོ་གཙོ་མིན་ཅན་ཀྲུའུ་ལ་སྤྲད་ཡོད་པ་རེད་ཅེས་རྒྱ་གཞུང་གི་་མཐོ་རིམ་མི་སྣ་གསུམ་གྱིས་གནས་ཚུལ་ཕྱི་གྱར་བྱས་འདུག།
གནས་ཚུལ་ཤེས་མཁན་འདི་ཚོས་བརྗོད་དོན་ལྟར་ན། ཀྲུག་ཡོང་ཁང་གིས་དབང་ཆ་རྩིས་སྤྲོད་བྱེད་དགོས་དོན་གཙོ་བོ་ནི། ད་ལོའ་ཟླ་༣ དང་༤ པའི་མགོར་དམར་ཤོག་གཞུང་ནང་ཁུལ་དུ་པའོ་ཞི་ལེ་ཡི་གནད་དོན་ཐག་གཅོད་ལ་བརྒལ་ལན་བྱེད་སྐབས་ཀྲུག་ཡོང་ཁང་གིས་ཧུར་ཐག་དང་ཤུགས་ཆེན་པོས་པའོ་ཞི་ལེའི་དོན་དུ་སྐད་ཆ་བཤད་པས་ཡིན་འདུག པའོ་ཞི་ལེ་གོ་གནས་མ་གཡུག་པའི་སྔོན་ལ། ཕྱིའི་ལྟ་སྣང་ལ། ཀྲུག་ཡོང་ཁང་གི་ཚབ་ཆབ་སྲིད་ཅུའུ་ནང་ཁོ་པའི་རྒྱུན་ལས་རྗེས་སྐྱོང་བ་ཡིན་པ་རེད། ཡིན་ནའང་། ཁྲུང་ཆིན་གྱི་བདེ་སྲུང་མགོ་གཙོ་ཝང་ལི་ཅོན་ཨ་རིའི་དོན་གཅོད་ཁང་དུ་འཛུལ་བ་ནས། དེ་ནི་དམར་ཤོག་གི་ལོ་དུ་མའི་ནང་གི་ཆབ་སྲིད་ཉེན་ཚབ་ཆེ་ཤོས་ཤིག་གི་སྣ་འདྲེན་པར་ཆགས་པ་རེད། དེ་ལ་བརྟེན་ནས་པའོ་ཞི་ལེ་ཡི་བཟའ་ཟླ་ཀུ་ཁེ་ལེ་ཡང་དབྱིན་ཇི་ཚོང་པ་ཧེ་ཝུ་ཌི་ལྐོག་གསོད་ཀྱི་ཉེས་མིང་འོག་འཛིན་བཟུང་བྱས། པའོ་ཞི་ལེ་ཡི་དོན་དག་གིས་རྒྱ་ནག་དམར་ཤོག་མཐོ་རིམ་མི་སྣའི་ནང་རང་ཉིད་སྒེར་གྱི་ཁེ་ཕན་ཆེད་བསམ་བློའི་ནང་ཕན་ཚུན་འགལ་ཟླ་ཡོད་པ་ཕྱིར་མངོན་བྱས་པ་ཡིན་ཚུལ་བརྗོད་འདུག
ནོར་སྲིད་དུས་ཚོད་ནང་བཀོད་གནས་ལྟར་ན། ད་ལོའི་དམངས་འཐུས་ཚོགས་ཆེན་ཐེངས༡༨ པ་མ་འཚོགས་སྔོན་ལ་མི་དམངས་ཀྱི་མིག་སྔར་ཀྲུག་ཡོང་ཁང་གི་གོ་གནས་མར་འབེབས་རྒྱུ་མིན་པ་དང་། དེ་སྐབས་ཁོ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུ་ཅིང་ཐའོ་དང་མཉམ་དུ་རྒན་གསོ་བྱ་རྒྱུ་ཡིན་པའི་ཚོད་དཔག་གནང་གི་འདུག
ནང་གནས་གསལ་པོར་ཤེས་མཁན་མགོ་ཁྲིད་ཅིག་གིས་བརྗོད་པ་ལྟར་ན། གལ་སྲིད་ཀྲུག་ཡོང་ཁང་གི་དབང་ཆ་ཡོངས་གྲགས་ཀྱིས་བླངས་པ་ཡིན་ན་。ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པ་རེད། རྒྱུ་མཚན་ནི། ཁོ་ནི་སྲིད་ཁྲིམས་ཀྱི་མགོ་གཙོ་ཡིན་པས་ལམགོ་ཁྲིད་གཞན་པ་ཚོའི་ལོ་མང་པོའི་རིང་གི་གསང་དོན་ཉར་ཡོད་ཚུལ་བརྗོད་འདུག ཝུན་ཅ་པའོ་ཚུད་པའི་མགོ་ཁྲིད་སྐོར་ཞིག་ཆབ་སྲིད་ལ་སྒྱུར་བཅོས་བྱེད་འདོད་མཁན་ཡིན་ནའང་ཀྲུག་ཡོང་ཁང་ཐེ་བའི་མཁྲེགས་འཛིན་པ་སྐོར་ཞིག་དེ་ལ་ངོ་རྒོལ་བྱེད་མཁན་ཡིན་གནས་ཀྱང་འདུག
ད་ལྟའི་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་ནང་ཁུལ་གྱི་རྙོག་དྲ་དེ་དང་། ད་ལོའི་སྟོན་ཀ་འཚོགས་རྒྱུ་ཡིན་པའི་དམངས་འཐུས་ཚོགས་ཆེན། དེའི་སྐབས་ཀྱི་མགོ་ཁྲིད་བཅོས་སྒྲིག་ཆེན་པོའི་རྗེས་ཀྱི་རྒྱ་ནག་དམར་ཤོག་གཞུང་དེ་ཇི་འདྲ་ཞིག་ཆགས་རྒྱུ་ཡིན་པ་རེད། བཅོས་བསྒྱུར་གྱི་རེ་བ་ཕྲན་ཙམ་ཡོང་གི་རེད་དམ་ཡང་ན་སྔར་ལྟར་མཁྲེགས་པོ་བྱས་གནས་ཀྱི་རེད། ང་ཚོའི་ངོས་ནས་ད་ལྟ་ནས་རྔ་ལ་དཔག་པའི་འཆམ་འཁྲབ་རྒྱུ་ཡོད་པ་རེད་དམ།
དབུ་མའི་ལམ་གྱི་འཁྲུལ་སྣང་།
དབུ་མའི་ལམ་གྱིས་བོད་དོན་གྱི་དཀའ་རྙོག་སེལ་ཐུབ་ཀྱི་རེད་སྙམ་པའི་འཁྲུལ་སྣང་ཞིག་བོད་མི་མང་པོ་ཞིག་ལ་འདས་པའི་ལོ་བཅུ་ཕྲག་རིང་སྐྱེས་པ་རེད་ལ་ད་དུང་གྲངས་ཀའི་མང་ཉུང་ལ་མ་ལྟོས་པར་མི་མང་པོ་ཞིག་མུ་མཐུད་འཁྲུལ་བའི་སྣང་བ་དེ་ལས་ཐར་ཐུབ་ཀྱི་མེད་པ་གསལ་པོ་རེད། དེས་ན་ང་ཚོས་ངེས་པར་ཐོག་མར་ཤེས་དགོས་པ་ཞིག་ནི། མི་སེམས་རྨོངས་ཤིང་འཁྲུལ་བར་བྱེད་པའི་ཉལ་ཐ་ལྟ་བུའི་དུག་རྫས་དེ་སུ་ཞིག་གིས་བོད་མིའི་སྤྱི་ཚོགས་ནང་ཐོག་དང་པོར་གཏོར་བ་རེད། དེ་ངོས་ཟིན་རྒྱུ་དེ་གལ་ཆེན་པོ་རེད།
མི་བསམ་བློ་ཅན་ཞིག་ཡིན་ན་འཁྲུལ་སྣང་གི་དུག་རྫས་དེའི་བདག་པོ་ནི་དཔྱད་ཞིབ་མང་པོ་བྱེད་མི་དགོས་པར་ཏིང་ཞའོ་ཕིང་ཡིན་པ་ལམ་སང་སེམས་ངོར་འཆར་ཐུབ་པ་ཞིག་རེད། ཏིང་གིས་རྒྱ་གཞུང་གི་དབང་བཟུང་བ་དང་ཕར་ལ་འབྲེལ་བ་བྱེད་མ་དགོས་པར་ཚུར་འབྲེལ་བ་བཟུང་བ་དེས་ང་ཚོ་ལ་འཁྲུལ་སྣང་དང་རྨི་ལམ་ཟ་ཟི་ཞིག་གཏོང་བཅུག་པ་རེད། ཡིན་ནའང་། ད་རུང་འཁྲུལ་སྣང་གི་རྫས་དུག་ངོ་མ་དེ་བོད་སྤྱི་ཚོགས་ནང་གཏོར་ཡོད་པ་མ་རེད། དེ་ནི་ཏིང་གིས་ཏང་གི་ཆབ་སྲིད་ནང་ཚེ་གང་སྦྱངས་ཡོང་བའི་སྒྱུ་མ་མང་པོ་སྤྲུལ་རྒྱུ་ཡོད་པ་ལས་ཆ་ཤས་གཅིག་ཁོ་ན་ཚུར་བཏང་བ་རེད། དེ་ནས་ཏིང་གི་སྒྱུ་མ་དེའི་ཆོ་འཕྲུལ་གྱི་ཟུར་ཞིག་ང་ཚོར་ཕོག་པ་རེད། རྒྱ་ལོ་དོན་གྲུབ་ཟ་རེ་ཟི་རེ་ཆགས་ནས་ཉིན་མོའི་རྨི་ལམ་གཏོང་གི་གཏོང་གི་ཕར་རྒྱ་ནག་ལ་ཕྱིན་ཏེ་ཏིང་ཞའོ་ཕིང་ལ་ཐུག་པ་རེད།
ང་ཚོའི་བོད་ཀྱི་སྒྲུང་ནང་རྒྱ་སྒྱུ་མ་མཁན་ཟེར་བའི་མི་ལ་འཁྲུལ་སྣང་སྟེར་མཁན་ཞིག་རྒྱ་ལ་ཡོད་པ་དེ་ཤེས་གསལ་ལྟར་ཡང་། ཏིང་ཞའོ་ཕིང་སྒྱུ་མ་མཁན་ཞིག་ཡིན་པ་རྒྱ་ལོས་ཀྱང་ཤེས་ཡོད་པ་མ་རེད་ལ་བོད་མི་སུས་ཀྱང་ཤེས་ཡོད་པ་མ་རེད། དེའི་སྐབས་སུ། ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གཞན་ག་རེ་ཡིན་ནའང་བསམ་བློ་གཏོང་གི་ཡིན་མདོག་མདོག་ཅིག་བཤད་པ་རེད། སྐད་ཆ་འདི་ནི་ཏིང་གིས་བོད་སྤྱི་ཚོགས་ནང་གཏོར་བའི་འཁྲུལ་སྣང་གི་དུག་རྫས་ངོ་མ་དེ་ཆགས་པ་རེད། དུག་རྫས་འདིའི་དུག་རླངས་མཐོ་རྒྱལ་བ་ནས་དམན་སྤྲང་པོའི་བར་ཚང་མར་ཕོག་ཏེ་ནང་གི་ཤེས་པ་རྦད་དེ་སྦྲིད་པར་གྱུར་པ་རེད།
ད་མཚམས་འདི་རུ་ངས་འཁྲུལ་སྣང་དེ་ཇི་ལྟར་འཁྲུལ་སྣང་ཡིན་པ་ངོ་སྤྲོད་ན་འདོད། ཏིང་གིས་ཚུར་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་འཛིན་དགོས་པའི་དམིགས་ཡུལ་ག་རེ་རེད། དེ་ནི་གནད་འགག་གི་རྩ་བ་ཐུག་ས་དེ་རེད། ཁྱེད་ཀྱིས་དེ་ཤེས་པ་ཡིན་ན་གཞི་ནས་འཁྲུལ་སྣང་ངོ་ཤེས་ཀྱི་རེད། འཁྲུལ་སྣང་ངོ་ཤེས་པ་ཡིན་ན་ཁྱེད་རང་འཁྲུལ་སྣང་ལས་ཐར་ཐུབ་ཀྱི་རེད། ཏིང་གིས་ཚུར་འབྲེལ་བ་བྱས་པ་དེ་བོད་དོན་ཐག་གཅོད་པའི་ཆེད་མིན་པར་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་དང་བཅས་པའི་ཡུལ་གྱར་གྱི་འཚོ་བ་སྔ་ཟིག་རྫོགས་བཅུག་ནས་ཕར་ཏང་གི་མགོ་ཁྲིད་འོག་ལོག་ཡོང་བ་བྱེད་རྒྱུ་དེ་ཏིང་གི་དམིགས་ཡུལ་ངོ་མ་དེ་རེད། དེ་ལྟར་ཕར་ཕྱོགས་སུ་ཡོངས་བསྒྲགས་ཀྱང་བྱེད་ཀྱི་ཡོད་པ་རེད། དེ་མིན་བོད་དོན་ཐག་ཡག་པོ་ཞིག་གཅོད་འདོད་ན་ཚུར་བཙན་བྱོལ་བོད་གཞུང་ལ་འབྲེལ་བ་བྱེད་དགོས་དོན་ཡོད་མ་རེད། བོད་དོན་གྱི་ལྡེ་མིག་ངོ་མ་དེ་རྒྱལ་བ་རིན་པོ་ཆེའི་ཕྱག་ན་མེད་པར་གུང་གཞུང་གི་ལག་ན་ཡོད་པ་རེད། མི་རིགས་སྲིད་བྱུས་ཀྱི་བཅའ་ཁྲིམས་ནང་བཟོ་བཅོས་ཁ་ཤས་ཤིག་དང་ས་གནས་སྲིད་གཞུང་ཁག་ལ་བཅོས་སྒྲིག་ཅིག་བྱས་པ་ཙམ་གྱིས་འགྲིགས་པ་རེད། ཡིན་ནའང་། བོད་དོན་ལ་ཐག་གཅོད་གསར་པ་ཞིག་བྱེད་པའི་འདོད་པ་རྩ་ནས་ཡོད་པ་མ་རེད། ཚུར་ཕྱོགས་སུ་བོད་གཞུང་གིས་བོད་དོན་ཐག་གཅོད་བྱེད་ཐུབ་ཀྱི་རེད་སྙམ་པའི་འཁྲུལ་སྣང་ཞིག་སླེབས་པ་རེད། འཁྲུལ་སྣང་དེ་ཏིང་གིས་བྱིན་པ་རེད།
ཏིང་གིས་ ་་ རང་བཙན་མ་གཏོགས་་ ཟེར་ནས་ཁ་ཚོད་ཡོད་ནང་གི་གཏམ་ཚོད་མེད་ཅིག་ཤོར། དེ་ནི་ཁོ་རང་གིས་ཀྱང་ནོར་འཁྲུལ་ཞིག་ཏུ་མཐོང་ཡོད་ཚོད། རིང་བོ་མ་ཐོགས་པར་རང་བཙན་མ་གཏོགས་ཟེར་བའི་རང་བཙན་དེ་ལ་འགྲེལ་བཤད་རིང་པོ་ཞིག་བཀྱོན་པ་ནི། རང་བཙན། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་ཟེར་ནས་མི་ཆོག་པའི་རང་བཙན་དེ་འགྱིག་ཐག་བཞིན་རིང་དུ་བསྐྱེད་ནས་རང་སྐྱོང་ངོ་མ་ཡང་རང་བཙན་ཁོངས་སུ་འདུ་བ་ཞིག་བཟོས་ཏེ་དེ་ཡོངས་བསྒྲགས་ཀྱང་གནང་བ་རེད། རང་སྐྱོང་ངོ་མ་ཞིག་ཀྱང་སྤྲད་རྒྱུ་མིན་པ་དེ་དེའི་སྐབས་ནས་གཏན་འཁེལ་ཚར་ཡོད་པ་རེད། ངོ་མ་བཤད་ན། ཏིང་ཁོ་རང་གི་སྐབས་ནས་ཕྱི་གསལ་ནང་གསལ་བཟོས་ཚར་ཡོད་པ་རེད། དེ་མིན་ཏིང་གི་བསམ་ཚུལ་ལྟར་མགོ་ཁྲིད་རྗེས་མ་ཚོ་མ་ཕྱིན་པ་མིན་པར་མགོ་ཁྲིད་རྗེས་མ་ཚོས་ཀྱང་མུ་མཐུད་ཏིང་གི་རྗེས་སུ་འབྲངས་པ་ཡིན་པ་གསལ་པོ་རེད།
ཕར་ཕྱོགས་ཀྱི་དམིགས་ཡུལ་ངོ་མ་དེ་གོང་དུ་བཤད་པ་ལྟར་བཙན་བྱོལ་བོད་གཞུང་བསྡུ་གསོག་རྒྱག་རྒྱུའི་ཆེད་ཁོ་ན་ཡིན་པས་བོད་དོན་གླེང་བའི་འདོད་པ་རྩ་ནས་མེད་ནའང་། ཏིང་གི་ཆོ་འཕྲུལ་གྱིས་བཟི་བའི་ཚུར་ཕྱོགས་ནས་མུ་མཐུད་བོད་དོན་ལ་བཅངས་པའི་འཁྲུལ་སྣང་དེ་སེམས་ངོས་ནས་ཡོངས་སུ་གཙང་བཟོ་བྱེད་མ་ཐུབ་པར་ཉེ་བའི་ལོ་ཤས་བར་མུ་མཐུད་རྒྱ་ནག་དང་མཉམ་བོད་དོན་གླེང་ཁུལ་བྱས་པ་རེད། རྒྱ་བོད་ཀྱི་མཁས་པ་རྣམ་དཔྱོད་ཅན་དུ་མ་ཞིག་ནས་སྔོན་ཚུད་ནས་རྒྱ་བོད་གཉིས་ཀྱི་གྲོས་མོལ་ལ་འབྲས་བུ་འབྱུང་རྒྱུ་མིན་པའི་ཚོད་དཔག་གནང་བ་ལྟར་བདེན་པ་བདེན་ཐོག་ཏུ་བབས་པ་རེད།
ད་ལྟ་ད་རུང་། བོད་མི་མི་ཉུང་བ་ཞིག་ནས་དབུ་མའི་ལམ་གྱིས་བོད་དོན་སེལ་ཐུབ་རྒྱུ་ཡིན་པའི་འཁྲུལ་སྣང་སྐྱེས་དང་སྐྱེ་བཞིན་པ་རེད་ལ། ཝང་ལི་ཞུང་གི་སྐད་ཆ་ཞིག་སྟེ་༧རྒྱལ་བ་རིན་པོ་ཆེ་བོད་དོན་སེལ་བྱེད་ཀྱི་ལྡེ་མིག་ཡིན་ཟེར་བའི་མ་བརྟག་མ་དཔྱད་པའི་སྐད་ཆ་དེ་བདེན་པར་བཟུང་འདུག ངས་ཤེས་པ་ལྟར་ན། ད་ལྟ་ཁོ་ཚོ་འགའ་རེའི་འཁྲུལ་སྣང་དེ་སྔོན་གྱི་ཏིང་གི་སྐད་ཆ་དེ་ཁོ་ན་མིན་པར། སྔ་ཕྱི་མ་གཏོགས་རྒྱ་ནག་ལ་འགྱུར་བ་འགྲོ་གི་རེད་སྙམ་པ་དང་། འགྱུར་བ་སོང་ན་དབུ་མའི་ལམ་ལ་རེ་བ་ཡོད་པ་རེད་སྙམ་པའི་འཁྲུལ་སྣང་དང་རྨི་ལམ་གཞན་ཞིག་གཏོང་གི་འདུག
འདི་ལ་ཡང་དཔྱད་པ་ཅུང་ཞིག་བྱེད་ན་འདོད་བྱུང་། རྒྱ་ནག་ལ་སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་རྒྱུ་ཡིན་པ་དེ་བདེན་པ་རེད། ངས་བལྟས་ན། རྒྱ་ནག་གི་འགྱུར་བ་དེ་ཚུར་ཕྱོགས་བཙལ་བྱོལ་བོད་གཞུང་དང་དབུ་མའི་ལམ་ལ་འབྲེལ་བ་ཇི་ལྟར་ཡོད་པ་དེ་གསལ་པོར་ཤེས་ཀྱི་མི་འདུག དེ་ཡང་བོད་དོན་གྱི་ལྡེ་མིག་ངོ་མ་དེ་རྒྱ་ནག་གི་མི་རིགས་སྲིད་བྱུས་ཡིན་པ་དང་། ལྡེ་མིག་དེ་འཛིན་མཁན་མི་དམངས་འཐུས་མི་རེད། སྒོ་ནམ་འབྱེད་ཆོག་མིན་གྱི་དབང་ཅན་དང་བཀའ་བཀོད་པ་གུང་ཁྲན་ཏང་རེད། རྒྱ་ནག་ལ་འགྱུར་བ་སོང་བའི་ཉིན། ད་ལྟའི་བོད་དོན་གྱི་ལྡེ་མིག་ཉར་མཁན་ཙམ་ལས་མིན་པའི་མི་དམངས་འཐུས་མི་ཟེར་བ་ཚོའི་ལག་པར་བོད་དོན་གྱི་སྒོ་ཇི་ལྟར་འབྱེད་དང་ནམ་འབྱེད་ཀྱི་དབང་ཆ་ཡོང་མདོག་ཁ་པོ་རེད། དེས་ན་རེ་བ་ངོ་མ་དེ་དེ་ན་ཡོད་པ་རེད། ང་ཚོ་ཕར་ལོག་འདོད་པ་རྣམས་ལོག་འགྲོ་རྒྱུ་ལས་གཞན་ཡོད་པ་མ་རེད། གལ་སྲིད། དེའི་སྐབས་དབུ་མའི་ལམ་ལ་རེ་བ་རྒྱག་ཆོག་པ་ཡིན་ན་རང་ཐག་རང་གཅོད་དང་ཡང་ན་རང་བཙན་སོགས་ལའང་རེ་བ་བྱེད་ཆོག་པར་འདོད།
སྐར་ལྔའི་དར་དམར་གྱི་འགྲེལ་བཤད་འདིར་ཡང་སྤྱན་རས་འཁྱུག་ཙམ་གཡོ་བར་བྱ
https://www.khabdha.org/?p=29012
གལ་སྲིད་ཁྱེད་ཚོས་མུ་མཐུད་དུ་རྒྱ་ནག་དམར་ཤོག་གིས་དབང་འཛིན་རྒྱུར་རྒྱབ་སྐྱོར་ཡོད་པ་ཡིན་ན་རྒྱ་གཞུང་གི་དར་ཆ་མེར་བསྲེག་གཏོང་བར་ངོ་རྒོལ་དང་དེ་ཡར་སྒྲེངས་པར་རྒྱབ་སྐྱོར་བྱེད་པར་རྒྱུ་མཚན་འདུག་ལ་ངས་དེར་བསམ་ཤེས་བྱེད་ཐུབ་ཀྱི་འདུག གལ་སྲིད་ཁྱེད་ཚོས་རྒྱ་གཞུང་གསར་པ་ཞིག་དང་དམངས་གཙོའི་གཞུང་ཞིག་ལ་རེ་བ་རྒྱག་གི་ཡོད་པ་ཡིན་ན། ད་རུང་ཨུ་ཚུགས་ཀྱིས་གཙོ་བོ་ཏང་གི་མགོ་ཁྲིད་འགྱུར་མེད་མཚོན་པའི་ཁྲག་དར་དེར་རྒྱབ་སྐྱོར་བྱས་པ་ཡིན་ན་ངའི་མགོ་བོ་མགལ་མེ་བཞིན་འཁོར་གྱི་འདུག
གཤམ་དུ་གུང་གཞུང་གི་སྐར་ལྔའི་དར་དམར་གྱི་འགྲེལ་བཤད་འདིར་ཡང་སྤྱན་རས་འཁྱུག་ཙམ་གཡོ་བར་བྱ། དེས་ཁྱེད་ལ་སྐར་ལྔའི་དར་དམར་ནི་གུང་གཞུང་གི་དར་ཆ་ཡིན་པ་གསལ་སྟོན་བྱེད་གི་རེད་ལ། རྗེས་སུ་རྒྱ་ནག་དམངས་གཙོ་ཆགས་སྐབས། དར་དམར་འདི་དང་དར་དམར་འདིའི་འགྲེལ་བ་ལའང་ངེས་པར་འགྱུར་བ་འགྲོ་རྒྱུ་ཡིན་པའང་ཁྱེད་ལ་གསང་བརྡ་སྟོན་ངེས་རེད།
སྐར་ལྔའི་དར་དམར་གྱི་འགྲེལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན། དེས་ཀྲུང་གོ་གསར་བརྗེ་མི་དམངས་མཐུན་སྒྲིལ་ཆེན་མོ་མཚོན། དར་ངོས་དམར་པོ་ཡིན་པ་དེས་གསར་བརྗེ་མཚོན། དར་ཆའི་སྟེང་གི་སྐར་མ་ཟུར་ལྔ་ཅན་ལྔ་ཡོད་པ་དང་དེ་དག་གི་འབྲེལ་བས་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་གསར་བརྗེ་མི་དམངས་མཐུན་སྒྲིལ་ཆེན་མོ་མཚོན། སྐར་མའི་མདོག་སེར་པོས་ཀྲུང་གོ་མི་རྒྱུད་སེར་པོ་ཡིན་པ་སྟོན། སྐར་མ་ཟུར་ལྔ་ཅན་ཆུང་ཆུང་བཞི་བོ་རེ་རེས་ཟུར་རེ་སྐར་མ་ཆེ་བར་སྟོན་ཡོད་པས་ལྟེ་གནས་གཅིག་གི་མཐའ་སྐོར་ལ་མཐུན་སྒྲིལ་བྱེད་དགོས་པ་མཚོན། སྐར་མ་ཟུར་ལྔ་ཆེ་བ་དེས་ཀྲུང་གོ་གུང་ཁྲན་ཏང་མཚོན། སྐར་མ་ཟུར་ལྔ་ཆུང་བ་བཞིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་རྒྱ་ཡོངས་མི་དམངས་ཚང་མ་དང་། གྲལ་རིམ་བཞི་སྟེ་བཟོ་བའི་གྲལ་རིམ། ཞིང་བའི་གྲལ་རིམ། གྲོང་ཁྱེར་གྱི་འབྱོར་ཆུང་གྲལ་རིམ་དང་མི་རིགས་འབྱོར་ལྡན་གྲལ་རིམ་མཚོན།
སྐར་ལྔའི་དར་དམར་ལས་འཕྲོས་པའི་དྲི་བ་འགའ།
https://www.khabdha.org/?p=28967
བར་སྐབས་ཤིག་ནས་རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་གྲུ་ཟུར་འགའ་རེར་སྐར་ལྔའི་དར་དམར་མེ་བསྲེག་གཏོང་བ་དང་ལས་འགུལ་སྤེལ་སྐབས་སྐར་ལྔའི་དར་དམར་མཉམ་འཁྱེར་བྱས་པ་ལས་འཕྲོས་ཏེ་བགྲོ་གླེང་རྣོ་ངར་ཅན་ཞིག་གནང་སོང་། དེའི་སྐོར་ལ་ང་ལའང་དྲི་བ་འགའ་ཤས་སེམས་ནང་འཁོར་ཡོང་གི་འདུག་པས་དྲི་བ་འདི་དག་སྤྱི་ཡོངས་སུ་འདྲི་འདོད་བྱུང་།
སྐར་ལྔའི་དར་དམར་དེའི་འོག་ཏུ་རྒྱ་མི་རིགས་ག་ཚོད་ཅིག་ཤི་ཡོད་པ་རེད་དམ། བོད་མི་རིགས་ག་ཚོད་ཅིག་ཤི་ཡོད་པ་རེད་དམ།
སྐར་ལྔའི་དར་དམར་གྱིས་རྒྱ་མི་རིགས་མཚོན་ཐུབ་ཀྱི་རེད་དམ། སྐར་ལྔའི་དར་དམར་གུང་ཁྲན་ཏང་གི་དར་རེད་དམ་རྒྱ་མི་རིགས་ཀྱི་དར་རེད། ཡང་ན་གཉིས་ཀའི་དར་རེད། སྐར་ལྔའི་དར་དམར་མེར་བསྲེག་ན་རྒྱ་རིགས་མི་མང་ལ་ཕོག་ཐུག་འགྲོ་གི་རེད་ཟེར་བ་དེ་ཡོངས་སུ་བདེན་པའི་སྐད་ཆ་ཞིག་རེད་དམ། དེ་ཡིན་ན་རྒྱ་མི་རིགས་ཀྱི་ནང་དུའང་དར་དམར་གྱི་ཚབ་ཏུ་དར་དཀར་ཕྱར་ནས་གུང་ཁྲན་ཏང་གི་སྲིད་བྱུས་དང་དར་ཆ་གཉིས་ཀར་ངོ་རྒོལ་བྱས་པའི་ལོ་རྒྱུས་གོ་རྒྱུ་ཡོད་པ་འདི་བདེན་པ་རེད་དམ།
སྤྱིར་རྒྱལ་དར་ཟེར་བ་འདི་ཚོ་འཕྱར་མཁན་དང་མི་མང་ནང་འཕྱར་བར་ཤུགས་རྐྱེན་བཟོ་མཁན་དེ་གཞུང་ཞེས་པ་དེ་ཚོ་ཡིན་པ་དང་། ཕྱར་སའང་གཞུང་གི་ལས་ཁུངས་ཆེ་ཁག་གི་སྒོ་འགྲམ་ཡིན་པ་རེད། གཞུང་ཞིག་ལ་མཚོན་ན། དར་ཆ་ནི་རྒྱལ་ཁབ་ཅིག་གི་མཚོན་བྱེད་གལ་ཆེན་པོར་བརྩི་གི་འདུག་སྟེ་གལ་ཆེན་པོ་ཡིན་ནའང་ཐང་། ཡིན་ནའང་། མི་མང་རྣམས་ལ་མཚོན་ན། ངས་རྒྱལ་དར་ཟེར་བ་དེ་ཚོ་དེ་འདྲའི་མེད་དུ་མི་རུང་བ་ཞིག་དང་གལ་ཆེན་པོ་ཞིག་ཏུ་མཐོང་གི་མི་འདུག ཨ་རིའི་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་ཨ་རིའི་རྒྱལ་དར་མེར་བསྲེག་བཏང་ནས་ངོ་རྒོལ་བྱས་ན་ཨ་རིའི་མི་མང་ཚོར་ཕོག་ཐུག་གཏོང་རྒྱུ་ཕར་ཞོག་ཐ་ན་སྣང་དོགས་ཙམ་ཡང་མི་བྱེད་པ་དེས་དེ་ལ་གསལ་བཤད་བྱེད་ཀྱི་མི་འདུག་གམ།
དེ་འདྲ་ཡིན་ཙང་། བོད་དོན་ལས་འགུལ་སྤེལ་མཁན་མི་སྒེར་བ་ཚོས་རྒྱལ་ཁབ་འདྲ་མིན་གྱི་རྒྱལ་དར་ཁྱོགས་ཚོད་རེ་ཡིན་གཅིག་མིན་གཅིག་མཉམ་འཁྱེར་བྱས་ནས་འགྲོ་དགོས་ཀྱི་འདུག་གམ།
བོད་དོན་ལས་འགུལ་བ་འགའ་རེས་རང་གང་ལ་ངོ་རྒོལ་ཡོད་པའི་གཞུང་ཞིག་གི་རྒྱལ་དར་མེ་བསྲེག་བཏང་བ་ཡིན་ན། ཡང་ལས་འགུལ་བ་འགའ་རེས་རྒྱལ་ཁབ་གང་དེའི་མི་མང་ལ་ཕོག་ཐུག་བཏང་ཚུལ་གླེང་ནས་ས་ལྡིང་གནམ་ལྡིང་བྱེད་དགོས་ཀྱི་འདུག་གམ། འགའ་རེའི་སེམས་ནང་གི་ངོ་རྒོལ་བྱེད་ས་དེ་ཁྱེད་ཀྱི་སེམས་ནང་དུ་དེར་དེ་འདྲའི་བརྩི་མཐོང་སླེབས་དགོས་དོན་ག་རེ་རེད། ཁྱེད་ཀྱིས་དེ་ནི་གཞུང་གང་དེ་ལ་བརྩི་འཇོག་གི་ཆེད་དུ་ཡིན་ཞེས་བརྗོད་རྒྱུ་ཡིན་ནམ། མི་མང་ལ་དྲག་གནོན་དམར་གསོད་གཏོང་མཁན་གྱི་གཞུང་ཞིག་ལ་ཁོང་ཁྲོ་མེད་ནའང་བརྩི་འཇོག་ཅེས་པ་ཞིག་ཇི་ལྟར་ཁྱེད་ཀྱི་ཡིད་ལ་འཆར་ཐུབ་བམ། ཁྱེད་ཀྱིས་བརྩི་འཇོག་བྱེད་ཀྱི་ཡོད་བསམ་ནའང་ཁྱེད་ཀྱིས་བརྩི་འཇོག་བྱེད་ས་དེས་ང་ལ་བརྩི་འཇོག་བྱེད་ཀྱི་འདུག་བསམ་གྱི་རེད་དམ།
དགེ་རྒན་སངས་རྒྱས་རྒྱལ་རྗེས་སུ་དྲན་པ།
https://www.khabdha.org/?p=28268
དེ་རིང་ཁ་བརྡའི་ཐོག་བཀོད་པའི་སངས་རྒྱས་རྒྱལ་གྱི་པར་དེ་མཐོང་བ་དང་གསུང་བཤད་གོ་རྗེས། ཁོང་ཡང་ཡང་ཡིད་ལ་དྲན་ཞིང་སེམས་ལ་སྐྱོ་བ་སྐྱེས་བྱུང་བས་ཁོང་ལ་རྗེས་སུ་དྲན་པའི་ཆེད་དུ་རང་དབང་མེད་པར་ཚིག་འགའ་ཤོར། དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ལགས་ནི་སྐུ་གཤེགས་ཟིན་ཡང་ཁོང་གི་མི་རིགས་ཀྱི་སློབ་གསོའི་ཆེད་གནང་བའི་བཀའ་སློབ་དག་ནི་ད་རུང་ང་ཚོས་རྣ་བས་ཉན་ཐུབ་པ་འདིའང་བསྐལ་བ་བཟང་། ན་ནིང་སློབ་གྲོགས་ཤིག་གི་ཁ་ནས་ཁོང་སྐུ་གྲོངས་པ་གོ་རྗེས་ཡིད་ལ་ཕངས་སེམས་ཡང་ཡང་སྐྱེས་ཀྱང་དེ་ལ་བྱ་ཐབས་ཅི། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ།
གལ་སྲིད། ང་ཚོའི་རྣམ་ཤེས་འདིར་ཆད་པ་མེད་པའི་རྒྱུན་ཞིག་ཡོད་པ་ཡིན་ན། གལ་སྲིད། ང་ཚོའི་ཚེ་འདིའི་ནམ་རྒྱུན་གྱི་བསམ་བློ་གཏོང་ཕྱོགས་དེ་སྐྱེ་བ་ཕྱི་མ་ལ་འབྲེལ་བ་ཞིག་ཡོད་པ་ཡིན་ན། ཁྱེད་རང་སྐྱར་དུ་བོད་མི་ཞིག་ཏུ་སྐྱེ་རྒྱུ་ཡིན་པ་མ་ཟད་ལོ་ཤས་རྗེས་སུ་སྐྱར་དུ་བྱ་རྒྱལ་རྒོད་པོ་ཞིག་བཞིན་མི་རིགས་ཀྱི་སློབ་གསོའི་མཁའ་དབྱིངས་སུ་གཤོག་འགྱུར་བྱེད་ཅིང་ལྡིང་སྐོར་བརྒྱབ་ནས་སླེབས་ཡོང་གི་རེད་འདོད།
ངས་ཤེས་པའི་སངས་རྒྱས་རྒྱལ་ནི། མི་ཞི་ཞིང་དུལ་བ། བབ་ཆགས་ཤིང་གཤིས་བཟང་། དད་སེམས་ཅན། མི་རིགས་ཀྱི་ལར་ཞེན་ཆེ་བ། རང་གི་རིག་གཞུང་ལ་དང་དོད་ཆེ་བ། ཁ་ཙམ་མིན་པར་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་ཕྱག་རྗེས་ཡོད་མཁན་ཞིག་ཡིན། ངས་ཐེངས་དང་པོར་ཁོང་ངོ་ཤེས་པའི་དུས་ནི། ཆིག་སྟོང་དགུ་བརྒྱ་བརྒྱད་ཅུའི་མགོ་སྟོད་དུ་ཁོ་བོ་རེབ་གོང་དུ་ཡོད་པའི་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་འཛུལ་ཞུགས་བྱེད་སྐབས་ཡིན། དེ་སྐབས། ཁོང་ནི་དགེ་རྒན་ཕལ་བ་ཞིག་སྟེ་འཛིན་གྲྭ་གོང་མ་ཞིག་གི་ཨང་རྩིས་དགེ་རྒན་ཡིན་པ་ཤེས་པ་ཙམ་ལས་གཞན་ང་དང་འབྲེལ་བ་མེད།
ཡིན་ན་ཡང་། ངའི་སེམས་ན་ད་ལྟ་ད་རུང་རི་མོ་བཞིན་གསལ་ལམ་མེར་ཡལ་རྒྱུ་མེད་པ་ཞིག་ནི། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་ནས་གང་འཚམས་རྗེས། བོད་བསྟན་སྲིད་ཀྱི་ཆེད་དུ་བོད་ཕྱོགས་གང་སར་ཆིབས་བསྒྱུར་བསྐྱངས་པ་ལྟར། རྨ་ལྷོ་ཁུལ་དུ་ཕེབས་གནང་སྐབས། ཉིན་ཞིག་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཕེབས་ནས་དགེ་སློབ་ཡོངས་ལ་བཀའ་སློབ་ཟབ་མོ་ཞིག་གནང་བ་རེད། དེ་སྐབས། སློབ་གྲྭའི་ནང་ཁོང་གི་བཀའ་སློབ་ལ་ཉན་སྡོད་རྒྱུ་ཙམ་ལས་བླ་མ་ཞིག་བཞིན་ཁོང་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་དགེ་སློབ་སུ་ལའང་མེད་པ་ལྟ་བུར་འདུག བར་སྐབས་ཤིག སངས་རྒྱས་རྒྱལ་ལགས་ནས་བོད་ལྭ་སྤུས་གཙང་ཞིག་བསྣབས་ཤིང་ཕྱག་ཏུ་ཁ་བཏགས་འདོམ་གང་བ་ཞིག་དང་མཉམ་ཤོག་ཐུམ་མཐུག་པོ་ཞིག་བསྣམས་ནས་ཤར་མར་མི་མང་གི་མདུན་གཤགས་ཏེ་ཕེབས་ཕྱིན་ནས་ཁོང་ལ་ཁ་བཏགས་འཐེན་ཞིང་མཇལ་ཁ་ཞུས། ཤོག་ཐུམ་དེ་ཡར་ཕུལ་ཏེ་ཚུར་ཕེབས་ཡོང་སོང། རྗེས་སུ་མིས་བཤད་པ་ལྟར་ན། དེ་སྐབས་ཁོང་གི་ཕ་ཡུལ་ཞོན་ཧྭ་རྫོང་ཁོངས་རྡོ་སྦིས་སོགས་བོད་ས་དག་ཏུ་བོད་ཡིག་སློབ་ཚན་རྩ་ནས་མེད་པ་འདྲ་བས་དེ་དག་ཏུ་བོད་ཡིག་ངེས་པར་སློབ་དགོས་པའི་སྙན་ཞུ་ཞིག་ཕུལ་བ་རེད་ཟེར། དེའི་སྐབས་ཀྱི་སངས་རྒྱས་རྒྱལ་གྱི་ངང་ཚུལ་དེ་ནམ་ཡང་བརྗེད་རྒྱུ་མི་འདུག
རྨ་ལྷོ་དགེ་ཐོབ་སློབ་གྲྭར་ངས་ཁོང་གི་མཚན་ཙམ་དང་ཁོང་དེར་ཨང་རྩིས་དགེ་རྒན་ཕལ་བ་ཞིག་ཡིན་པ་ཙམ་ལས་གཞན་ཁོང་ལ་ཆ་རྒྱུས་མེད། ང་ཁོང་དང་འབྲེལ་བ་ཆེ་ཤོས་དེ། རྗེས་སུ་ཕ་ཡུལ་དུ་དགེ་རྒན་ཡིན་སྐབས་སུ། ཟི་ལིང་དུ། མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོའི་མི་རིགས་སྡེ་ཁག་ནང་ལོ་གསུམ་ལ་དགེ་རྒན་འོས་སྦྱོངས་སུ་འགྲོ་ཐུབ་པའི་གོ་སྐབས་ཤིག་རེག་སོང་། དེ་སྐབས་ཁོང་ནི་མི་རིགས་སྡེ་ཁག་ནང་གི་དགེ་རྒན་དང་མགོ་གཙོ་ཡང་རེད།
འདི་རུ་ངེས་པར་བཤད་འདོད་པ་ཞིག་ནི། ཁོང་གིས་དབུ་ཁྲིད་པའི་མི་རིགས་སྡེ་ཁག་འདིའི་ནང་མཐོ་རིམ་གྱི་ཨང་རྩིས་ཚང་མ་བོད་ཡིག་ནང་འཁྲིད་ཀྱི་ཡོད་པ་དེ་རེད། ད་རུང་དྲན་ཡུལ་དུ་ཡོད་པ་ཞིག་ནི། དེ་སྐབས་ཁོང་གིས་རང་འགན་འཁུར་བའི་ཞོར་དུ ་་དབྱིབས་རིག་ཞིབ་འགྲེལ་་ ཞེས་པའི་མཐོ་སློབ་ཀྱི་ཨང་རྩིས་ཀྱི་དེབ་དེ་བོད་ཡིག་ལ་བསྒྱུར་གནང་བ་རེད། རྗེས་སུ་ཤེས་པ་ལྟར་ན། ཁོང་གིས་དེང་རབས་ཨང་རྩིས་ཀྱི་དེབ་ཁ་ཤས་ཤིག་བོད་ཡིག་ལ་བསྒྱུར་གནང་འདུག ཁོང་གིས་ཐེངས་གཅིག་གསུང་བཤད་དུ། ངས་དེབ་དེ་སྒྱུར་སྐབས། རྒྱའི་དགེ་རྒན་ཁ་ཤས་ཀྱིས་ཨང་རྩིས་རྒྱ་ཡིག་སློབ་ཚན་ལྟར་སློབ་ཁྲིད་བྱེད་ཆོག་པ་ལ་ཁྱེད་ཀྱིས་ཨུ་ཚུགས་ཀྱིས་ཡིན་གཅིག་མིན་གཅིག་དེ་བོད་ཡིག་ལ་ག་རེ་བྱས་ནས་བསྒྱུར་དགོས་པ་རེད་ཅེས་དྲི་བ་འདྲི་ཡི་འདུག་ཟེར་ནས་གསུངས།
ཁོང་གི་དགོངས་གཞི་ནི། སློབ་ཚན་གང་ཞིག་ཡིན་ཡང་གཞན་སྐད་ནང་སློབ་རྒྱུ་དེ་འུ་ཐུག་པའི་བྱ་བ་ཞིག་ཏུ་ངོས་འཛིན་གྱི་འདུག་ལ། བོད་ཀྱི་ས་ཁུལ་ཚང་མར་དེང་རབས་ཀྱི་བསླབ་གཞི་ཚང་མ་བོད་ཡིག་ནང་སློབ་ཁྲིད་བྱེད་དགོས་པར་མཐོང་གི་ཡོད་པ་ལྟར། དེ་སྔོན་མདོ་སྨད་ཀྱི་ས་ཆ་མང་པོ་ཞིག་ཏུ་དེང་རབས་ཀྱི་བསླབ་གཞི་ཚང་མ་བོད་ཡིག་ནང་འཁྲིད་ཐུབ་པ་བྱུང་བ་དེར་ཁོང་གིས་ནུས་པ་ཐོན་ཡོད་པ་རེད། དེར་མ་ཟད་བོད་ཁུལ་ཚང་མར་དེ་ལྟར་ཡོང་བར་ཁོང་གིས་འབད་བརྩོན་གནང་བ་རེད། ཡིན་ན་ཡང་། ལྗོངས་ལྔའི་མི་རིགས་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་ཞིག་གི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིས་དེ་ལ་ངོ་རྒོལ་བྱས་པས་དེ་ཁུལ་དུ་དེ་ལྟར་ལག་ལེན་བྱེད་ཐུབ་མེད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས། འབྱུང་ཁམས་རིག་པ། རྫས་འགྱུར་རིག་པ། ཨང་རྩིས་སོགས་བོད་ཡིག་ནང་འཁྲིད་པར་དགག་བྱ་བྱེད་དོན་ནི། བསླབ་གཞི་དེ་དག་བོད་ཡིག་ནང་སྦྱངས་པ་ཡིན་ན་དཀའ་ངལ་ཞིག་ཡོད་པ་ནི། རྗེས་སུ་མཐོ་རིམ་སློབ་གྲྭ་སོགས་སུ་ཡིག་རྒྱུགས་གཏོང་སྐབས་སུ། དྲི་གཞི་ཚང་མ་རྒྱ་ཡིག་ནང་ཡོང་གི་ཡོད་པས་དྲི་ལན་ཡང་རྒྱ་ཡིག་གིས་འབྲི་དགོས་པས། རྒྱལ་ཡོངས་ཡིག་རྒྱུགས་སྐབས་བོད་སློབ་དག་ལ་དཀའ་ངལ་ཐལ་བ་ཞིག་འཕྲད་ཀྱི་ཡོད་པས་ཡིན་འདུག ཁོང་གིས་དཀའ་ངལ་དེ་ནི་དངོས་ཡོད་ཀྱི་དཀའ་ངལ་ཞིག་ཏུ་མཐོང་གི་འདུག་ལ་དེ་སེལ་ཐབས་ལ་དགོངས་པ་ཡང་ཡང་བཞེས་ཀྱི་འདུག་པ་མ་ཟད་འབྲེལ་ཡོད་ཀྱི་མི་སྣ་དང་ཚོགས་འདུ་སོགས་སུ་ཤུགས་ཆེན་པོས་གསུངས་པ་རེད། རྗེས་ཤིག་ལ། སློབ་གྲྭ་ཆེན་མོར་ཡིག་རྒྱུགས་གཏོང་སྐབས། མཚོ་སྔོན་ཕྱོགས་སུ། གོང་གསལ་དེང་རབས་ཀྱི་བསླབ་གཞི་དེ་དག་གི་དྲི་གཞི་རྒྱ་བོད་སྐད་གཉིས་ཤན་སྦྱར་ཡིན་པས་སློབ་ཕྲུག་ཚོས་རང་ལ་སྐད་གང་བདེ་བ་དེའི་ཐོག་ཡིག་རྒྱུགས་འབྲི་ཆོག་པའི་གདམ་ང་ཅན་གྱི་དྲི་ཤོག་ཅིག་སླེབས་པ་དེ་ནི་ངོ་མ་དགའ་འོས་པ་ཞིག་ཏུ་མཐོང་ཡང་ད་ལྟ་ཕལ་ཆེར་དེ་ལྟར་མིན་པ་འདྲ། འདི་ལའང་ཁོང་གིས་ཤུགས་རྐྱེན་ཏན་ཏན་ཐེབས་ཡོད་པར་འདོད། རྒྱུ་མཚན་ནི། ཁོང་ནི་མི་རིགས་ཀྱི་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་ཁག་ལ་ཡང་ཡང་ཕེབས་ཞུགས་གནང་གི་ཡོད་པ་མ་ཟད་བོད་ཀྱི་རིག་གནས་དང་འབྲེལ་ཡོད་མགོ་ཁྲིད་དང་མཁས་དབང་མང་པོ་ཞིག་ལ་འབྲེལ་བ་ཡོད་པ་རེད།
མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོ་ནི་ཕྱོགས་མཐའི་དགེ་རྒན་རྣམས་འོས་སྦྱོངས་བྱེད་དུ་ཡོང་ས་ཞིག་ཡིན་པས་མི་རིགས་སྡེ་ཁག་གི་སློབ་མ་ཚང་མ་མཚོ་སྔོན། ཀན་སུའུ། སི་ཁྲོན་ཁོངས་ཀྱི་མདོ་སྟོད་སྨད་ཀྱི་ས་ཆག་ཁག་ཏུ་དགེ་རྒན་བྱེད་མྱོང་བ་རྐྱང་ཡིན་པ་རེད། དགེ་རྒན་སངས་རྒྱས་རྒྱལ་ལགས་ཀྱིས་འདི་གའི་སློབ་མ་ཚོའི་རྒྱུད་ལ་བག་ཆགས་ཡག་པོ་ཞིག་བཞག་ཡོད་པས་ཁོང་ལ་མཐོང་ཚུལ་ཡག་པོ་ཡོད་པ་རེད། ཐེངས་ཤིག སློབ་གླིང་ཆེན་མོ་འདིའི་རྒྱ་སྐད་དུ་ཡོན་ཀྲང་ངམ་བོད་སྐད་དུ་གླིང་གཙོ་སུ་བཀོད་ལ་འོས་འདེམས་ཤིག་བྱེད་བཅུག་པ་དྲན། ངས་ལམ་སང་སངས་རྒྱས་རྒྱལ་གྱི་མཚན་བྲིས་པ་ཡིན། ཕྱི་ལོགས་སུ་ཐོན་རྗེས། གཡས་གཡོན་ཕྱོགས་གང་སར། ངས་སངས་རྒྱས་རྒྱལ་འདེམས་པ་ཡིན། ངས་ཀྱང་ཁོང་འདེམས་པ་ཡིན་ཞེས་གང་སར་ཤོད་ཀྱི་ཡོད་པར་བལྟས་ན་མི་རིགས་སྡེ་ཁག་གི་སློབ་མ་ཚོས་ཕལ་ཆེ་བས་སངས་རྒྱས་རྒྱལ་འདེམས་ཡོད་པ་འདྲ་བསམས་སོང་། དོན་དངོས་སུ། སློབ་གླིང་འདིར་སྡེ་ཁག་མང་པོ་ཞིག་ཡོད་པ་དང་། སངས་རྒྱས་རྒྱལ་ནི་སྡེ་ཁག་ཆུང་ཆུང་ཞིག་གི་མགོ་གཙོ་ལས་ཅང་མིན་པས་གླིང་གཙོ་བྱེད་པར་བར་ཐག་རིང་པོ་དང་གླིང་གཙོའི་ཆ་རྐྱེན་ཡང་ཚང་མིན་མི་ཤེས་ཀྱང་། མི་རིགས་སྡེ་ཁག་གི་སློབ་མ་ཚོས་གླིང་གཙོར་ཁོང་ལ་འོས་འཕངས་པ་ནི། ཁོང་ལ་བཅངས་པའི་དགའ་སྣང་དང་རིགས་ཞེན་ཁོ་ནས་ཡིན་པར་འདོད། དངོས་སུ་ན། སློབ་གཙོ་གཞོན་པ་ཨ་ཡོན་ཀྲང་ནི་མདོ་སྨད་ཇོ་ཚང་ས་ཆའི་བོད་མི་ཞིག་ཡིན་པ་མ་ཟད་ཡོན་ཀྲང་གཙོ་བོར་འདེམས་ཆོག་ཆོག་ལྟ་བུར་ཡོད་ཀྱང་ཁོང་འདེམས་པ་ཡིན་ཟེར་མཁན་རེ་ཟུང་ཞིག་ལས་མ་ཐུག
ད་དུང་བཤད་འདོད་པ་ཞིག་ནི། ཁོང་ནི་བོད་མི་དགེ་རྒན་མང་པོ་ཞིག་གི་སེམས་ལ་མི་རིགས་ཀྱི་ལར་ཞེན་སླེབས་པའི་འབྱུང་ཁུངས་ཤིག་ཏུའང་མཐོང་། ཁོང་གིས་སློབ་མ་ཚོར་གསུང་བཤད་ནམ་གནང་ནའང་། རང་མི་རིགས་ཀྱི་ལོ་རྒྱུས། རིག་གནས། སྐད་དང་ཡི་གེ་དང་འབྲེལ་བ་ཡོད་པ་རྐྱང་གསུང་གི་རེད། ཐེངས་ཤིག་ཁོང་བོད་རང་སྐྱོང་ལྗོངས་སུ་མི་རིགས་ཀྱི་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་ཞིག་ལ་ཕེབས་ནས་ཕྱིར་སླེབས་མ་ཐག་ཅིག་རེད། དེ་ནི་མི་རིགས་སྡེ་ཁག་གི་སྤྱི་ལོའི་ལོ་གསར་གྱི་དགོངས་ཚོགས་ཤིག་དང་སྐབས་ཁེལ། དེ་སྐབས། ཁོང་གིས་སློབ་མ་རེ་རེ་བཞིན་སེམས་ཤུགས་འཕར་བའི་བཀའ་སློབ་ཅིག་གནང་སོང་། ཐོག་མར་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ལས་འཕྲོས་ཏེ་བར་སྐབས་ཤིག་རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཀྱི་སྐོར་ཡང་ཞོར་དུ་ཟུར་ཙམ་གསུངས་སོང་བའི་ནང་། ངའི་སེམས་ནསབརྗེད་ཐབས་མེད་པའི་ཚིག་གཅིག་ཡོད་པ་ནི། ནམ་མཁའི་ཉི་མ་ཤར་ཡོང་བའི་འོད་དེ་ལག་པའི་སྦར་མོས་འགེབས་ཐུབ་ཀྱི་མ་རེད་གསུངས་སོང་བ་དེ་རེད། དེའི་རྗེས་སུ་ཁོང་གིས། འདི་ནི་ད་ཐེངས་ངས་ཁྱེད་ཚོར་ཁྱེར་ཡོང་བའི་དྲན་རྟེན་ཡིན་ཟེར་ནས། སིད་སི་ནས་དར་ཡོང་བའི་ ་་གཡང་གི་གངས་རི་དཀར་པོ། མཐོང་བས་ཕ་ཡུལ་དྲན་སོང་་ ཟེར་བའི་གཞས་ཏེ་བཏང་སོང་བས་སློབ་མ་ཚོར་སེམས་འགུལ་ཐེབས་ཏེ་དགའ་འབོད་བར་མེད་དུ་སྒྲོགས་སོང་། སྤྱིར་བཏང་ཁོང་ནི་ཉམ་ཆུང་ཆུང་ལྟ་བུར་ཡོད་ཀྱང་། མི་རིགས་ཀྱི་དོན་དག་ཅིག་གླེང་ཡོང་སྐབས་སྔར་མེད་པའི་སྤོབས་པ་ཞིག་དང་སྙིང་སྟོབས་ཤིག་ཀྱང་ཁོང་གི་ཐོག་ཏུ་མཐོང་རྒྱུ་ཡོད།
ང་ཚོའི་མི་རིགས་སྡེ་ཁག་ནང་འབྱུང་ཁམས་རིག་པའི་འཛིན་གྲྭ་གཅིག་མ་གཏོགས་གཞན་ཚང་མ་ཨང་རྩིས་འཛིན་གྲྭ་རེད། ཁོང་ཡང་ཨང་རྩིས་དགེ་རྒན་ཞིག་ཡིན་པས་མཐོ་རིམ་གྱི་ཨང་རྩིས་བོད་སྒྱུར་ཞུ་བ་དང་སློབ་ཁྲིད་སོགས་ལ་ཁོང་གི་ནུས་པ་མང་ཤོས་དེ་བཏོན་ཡོད་པ་རེད་འདོད། ཡང་དེ་དང་ཞོར་དུ། རང་མི་རིགས་ཀྱི་རིག་གནས་དེ་གལ་ཆེན་པོར་བརྩིས་ནས་སྒྲ་དང་སྐར་རྩིས་སོགས་བོད་ཀྱི་ཆོས་དང་རིག་གནས་ལ་མཁས་པོ་མང་པོ་ཞིག་བསྟེན་ནས་འབད་པ་ལྷོད་མེད་ཀྱིས་སྦྱངས་ཡོད་པ་མ་ཟད་ཁོང་གིས་སྔ་ཕྱིར་མི་རིགས་སྡེ་ཁག་གི་སློབ་མ་ཚོར་དཔེ་ཁྲིད་དང་བཀའ་སློབ་གནང་བར་མཁས་དབང་དུ་མ་ཞིག་གདན་དྲངས་ཏེ། ངེད་ཚོ་ལའང་སྒྲ་དང་སྐར་རྩིས་སོགས་སྦྱོང་བའི་གོ་སྐབས་བཟང་བོ་ཡང་ཡང་གནང་བྱུང་བ་དྲན། མཁས་དབང་ཁག་གདན་འདྲེན་ཞུ་སྐབས་ཀྱི་ཁོང་གི་བཟོ་ལྟ་དང་རྣམ་འགྱུར་དག་ནི་ཁ་སང་བྱུང་བ་བཞིན་ད་ལྟའང་སེམས་ནང་ལ་གསལ་ལྷང་ངེར་བྱེད། མགོ་ཡི་ཞྭ་མོ་ཕུད་ཅིང་ལག་པ་གཡས་པའི་ནང་བཅུག རྟག་པར་བཞར་ནས་གཙང་རིལ་ལེར་བྱེད་པའི་དབུ་དུད་ཙམ་དང་། གཟུགས་པོ་སྒུར་སྒུར་གྱིས་དད་གུས་ཆེན་པོ་དང་བཅས་མཁས་དབང་གདན་འདྲེན་ཞུས་ཡོང་བའི་ཁོང་གི་ངང་ཚུལ་དང་བཀའ་དྲིན་དེ་དག་ཀྱང་ད་ལྟ་བསམ་ན་སྙིང་ལ་ལྕི།
ང་རང་སྒེར་ངོས་ནས་ཁོང་ལ་འབྲེལ་བ་བྱུང་བ་ནི། ཐེངས་ཤིག་གཞན་གྱི་ཁ་ནས་གོ་བར། སངས་རྒྱས་རྒྱལ་ལ་༧རྒྱལ་བ་རིན་པོ་ཆེས་མཛད་གནང་བའི་ ་་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་་ ཟེར་བའི་དེབ་དེ་འདུག་ཟེར་ནས་གོ ང་ལ་མཚོན་ན། དེབ་དེ་དང་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་གཉིས་ནི་སྐོམ་པའི་ཆུ་འདོད་པ་ལྟར་སྒུག་ཐབས་བྲལ་བའི་ཀློག་འདོད་ཅན་གྱི་དེབ་གཉིས་ཡིན། དགོང་མོ་ཞིག་ལ་ང་ཁོང་གི་ནང་དེབ་དེ་གཡར་དུ་ཕྱིན་པ་ཡིན། ཁོང་གིས་དར་ཅིག་ལ་དགོངས་པ་ཅུང་ཟད་བཞེས་སོང་། དེར་བལྟས་ན་ཕལ་ཆེར། གསང་གནས་ཆེས་ཆེར་བྱེད་དགོས་པའི་དེབ་དེ་ཕྱི་ལོགས་སུ་འཁྱེར་འགྲོ་བར་འཚེར་སྣང་ཅུང་ཟད་སྐྱེ་གི་ཡོད་པ་འདྲ་པོ་འདུག དེ་ནས་ཁོང་གིས་ཁྱེད་རང་དགོང་མོ་དགོང་མོ་ངའི་ནང་ལ་དེབ་དེ་བལྟ་བར་ཤོག་གསུངས་སོང་བས་དེ་ལྟར་དགོང་མོ་རེ་རེ་བཞིན་ཁོང་ཚང་དུ་སོང་ནས་དེབ་དེ་བཀླགས་པ་ཡིན། དེ་ཙམ་ལས་རང་ངོས་ནས་དམིགས་བསལ་གྱི་འབྲེལ་བ་ཅང་མེད།
དེ་ནས་རིང་བོ་མ་ཐོགས་པར་པཎ་ཆེན་རིན་པོ་ཆེའི་དགོངས་གཞི་ལྟར། ཁོང་པེ་ཅིང་ནང་བསྟན་སློབ་གླིང་ལ་ཕྱག་ལས་གནང་བར་ཕེབས་པ་ནས་ཁོང་ལ་མཇལ་བའི་བསྐལ་བ་ལྡན་མ་སོང་ཡང་། ལོ་རེ་ཟུང་གོང་། ངས་ཨ་རིའི་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཕྱག་ལས་གནང་བཞིན་པའི་སློབ་གྲོགས་རིན་ཆེན་བཀྲ་ཤིས་ལ་ཁ་པར་ཅིག་གཏོང་སྐབས། ཏག་ཏག་ཁོང་དང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་པད་མ་རྡོ་རྗེ་ལགས་གཉིས་ཀྱིས་སངས་རྒྱས་རྒྱལ་བསྐྱལ་ནས་གནམ་ཐང་ལ་འགྲོ་གི་ཡོད་ཟེར་བས། དེ་སྐབས་སངས་རྒྱས་རྒྱལ་ལགས་ལ་བཀའ་མོལ་འཁྱུག་ཙམ་གནང་ཐུབ་པའི་གོ་སྐབས་རེག་སྐབས། ང་ཕ་ཡུལ་ལ་ཐེངས་གཅིག་གཉིས་ཤིག་ལ་ཡོང་ཡང་ཁྱེད་ལ་མཇལ་བའི་གོ་སྐབས་ལྡན་མ་སོང་། རྗེས་སུ་ཡོང་སྐབས་ཁྱེད་ལ་མཇལ་འདོད་ཆེན་པོ་ཡོད་ཞུས་པ་ཡིན་ཡང་། ཁོང་ལ་མཇལ་རག་བར་ཁོང་ནི་ང་ཚོའི་འཇིག་རྟེན་མི་ཡུལ་དང་བྲལ་ཚར་འདུག
སྨྲས་པ། སྐྱེ་བའི་མཐའ་མ་འཆི་བ་རེད།།
ནམ་འཆིར་ངེས་པ་མེད་པ་རེད།།
སྐྱེ་བར་གོ་རིམ་ཡོད་ན་ཡང་།།
འཆི་བར་གོ་རིམ་མེད་པ་རེད།།
མི་ལའི་རྣམ་ཐར་མཛོད་ནག་མའི་ངོ་སྤྲོད་མདོར་བསྡུས།
https://www.khabdha.org/?p=24933
མི་ལའི་རྣམ་ཐར་མཛོད་ནག་མ་ནི་ད་དུང་ཡང་དཔེ་རྒྱུན་མ་ཆད་པར་བོད་ཀྱི་གདུལ་བྱ་གླང་འདྲ་བ་རྣམས་ཀྱི་བློ་མུན་སེལ་བའི་གཉེན་དུ་འོད་ཟེར་ལམ་ལམ་ཕྱོགས་དུས་ཀུན་ཏུ་འཕྲོ་བཞིན་མཆིས།
མཛོད་ནག་མའི་མཇུག་ཏུ། གླེགས་བར་འདི་ཉིད་ཆོས་རྗེ་རང་བྱུང་རྡོ་རྗེས་གདན་དྲངས་ནས། ཀོང་པོ་རྩེ་ལ་སྒང་གི་མཛོད་ནག་ནང་དུ་བཞུགས་པ་ལ། ཆོས་རྗེ་མཐོང་བ་དོན་ལྡན་པ་ལ་ནང་སོ་ཀུན་དགའ་རྒྱལ་མཚནགྱིས་གདན་འདྲེན་བྱས་པའི་དུས་སུ། མཛོད་ནག་ནང་ནས་མགུར་འབུམ་འདི་ཡང་གདན་དྲངས་ནས་ལྷོ་རྒྱུད་འདིར་ཕེབས་ནས་དད་ལྡན་རྣམས་ཀྱིས་མང་དུ་བཞེངས་པས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཏོ་ཞེས་གསལ་བ་ལས་མཛོད་ནག་མའི་མིང་ཐོགས་དོན་ཡང་གསལ། ད་ལྟ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་དེབ་རྒན་སྟོད་སྨད་གཉིས་བོད་ནང་གི་དཔེ་ཚོང་ཁང་འགའ་རེའི་ནང་བཙོང་རྒྱུ་འདུག
མཛོད་ནག་མ་འདི་ནི། རྗེ་བཙུན་དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་ཆུ་མོ་གླང་གི་ལོ་ལ། ངན་རྫོང་རས་པ་དང་རས་པ་ཞི་བ་འོད་གཉིས་ཀྱིས་གཙོས་རས་པ་རྣམས་ཀྱིས་ཕྱོགས་ཕྱོགས་ནས་ཀྱང་བསྡུས། བཀྲ་ཤིས་ཚེ་རིང་མ་ལའང་ཞུས། རས་པ་བུ་ཆེན་རྣམས་ཀྱི་ཐུགས་ལ་ཡོད་པ་རྣམས་དང་། མ་འཚོབ་པ་རྣམས་རྗེ་བཙུན་ཉིད་ཀྱིས་ཁ་བསྐང་ཞིང་། རྣམ་ཐར་གྱིས་ཚུལ་དང་བསྒྲིགས་ནས་ལུང་དང་བཅས་པ་མཛད་པའི་དུས་སུ། རྗེ་བཙུན་གྱི་ཞལ་ནས། ཤིན་ཏུ་ལེགས་ཟིན། ད་ལོ་གཅིག་གཉིས་ནས་ང་འཆི་ཙ། ང་ཡི་གསུང་འདི་ལ་ཐམས་ཅད་མོས་ཤིང་དད་པའི་རྟེན་འབྲེལ་ཡོད་གསུངས་ནས། སྨོན་ལམ་བཀྲ་ཤིས་དང་བཅས་པ་མཛད། དེ་ནས་དཔེ་དེ་ཉིད་རས་ཆུང་པས་ལོ་རོ་ན་གདན་དྲངས། དེ་ནས་ཆོས་རྗེ་དུས་གསུམ་མཁྱེན་པ་ལོ་རོ་ན་བྱོན་ཏེ་རས་ཆུང་པ་ལ་ལུང་གསན་ཅིང་ཕྱག་དཔེ་བཤུས་ནས་མཚུར་ཕུ་ན་གདན་དྲངས་ཞེས་ཀྱང་མཛོད་ནག་མའི་མཇུག་ཏུ་བྲིས་འདུག
ཡིན་ནའང་། འདི་ནི་ཕྱིས་ཀྱི་མཛོད་ནག་མའི་མ་དཔེ་ལྟ་བུ་ཡིན་འདུག་ཀྱང་མཛོད་ནག་མ་ཆ་ཚང་མིན་པ་འདྲ་སྟེ།
ཁྲོ་རུ་དགོན་པའི་སྤྲུལ་སྐུའི་སྐྱེ་མིང་ཀླུ་སྒྲུབ་རྒྱ་མཚོས་བྲིས་གནང་བའི་དཔེ་སྐྲུན་གསལ་བཤད་ནང་འདི་ལྟར་བྲིས་འདུག
རས་པ་རྣམས་ཀྱིས་བཀའ་བསྡུ་གནང་བ་ལ། ་་རྗེ་བཙན་ཉིད་ཀྱིས་ཁ་བསྐང་ཏེ་ལུང་དང་སྨོན་ལམ་བཀྲ་ཤིས་མཐའ་རྒྱས་མཛད་པ་དེ་ཉིད་རས་ཆུང་པ་ནས་རསྨྲི་བྷ་དྲའི་བར་ཆིག་རྒྱུད་དུ་བཞུགས་པ་དང་། ཕྱིས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེས་རྗེ་བཙུན་ཆེན་པོའི་རྣམ་ཐར་གསུང་མགུར་ཕྱོགས་གཅིག་ཏུ་བསྒྲིགས་པ་བརྒྱ་རྩ་བརྒྱད་གསན་པའི་ནང་ནས་རྒྱས་ཤོས་དང་ཁུངས་བཙུན་པར་གཟིགས་ནས་ཆོས་རྗེ་ཉིད་ཀྱིས་ཁ་ཐོར་བ་རྣམས་ཕྱག་བྲིས་གནང་སྟེ་སླར་ཡང་ལེགས་བཅོས་དང་དག་བསྒྲིགས་མཛད་དེ་ཐུགས་བརྩིས་ཤིན་ཏུ་ཆེ་བར་གནང་བས་རྣམ་ཐར་མཛོད་ནག་མ་ཞེས་གྲགས་པ་འདི་དང་། གཞན་ཡང་མགུར་འབུམ་རིགས་མི་གཅིག་པ་བཅུ་བདུན་ཙམ་བསྡུ་བསྒྲིག་བྱས་ནས་གུང་ཐང་དཔལ་གྱི་གཙུག་ལག་ཁང་ཆེན་པོར་ལེགས་པར་སྒྲུབ་ཟེར་བ་དང་། རྗེ་བཙུན་གྱི་རྣམ་ཐར་རིགས་མི་གཅིག་པ་བརྒྱ་དང་ཉི་ཤུ་རྩ་བདུན་གཟིགས་ནས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་ཞེས་པ་དང་། དེ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ། རྗེ་བཙུན་གྱི་མགུར་མའི་ཚོགས་རྙེད་ཚད་ཀྱི་ཁ་བསྐང་ནས་ལེགས་པར་བསྒྲུབ་ཞེས་པ་སོགས་རྣམ་ཐར་དེ་དག་མཛོད་ནག་མ་ཟེར་་ ཞེས་གསལ་བར་བལྟས་ན། མཛོད་ནག་མ་ནི་རྗེ་བཙུན་མི་ལས་སྨོན་ལམ་རྟེན་འབྲེལ་གནང་བའི་དང་པོའི་མ་དཔེ་དེ་ཁོ་ན་མིན་པ་འདྲ།
སྤྱིར་མི་ལའི་རྣམ་ཐར་ལ་རྒྱས་བསྡུས་མང་པོ་ཞིག་ཡོད་པ་གསལ་ལ་དེའི་ནང་བཅོས་མ་མང་དུ་ཡོད་པ་འགོས་ལོས་གསུང་ཡོད་པ་དེ་ཡང་པར་སྐྲུན་གསལ་བཤད་ནང་ལུང་འདྲེན་གནང་འདུག
རིགས་རུས་ཁྲག་རྒྱུད་ཟེར་བ་དེ་རྩ་ཆེན་ཅང་མ་རེད།
https://www.khabdha.org/?p=24890
མི་ཡི་རིགས་ལ་དབྱེ་བ་མང་ཕྱེ་ནས།།
མི་ཡི་རང་དབང་འགོག་པའི་གཏམ་ཞིག་ཐོས།།
རང་དབང་ལྷ་མོ་མི་མངོན་དབྱིངས་ནས་གཟིགས།།
རང་དབང་སྨྲ་སྒོ་ཡང་གཅིག་བཀྲོལ་དགོས་བྱུང་།།
རིགས་རུས་ཁྲག་རྒྱུད་ཟེར་བ་འདི་གནའ་བོའི་མི་རིགས་རྣམས་ལ་མཚོན་ན་ཁོང་ཚོའི་བསམ་པའི་ནང་གལ་ཆེན་དང་རྩ་ཆེན་རེད། མི་རིགས་སྣ་མང་འདྲེས་སྡོད་བྱས་སྡོད་པའི་དེང་རབས་ཀྱི་གྲོང་ཁྱེར་ཆེན་པོ་དག་ལ་མཚོན་ན་དེ་ནི་དེ་འདྲའི་གལ་ཆེན་པོ་དང་དེ་འདྲའི་དོ་སྣང་བྱེད་དགོས་པ་ཞིག་མིན་པ་མ་ཟད་དེ་ནི་ལྟ་རྒྱ་ཐོས་རྒྱ་ཞན་ཅིང་བསམ་བློ་གུ་དོག་ཅན་ཞིག་ཏུ་མང་པོས་མཐོང་གི་ཡོད་པ་ལྟར་དེ་དེ་བཞིན་ནོ། ཡིན་ན་ཡང་། ཡར་རྒྱས་ཆེན་པོ་སོན་ཡོད་པའི་རྒྱལ་ཁབ་དག་གི་ནང་ཡང་དེ་འདྲའི་བློ་གུ་དོག་ཅན་ཡོད་ཡོད་པ་རེད། མི་རིགས་འདི་བསམ་བློ་གུ་དོག་རེད་ཅེས་མི་རིགས་ཤིག་གི་མགོར་ཉེས་པ་དཀྲིས་པ་ཡིན་ན་དེ་ནི་མ་འགྲིགས་པ་ཞིག་རེད་དེ། ངས་མཐོང་ཕྱོགས་ལྟར་ན། ཇུའུ་མི་རིགས་དང་། ཁ་ཆེ། རྒྱ་གར་ལྟ་བུའི་ནང་། བུ་ཕྲུག་ཚོའི་གཉེན་འབྲེལ་ལ་ཕ་མས་གཅིག་གཅོད་བྱས་ནས་རང་དབང་མི་སྟེར་བ་མ་ཟད་སྲོག་ཉེན་ལ་ཐུག་པའང་ཡོད་བཞིན་པ་ལྟར་རེད།
བོད་མི་མང་པོ་ཞིག་ཐོག་མར་བཙན་བྱོལ་དུ་འབྱོར་ཙམ་ཞིག་ལ། ༧རྒྱལ་བ་རིན་པོ་ཆེས་ཀྱང་མི་རིགས་གཞན་དང་ཆང་ས་རྒྱག་རྒྱུ་མེད་པ་དེ་འདྲ་ཞིག་གསུངས་པ་མཐོང་། དེ་ནི་ངོ་མ་བོད་མི་རིགས་འདི་ཆགས་འཇིག་ཅི་ཡོང་ཆ་མ་འཚལ་བའི་གནས་སྐབས་སུ། བཙན་བྱོལ་བ་རྣམས་འཛམ་གླིང་ཕྱོགས་ཕྱོགས་སུ་ཁ་གྲམ་ནས་རྩ་མེད་དུ་གྱུར་པ་ཡིན་ན་བོད་ཀྱི་རང་དབང་རྩོད་ལེན་གྱི་གཞི་རྩ་མེད་པ་ཆགས་ཀྱི་ཡོད་པར་དགོངས་པ་ལོས་ཡིན་འདོད། ཡིན་ནའང་། རྗེས་སུ་གསུང་བཤད་ཁག་ཏུ་དེ་འདྲའི་གསུང་རྩ་ནས་མཐོང་རྒྱུ་མེད་པ་དེ་ལའང་ཕལ་ཆེར་རྒྱུ་མཚན་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་ལྟ་བུ་རྒྱལ་སྤྱིའི་མི་སྣ་གྲགས་ཅན་སྤྱན་རས་གཟིགས་གསོན་པོ་དྲོན་པོ་ཡིན་ཟེར་མཁན་ཞིག་ནས་མི་རིགས་དབྱེ་འབྱེད་ཀྱི་གསུང་འབྱོན་གྱིན་བསྡད་ན་རྒྱལ་སྤྱིའི་ནང་མཐོང་ཆགས་རྒྱུ་ཡིན་པ་མངོན་གསལ་རེད།
ཟངས་ང་དང་འགྲོགས་ན་དྲི་མག་དང་ཀ་རག་དང་འགྲོགས་ན་དཀར་རྩི་བཞིན་ཁྱེད་ཀྱི་འགྲོགས་རོགས་དེ་མི་རིགས་ཀྱི་བསམ་བློ་གུ་དོག་ཅན་གྱི་མི་རྐྱང་ཡིན་ན་ཁྱེད་ཀྱང་དེ་ལྟར་ཆགས་རྒྱུ་ཡིན་པ་དང་། བསམ་བློ་གུ་ཡངས་ཅན་གྱི་རྒྱལ་སྤྱི་བའི་མི་རྐྱང་ཡིན་ན་ཁྱེད་ཀྱང་དེ་བཞིན་ཆགས་རྒྱུ་ཡིན་པ་རེད།
མཐའ་མཇུག་ཡང་སྐྱར་བཤད་འདོད་པ་ནི། རིགས་རུས་ཁྲག་རྒྱུད་ཟེར་བ་དེ་གལ་ཆེན་པོ་མ་རེད། སྐད་དང་རིག་གཞུང་ཟེར་བ་དེ་གལ་ཆེན་པོ་དང་རྩ་ཆེན་པོ་རེད། ངས་ངོ་ཤེས་པའི་ནང་། ཕ་མ་གཉིས་འདྲེས་དང་ཕ་མ་གཉིས་ཀ་ཕྱི་གླིང་བ་ཡིན་པའི་བུ་ཕྲུག་ནང་རང་སྐད་ཐོག་བོད་སྐད་ཆུ་བཞུར་བཞུར་བཤད་མཁན་ཡོད་ལ་ཕ་མ་གཉིས་ཀ་བོད་ཡིན་པའི་བུ་ཕྲུག་ནང་བོད་སྐད་གཅིག་ཀྱང་མི་ཤེས་མཁན་ཡང་ཡོད།
མི་རིགས་ཉམས་རྒུད་ལ་འགྲོ་བ་དེའི་གཞི་རྩ་ནི། གཞན་གྱི་བཙན་དབང་འོག་ཚུད་དེ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབས་བྱེད་པའི་གུ་ཡངས་ཀྱི་ལམ་ཞིག་མེད་པ་དེས་རེད།
སྲིད་དབང་སྒེར་གཅོད་ཡོད་སར་གཉིས་མོས་མེད།།
མི་རིགས་རིང་ལུགས་ཆེ་སར་དམངས་གཙོ་མེད།།
ང་ཁྱོད་ཕྱོགས་རིས་མང་སར་ཡར་རྒྱས་མེད།།
བསམ་བློ་གུ་དོག་ཅན་ལ་རང་དབང་མེད།།
རང་ལྟ་མཆོག་འཛིན་བྱེད་སར་འདྲ་མཉམ་མེད།།
མེད་པ་འདི་ཚོ་དོར་ཅིག་བདེ་སྐྱིད་ཡོད།།
སྙུག་རྩེའི་སྐྱོ་གར།
https://www.khabdha.org/?p=24789
ངའི་སྙུག་རྩེ་ན། ནམ་ཡིན་ན་ཡང་ངུས་ནས་མཚམས་མི་འཇོག་མཁན་ཞིག་ཡོད་པ་དེ་བོད་མིའི་མགོ་ཐོག་གི་གནམ་སྔོན་པོ་དེ་རེད།
ངའི་སྙུག་རྩེ་ན། སྐད་ཅིག་ཐང་ཅིག་རེ་རེ་བཞིན་སྐམ་རྙིད་དང་རིད་པར་འགྱུར་བཞིན་པ་དེ་བོད་མིའི་རྐང་འོག་གི་ས་གཞི་ལེབ་མོ་དེ་རེད།
ངའི་སྙུག་རྩེ་ན། ནམ་ནམ་ཞར་ཞར་ཡལ་རྒྱུ་མེད་པའི་རོ་དྲི་ཞིག་ཁྱབ་བཞིན་པ་དེ་བོད་མིས་རྔུབ་བཞིན་པའི་བོད་ཀྱི་མཁའ་རླུང་དེ་རེད།
ངའི་སྙུག་རྩེ་ན། ཆད་པ་མེད་པར་ངུ་འབོད་གསེང་མཐོར་སྒྲོགས་ཀྱང་ཉན་མཁན་གྱི་རྣ་གཤོག་མེད་པ་དེ་བོད་མིའི་ངུ་སྐད་རེད།
ངའི་སྙུག་རྩེ་ན། འདི་ཕྱི་གཉིས་མིན་གྱི་བར་དོ་མ་གཏོགས་བདེན་པ་ཞུ་ས་དང་རེ་བ་རྒྱག་ས་མེད་པ་དེ་ལས་ངན་བོད་པ་རྣམས་རེད།
ངའི་སྙུག་རྩེ་ན། ཁྲག་དང་མིག་ཆུ་སྡུག་བསྔལ་གསུམ་ངན་པ་སུམ་འཛོམས་ཡིན།
ངའི་སྙུག་རྩེ་ན། བོད་ཀྱི་སྣོད་བཅུད་ཀྱི་བཀོད་པའི་ཁྲི་ཐོག་ན་བདེ་དགའ་ལོངས་སྤྱོད་དང་ཚེ་བསོད་སྙན་གྲགས་རྒྱས་པའི་གད་པོ་ལྷང་ལྷང་དགོད་བཞིན་པ་དེ་རྒྱ་གུང་ཁྲན་ཏང་ཡིན།
ངའི་སྙུག་རྩེ་ན། ་་་་་་
ངའི་སྙུག་རྩེ་ན། ་་་་་་
དབུ་མའི་ལམ་ལ་རྒྱབ་སྐྱོར་མཁན་ཚོའི་ཀླད་པ་བཀའ་ཤག་གིས་སྦྱངས་རྡུང་བྱས་ཏེ་བཟོས་པ་རེད།
https://www.khabdha.org/?p=24571
བར་སྐབས་ཤིག་ནས་རྒྱལ་བ་རིན་པོ་ཆེ་རང་ཉིད་ཀྱང་རང་གི་དབུ་མའི་ལམ་དེ་ལམ་ཁ་མ་ནོར་པ་ཞིག་ཡིན་པར་དྭོགས་གཞི་ཟོས་པའམ་དམངས་གཙོའི་རྣམ་པ་སྟོན་ཆེད་དུ། སྔ་ཕྱིར་མི་མང་གི་བསམ་ཤོག་བསྡུས་པ་རེད། བོད་ཀྱི་རྩ་དོན་ལ་བགྲོ་གླེང་གི་ཆེད་དུ་ཚོགས་འདུ་སྔ་ཕྱིར་འཚོགས་པ་རེད། དེ་ལྟར་དམངས་གཙོའི་ལམ་ཁ་བརྒྱུད་ནས་བོད་མི་མང་ཆེ་བའི་རྒྱབ་སྐྱོར་ཐོབ་པ་དང། གྲོས་ཚོགས་སུའང་མང་མོས་ཀྱི་ལམ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐག་ཆོད་བྱུང་བ་རེད། དེ་ནས་ཚུར་དབུ་མའི་ལམ་ཟེར་བ་དེ་རྒྱལ་བའི་དགོངས་གཞི་གཅིག་པོ་མིན་པར་བོད་མི་མང་གི་བསམ་ཚུལ་ཆགས་པ་རེད། དེ་བདེན་པ་རེད། དེ་ལ་ངས་རྩོད་པ་རྒྱག་གི་མེད།
ཡིན་ནའང་ཅིའི་ཕྱིར་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོབ་པ་རེད། དེ་ལ་ང་ཚོས་སྐྱར་ཞིབ་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་། བཙན་བྱོལ་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་རྩིས་བརྒྱབ་ན་ད་རུང་མང་མི་འདུག་སྙམ། དེ་ལྟར་བྱས་ན་དབུ་མའི་ལམ་མ་ཡིན་པའི་ལྟ་བ་ལོགས་སུ་འཛིན་མཁན་མི་ཁྲི་གཅིག་ལ་འབུད། དེ་ཧ་ཅང་མང་བ་རེད། དོན་དངོས་སུ་དེ་འདྲ་ཞིག་ལོངས་རྒྱུ་མ་རེད་འདོད།
དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། བོད་གཞུང་གིས་ཀྱང་རྒྱ་གུང་ཁྲན་ཏང་གིས་ཏང་གི་སྲིད་བྱུས་གཅིག་པོ་དྲིལ་བསྒྲགས་བྱས་ནས་མི་མང་ཚང་མ་ཞ་ར་བཟོས་ཡོད་པ་བཞིན་དབུ་མའི་ལམ་གཅིག་པོ་དྲིལ་བསྒྲགས་རྒྱ་ཆེར་བྱེད་པ་མ་ཟད་གཞན་མགོ་སྐོར་བའི་རྫུན་ཡང་བརྗོད་ཀྱི་ཡོད་པ་རེད། མི་མང་ནང་ལངས་ཕྱོགས་གཞན་པ་རྣམས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་འདྲ་མཉམ་རེག་ཡོད་པ་མ་རེད། དེར་མ་ཟད་ད་རུང་རང་བཙན་རྩོད་མཁན་ཚོར་མཚོན་ན། འགའ་རེས་བསམ་བཙུགས་ནས་ཁོང་ཚོར་མཐོང་ཕྱོགས་ངན་པ་བཟོས་ཏེ་འགའ་རེའི་མིག་གི་ནང་གི་ཚེར་མ་ལྟ་བུ་ཆགས་ཡོད་པ་རེད། ད་གཞན་པའི་རང་ཐག་རང་གཅོད་སོགས་གླེང་སློང་བྱེད་མཁན་ཕལ་ཆེར་མེད་པ་རེད།
གཞུང་དེ་མི་མང་གི་སྐུ་ཚབ་ངོ་མ་དེ་ཡིན་པ་ཡིན་ན། རང་གིས་ལངས་ཕྱོགས་ཤིག་བཟུང་ནས་དེ་ཁོ་ན་ཁྱབ་བསྒྲགས་བྱས་ཏེ་མི་མང་གི་ཀླད་པ་གཙང་རིལ་རིལ་བཀྲུས་འགྲོ་བ་དེ་ནི་དམངས་གཙོའི་འགྲོ་སྟངས་ངོ་མ་ཞིག་རེད་དམ། གཞུང་རང་གི་ངོས་ནས་ལངས་ཕྱོགས་གང་ཡང་མ་བཟུང་པར་མི་མང་ནང་ཆབ་སྲིད་ལངས་ཕྱོགས་ཚང་མའི་ཐོག་སློབ་སྦྱོང་བྱེད་པའི་གོ་སྐབས་འདྲ་མཉམ་ཕུལ་ཡོད་ན་དེ་ལ་བཤད་རྒྱུ་མི་འདུག ངེད་ཚོ་མི་མང་ཚོར་ལམ་དབུ་མའི་སྐོར་ཤེས་འདོད་ཡོད་པ་ནང་བཞིན་རང་བཙན་དང་རང་ཐག་རང་གཅོད། ས་གནས་རང་སྐྱོང་སོགས་ཚང་མ་ཤེས་འདོད་ཡོད། དེའི་འགན་དེ་གཙོ་བོ་གཞུང་ལ་ཡོད་པ་དང་གཞན་པའི་ཚོགས་པ་ཚོལའང་ཡོད་པ་རེད།
ད་འདི་ནས་མར་བོད་གཞུང་གིས་སྐྱ་སེར་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་གི་ཀླད་པ་ཇི་ལྟར་བཀྲུས་པའི་སྐོར་བཤད་རྒྱུ་ཡིན། དབུ་མའི་ལམ་ཁྱབ་བསྒྲགས་བྱེད་སྐབས་སྐད་ཆ་གཙོ་བོ་ཞིག་ག་རེ་བཤད་ཀྱི་ཡོད་པ་རེད་ཟེར་ན། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཟེར་ནས་ཁྱབ་བསྒྲགས་ཁ་མེད་སྣ་མེད་དུ་བྱེད་ཀྱི་ཡོད་པ་རེད། དེས་རྒྱ་ཆེའི་དད་ལྡན་སེར་སྐྱ་མི་མང་བརྒྱ་ཆའི་མང་ཆེ་བའི་བསམ་བློ་དབུ་མའི་ལམ་ལ་བསྒྱུར་ཐུབ་ཀྱི་ཡོད་པ་རེད། ད་ད་རུང་དེ་ཙམ་གྱིས་ཀླད་པ་ཆེར་བསྒྱུར་མི་ཐུབ་མཁན་སྐོར་ཞིག་ཡོད་པ་རེད། དེ་ནི་དེང་དུས་ཀྱི་སློབ་སྦྱོང་ཅུང་ཡོད་པ། རང་ཉིད་ལ་རང་གི་ཀླད་པ་ཡོད་པའི་ཤེས་ལྡན་མི་སྣའི་གྲས་རེད། དེ་ཚོའི་བསམ་པ་རྫུན་བཤད་ནས་བསྒྱུར་འགྲོ་གི་ཡོད་པ་རེད།
འདི་རུ་རྫུན་ག་འདྲར་བཤད་པ་མ་དྲངས་ན་ངས་བོད་གཞུང་ལ་ཡ་ལ་དཀྲི་གི་ཡོད་པ་འདྲ་ཞིག་ཡོད་པ་རེད། རྫུན་བཤད་མཁན་སུ་རེད་ཟེར་ན། རྒྱ་ནག་ལ་གྲོས་མོལ་བྱེད་དུ་འགྲོ་མཁན་ཚོ་རེད། སྔོན་མ་རྒྱ་ལོ་དོན་གྲུབ་འགྲོ་གི་ཡོད་པ་རེད། ཁོང་ཚུར་ཡོང་ན་རྟག་པར་རེ་བ་འདུག རྒྱ་ནག་སྔོན་མ་ལས་ཡར་རྒྱས་ཆེན་པོ་ཕྱིན་ཤག་ཟེར་ནས་མི་མང་ལ་རྫུན་བཤད་བསླུ་བྲིད་བྱས་པ་མ་ཟད་རྒྱལ་བ་རིན་པོ་ཆེ་ལའང་དབུ་སྐོར་གཏོང་གི་ཡོད་པ་རེད། དཔེ་བཞག་ན། རྒྱ་ལོ་དང་སྲས་མཁས་གྲུབ་གཉིས་ཐེངས་གཅིག་རྒྱལ་བ་རིན་པོ་ཆེར་མཇལ་དུས་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཧུ་ཅིང་ཐའོ་ཡག་པོ་འདུག་ཟེར་ནས་ཞུས་པ་ལྟར་རེད། དེའི་རྗེས་ནས་རྒྱ་རི་རིན་པོ་ཆེ་ཕྱིན་པ་རེད། དེ་ལྟར་རེད། ཡག་ག་ཟིག་མ་གཏོགས་སྡུག་ག་ཟིག་བཤད་རྒྱུ་མེད་པ་རེད། ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་སླེབས་ནས་ཀྱང་རེ་བ་ཡོད་པ་རྐྱང་བཤད་ནས་བཅའ་ཁྲིམས་ཀྱི་ནང་ཚུད་ཆད་ལ་བསྒྱུར་བཅོས་བཏང་བ་རེད། མང་པོ་ཞིག་ནས་རྒྱ་བོད་གྲོས་མོལ་ལ་གྲུབ་འབྲས་མ་ཐོབ་པར་རྒྱ་རི་དང་ཟམ་གདོང་རིན་པོ་ཆེར་སྐྱོན་བརྗོད་མང་པོ་གནང་སོང་། ངས་བལྟས་ན་དེའི་ཐོག་ནས་ཁོང་གཉིས་ལ་སྐྱོན་བརྗོད་འབབ་ཀྱི་མི་འདུག དེ་གཙོ་བོ་རྒྱ་ནག་ལ་རག་ལུས་ཡོད་པ་རེད། ཡིན་ནའང་། རེ་བ་མེད་ནའང་ཡོད་པ་ལྟ་བུ་བཤད་པ། སྡུག་པའི་ཕྱོགས་མི་བཤད་པར་ཡག་ཕྱོགས་རྐྱང་བཤད་ནས་མི་རྣམས་ལ་མགོ་སྐོར་བསླུ་བྲིས་ཐེབས་འཇུག་པ་དེ་ལན་པོར་མཐོང་མ་སོང་།
ཕྱོགས་གཅིག་ནས་ཁོང་རྣམས་ལའང་ཁག་མི་འདུག ཁོང་ཚོ་རང་ཉིད་རྒྱ་ནག་གི་གཡོ་སྒྱུའི་འོག་ཚུད་པ་རེད། མགོ་སྐོར་ཐེབས་པ་རེད། ཁོང་ཚོ་ཚུར་ཡོང་ནས་མི་མང་རྣམས་མགོ་སྐོར་འོག་བཙུད་པ་རེད། གནས་སྟངས་འདི་འདྲ་ཞིག་གི་འོག་ནས་བོད་མི་མང་ཆེ་བ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཆགས་པ་རེད། མི་མང་ནང་ལ་ཆབ་སྲིད་ལངས་ཕྱོགས་ཐད་སློབ་སྦྱོང་གི་གོ་སྐབས་འདྲ་མཉམ་ཞིག་མ་སྤྲད་པ་དེ་སྲིད་དུ་ཚོགས་འདུ་ག་ཚོད་ཀྱི་རྒྱ་ཆེན་པོ་བསྡུས་ནའང་ང་ཧང་སང་གི་མི་འདུག ཚོགས་འདུར་བཅར་མཁན་ཕལ་ཆེ་བའི་ཀླད་པ་བཅོས་མ་རེད། བཀའ་ཤག་གི་དབུ་མའི་ལམ་གྱི་ཐོ་བ་སྤྱད་ནས་ཁོ་ཚོའི་ཀླད་པ་སྦྱངས་རྡུང་ཡག་པོ་བྱས་ཡོད་པ་རེད། ཟམ་གདོང་རིན་པོ་ཆེ་དེའི་ནང་གི་ཀླད་པ་སྦྱངས་རྡུང་ལ་མཁས་ཤོས་ཀྱི་མགར་རའི་གྲས་ཤིག་རེད།
སྔོན་བོད་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་སྐབས། རྒྱལ་བ་རིན་པོ་ཆེས་ཚོགས་འདུ་འདི་འདྲ་ལོ་རེ་བཞིན་འཚོགས་ཐུབ་ན་ཡག་པོ་འདུག་གསུངས་པ་ལྟར། དེ་ལྟར་མ་ཐུབ་ཀྱང་དྲ་ཐོག་དང་སྤྱི་ཚོགས་ནང་ལངས་ཕྱོགས་འདྲ་མིན་ཐོག་ཕན་ཚུན་བགྲོ་གླེང་དང་ཕན་ཚུན་དྭོགས་སློང་། སྦྱངས་བཤད་ག་ཚོད་བྱེད་ཐུབ་ན་ཡག་པོར་མཐོང་།
དབུ་མའི་ལམ་ལ་བདེ་མོ་འཇོག་པའི་གླུ།
https://www.khabdha.org/?p=24552
གནམ་གྱི་བཀའ་ལུང་འདྲ་བ་དབུ་མའི་ལམ།།
བརྒྱུད་པ་ཟམ་མི་འཆད་པ་དབུ་མའི་ལམ།།
དད་པ་ཅན་ལ་བྱིན་ཅན་དབུ་མའི་ལམ།།
བྱང་སེམས་རྣམས་ཀྱི་ཉམས་ལེན་དབུ་མའི་ལམ།།
གཞུང་ཞབས་པ་ཡི་ཐུགས་དམ་དབུ་མའི་ལམ།།
བྱིས་པ་རྣམས་ཀྱི་བསླབ་གཞི་དབུ་མའི་ལམ།།
མཁས་པ་རྣམས་ཀྱི་ཁ་ལྕེ་དབུ་མའི་ལམ།།
མཁས་བླུན་ཀུན་པོའི་ཁ་འདོན་དབུ་མའི་ལམ།།
སྲིད་དོན་པ་ཡི་ཁ་ན་དབུ་མའི་ལམ།།
ཆོས་དད་པ་ཡི་གཙུག་ན་དབུ་མའི་ལམ།།
སྤོ་སྤོ་རྨོ་རྨོའི་རྣ་ན་དབུ་མའི་ལམ།།
གྲོང་གི་ཁྲོམ་སྐོར་ཕྱག་ན་དབུ་མའི་ལམ།།
རྒྱ་མི་ཚང་མ་དགའ་ས་དབུ་མའི་ལམ།།
ཁ་བྲལ་འགྲོ་དགོས་མེད་པ་དབུ་མའི་ལམ།།
དགའ་ཡང་ཡ་བྱེད་མི་དགོས་དབུ་མའི་ལམ།།
བསྐྱུར་ནས་བཞག་ཀྱང་ཉེན་ཆུང་དབུ་མའི་ལམ།།
བརྩད་ན་རྩོད་རྒྱུ་ཡོད་པ་དབུ་མའི་ལམ།།
བརྩད་ནས་ཚར་རྒྱུ་མེད་པ་དབུ་མའི་ལམ།།
བརྩད་ཀྱང་གྲུབ་འབྲས་མེད་པ་དབུ་མའི་ལམ།།
གཏན་ཏུ་འགྱུར་བ་མེད་པ་དབུ་མའི་ལམ།།
ང་རང་འགྲོ་དགོས་ཡོད་དོ་དབུ་མའི་ལམ།།
རང་ལམ་རང་གིས་སྙེགས་རྒྱུ་དབུ་མའི་ལམ།།
རང་གི་ཐོབ་ཐང་འཚོལ་རྒྱུ་དབུ་མའི་ལམ།།
རང་ཐག་རང་གིས་གཅོད་རྒྱུ་དབུ་མའི་ལམ།།
ག་ལེ་ག་ལེར་ཕེབས་ཤིག་དབུ་མའི་ལམ།།
ལྷོད་ལྷོད་གནང་སྟེ་བཞུགས་རོགས་དབུ་མའི་ལམ།།
གཟིམ་འཇགས་གནང་གོ་ཨེ་གོ་དབུ་མའི་ལམ།།
གནས་སྐབས་བདེ་བར་བཞུགས་ཤིག་དབུ་མའི་ལམ།
ཚེ་འདིར་མཇལ་བ་འདི་ཙམ་དབུ་མའི་ལམ།།
ད་ནས་མཇལ་མིན་མི་ཤེས་དབུ་མའི་ལམ།།
དག་པའི་ཞིང་དུ་མཇལ་ཡོང་དབུ་མའི་ལམ།།
གཏན་ཏུ་བདེ་བར་སྨོན་ནོ་དབུ་མའི་ལམ།།
དབུ་མའི་ལམ་ཟེར་བ་དེ་ག་རེ་རེད?
https://www.khabdha.org/?p=24548
མགོ་བོ་ཡར་ལ་དགྱེ་ན་གནམ་ལ་མ་རེག་དབུ་མའི་ལམ།།
རྐང་པ་མར་ལ་བརྐྱངས་ན་ས་ལ་མ་རེག་དབུ་མའི་ལམ།།
བར་སྣང་ཡངས་པོར་བར་ལྡིང་ལྷག་པ་དབུ་མའི་ལམ།།
བར་མ་དོ་རུ་བདག་པོ་མེད་པ་དབུ་མའི་ལམ།།
དབུ་མའི་ལམ་ཞེས་པ་འདི་མཐོ་མཁས་པའི་ཁ་ན་ལྷང་ལྷང་། ཆུང་བྱིས་པའི་ཁ་ནའང་འུ་རུ་རུ། བླ་སྤྲུལ་དགེ་བཤེས་ཚོས་དབུ་མའི་ལམ་གྱི་དགེ་མཚན་བརྗོད་ཅིང་བོད་མི་དད་ལྡན་ཚོས་དབུ་མའི་ལམ་གཙུག་ཏུ་བཀུར། ངས། ཨོ། དབུ་མའི་ལམ་ཟེར་བ་འདི། མ་ཎི་ཡིག་དྲུག་དང་བཛྲ་གུ་རུ་ནང་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁ་འདོན་ཞིག་མིན་ནམ་སྙམ་བྱུང་། ངས་ཀྱང་ཁ་འདོན་འདི་བཏོན་ན་བྱིན་རླབས་ཆེ་རྒྱུ་རེད་བསམ་ནས་བོད་ཕྱི་ནང་གཉིས་སུ་པར་སྐྲུན་བྱས་པའི་ཞལ་འདོན་ཕྱོགས་སྒྲིག་གི་དེབ་རྒན་ལྗིད་ཁོག་ཅན་རེ་རེའི་ནང་བཙལ་ཡང་རྙེད་མ་བྱུང་། འདི་ནི་འདོན་པ་ཞིག་དང་འདྲ་ནའང་འདོན་པ་ཞིག་མིན་པ་འདྲ།
དབུ་མའི་ལམ་ཟེར་བ་འདི་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད་ཟེར། ཟམ་གདོང་རིན་པོ་ཆེས་འདི་ལ་འགྲེལ་བཤད་རྒྱ་ཆེན་པོ་གནང་བ་རེད་ཟེར། མགོ་བཀའ་ཤག་ནས་སྐུ་སྒེར་ཡིག་ཚང་། ཆོས་དོན་ལས་ཁུངས། ཆོས་པ་དང་མཁས་པ་གང་མང་ཞིག་གིས་འདི་ལ་འགྲེལ་བཤད་དང་གསལ་བཤད་གནང་བ་རྫོགས་མཐའ་ཡོད་པ་མ་རེད་ཟེར། བོད་མི་ཕལ་ཆེ་བའི་བསམ་པ་འདིས་བཅངས་བསྡད་ཡོད་པ་རེད་ཟེར། ངས་འདི་འགྲེལ་བཤད་ཀྱི་ཐོག་ལ་འགྲེལ་བཤད་དང་གསལ་བཤད་བྱེད་པ་ལ་བལྟས་ན། ཕལ་ཆེར་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལྟ་བུའི་ནང་ཆོས་ཀྱི་གཞུང་མཁྲེགས་པོ་ཞིག་ཡིན་ས་རེད་བསམ་སོང་ཡང་དེ་ཡང་རེད་མི་འདུག
དབུ་མའི་ལམ་ལ་བརྒྱུད་འཛིན་དང་རྗེས་འཇུག་པ། རྒྱབ་སྐྱོར་གནང་མཁན་མང་པོ་ཡོད་པ་རེད། དྷ་ས་ན་ད་རུང་ཚོགས་པའང་བཙུགས་ཡོད་པ་རེད་ཟེར། ངས། ཨོ། ད་དེས་ན། འདི་ཕལ་ཆེར་བཀའ་དགེ་ས་རྙིང་ལྟ་བུའི་ཆོས་ལུགས་ཀྱི་གྲུབ་མཐའ་གསར་བ་འཛིན་མཁན་གྱི་སྡེ་ཞིག་ཡིན་རྒྱུ་རེད་བསམ་སོང་ཡང་དེ་ཡང་རེད་མི་འདུག དེས་ན་འདི་ག་རེ་རེད། རང་ལ་གང་ཡོད་པ་དེ་གཞན་ལ་སྦྱིན་པ་བཏང་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་གནང་མཁན་གྱི་བྱང་ཆུབ་སེམས་དཔའི་ཚོགས་སྡེ་ཞིག་མ་ཡིན་ནམ་བསམ་བྱུང་ཡང་དེ་ཡང་རེད་མི་འདུག ང་ནོར་འདུག འདི་ཆོས་དང་འབྲེལ་བ་ཡོད་པ་ཞིག་མ་རེད་ཟེར།
ངས་མུ་མཐུད་དུ་དབུ་མའི་ལམ་ཟེར་བ་དེ་ག་རེ་ཡིན་མིན་དྲིས་པ་ཡིན། དེ་ནི་ཆབ་སྲིད་དང་འབྲེལ་བའི་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་བྱུས་ཤིག་རེད་ཟེར། ཐབས་བྱུས་འདི་བཏོན་ནས་གནའ་ཟིག་ཡིན་མོད་འདི་ལ་ད་བར་དུ་ལག་ཡོང་གང་ཡང་བྱུང་མེད་པའི་ཐབས་བྱུས་ཤིག་རེད། དབུ་མའི་ལམ་པ་བས་ཆབ་སྲིད་ཀྱི་ཚོང་ཞིག་རྒྱག་མྱོང་འདུག རང་བཙན་ཕར་སྤྲད་ནས་རང་སྐྱོང་ཚུར་ལེན་རྒྱུ་བྱས་པས་ཕར་རང་བཙན་ཤོར་བའི་ཐོག་ཚུར་རང་སྐྱོང་གི་མིང་ཙམ་ཡང་མ་རེག་པར་ཚོང་གི་མ་རྩ་རྦད་དེ་རྡིབ་འདུག ད་ལྟ་ཚོང་ཤག་དེས་ཡ་ཁོ་རང་བྱེད་ཀྱི་ཡོད་མ་རེད་ཟེར།
ཚོང་ག་ཚོད་རྡིབ་ནའང་བོད་མི་ཚོ་འདི་ལ་དགའ་གི་རེད་ཟེར། རྒྱུ་མཚན་ནི་འདི་ནི་སངས་རྒྱས་ཀྱི་དགོངས་གཞི་ཡིན་པ་མ་ཟད་། བོད་གཞུང་གིས་སྲིད་བྱུས་འདི་ཁོ་ན་ཡང་བཤད་སྐྱར་བཤད། འདི་ཁོ་ན་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བཏང་། བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་གཉིས་ཀ་ལོགས། གཞུང་ཞབས་གྲགས་ཅན་ཚང་མ་ལོགས་ནས་དབུས་མཐའ་ཀུན་ཏུ་བསྐྱོད་ནས་ཚོགས་སྡེ་དང་མི་སྒེར་རེ་རེ་བཞིན་ཀླད་པ་གྲོད་པུའི་ནང་ལོགས་བཀྲུ་བཀྲུ་བྱས་ཏེ་གཙང་མ་གཙང་རྐྱང་བཟོས་ཡོད་པ་རེད་ཟེར།
གཞུང་གིས་མི་མང་ནང་རང་གི་སྲིད་བྱུས་ཡང་དག་པ་ཡིན་ཚུལ་དྲིལ་བསྒྲགས་རྒྱ་ཆེར་བྱེད་མཁན་དམར་པོའི་གཞུང་དང་བོད་གཞུང་མ་གཏོགས་མང་པོ་མཐོང་རྒྱུ་ཡོད་པ་མ་རེད་ཟེར། བོད་མིའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་དག་ནི། གཞུང་ཞབས་ཚོ། གྲྭ་པ་དང་གྲྭ་ལོག་ཕལ་ཆེ་བ། བོད་ཀྱི་རིག་གཞུང་ཁོ་ན་མ་གཏོགས་སྐད་གཞན་སྦྱོངས་མ་མྱོང་མཁན། མི་མང་ཡིག་རྨོངས་དག་ནི་འདི་ལ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེ་ཤོས་རེད། གཞན་ཡང་མང་པོ་ཞིག་ཡོད་པ་རེད་ཟེར། དམངས་གཙོའི་རྣམ་པ་སྟོན་ཆེད། ཐེངས་གཉིས་ལ་ཚོགས་འདུ་བསྡུས་ནས་མ་འོངས་པའི་ཁ་ཕྱོགས་གང་འདེམས་ལ་བགྲོ་གླེང་གནང་བ་རེད། ཡིན་ནའང་། དེའི་ནང་གཞུང་ཞབས་པ་དང་གཞུང་ཞབས་ཟུར་པས་བརྒྱ་ཆ་མང་པོ་བཟུང་ཡོད་པ་རེད་ཟེར།
རྒྱ་ནག་ལ་མཚོན་ན། བོད་གཞུང་གིས་དབུ་མའི་ལམ་བཟུང་བསྡད་ན་རྒྱ་མིའི་གཞུང་སྒེར་གཉིས་ཀ་དགའ་བོ་ཞེ་དྲག་ཡོད་པ་རེད་ཟེར། རྒྱུ་མཚན་ནི། བོད་མི་རྣམས་རང་བཙན་ནམ་ཁ་བྲལ་གྱི་ལམ་དུ་འགྲོ་བར་དབུ་མའི་ལམ་གྱིས་ངང་འཐེན་བྱེད་ཐུབ་པས་རེད་ཟེར། ཡང་རྒྱ་གཞུང་གིས་དབུ་མའི་ལམ་ལ་ཡ་བྱེད་གི་མ་རེད། དེའི་རྒྱབ་ལོགས་སུ་ཁོང་ཚོས་རང་བཙན་གྱི་ཉེན་ཁ་མཐོང་གི་ཡོད་པ་རེད་ཟེར། གལ་སྲིད། ཉིན་ཞིག་བཙན་བྱོལ་བོད་ཀྱི་སྲིད་བྱུས་རང་བཙན་ལ་ཁ་ཕྱོགས་པའི་ཉིན་དཀར། རྒྱ་གཞུང་གིས་མི་སྣ་འབོར་ཆེན་རྒྱ་གར་ལ་བཏང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་དབུ་མའི་ལམ་གྱི་ཚོགས་པ་འཛུགས་འཇུག་གི་རེད་ཟེར། ད་ཆ་རྒྱ་མི་འགའ་རེས་ཤི་མ་ཤི་བྱས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པའང་གནད་འདི་ལ་ཐུག་པ་རེད་ཟེར།
རྒྱལ་སྤྱིའི་ཐོག་ཀྱང་། བོད་གཞུང་གིས་དབུ་མའི་ལམ་བཟུང་བསྡད་ན་དགའ་བོ་ཡོད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་གཞན་རྒྱལ་ཁབ་ཡོད་པ་རེད་ཟེར། རྒྱུ་མཚན་ནི། དབུ་མའི་ལམ་བཟུང་བསྡད་ན་རྒྱ་ནག་ནང་ཁུལ་གྱི་དོན་དག་ཅིག་ཡིན་པས། སྐབས་དང་སྐབས་སུ། རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཟེར་བ་ཙམ་དང་། རྒྱ་གཞུང་ལ་འབོད་སྐུལ་གསལ་བསྒྲགས་རེ་བྱས་ནས་སྡོད་ཆོག་པས་ཁོང་ཚོའི་ཕྲག་པ་ལ་འགན་ཞེ་དྲག་ཡོང་མི་དགོས་པས་རེད། རྒྱ་ནག་ལ་ཚོང་འབྲེལ་སོགས་བྱེད་ནའང་སྟབས་བདེ་ཡོད་པས་རེད་ཟེར།
དབུ་མའི་ལམ་ཟེར་བ། རང་སྐྱོང་ཟེར་བ། རང་བཙན་ཟེར་བ་འདི་ཚོ་ཚང་མ་གང་ཟག་སྒེར་བ་རེ་རེའི་རང་འདོད་ཀྱི་བསམ་ཚུལ་རེད་ཟེར། རྒྱལ་སྤྱིའི་ཁྲིམས་ཐོག་མི་རིགས་ཤིག་གི་མདུན་ལམ་ཐག་གཅོད་བྱེད་པའི་ཐོབ་ཐང་ནི་མི་རིགས་དེའི་རིགས་སུ་གྱུར་པ་ཚང་མ་ལ་ཡོད་པ་རེད། བོད་མི་མང་གི་མདུན་ལམ་ཐག་གཅོད་བྱེད་རྒྱུའི་དབང་ཚད་རྒྱ་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་ཀ་ལ་ཡོད་པ་མ་རེད། དེས་ན་ཁྱེད་ཚོས་ག་རེ་བྱས་ནས་ ་་རང་ཐག་རང་གཅོད་་ ཟེར་བའི་ཁྲིམས་མཐུན་གྱི་སྐད་ཆ། རྒྱལ་ཁབ་གང་ཞིག་ཡིན་ནའང་ཁས་མི་ལེན་ས་མི་འགྲོ་བ། ནུས་པ་དང་ཤུགས་རྐྱེན་ཡང་གཞན་གང་ལས་ལྷག་པ། རྒྱ་ནག་ལ་མཚོན་ནའང་ལན་འདེབས་དཀའ་བའི་བརྗོད་ཚིག་འདི་འདྲ་ཁྱེར་ནས་རང་དབང་རྩོད་ལེན་བྱེད་ཀྱི་མེད་ཟེར།
རྒྱ་གཞུང་གིས་ཡ་ཙམ་ཡང་བྱེད་ཀྱི་མེད་ནའང་ད་རུང་ཁ་གདངས་ནས་རྒྱ་གཞུང་ལ་བལྟས་སྡོད་རྒྱུ་ཡིན་ནམ། རྒྱ་གཞུང་ལ་བལྟས་སྡོད་རྒྱུ་ཙམ་ཡིན་ན་ཁྱེད་ཚོར་ཆབ་སྲིད་དང་འབྲེལ་བའི་ལས་ཀ་གང་ཡང་ཡོད་པ་མ་རེད། རྒྱ་གཞུང་གིས་ཁྱེད་ཚོ་ཁ་གདངས་གདངས་ལ་ཤི་འཇུག་གི་རེད། མི་རློམ་ན་ལྟོས་སྡོད་ཨ་ཟེར་ནས་ངས་དྲི་བ་འདྲི་སའི་ལྷ་དེ་འོད་ཀྱི་གོང་བུ་ཞིག་ཏུ་གྱུར་ནས་ནམ་མཁའི་དབྱིངས་སུ་གློག་ཞགས་འཁྱུག་པ་བཞིན་ཡལ་ནས་ཕྱིན་སོང་། ང་ནི་གང་ཡང་མི་ཤེས་པའི་བྱིས་པ་ཞིག་བཞིན་ཁོང་གི་རྗེས་སུ་ཅེར་ནས་དར་ཅིག་ཧད་དེ་ལུས་སོང་།
རང་བཙན་དགོས་ཞེས་ཡར་ལ་མ་འཁྱེར་རོགས།།
རང་སྐྱོང་དགོས་ཞེས་མར་ལ་མ་འཐེན་རོགས།།
རང་གི་ཐོབ་ཐང་རང་ཐག་རང་གཅོད་རེད།།
རང་གཞན་ཀུན་པོའི་ཁྲིམས་མཐུན་ཐོབ་ཐང་རེད།།
ང་ཡི་ཐོབ་ཐང་མ་རྐུ་བཙན་བྱོལ་གཞུང་།།
ང་ཡི་ཐོབ་ཐང་ཕྱིར་སྤྲོད་རྒྱ་ནག་གཞུང་།།
ང་ལ་རྒྱབ་སྐྱོར་གྱིས་ཤིག་རྒྱལ་སྤྱི་བ།།
ང་རང་རང་གི་ཕ་སར་འགྲོ་དགོས་ཡོད།།
སྐུ་ཞབས་ཝང་ལི་ཞུང་དང་གླེང་མོ་ཕ་རི་ཚུ་རི།
https://www.khabdha.org/?p=24515
མ་དཔྱད་བདེན་བདེན་འདྲ་བ་མང་ཡང་།།
དཔྱད་ན་བདེན་རྒྱུ་ཆེ་བ་མི་འདུག།
མི་མཐུན་ཡིད་ཀྱི་འཆར་སྒོ་ཁ་ཤས།།
སྐུ་ཞབས་ཝང་ལ་གླེང་མོར་ཕུལ་ཡོད།།
མིག་གི་ལྟ་རྒྱ་མ་ཆུང་བ་ཞིག།
ཡིད་ཀྱི་དཔྱད་པ་མ་འཛིང་བ་ཞིག།
རྒྱུ་མཚན་དོན་གྱིས་མ་ཕོངས་པ་ཞིག།
རྩོམ་མཁན་རྣམས་ཀྱི་ཐུགས་ལ་ཉར་རོགས།།
༡
ཁྱོད་ཀྱིས་གསུངས་པ་ལྟར། ་་རང་ལུས་མེར་སྲེག་གཏོང་བ་ལ་སྙིང་སྟོབས་ཧ་ཅང་ཆེན་པོ་ཞིག་དགོས་པ་་ རེད་དམ། རང་ལུས་མེར་བསྲེག་གཏོང་བ་དང་སྙིང་སྟོབས་ཆེན་པོ་གཉིས་ཀྱི་བར་ན་ཁྱེད་རང་གིས་སྟོང་ཆ་ཞིག་ལུས་འདུག དེ་ནི་མནར་གཅོད་དང་སྡུག་བསྔལ་ཟེར་བ་དེ་རེད། རང་ལུས་མེར་བསྲེག་གཏོང་བ་ལ་མནར་གཅོད་དང་སྡུག་བསྔལ་ཧ་ཅང་ཆེན་པོ་ཞིག་དགོས་པ་རེད། དེ་ཡང་མནར་གདུང་དེ་འདྲས་མནར་ནས་བཟོད་པའི་སྙིང་སྟོབས་ཉམས་ནས་མཐའ་ལ་ཐུག་པའི་མཐུད་མཚམས་དེ་ནི་རང་ལུས་མེར་བསྲེག་གཏོང་བའི་སྙིང་སྟོབས་ཀྱི་འབྱུང་ཁུངས་རེད།
བར་འདི་ན་དྲི་བ་གཞན་ཞིག་ལྷག་ཡོད་པ་ནི། བཟོད་པའི་མཐའ་ལ་ཐུག་པ་ཡིན་ན་ཅིའི་ཕྱིར་གཞན་ལ་རྒོལ་བ་དང་གཞན་སྲོག་མི་གཅོད་པ་རེད་ཅེས་པ་འདི་རེད། དེའི་ལན་ནི། སྟོན་པ་ཐུགས་རྗེ་ཅན་ནས་མར་བརྒྱུད་ཡོང་ཞིང་ཐུགས་རྗེ་ཆེན་པོ་མི་གཟུགས་སུ་རོལ་མཁན་རྒྱལ་བ་བསྟན་འཛིན་རྒྱ་མཚོས་གཞན་རྣམས་ལ་ཡང་ཡང་གསལ་འདེབས་གནང་བཞིན་པའི་ཆོས་ཀྱི་གདམས་པ་ཟབ་མོ་དེ་གཅིག་པོས་ལན་དེ་མི་ཐེབས་པ་ཞིག་རེད། ད་དུང་བོད་མི་ཚོར་མཚོན་ན། གོང་གསལ་གྱི་རྩ་ཆེ་བའི་ཆོས་ཀྱི་གདམས་ངག་འདིའི་ཐོག ད་རུང་རྩ་ཆེ་ཞིང་རང་གཞན་སུས་ཀྱང་མྱོང་མི་འོས་པར་འདོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་གཞན་ཞིག་ཀྱང་ཡོད། དེ་ནི་མི་རབས་གསུམ་གྱི་རིང་ལ་གཞན་གྱི་མནར་གཅོད་དང་འཚེ་བ་རྐྱང་མྱོང་ཡོང་བ་ཡིན་པས་གཞན་ལ་འཚེ་བ་ཟེར་བ་འདི་ནི་ཆེས་འཇིགས་སུ་རུང་ཞིང་སྐྱི་གཡའ་བ་ཞིག་ཡིན་པ་ལག་ལེན་ཁྲོད་ནས་ངེས་ཤེས་གསལ་པོར་ཐོབ་ཡོད། ཁྱེད་ཀྱིས་གསུངས་པ་ལྟར། ཁོང་ཚོ་འཚེ་བ་མེད་པའི་རྩེར་སོན་ཡོད་པ་ཡིན་ན། དེ་ནི་ཁོང་ཚོས་གཞན་གྱི་འཚེ་བ་ཉམས་སུ་མྱོང་བའི་རྩེར་སོན་པས་ཀྱང་རེད། ཁོང་ཚོའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་དང་འཚེ་བ་མེད་པ་གླེང་དགོས་ན། དེའི་འབྱུང་རྩར་གྱུར་པའི་མི་བཟོད་པའི་མནར་གདུང་དང་དཀའ་ངལ་གྱི་ཉམས་མྱོང་དེ་ཚོ་ངེས་པར་གླེང་དགོས་པར་མཐོང་།
ཁྱེད་ཀྱིས་ལུང་དྲངས་པའི་གྷན་ཏིའི་གསུང་བཞིན། བོད་མི་ཚོས་ད་བར་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་ ་་རང་གི་ཟད་པ་མེད་པའི་དཀའ་སྡུག་བརྒྱུད་སྲིད་གཞུང་ལ་ཤུགས་རྐྱེན་སྤྲོད་ཐབས་་ ཕྱོགས་དུ་མ་ནས་བྱས་དང་བྱེད་བཞིན་པ་རེད། དེ་ལ་གྲུབ་འབྲས་གང་ཡང་མ་ཐོན་པས་མཐར་བཟོད་པའི་སྙིང་སྟོབས་ཉམས་ཏེ་ཨུ་ཐུག་གི་མཐའ་ལ་སླེབས་པ་རེད། དེ་ཡིན་ན། མར་ཊིན་ལུ་ཐར་གྱི་གསུང་ ་་ང་ཚོས་རང་ཉིད་ཀྱི་སྡུག་བསྔལ་བཟོད་པར་བྱེད་པའི་ནུས་པས་གཞན་གྱིས་སྡུག་བསྔལ་བཟོ་བའི་ནུས་པ་ལ་ཁ་གཏད་གཅོག་དགོས་་ ཟེར་བའི་ལུང་དེ་ནི། ཨུ་ཐུག་ནས་རང་ལུས་གསོན་པོ་ཞུགས་འབུལ་བྱེད་པའི་ཁོང་ཚོར་མཚོན་ན། ཤིན་ཏུ་ནས་ཀྱང་དྲངས་རིན་མེད་པ་དང་། ཁྱོན་ནས་འཚམས་པོ་མེད་པ་ཞིག་ཏུ་མཐོང་།
༢
ཁྱེད་ཀྱིས་གསུངས་པ་ལྟར། དཔའ་བོ་ཚོའི་སྐུལ་སློང་གི་སྙིང་སྟོབས་དེ། ངེས་པར་གྲུབ་འབྲས་ལྡན་ཞིང་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ན། དེ་ནི་སྔོན་གཤེགས་པ་ཡི་རེ་བ་དང་། ཁོང་ཚོའི་སྐུ་སྲོག་ཕུལ་བའི་རིན་ཐང་ཡང་དེ་ན་ཡོད་ཅེས་པ་འདི་ངེས་པར་ཀློག་སྤྲོ་ཞིང་མི་ལ་རེ་བ་སྟེར་བ་ཞིག་རེད། ཡིན་ན་ཡང་། དེ་དང་མཉམ་དུ། ཁོང་ཚོའི་ལས་འགུལ་འདི་རིགས་ཆུད་ཟོས་ཡིན་པ། མིག་སྔའི་བོད་དེ་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པ་ལྟ་བུ་ཞིག་བཤད་འདུག་པ་འདི་ནི་ཞི་བའི་རང་དབང་འཐབ་རྩོད་པ་དག་ལ་མཚོན་ན་སེམས་ཤུགས་འཆག་གཞི་ཞིག་ཡིན་པ་མ་ཟད་ཡོངས་སུ་བདེན་པའི་སྐད་ཆ་ཞིག་ཡིན་པ་ང་ལ་ཡིད་ཆེས་མེད།
ལྷག་པར་དུ། ་་མིག་སྔའི་་ བོད་དེ་དཀའ་ངལ་ནང་ལྷུང་རྒྱུ་ཡིན་པ་ཟེར་བའི་སྐད་ཆ་དེ་ནི། ལོ་ངོ་དྲུག་ཅུ་ལྷག་གི་དཀའ་སྡུག་གི་ལོ་ཟླ་རིང་མོ་ཞིག་བརྒྱུད་ཡོང་བའི་བོད་ཀྱི་གདོང་རིས་ཆ་ཚང་དང་དཀའ་ངལ་ཆ་ཚང་ལ་རྒྱུས་ལོན་གྱིས་མ་འདང་བའི་སྐད་ཆ་ཞིག་ཏུ་མཐོང་། ང་ཚོའི་དཀའ་ངལ་དེ་ནི་མིག་སྔའི་དཀའ་ངལ་ཙམ་མིན། འདི་ནི་ཟ་ཞོར་འཐུང་ཞོར་དང་སྣང་བ་སྐྱིད་ལ་སྐུར་ཞོར་མིག་ཤེལ་ཟ་ཟི་ཞིག་གོན་ནས་ཕྱི་དངོས་པོར་ལྟ་སྟངས་ཀྱི་རིགས་ཤིག་ཏུ་མཐོང་སོང་།
ཁྱེད་ཀྱིས་ལས་འགུལ་འདི་རིགས་ལ་རེ་བ་མེད་པ་ལྟ་བུ་ཞིག་བཤད་པའི་སྒྲུབ་བྱེད་དུ། མཐའ་མཇུག་གི་ཐག་གཅོད་བྱེད་མཁན་དེ་སྲིད་གཞུང་ཡིན་པ་དང་། སྲིད་གཞུང་སྒེར་གཅོད་ཀྱི་འཕྲུལ་ཆས་དེ་རྣོ་ལྕགས་ཀྱིས་གྲུབ་ཅིང་གཏན་ཚིགས་སྐམ་པོ། དཔོན་ངན་གྱི་ཁེ་ཕན་ལས་གཞན་མེད་ཚུལ་བཤད་པ་དེ་རེད། ཐེན་ཨན་མོན་གྱི་སློབ་ཕྲུག་ཚོའི་ལས་འགུལ་དཔེ་མཚོན་དུ་དྲངས་འདུག རྒྱ་ནག་གུང་གཞུང་ལ་མཚོན་ན་འདི་ནི་བདེན་པའི་སྐད་ཆ་ཞིག་རེད། ཡིན་ནའང་། འདི་རུའང་ཁྱེད་ཀྱིས་ངེས་པར་བཤད་དགོས་པའི་སྐད་ཆ་ཞིག་བཤད་མི་འདུག གཅིག་གཅོད་སྲིད་གཞུང་གི་ངོ་གདོང་ཙམ་གླེང་ནས་མི་རྣམས་རེ་བ་མེད་པའི་ཕྱོགས་སུ་ཁྲིད་འདུག གཅིག་གཅོད་ཀྱི་སྲིད་གཞུང་འདི་འགྱུར་བའི་རང་བཞིན་ཅན་དང་རྟག་ཐུབ་ཡིན་མིན་གྱི་སྐོར་གླེང་སློང་ཙམ་ཡང་མ་བྱས་པ་དེ། ཁྱེད་ལ་དམིགས་ཡུལ་གཞན་ཞིག་ཡོད་པ་ལྟ་བུར་སྣང་ཡང་དེ་ལྟར་མིན་པའི་རེ་བ་ཡོད།
འཇིག་རྟེན་གྱི་བྱ་དངོས་ཐམས་ཅན་འགུལ་ཞིང་བསྐྱོད་ལ་འགྱུར་བའི་རང་བཞིན་ཅན་ཡིན་པའི་གནས་ལུགས་་དང་། ད་ལྟའི་དམངས་གཙོའི་རྒྱལ་ཁབ་ཚང་མ་གཅིག་གཅོད་ཀྱི་ལམ་ནས་གོམ་པ་སྤོས་ཡོང་བའི་ལོ་རྒྱུས་ཀྱི་དོན་དངོས་གསོན་པོ་འདི་ཚོ་ཆ་ཚང་བཤད་ཡོང་ན། མཐའ་མཇུག་གྱི་སྤྱི་སྡོམ་ནི་རེ་བ་ཟེར་བ་འདི་ཡིན་པ་ལས་རེ་བ་མེད་པ་དེ་རེད་མི་འདུག རེ་བ་འདིའང་རང་གྲུབ་ཤིག་མིན་པར་དེའི་ནང་། ཕམ་ཁ། གོད་ཆག དཀའ་སྡུག ཁྲག་དང་མིག་ཆུ་མང་པོ་ཞིག་འདུས་ཡོད་པ་དེ་བདེན་པའི་གནས་ཚུལ་ཞིག་ཡིན་པ་སུས་ཀྱང་ཁས་ལེན་དགོས་པ་ཞིག་རེད། ཁྱེད་ཀྱིས་རེ་བ་མེད་ས་ཙམ་བཤད་ནས་རྩོམ་གྱི་རྟ་ཁ་གཞན་དུ་དཀྱུས་པ་དེས་ངའི་འདོད་པ་ཁེངས་མ་སོང་། དྲི་བ་མང་པོ་ཀླད་པའི་ནང་འཁོར་སོང་།
༣
ཁྱེད་ཀྱི་དཀའ་ངལ་ལས་ཐོན་རྗེས་ཁ་ཕྱོགས་གང་དུ་ཡོད་ཅེས་པའི་དྲི་བ་འདི་མགོ་རྙོག་ལྡན་པའི་དྲི་བ་ཞིག་ཏུ་མཐོང་སོང་། ངས་དྲི་བ་འདི་ཁྱོན་ནས་མགོ་ཚོས་ཀྱི་མི་འདུག ངེད་ཚོ་ད་རུང་དཀའ་ངལ་ནང་ལྷུང་བསྡད་ཡོད་པས་དཀའ་ངལ་ལས་ཐར་རྒྱུ་དེ་ག་རང་ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་རེད། དཀའ་ངལ་ནང་ནས་ཐར་ཐབས་ལས་ལྷག་པའི་ཁ་ཕྱོགས་གཞན་ཞིག་ངེད་ཚོར་མཚོན་ན་མེད་པ་རེད། དྲི་བ་འདི་དྲི་བ་ཞིག་ཏུ་མཐོང་མ་སོང་། གལ་སྲིད་དྲི་བ་ཞིག་ཡིན་པའི་དབང་དུ་བཏང་ནའང་ད་རུང་རྒྱང་ཐག་རིང་བའི་དྲི་བ་ཞིག་རེད།
བོད་ནང་གི་བོད་མི་ཚོས་དཀའ་ངལ་ལས་ཐོན་ཐབས་སུ། ཨུ་ཐུག་ཐབས་ཟད་ངང་རང་ལུས་གསོན་པོ་མེ་མཆོད་ཕུལ་ནས་རང་གི་མངོན་འདོད་དང་དགོས་འདུན་བརྗོད་ཀྱི་ཡོད་པ་རེད། དེ་ནི་ཁོང་ཚོར་མཚོན་ན། དཀའ་ངལ་ལས་ཐར་ཐབས་ཀྱི་ལས་འགུལ་ཁ་ཕྱོགས་གསར་པ་ཞིག་རེད། ཕྱི་ལོགས་སུ་སྡོད་པའི་མི་རྣམས་ལ་ཁོང་ཚོའི་དེ་འགྲིག་མིན་དང་མཚམས་འཇོག་དགོས་མིན་བརྗོད་རྒྱུའི་ཐོབ་ཐང་མེད་པར་འདོད། ཁོང་ཚོའི་རླབས་ཆེ་བའི་ལས་འགུལ་དེ་མཚམས་འཇོག་མིན་ནི་གུང་ཁྲན་གྱིས་ཁོང་ཚོའི་མངོན་འདོད་དང་དགོས་འདུན་སྒྲུབ་མིན་ལ་ཐུག་ཡོད་པ་རེད།
ཕྱི་ལོགས་ཀྱི་བོད་མི་རྣམས་ལ་མཚོན་ནའང་། བོད་ནང་གི་བོད་མི་རྣམས་དཀའ་ངལ་ལས་ཐར་ཐབས་སུ་འབད་རྒྱུ་དེ་ཁོང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་རེད། བཙན་བྱོལ་བོད་མི་རྣམས་བོད་ནང་གི་བོད་མི་ཚོར་གཏམ་བརྗོད་ཀྱི་རང་དབང་མ་ཐོབ་པ་དེ་སྲིད་དུ་ཁོང་ཚོའི་མགྲིན་ཚབ་པ་ཡིན་པས། གཞིས་ལུས་བོད་མི་ཚོའི་མི་ཚེའི་ཆགས་འཇིག་གི་གནས་ཚུལ་སྐྱི་གཡའ་བ་དང་ཁོང་ཚོའི་རེ་འདུན་དེ་མངོན་འགྱུར་ཡོང་བར་རྒྱ་གཞུང་དང་རྒྱལ་སྤྱིའི་ཐོག་འབོད་སྐུལ་དང་ལས་འགུལ་འདྲ་མིན་སྤེལ་ཏེ་དོ་སྣང་སྤྲོད་རྒྱུ་དེ་རེད། གཞན་དེ་ལས་ལྷག་ཅིག་ག་རེ་བྱེད་དགོས་རེད། གཞིས་ལུས་བོད་མི་རྣམས་ལ་རང་དབང་གི་གོ་སྐབས་ཤིག་ཤར་བའི་ཉིན་ནས་ཁོང་ཚོའི་མདུན་ལམ་ཁོང་ཚོས་ཐག་གཅོད་ཀྱི་རེད། བཙན་བྱོལ་བ་ཚོར་དེ་ལ་བྱུས་གཏོགས་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད།
རེད། བཙན་བྱོལ་བོད་གཞུང་དེ་བོད་ནང་གི་དཀའ་སྡུག་ཕྱི་ལ་བརྗོད་མཁན་གྱི་མགྲིན་ཚབ་པའམ་འཐུས་ཚབ་རེད། ཡིན་ནའང་། བཙན་བྱོལ་བོད་གཞུང་དེ་བོད་ནང་གི་བོད་མི་ཚོར་འདི་བྱོས་དང་དེ་མ་བྱེད་ཟེར་ནས་བཀའ་བཀོད་གཏོང་མཁན་གྱི་དཔོན་པོ་མ་རེད། དེ་བས། ཁྱེད་ཀྱིས་བཙན་བྱོལ་བོད་གཞུང་ལ་བོད་ནང་གི་བོད་མི་ཚོས་ཅི་ཞིག་བྱེད་དགོས་མིན་བརྗོད་རོགས་བཤད་འདུག་པ་དེ་དེ་འདྲའི་ལན་པོ་ཞིག་ཏུ་མཐོང་མ་སོང་། གལ་སྲིད། བཙན་བྱོལ་བོད་གཞུང་དེ་གཅིག་གཅོད་ཀྱི་གཞུང་ཞིག་དང་། རྒྱ་ནག་གུང་གཞུང་གིས་བརྗོད་བཞིན་པ་ལྟར་བཙན་བྱོལ་བོད་གཞུང་དེ་བོད་ནང་གི་ལས་འགུལ་ཁག་བཀོད་སྒྲིག་བྱེད་མཁན་དང་ལས་འགུལ་ཁག་གི་རྒྱབ་ལོགས་སུ་ཡོད་པ་ཡིན་ན་ཁྱེད་ཀྱིས་དེ་ལྟར་བརྗོད་ཆོག་པ་རེད།
ཁྱོད་ཙམ་མིན་པར་བོད་མིའི་ནང་ཡང་འདི་ལྟར་བཤད་མཁན་འདུག དེ་ནི་ཕལ་ཆེར་སྲིད་དབང་སྒེར་གཅོད་འོག་ནས་འཚར་ཡོང་བ་རྣམས་ཀྱི་གཡའ་ཞིག་ཡིན་ནམ་ཅི། ང་ཚོའི་དམངས་གཙོའི་གཞུང་རྣམས་ལ་མཚོན་ན། སྲིད་གཞུང་དེ་མི་མང་གི་བཀའ་བཀོད་ལ་ཉན་མཁན་ཡིན་པ་ལས་མི་མང་རྣམས་སྲིད་གཞུང་གི་བཀའ་བཀོད་ལ་ཉན་མཁན་མ་རེད། སྲིད་གཞུང་གིས་མི་མང་ལ་བཀའ་གཏོང་ཆོག་པའི་དབང་ཚད་དེ་མི་མང་གིས་སྲིད་གཞུང་ལ་སྤྲད་མེད།
༤
ཁྱེད་ཀྱིས་ཆེ་ས་རང་སྐྱོང་ངོ་མ་དགོས་ན་ཆུང་ས་གྲོང་སྡེ་རང་སྐྱོང་ནས་མགོ་འཛུགས་དགོས་པ་ལྟ་བུ་ཞིག་བཤད་པ་དེ་བསམ་བློ་མ་བཏང་བར་བལྟས་པ་ཡིན་ན་བདེན་མདོག་ཁ་བ་ཞིག་ཏུ་མཐོང་ཡང་། ད་བར་གྱི་རྒྱ་གཞུང་གི་མི་རིགས་སྲིད་བྱུས་དང་དེ་ལག་ལེན་འདེབས་སྟངས་ལ་ཞིབ་ཙམ་བལྟས་ན། བོད་ཀྱི་གནད་དོན་ཐག་མ་ཆོད་པར་ད་བར་ལུས་པ་དེ་རང་སྐྱོང་ཆེ་ཆུང་གི་གནད་དོན་ལ་ཐུག་པའི་དོན་དག་ཅིག་མ་རེད། གཅིག་གི་འདོད་པ་དེ་རང་སྐྱོང་ཡིན་ནའང་། གཅིག་གི་བསམ་པ་དེ་རང་སྐྱོང་སྤྲད་ན་རང་བཙན་ལ་འགྲོ་གི་རེད་བསམ་པའི་ཞེད་སྣང་དང་རྣམ་རྟོག་ཡོད་པས་མ་ཚད། དངོས་སུ་ལག་པ་དམར་པོ་འགུལ་ནས་རང་སྐྱོང་ཟེར་བ་མིང་ཙམ་ལས་མེད་པར་བོད་ཀྱི་རིག་གཞུང་དང་བཅས་པ་རྩ་ནས་མེད་པ་བཟོ་ཐབས་རྣམ་གྲངས་མང་པོ་ཞིག་ལག་ལེན་ལ་དངོས་སུ་བསྟར་བཞིན་པ་རེད། མདོར་དེད་ན། ཕྱོགས་གཉིས་ཀྱི་བསམ་ཚུལ་རྦད་དེ་ལྡོག་ཕྱོགས་དང་ག་ཕྱི་ལོག་འདུག་པས་རེད། གཅིག་གི་འདོད་པ་རང་གི་རིག་གཞུང་གཅེས་ཉར་བྱེད་རྒྱུ་དེ་ཡིན་ཡང་གཞན་དེའི་འདོད་པ་གཞན་གྱི་རིག་གཞུང་རྩ་མེད་བཟོ་རྒྱུ་དེས་རེད། རྒྱ་གཞུང་གིས་གྲོང་སྡེ་ཆུང་ཆུང་ནས་བཟུང་སྟེ་རིག་གཞུང་རྩ་མེད་ཀྱི་མགོ་སྔོན་མ་ནས་བརྩམས་ཚར་ཡོད།
དེ་ཡིན་ན་ཡང་། གྲོང་སྡེ་རང་སྐྱོང་ནས་མགོ་འཛུགས་ཞེས་པ་དེ་ནི་བོད་ནང་གི་རང་དབང་འཐབ་རྩོད་པ་རྣམས་ལ་མཚོན་ན། རང་གི་མིག་མདུན་ལ་ཐུག་ཅིང་ལྷག་ཡོད་པའི་བསྒྲུབ་བྱ་དང་པོའི་གྲས་ཤིག་ཡིན་པ་དེ་བདེན་པ་ལྟ་བུར་མཐོང་། དེ་ནི་སྐས་རྐང་དང་པོ་ལ་སྤོ་ཐབས་ཙམ་རེད། དེ་ནི་རང་དབང་འཐབ་རྩོད་བྱེད་ཐབས་ཀྱི་རིམ་པ་དང་པོའི་གྲས་ཤིག་ཡིན་ན་ཡང་གཞི་རྒྱ་ཆེ་ཞིང་ཕུགས་རྒྱང་རིང་བའི་འཆར་འགོད་དང་ཕུགས་སེམས། བོད་ཀྱི་གཞི་རྩའི་རྩ་དོན་ངོ་མ་སོགས་གང་ཡང་མིན་པ་རེད། ང་ཚོ་རྒྱལ་སྤྱིའི་ཐོག་ལ་སྐས་རྐང་དང་པོར་སྤོ་ཐབས་ཙམ་ཁྱེར་ནས་འགྲོ་དགོས་པ་རེད་དམ། ཧ་ཧ་ཧ། ཁྱེད་ཀྱིས་རྒྱལ་སྤྱིའི་ཐོག་སྤེལ་བཞིན་པའི་བོད་དོན་ལས་འགུལ་དག་གི་ཁ་ཕྱོགས་དེ་རྒྱ་ནག་ནང་ཁུལ་ལ་ཁ་བསྒྱུར་འདོད་ཡོད་པ་མ་རེད་དམ། ཁྱོད་ཀྱི་དཀའ་ངལ་ལས་ཐར་རྗེས་ཀྱི་ཁ་ཕྱོགས་མ་ནོར་བ་ཟེར་བ་མཐར་དེད་ན་འདི་མ་རེད་དམ། དེ་ནི་བོད་མི་མང་གི་མངོན་འདོད་ངོ་མ་དེ་མ་རེད། ཐ་ན་དབུ་མའི་ལམ་ཡང་བོད་མིའི་མངོན་འདོད་ངོ་མ་དེ་མ་རེད།
༥
གྲོང་སྡེའི་རང་སྐྱོང་རྩོད་ན་རྒྱ་མིའི་མེ་མདའི་འོག་ལ་འགྲོ་མི་དགོས་པ་དང་རང་ལུས་མེར་བསྲེག་གཏོང་མི་དགོས་པ་ལྟ་བུ་ཞིག་བརྗོད་པ་དེ་ནི། ཁྱེད་ཀྱིས་རྒྱ་གཞུང་ཡག་པོ་ཡོད། གནས་ལུགས་བཤད་ས་ཡོད་ཅེས་དཀར་དག་བྱས་པ་ལྟ་བུ་ཞིག་ཏུ་འདུག རྒྱ་གཞུང་གིས་རང་ལུས་མེ་བསྲེག་མཚམས་འཇོག་ཏུ་འཇུག་པར་ཏྰ་ལའི་བླ་མ་དང་བཙན་བྱོལ་གཞུང་ལ་གོ་རྒྱུ་ཡོད་པའི་གོ་བརྡ་སྤྲད་པ་ལྟར་ཁྱེད་ཀྱིས་ཀྱང་རང་ལུས་མེ་བསྲེག་མཚམས་འཇོག་པར་མི་མངོན་པའི་བསླབ་བྱ་ཞིག་གནང་གི་ཡོད་པ་མ་ཡིན་ནམ། ཡང་མི་རིགས་ཀྱི་གནད་དོན་མིན་ལ་ཁ་བྲལ་ལའང་འབྲེལ་བ་མེད་པའི་རྒྱ་ནག་རང་གི་གྲོང་གསེབ་ཝུའུ་ཁང་གི་ལས་འགུལ་དེ། ་་ཁ་བྲལ་་ དང་ ་་ཆབ་སྲིད་ཀྱི་གནད་དོན་་ ཡོད་པའི་བོད་མིའི་རང་སྐྱོང་འཐབ་རྩོད་ལ་དཔེ་འགེབས་བྱས་པ་དེ་ནི་དཔེ་དོན་གཉིས་ཡ་འགལ་དུ་གྱུར་པ་ཞིག་ཡིན་ཡང་དེ་ན་ང་ཚོར་བླང་བྱ་ལེན་རྒྱུ་མེད་པ་དེ་འདྲའང་མ་རེད།
༦
རང་ལུས་མེར་མཆོད་འབུལ་རྒྱུར་མི་སྐྲག་ན་གཞན་ཅི་ལ་སྐྲག་དགོས་རེད་ཟེར་བའི་ཁྱེད་ཀྱི་དྲི་བ་དེ་ནི། རང་ལུས་མེར་མཆོད་འབུལ་མཁན་རྣམས་ཀྱིས་མཚོན་པའི་བོད་མི་རྣམས་ཀྱི་སེམས་ཁམས་དང་གནས་སྟངས་ལ་རྒྱུས་ལོན་མེད་པའི་སྣང་བ་སྐྱིད་པོའི་སྐད་ཆ་ཞིག་རེད། བོད་མི་རྣམས་ཀྱིས་ད་བར་གཞན་གྱི་མནར་གཅོད་གཅར་རྡུང་། ཉེས་མེད་བཙོན་འཇུག མཐོང་ཆུང་ཁྱད་གསོད་སོགས་བཟོད་པར་དཀའ་བ་མང་པོ་ཞིག་ལ་བཟོད་སྒོམ་བྱས་ཡོང་སྟེ་ད་ཆ་བཟོད་པའི་མཐར་ཐུག་པ་རེད། རང་ཉིད་ལ་རང་གི་ཆེ་མཐོང་དང་མཚན་མཐོང་། རང་ཉིད་ལ་རང་གི་དད་མོས་དང་དགའ་ཞེན་བྱེད་ས་གཞན་ལས་ལྷག་པ་ཡོད་པའི་མི་རིགས་ཐུན་མོང་མ་ཡིན་པ་ཞིག་ལ་མཚོན་ན། གཞན་གྱི་མི་རིགས་ཀྱི་བརྙས་བཅོས་དང་མཐོང་ཆུང་གཟེད་རྒྱུ་དེ་ཆེས་འཇིགས་སྐྲག་ལྡན་ས་དེ་རེད། དེ་ནི་རང་སྲོག་གཅོད་པ་ལས་ལྡབ་ཁ་ཤས་ཀྱིས་འཇིགས་སྐྲག་ཆེ་ཞིང་བཟོད་དུ་མི་ཐུབ་པ་ཡིན་པ་དེ། ཁྱེད་ལྟ་བུ་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་བཙན་གནོན་བརྙས་བཅོས་མ་མྱོང་བ་ཞིག་ནས་ཤེས་ཀྱི་མེད་པ་དེར་ཁག་མི་འདུག རྒྱལ་ཁབ་གང་རུང་གི་དམག་མི་དཀྱུས་མ་ཞིག་ལ་མཚོན་ནའང་། དགྲ་ལག་ཏུ་མ་ཤོར་སྔོན་རང་སྲོག་གཅོད་ཐབས་བྱེད་པའི་གནས་ཚུལ་ང་ཚོས་ཡང་ཡང་མཐོང་བཞིན་པ་དེ་ནི་ཁྱེད་ཀྱི་དྲི་བ་དེའི་ལན་འདེབས་གསལ་པོ་ཞིག་རེད།
མེ་ལྕེ་དམར་པོའི་ཁྲོད་མི་གསོན་པོའི་ཕྱིའི་ཤ་ཁྲག་སྐྱི་རུས་དང་ནང་གི་དོན་ལྔ་སྣོད་དྲུག་དང་བཅས་པ་ཚིར་སྒྲ་གསུར་སྒྲ་དང་བཅས་བསྲེག་བཅུག་འགྲོ་བ་དེ་གཞན་ཞིག་གིས་བལྟས་ན་འཇིགས་སུ་རུང་བ་ཞིག་ཏུ་མཐོང་གི་ཡོད་པ་ལྟར་འཇིགས་སུ་རུང་ཞིག་ལོས་ཀྱང་ཡིན། ཡིན་ནའང་། མི་རིགས་གཞན་གྱི་མནར་གཅོད་དང་བརྙས་བཅོས། ཉེས་པ་མེད་པར་བཙོན་ལས་སྣ་དགུ་ཁུར་ནས་ཤི་བ་དང་བསྡུར་ན། དེ་ནི་རང་དབང་ལྡན་ཞིང་གུ་ཡངས་པ། སྣང་བ་སྐྱིད་པ། རེ་བ་དང་སྤོབས་པ་ལྡན་པའི་འཆི་སྟངས་ཤིག་ཅི་ལ་མིན།
སྙིང་སྟོབས་ལྡན་པའི་དཔའ་བོ་འདི་དག་གིས་བཏོན་པའི་དགོས་འདུན་དེ་རང་ཉིད་ཀྱི་ཚེ་སྲོག་དང་དལ་འབྱོར་ལུས་རྟེན་ལས་རྩ་ཆེ་བར་བརྩིས་ནས་དེའི་ཆེད་དུ་སྲོག་བཏང་བ་ཡིན་པས། ང་ཚོར་མཚོན་ནའང་གལ་ཆེ་ཤོས་དེ་ཁོ་ཚོའི་དགོས་འདུན་དེ་བརྩི་དགོས་པ་རེད། ཁོང་ཚོས་རང་ལུས་མེ་མཆོད་འབུལ་སྐབས་ཉེ་སྐོར་གྱི་བོད་མི་སུ་གང་གིས་ཀྱང་མེ་གསོད་ཐབས་ལ་མ་འབད་པར་ཁོང་ཚོའི་དགོས་འདུན་བཏོན་པ་དེ་སྐད་གསེང་མཐོན་པོས་སྒྲོགས་བཞིན་པ་དེས་ཀྱང་ང་ཚོས་གང་ཞིག་ཨང་དང་པོར་འཛིན་དགོས་པར་གོ་བརྡ་ཞིག་སྤྲད་པ་རེད། ད་དུང་ཡིན་ནའང་ཤི་ཐུབ་མཁན་རྣམས་པང་བསྒྲིགས་ནས་འཆི་གི་རེད། ཤི་ནའང་འཆི་གོ་ཆོད་པ་རེད།
ཁོང་ཚོ་པང་བསྒྲིགས་ནས་འཆི་བ་དེ་མཚམས་འཇོག་མིན་ནི་ང་ཚོར་ཐུག་མེད་པར་གུང་གཞུང་ལ་ཐུག་པ་རེད། ང་ཚོས་གུང་གཞུང་གིས་ཐག་ག་འདྲ་ཞིག་གཅོད་མིན་བལྟས་བསྡད་ན་འགྲིགས།
རྒྱ་གཞུང་གིས་རྟག་པར་རྙོག་དྲ་ཐམས་ཅད་ཀྱི་འབྱུང་རྩ་རང་ཚོས་བཟོས་ནས་དཀའ་ངལ་དངོས་སུ་ཕྲད་སྐབས་དེ་སེལ་དགོས་པའི་གོ་བརྡ་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་སྤྲད་ཡོང་གི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེའི་ཐུགས་འདུན་ཁག་ལ་ཁ་ཡ་ཁོ་རང་བྱེད་ཀྱི་ཡོད་པ་མ་རེད། དེ་ཡིན་ན། ད་རེས་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ནས་ཀྱང་རྒྱ་གཞུང་གིས་དོན་དག་འདི་ཐག་གཅོད་གང་མགྱོགས་ཡོང་བར་སྐུལ་བ་དང་ཡང་ན་ཐག་གཅོད་ཇི་ལྟར་བྱེད་མིན་ལ་བལྟས་སྡོད་རྒྱུ་ཙམ་ལས། རང་ལུས་མེར་བསྲེག་གཏོང་མཁན་ཚོར་མཚམས་ཞོག་ཟེར་ནས་བཤད་རྒྱུའི་འོས་བབ་མེད་པར་མཐོང་། ཡིན་ནའང་། རྒྱལ་སྤྱིར་རྒྱ་ནག་ལ་འགན་འཁྱེར་དགོས་པའི་འབོད་སྐུལ་བྱ་རྒྱུ་དེ་ང་ཚོའི་འོས་བབ་གཡོལ་དུ་མེད་པ་དེ་ཡིན།
ཤི་ན་འདོད་མཁན་སུ་ཞིག་མེད་ཀྱང་།།
མ་ཤི་ཐབས་མེད་གཞན་གྱིས་བཟོས་རེད།།
ཤི་ཡང་ལག་ཡོང་མེད་པ་འདྲ་ཡང་།།
ཤི་བའི་འཆི་གོ་ཆོད་ནས་འདུག་གོ།
རྒྱ་ནག་གཞུང་ལ་སྐད་འདི་སྐུར།
https://www.khabdha.org/?p=24474
བོད་མི་སྟོང་ཕྲག་དུ་མ་འཛོམས་ནས་ཞི་བའི་སྐད་འབོད་བྱེད་སར།
ཁྱོད་ཚོས་རྒྱ་དམག་ཁྲི་ཕྲག་དུ་མ་བཏང་ནས་དྲག་གནོན་སྟངས་འཛིན་བྱེད།
ཁྱོད་ཚོས་རང་ཉིད་སྤྱང་པོ་དང་སྟོབས་ཤུགས་ཆེན་པོ་ཡོད་བསམ་གི་ཡོད་པ་འདྲ།
ཁྱེད་ཚོས་མུ་མཐུད་དངུལ་འབོར་ཧ་ལས་པ་བཏང་།
དཔུང་དམག་འབོར་ཆེན་བོད་ནང་གང་སར་འགྲེམས་སྐབས།
བོད་མི་རེ་རེ་བྱས་ནས་རང་ལུས་མེ་རུ་སྦར་ནས་རང་གི་དགོས་འདུན་འདོན་མགོ་ཚུགས།
ཁྱོད་ཚོའི་དམག་མི་མང་པོ་དེ་ཚོ་བེད་མེད་དུ་ལུས་འདུག
ཐན་ཁེ་རྫིག་པོ་དེ་ཚོས་ཁྱི་རྒྱག་གི་དབྱུག་པའང་ཉན་གྱི་མི་འདུག
ཁྱོད་ཚོའི་རྒྱལ་ཁྲིམས་དེ་ལྕགས་མཁར་སྒོ་མེད་ལྟ་བུ་ཞིག་རེད།
ཁྱོད་ཚོའི་སྲིད་བྱུས་དེ་ལྕགས་ཀྱི་ཁྲོ་རིལ་ལྟ་བུ་ཞིག་རེད།
ཤེས་དགོས་པ་ཞིག་ལ། རྣོ་ལྕགས་མཁྲེགས་ཀྱང་མེ་ཡིས་བཞུ་ཐུབ་པའི་ཆོས་ཉིད་དེ་ཁྱོད་ཚོས་ཤེས་ན་བཟང་།
ང་ཚོས་ཤེས་ནས་ཡོད།
ཁྱོད་ཚོ་ལ་ནང་གནས་ཕྱི་ལ་མི་འཆོར་ཞིང་
ཕྱི་གནས་ནང་ལ་མི་ཐར་བའི་མེ་ཡི་ལྕགས་རི་སྐད་གྲགས་ཅན་ཞིག་ཡོད་སྐད།
བོད་མི་རེ་རེའི་ལུས་ན་འབར་བཞིན་པའི་མེ་དཔུང་རེ་རེ།
ཁྱོད་ཚོའི་མེ་ཡི་ལྕགས་རི་ལས་འགོམ་སྟེ་ཕྱི་ལ་མཆེད་སླེབས་སོང་།
འཛམ་གླིང་མི་མང་གི་མིག་གིས་མཐོང་ནས་ཡོད།
འཛམ་གླིང་མི་མང་གི་མིག་གིས་བལྟས་ནས་ཡོད།
ཁྱེད་ཚོས་མེ་ལྕེ་རེ་རེ་གསོད་བཞིན་འདུག
ཁྱེད་ཚོས་མེ་ལྕེ་སྦར་མཁན་རེ་རེའང་གསོད་ལ་འབད་བཞིན་འདུག
འཛམ་གླིང་མི་མང་གིས་ཤེས་ནས་ཡོད།
འཛམ་གླིང་མི་མང་གིས་ངེས་ནས་ཡོད།
ཁྱོད་ཚོའི་སྲིད་གཞུང་དེ་མི་མང་གི་ཐོབ་ཐང་རྡོག་རོལ་གཏོང་བའི་ཆེད་དང་།
ཁྱོད་ཚོའི་དམག་དཔུང་དེའང་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ཕམ་པར་རྒྱག་པའི་ཆེད།
ཁྱོད་ཚོའི་སྤྱི་བདེ་མི་སྣ་ཟེར་བ་དེ་ཚོའང་མི་མང་སྤྱིའི་བདེ་རྩ་གཏོར་བའི་ཆེད་དུ་ཡིན་པ།
རང་ལུས་མེ་མཆོད་འབུལ་བའི་འགན་རྒྱ་གཞུང་གིས་འཁྱེར་དགོས་ལ་ཁོང་ཚོའི་མངོན་འདོད་སྒྲུབ་པའི་འགན་ཡང་རྒྱ་གཞུང་ལ་ཡོད།
https://www.khabdha.org/?p=24466
སུས་ཀྱང་མ་བསྐུལ་རང་འགུལ་གྱིས་རྒྱུན་མ་ཆད་པར་སྤེལ་བཞིན་པའི་རང་ལུས་མེ་མཆོད་ཀྱི་རླབས་ཆེ་བའི་ལས་འགུལ་འདི་མཚམས་ཞོག་ཟེར་ནས་ཁྱེད་ཚོས་ལབ་ཀྱི་ཡོད་དམ། རྒྱལ་བ་རིན་པོ་ཆེ་ལའང་དེ་དོན་ཞུ་གི་ཡོད་དམ།
ཧོབ་ཏེ་བལྟས་ན། ཁྱེད་ཀྱི་བྱ་སྤྱོད་དེ་ནི་གཞན་སྲོག་སྐྱོབས་ཐབས་ཀྱི་བྱ་བ་ཡག་པོ་ཞིག་རེད། ཅུང་ཟད་བསམ་པ་ཡིན་ན་དེ་ནི་འགན་མ་ཁྱེར་བའི་བསམ་སྤྱོད་ཅིག་རེད། ང་ལ་མཚོན་ན། ཛ་དྲག་ཆེ་བའི་སྐབས་འདིར་རང་ཉིད་ཀྱི་ཕྲག་པར་ལྷུང་བའི་ལས་འགན་དེ་མ་སྒྲུབ་པར་གཞན་ལ་ཁྱེད་ཚོའི་ལས་འགུལ་དེ་མཚམས་ཤོག་ཟེར་ནས་བཤད་མི་ཐུབ་ལ་དེ་ལྟར་བཤད་རྒྱུའི་ཐོབ་ཐང་ཡང་ང་ལ་མི་འདུག་སྙམ། རྒྱལ་བ་རིན་པོ་ཆེ་ལའང་དེ་ལྟར་གསུང་རྒྱུའི་འོས་བབ་ཡོད་པ་མ་རེད་འདོད།
དེ་ཡང་ཐོག་མར་ང་ཚོས་ཅིས་ཀྱང་ཤེས་དགོས་པ་ཞིག་དང་ངེས་པར་བསྒྲུབ་དགོས་པའི་དོན་དག་གཅིག་འདུག ཁོང་ཚོས་དེ་ལྟར་རང་ལུས་རྩ་ཆེན་དེ་ཕངས་པ་མེད་པར་མེ་མཆོད་གཏོང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། ཁོང་ཚོའི་མངོན་འདོད་དང་ཐུགས་རེ་ངོ་མ་དེ་ཅི་ཞིག་ཡིན་པ་དེ་ངེས་པར་ཤེས་དགོས་པ་ཞིག་རེད། དེ་ཤེས་པ་ཡིན་ན། ཁོང་ཚོའི་མངོན་འདོད་དང་ཐུགས་རེ་སྒྲུབ་པའི་འགན་དེ་སུ་ལ་ཡོད་པ་རེད་དེ་ཤེས་དགོས་པ་རེད། གལ་སྲིད། ཁྱོད་ཀྱིས་དེ་ཤེས་ཀྱི་ཡོད་ན། ཕར་ཕྱོགས་ཀྱི་འགན་གང་ལ་ཡོད་པའི་གཞུང་དེ་ལ་དམིགས་ནས་སྐད་ཆ་བཤད་ན་འཚམས་པ་ལས་ཚུར་བཙན་བྱོལ་གཞུང་ལ་མདའ་ཁ་གཏོད་པ་ནི་ནོར་བར་མངོན།
ཁོང་ཚོས་ག་རེ་བྱས་ནས་རང་ལུས་མེ་མཆོད་འབུལ་གྱི་ཡོད་པ་རེད། དེ་ནི་གཞིས་བྱེས་བོད་མི་ཀུན་ལ་རྒྱུས་ཡོད་ཀྱི་དྲི་བ་ཞིག་རེད། དེ་ནི་སུས་ཀྱང་ཤེས་པའི་དྲི་བ་རྙིང་བ་ཞིག་ལས་མ་འདས། ཕར་མེ་མཆོད་གཏོང་བ་དེ་ནི། མའོ་ཙེ་ཏུང་གིས་བཤད་པ་ལྟར། གང་དུ་གཉའ་གནོན་ཡོད་ན་དེ་རུ་ངོ་རྒོལ་ཡོད་ཅེས་ལབ་པ་ལྟར། རྒྱ་གཞུང་གིས་བོད་ནང་དམ་དྲག་བཙིར་གནོན་ཆེ་བ། དོན་མེད་པར་ཉེས་མེད་ལ་གཅར་རྡུང་བྱེད་པ། རང་གི་མངོན་འདོད་བརྗོད་པ་ཙམ་ལའང་བཙོན་འཇུག་མནར་གཅོད་ཡ་ང་བ་གཏོང་བ་སོགས་མི་རིགས་ལ་འདྲ་མཉམ་མེད་པར་གཉའ་གནོན་ནར་མར་གཏོང་བཞིན་ཡོད་པ་དེས་ཡིན་པ་ཡོངས་གྲགས་དང་ཀུན་ཤེས་རེད།
ལྷག་པར་དུ། མེ་མཆོད་གཏོང་མཁན་ཕལ་ཆེ་བས་རེ་འདུན་གཅིག་རང་གཅིག་འདོན་ཀྱི་ཡོད་པ་ནི། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། ཁོང་གི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་གསུངས་ནས་རང་ལུས་མེ་མཆོད་གཏོང་བ་དེ་རེད། དེས་གུང་གཞུང་གི་སྦས་པའི་ཀླ་ཀློའི་བྱེད་སྤྱོད་ཚང་མ་གསལ་བར་བསྟན་འདུག་པ་རྒྱལ་སྤྱིའི་ཐོག་ནས་མཐོང་གི་ཡོད་པའི་རེ་བ་ཡོད། མདོར་དེད་ན། འཛམ་གླིང་ཐོག་ཡོངས་གྲགས་ཀྱི་རླབས་ཆེ་ཞིང་ཞི་བདེ་དོན་གཉེར་མཁན་གྱི་མི་སྣ་གལ་ཆེན་ཞིག་ཕར་གདན་འདྲེན་ཞུ་རོགས་ཟེར་ནས་སྐད་ཆ་ཙམ་བཤད་པའི་ཆེད་ཀྱང་ཚེ་སྲོག་གི་འགྲོ་སོང་མ་བཏང་ན་ཡོང་གི་མེད་པ་དེ་གསལ་བར་མཐོང་གི་འདུག་ག སྐད་ཆ་དེ་ཙམ་བཤད་པའི་ཆེད་གསོན་པ་ལས་ཤི་བ་འདེམས་པ་དེའི་རྒྱབ་ལོགས་སུ་བཟོད་པར་དཀའ་བའི་མནར་གཅོད་ཡ་ང་བ་ཞིག་གིས་བལྟས་བསྡད་ཡོད་པ་གསལ་བོ་རེད་འདུག་ག ཨ་འཛམ་བུ་གླིང་གི་མི་རྣམས།
ད་དེ་ཡིན་ན། ང་ཚོའི་ལས་འགན་གང་ཡིན་དེ་གསལ་བོ་རེད། ཐོག་མར་ཁོང་ཚོར་ལས་འགུལ་དེ་མཚམས་ཞོག་མ་ལབ་པའི་སྔོན་དུ། ཁོང་ཚོས་རང་སྲོག་བློས་བཏང་ནས་རེ་འབོད་ཞུ་བཞིན་པའི་མངོན་འདོད་དེ་འགྲུབ་པར་ལས་ཀ་སྣ་རེ་ངེས་པར་སྒྲུབ་དགོས་པ་མཐོང་། ཁོང་ཚོའི་རང་ལུས་མེ་མཆོད་ཕུལ་བའི་འགན་དེ་རྒྱ་གཞུང་གིས་འཁུར་དགོས་པ་དང་ཁོང་ཚོའི་མངོན་འདོད་སྒྲུབ་པའི་འགན་ཡང་རྒྱ་གཞུང་ལ་ཡོད། དེས་ན། གཞུང་སྒེར་ཚང་མའི་མདའ་ཁ་མདུང་ཁ་དེ་རྒྱ་གཞུང་ལ་གཏད་ཅིང་སྐད་ཆ་རྒྱ་གཞུང་ལ་བཤད་དགོས་པར་འདོད། རྒྱ་གཞུང་གིས་འགན་མི་འཁྱེར་བའི་བྱེད་སྤྱོད་ངན་པ་དང་ཀླ་ཀློའི་སྤྱོད་པ་དེར་སྟངས་འཛིན་བྱེད་པའི་འགན་རྒྱལ་སྤྱིའི་གཞུང་སྒེར་མི་སྣ་ཡོངས་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་ཡོད་པས། རྒྱ་དང་མཉམ་འབྲེལ་རྒྱ་ཚོགས་གཉིས་ཀྱིས་གཙོས་པའི་འབྲེལ་ཡོད་ཁག་ལ་རང་གིས་གང་ཤེས་པའི་སྐད་ནང་སྙན་ཞུའི་སྦྲགས་ཡིག་དམར་པོ་ཆར་དུ་ཕོབས་ཤིག
མི་ཡི་མི་ཚེ་ཟེར་བའི་རྩ་ཆེན་པོ།།
དལ་འབྱོར་ལུས་རྟེན་ཟེར་བའི་དོན་ཅན་པོ།།
གཉེན་ཉེའི་བརྩེ་དུང་ཟེར་བའི་རྩིས་ཅན་པོ།།
རང་དབང་ཆེད་དུ་རྩྭ་བཞིན་འདོར་འདི་མཚར།།
ངའི་སྙན་ངག་གི་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་།
https://www.khabdha.org/?p=24415
༡
ཡོས་ལོར་མེ་ལྕེ་དམར་ལྷབ་ལྷུབ་འབར་བྱུང་།
གཅིག་འཕྲོར་གཅིག་བྱས་ནས་དམར་ལྷབ་ལྷུབ་དགུང་ལ་མཆེད།
དམར་ལྷབ་ལྷུབ་ཀྱི་མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་གྱིན་པ་མ་མཐོང་ངམ།
ཨོ། མེ་ལྕེ་དེ་དག་ནི་མེ་ལྕེ་ཙམ་མིན་ཏེ་རྣམ་ཤེས་ཅན་གྱི་མེ་ལྕེ་རྐྱང་རེད།
མེ་ལྕེ་དེ་དག་ནི་སུ་ཞིག་གི་སྤྲུལ་བ་ཡིན་ངེས།
མེ་ལྕེ་དེ་དག་ལ་ཐོག་མའི་རྒྱུན་ཞིག་ཡོད་ངེས།
དེས་ན། མེ་ལྕེ་དེ་དག་གི་རྒྱུན་ཆད་པ་མེད་པར་གཅིག་ནས་གཅིག་ཏུ་མཆེད་རྒྱུ་ཡིན་པ་སུ་ཡིས་རྟོགས་མི་འགྱུར།
༢
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་ཏུ་མཆེད།
ཡོས་ལོའི་མེ་ལྕེས་འབྲུག་ལོའི་ཁ་སྤུ་གཞོབ།
མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་གྱིན་པ་མི་མཐོང་ངམ།
ཆེས་མུན་ནག་ཡིན་པའི་ཁོར་ཡུག་ཏུ་མེ་ལྕེར་སྤྲུལ་མཁན་བྱང་ཆུབ་སེམས་དཔའ་ཁྱེད་ཚོ་སུ་ཞིག་ཡིན།
ཆེས་གྲང་ངར་ཡིན་པའི་མཐོ་སྒང་དུ་མེ་ལྕེར་སྤྲུལ་མཁན་གཞན་ཕན་ཅན་ཁྱེད་ཚོ་གང་ནས་ཡོང་།
གཞན་དབང་བཙན་པོའི་སྡུག་བསྔལ་འོག་མནར་གཅོད་མྱོང་བཞིན་པ་དག་གི་ཆེད།
རང་སྲོག་འདོར་བ་ལ་ཕངས་སེམས་རྟ་རྔ་ཙམ་མེད་པའི་དཔའ་བོ་ཁྱེད་ཚོ་སུ་ཡི་དཔུང་དམག་ཡིན།
༣
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར།
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་བོད་ཡུལ་གང་སར་མཆེད།
མེ་ལྕེ་རེ་རེའི་ནང་དུ་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།
མུན་ནག་ནང་དུ་འོད་ཀྱི་སྣང་བ་སྤྲོས།
ཞ་ར་རྣམས་ཀྱིས་ཀྱང་མཐོང་བའི་སྣང་བ། བདེན་པ།
གྲང་ངར་ཁྲོད་དུ་དྲོད་ཀྱི་བདེ་བ་སྦྱིན།
མནར་གཅོད་ཀྱིས་སེམས་འཚོ་མི་ཟིན་པ་དག་གིས་ཀྱང་ཚོར་ཐུབ་པའི་བདེ་དྲོད། རེ་བ།
གཉའ་གནོན་མཁན་ལ་རྒོལ་བའི་ལམ་སྣེ་བསྟན།
ཞུམ་པ་རྣམས་ཀྱང་བློ་སྤོབས་སྙིང་སྟོབས་རྙེད། བློས་གཏོང་།
༤
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར།
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད།
མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།
ངས་ནུབ་མོ་རེ་རེ་བཞིན།
ནམ་མཁའི་དབྱིངས་སུ། ཁེ་རེར། ཁུ་སིམ་མེར་འཛམ་བུ་གླིང་ལ་བལྟས་བསྡད་ཡོད་པའི
དཀར་བསིལ་གྱི་ཟླ་བ་དང་ཟླ་ངོགས་ཀྱི་རི་བོང་གཟུགས་ལ་ཅེར།
རི་བོང་བྱང་ཆུབ་སེམས་དཔའི་རླབས་ཆེ་བའི་བྱུང་བ་དྲན།
རི་བོང་བྱང་ཆུབ་སེམས་དཔས་རང་ལུས་གཞན་ལ་སྦྱིན་ཆེད།
ལྷ་དབང་གིས་སྤྲུལ་བའི་མེ་དཔུང་ནང་མཆོངས་ཏེ་འདས་པའི་རླབས་ཆེ་བའི་གཏམ་རྒྱུད་དེ་དྲན།
ནམ་མཁའི་ཟླ་བ་ཁེར་ཆད་དེའི་ཐོག་ན། རི་བོང་བློ་ལྡན་གྱིས་ནམ་ཡིན་ན་ང་ཚོའི་མི་ཡུལ་ལ་གཟིགས་འདུག་ཨང་།
གནམ་རྒན་མས་མྱིག་གིས་མི་རིག་པའི་མུན་ནག་དང་གྲང་ངར་ཅན་གྱི་
ཁ་ཁུག་གི་ས་དེ་དག་ཀྱང་རི་བོང་བྱང་ཆུབ་སེམས་དཔས་རིག་ནས་འདུག་ཨང་།
༥
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར།
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད།
མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།
ང་ཡིས་མུ་མཐུད་འོད་ཀྱི་གོ་དོན་དང་ནི་རིན་ཐང་འཚོལ་ཕྱིར་བསམ་ཞིང་རྟོག།
སྲིན་བུ་མེ་ཁྱེར་མེ་སྟག་ཚུབ་ཚུབ་འཕྲོ་བཞིན་མུན་སྨག་མཁའ་ན་རང་དབང་འཕུར་སྐྱོད་བྱེད་འདིས་ཅི་ཞིག་སྟོན།
ཕྱེ་ལེབ་མེ་ལྕེབས་མེ་ཡི་དྲོད་སྣང་རོལ་ཕྱིར་གཤོག་ཟུང་ཚིག་ཀྱང་ཡ་མི་ང་འདི་ཅི་ཡི་ཕྱིར།
ཨ་མས་དགོང་རེར་ཕུགས་སུ་མཆོད་མེ་འབུལ་ཞིང་སྨོན་ལམ་རྫོགས་མཐའ་མེད་འདིས་ཅི་ཞིག་རེ།
ང་ཡང་ཕྱི་ལ་བུད་ནས་མེ་ལྕེ་སྦར་ཞིང་བསང་ཞིག་གཏོང་དགོས་ཡོད་དོ་དེ་ལ་དེ་ཡི་དོན་སྙིང་ཡོད།
༦
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་འབར།
ཡོས་ལོའི་མེ་ལྕེ་དམར་ལྷབ་ལྷུབ་གཅིག་ནས་གཅིག་དུ་མཆེད།
མེ་ལྕེ་རེ་རེའི་ནང་གང་ཞིག་འགུལ་བཞིན་པ་མ་མཐོང་ངམ།
ཁྱེད་ཚོ་སྲོག་ཏུ་ཞུགས་པའི་རྒྱུ་མཚན་གྱིས་ངའི་སྙན་ངག་ཀྱང་དམར་ལྷབ་ལྷུབ་འབར་བྱུང་།
ཡིག་འབྲུ་རེ་རེ། གུག་གི་ཞབས་ཀྱུ། མགོ་ཅན་འདོགས་ཅན། ཚེག་དང་ཤད་རེ་རེར་མེ་ལྕེ་མཆེད་བྱུང་།
བསང་མྱེ་དམར་ལྷབ་ལྷུབ་དགུང་ལ་མཆེད།
ངའི་བསང་འབོད་ཀྱང་དམར་ལྷབ་ལྷུབ་འབར་བཞིན་པའི་རང་གི་སྙན་ངག་འདི་ཁོ་ན་ཡིན།
གྲང་ལྷག་མུན་པའི་སྲིད་ནག་བསྲེག་པར་ཤོག
གཞན་དབང་སྡུག་བསྔལ་རྩ་ནས་འཚིག་པར་ཤོག
རང་དབང་བདེ་སྐྱིད་སྣང་བ་རྒྱས་པར་ཤོག
འགྲོ་ཀུན་ཞི་བདེའི་དཔལ་ལ་རོལ་བར་ཤོག
ལ་དྭགས་རྒན་བློ་བཟང་འཇམ་དཔལ་ལགས་ལ་བསམ་ཚུལ་བརྗེ་ལེན་གྱི་ཚུལ་དུ་ཕུལ་བའི་གཏམ་དོན་ཚན་བརྒྱད་པ་བ།
https://www.khabdha.org/?p=24241
ནང་བསྟན་རིག་མཛོད་ཆེན་མོ་ཤར་གཏོང་བྱས་པ་ཞེས་པའི་མཆན༢༧པ་བཀླགས་རྗེས།
རྒན་ལགས་ཀྱི་མཆན་༢༧པ་བཀླགས་རྗེས་བརྗོད་པར་འདོད་པའི་བསམ་ཚུལ་འགའ་ཤས་ཤིག་བྱུང་སོང་བ་གཤམ་དུ་ཤར་མར་བྲིས་ཡོད་པས་ཀུན་གྱིས་དགེ་འདོན་སྐྱོན་སེལ་འཛེམས་བག་མེད་པར་གནང་བའི་རེ་བ་ཡོད།
༡ རྗེས་སུ་ཡི་ཡང་བྲིས་ནོར་ཤོར་བར་ངོས་འཛིན།
༢ འཁྲུལ་འཁོར། ཆོས་དཔེ་ཁག་ནང་། རྣལ་འབྱོར་བའི་སྒོམ་སྒྲུབ་སོགས་ཀྱི་སྐབས་འཁྲུལ་འཁོར་ཞེས་པའི་ཚིག་འདི་ཡང་སེ་མཐོང་རྒྱུ་འདུག འཕྲུལ་འཁོར་གྱི་རིགས་འདི་ནི་མིག་འཁྲུལ་སྒྱུ་མ་ལྟ་བུ་ཞིག་ཡིན་པས་འཁྲུལ་འཁོར་ཞེས་བཏགས་པ་ཡིན་ནའང་ཐང་སྟེ། ༡ འཕྲུལ་འཁོར་གྱི་འབྲི་རྒྱུན་ཡང་སྔོན་མ་ཞིག་ནས་ཡོད་པ་མ་ཟད་ ༢ ད་ལྟ་ཡོངས་ཁྱབ་ཀྱིས་འཕྲུལ་འཁོར་དང་འཕྲུལ་ཐབས་རིག་པ། འཕྲུལ་རིག འཕྲུལ་ཆས་ཟེར་ནས་དར་སོ་ཆེ། ཡང་།༣ བོད་ལ་ནང་ཆོས་ཆེས་ཐོག་མར་དར་བའི་སྐབས་ནས་ཡོད་པའི་སྤྲུལ་ཟེར་བའི་ཐ་སྙད་གཉིས་ལ་འབྲེལ་བ་ཡོད་པ་རེད། འཕྲུལ-སྤྲུལ། འཕེལ-སྤེལ། ཕུང-སྤུངས། འཕུར-སྤུར། འཕར-སྤར་སོགས་གཞན་ཡང་འདི་ལྟ་བུ་མང་པོ་འདུག་པ། འཕྲུལ་གྱི་ལྷ་བཙན་པོ་སོགས་ཀྱིས་འཕྲུལ་ཞེས་པའི་ཚིག་འདི་ཁུངས་ལྡན་ཞིག་ཡིན་པ་བསྟན་འདུག ༤ འཁྲུལ་ནི་ནོར་བའི་དོན་ཅན་ཡིན་པས། འཁྲུལ་འཁོར་ནི་ནོར་བའི་འཁོར་ལོ། འཁྲུལ་ཐབས་རིག་པ་ནི་ནོར་བའི་རིག་པ་འཁྲུལ་ཆས་ནི་ནོར་བའི་དངོས་ཆས་སོགས་ལ་ངོས་འཛིན་དགོས་པར་འགྱུར། ༥ འཁྲུལ་ལ་འཕྲུལ་ནང་བཞིན་གྱི་ཁུངས་དང་རྒྱུ་མཚན་ཉུང་བ་མ་ཟད་མིག་ཚིག་རང་སྟེང་ནས་གང་ཞིག་འོས་མིན་དཔྱད་ནའང་འཕྲུལ་རང་བྲིས་ན་བདེ་བར་མཐོང་།
༣ དབེན་པ་དགའ་བ་ལ་ཞིག་ཤུགས་ཀྱིས་འོང་། ཟེར་བ་ལས། དབེན་པ་ལ་དགའ་བ་ཞིག་ཤུགས་ཀྱིས་འོང་ཟེར་ན་ཡིད་ངོར་བདེ།
༤ ཆེ་རྒན་ཡང་བློ་ངོར་བདེ་རྒྱུ་མི་འདུག ལོ་ཆེ་རུ་འགྲོ་དུས། ལོ་རྒན་དུ་འགྲོ་དུས་ཟེར་ན་ཟོར་ཡང་ཞིང་སྐྱར་ཟློས་སུ་མ་སོང་བའི་ཚིག་ཅིག་མ་རེད་དམ།
༥ སྤིར་བཏང་། བྲིས་ནོར་ཤོར་འདྲ།
༦ ཡིན་ཀྱང་། ནི་སྔོན་མའི་བྲིས་མང་པོ་ཞིག་ན་འདི་འདུག ད་ལྟའང་འདི་ལྟར་འབྲི་མཁན་མང་པོ་འདུག ད་སྔ་ཡོད་པའི་ཕྲད་ཀྱི་སྦྱོར་ཚུལ་ལྟར་ན། ཡིན་ཡང་ཞེས་འབྲི་དགོས་པར་འདོད། ཁྱེད་ཚོ་ལའང་ཁུངས་དང་རྒྱུ་མཚན་གཉིས་ཀ་ཡོད་པ་ངས་ཤེས་ཀྱི་ཡོད། དེ་ལས་གཅིག་ནི། ད་དྲག་ཐོབ་མིན་གྱི་ཐོག་ནས་ཕྲད་སྦྱོར་ཚུལ་ལའང་མཚུངས་མིན་མང་པོ་ཞིག་ཡོང་གི་འདུག ཡིན་ཀྱང་ཟེར་བ་འདི་སྐད་ཀྱི་ནང་སྒྲ་རང་ཆས་སུ་ཡོད་པ་ཞིག་ཡིན་ན་ང་ལ་བཤད་རྒྱུ་ཆེར་མེད། དེ་མིན་ད་དྲག་ཐོབ་མིན་གྱིས་ཡིན་ན་ང་ལ་བཤད་རྒྱུ་ཡོད། གནས་སྐབས། ཡིན་གྱི་རྗེས་སུ་ཀྱང་ཐོབ་མིན་དེ་གཡུགས་ཤོག ད་བར་གྱི་མཁས་པ་མང་པོ་ཞིག་གི་དཔེ་ཆའི་ནང་། ཡིན་གྱི་རྗེས་སུ། ཏེ་དེ་སྟེ་གསུམ་ལས་གང་ཐོབ་པ། ཅིང་ཞིང་ཤིང་གསུམ་ལས་གང་ཐོབ་མིན། ཅེས་ཞེས་ཤེས་གསུམ་ལས་གང་ཐོབ་མིན། ལ་དོན་གྱི་ཕྲད་གང་ཐོབ་མིན། འབྲེལ་སྒྲའི་ཕྲད་གང་ཐོབ་མིན་སོགས་ལ་ཅིག་དཔྱད་པ་ཡིན་ན་ལན་གཅིག་མ་གཏོགས་རྙེད་དཀའ་དཀར་སྣང་། ཡིན་དེ་ད་དྲག་མི་ཐོབ་པའི་ཁོངས་སུ་འདུག
རྗེས་འཇུག་ན་ར་ལ་གསུམ་ཡིན་ཚད་ལ་ད་དྲག་ཐོབ་ཀྱི་མེད་པ་འདྲ། དེ་འདྲ་ཡིན་ན། ན་ར་ལ་ཡི་རྗེས་སུ་ཅིག་ཅིག་ཉིག་ཉིག་ཐོབ་ཟེར་བའི་རྩ་ཚིག་གཞན་དང་གཞན་པ་དག་ཀྱང་བེད་མེད་རེད། ངས་ད་བར་ཅུང་ཟད་སྦྱངས་ནས་ཤེས་པ་ལྟར་ན། ཀུན་དང་མཁྱེན། གཏན་སོགས་ད་དྲག་ངོ་བོ་ཉིད་ནས་ཐོབ་པ་འགའ་ཞིག་ཡོད་པ་དང་། ད་དྲག་ཐོབ་པ་གཙོ་བོ་དག་ནི་བྱ་ཚིག་ལས་དུས་འདས་པ་དང་སྐུལ་ཚིག་ལ་སྦྱར་བ་ཆེས་ཆེར་མང་ལ་ཕལ་ཆེར་གཅིག་གྱུར་ལྟ་བུར་འདུག་ཅེས་བཤད་ན་འགལ་ཆ་ཆེར་མི་འདུག ཡིན་ཡང་། ཁ་ཁུག་དག་ན་འབྲི་ཚུལ་མི་མཐུན་པ་ཡོད་པ་དེའང་བཤད་མི་དགོས་པ་ཞིག་རེད། ཁྱེད་རང་གིས་ཀྱང་ཉེ་སྔོན་དག་ཆ་རེ་ཟུང་གི་ཁུངས་རོང་ཟོམ་ཆོས་བཟང་དང་དགེ་ལུགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བྱམས་པའི་མཚན་ཅན་ལ་གཏུགས་པ་ལྟ་བུ་རེད། དངོས་གནས་རོང་ཟོམ་ལྟ་བུའི་མཁས་པ་ཞིག་ཁོང་གི་སྔོན་ལ་བོད་ལ་བྱོན་མྱོང་ཡོད་པ་མ་རེད་ཟེར་གྱི་ཡོད་པ་རེད་ཅེས་འགོས་ལོ་ཙྰ་བས་ཀྱང་གདེང་འཇོག་བླ་ལྷག་ཏུ་གནང་ཡོད་པ་རེད་དེ། དག་ཆ་རེ་ཟུང་གི་འབྲི་རྒྱུན་ཡོངས་གྲགས་དང་མ་མཐུན་པ་བྱུང་ཡོད་པ་དངོས་ཡོད་རེད། ད་ང་ཚོས་དོན་དམ་པར་སུ་ལ་ཁུངས་གཏུགས་དགོས་པ་རེད། དེ་ལ་ངེས་པར་དུ་སྐུ་ཉིད་ནས་དགོངས་པ་ཞིག་བཞེས་དགོས་པར་འདུག
༧ རྩིས་སྟངས་མི་བྱེད་ཟེར་བ་འདིའང་ང་ལ་མཚོན་ན་ཁྱད་མཚར་པོ་ཞིག་ཏུ་མཐོང་། ངའི་ཕ་ཡུལ་དུ་རིན་ཐང་། རྩིས་ཐང་ཟེར། དེ་ཡང་རྩིས་ཐང་མི་བྱེད་མི་ཟེར་བར་རྩིས་ཐང་མེད་པ་དང་རྩིས་ཐང་ཆེ་ཟེར་ནས་བཤད་ཅིང་འབྲི།
༨ རྩིས་མཐོང་འདི་ཡང་བློ་ངོར་མི་བདེ། བརྩི་མཐོང་ཟེར་ན་བློ་ངོར་བདེ། དེ་གོམས་མ་གོམས་ཀྱི་ཁྱད་ཅིག་ཡིན་ས་རེད།
ཤད་ཀྱི་འཕྲོས་གླེང་སྐྲ་འཛིངས་བཤད་བྱེད་འབྲོང་ལྕེ་སྐམ་པོ་ཞེས་བྱ་བ་བཞུགས་སོ།
https://www.khabdha.org/?p=24174
ཤད་ནི་དྲང་པོའི་དོན་ཡིན་པ།།
མ་རྟོགས་བློ་གྲོས་འཛིངས་པའི་སྐྲ།།
བཤད་བྱེད་འབྲོང་ལྕེ་སྐམ་པོ་འདི།།
གནམ་ལོ་གསར་པའི་ལག་རྟགས་ཡིན།།
དེརིང་འདིར། ཁ་ཤས་ཤིག་ནས་ཁ་སང་དེ་རིང་དགོངས་ཚུལ་རྗོད་བཞིན་པའི་ཤད་ཀྱི་སྐོར་ལ་ཅིག་བཤད་འདོད་སྐྱེས་བྱུང་། སྔོན་ཙམ་ནས་བོད་ཡིག་ནང་བཀོལ་ཡོང་བའི་གུག་རྟགས་()དང་། བརསྐབས་ཤིག་ནས་འགའ་རེས་བོད་ཡིག་ནང་བཀོལ་བཞིན་པའི་བོད་ཀྱི་རི་མོ་སྒོ་ཁྱིམ་༼༽ གཉིས་ཀྱི་མིང་གདགས་སྟངས་ལ་དགོངས་ཚུལ་མི་འདྲ་བ་ཁ་ཤས་ཤིག་གསུངས་ཡོང་གི་འདུག ཁུག་ཤད་ཟེར་མཁན། གུག་ཤད་ཟེར་མཁན། གུག་རྟགས་ཟེར་མཁན་འདྲ་མིན་ཞིག་འདུག ངས་འདིར་མིང་གང་ཞིག་བཏགས་ན་བཟང་མིན་སྐོར་བཤད་རྒྱུ་མིན། མིང་གང་ཞིག་གཏན་མ་ཁེལ་སྔོན་ལ་མིང་དེའི་དོན་དག་ཅི་ཡིན་ཤེས་དགོས་པ་དེ་གལ་ཆེ་བར་མཐོང་། དེས་ན་འདིར་དང་པོར་ཤད་ཟེར་བ་འདིའི་དོན་ཤེས་དགོས་རྒྱུ་དེ་གལ་ཆེ་བར་མཐོང་བས་ཤད་ཀྱི་སྐོར་ལ་འཕྲོས་བཤད་ཅུང་བྱེད་འདོད་སྐྱེས་བྱུང་། ཤད་ཟེར་ན་ག་རེ་རེད། ཆིག་ཤད ། ཉིས་ཤད །། སྦྲུལ་ཤད།(མཐེབ་གཞོང་ནས་མ་རྙེད) རིན་ཆེན་སྤུངས་ཤད་(མ་རྙེད)སོགས་ལ་ཤད་ཟེར་བ་ལས་ཚེག་དང་དབུ་ཁྱུད་ལ་ཤད་མི་ཟེར་བའི་རྒྱུ་མཚན་ཅི་རེད། ཤད་ཟེར་བ་ནི། གོང་གསལ་གྱི་རྟགས་འདི་དག་ལ་་འདོད་རྒྱལ་དུ་བཏགས་པའི་མིང་ཙམ་རེད་དམ། ཡང་ན་རྗེས་གྲུབ་ཀྱི་མིང་ཞིག་རེད།
ང་ཚོད་མིང་གང་ཞིག་གི་ཁུངས་འཚོལ་དགོས་ན་སྔོན་བྱོན་གྱི་མཁས་པ་དང་བཀའ་བསྟན་སོགས་ལ་ཁུངས་གཏུག་ཐབས་བྱེད་པ་དེ་ནི་འགྲིགས་པ་ཞིག་རེད། འོན་ཏེ་ཁྱེད་རང་ལ་བཀའ་བསྟན་ནང་ཁུངས་མ་རྙེད་པ་ཡིན་ན་ཅི་ལྟར་བྱེད། ཁུངས་རྙེད་ཀྱང་དེ་ལ་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་བྱུང་སྟེ་ཁུངས་ཡང་དག་པ་ཞིག་མ་རྙེད་ན་ག་རེ་གནང་གི་ཡིན། དེ་འདྲའི་དཀའ་ངལ་གྱི་སྐབས་སུ། ཁྱེད་ཀྱི་ཐབས་ལམ་བཟང་ཤོས་ནི། བཀའ་བསྟན་དང་གཞན་བསྟན་བཅོས་སོགས་རིག་པ་ཐམས་ཅད་ཀྱི་གཞི་རྩར་གྱུར་པའི་རང་རེའི་སྐད་ལ་ཁུངས་གཏུགས་ནས་དཔྱད་རྒྱུ་ལས་མ་འདས་སོ།
ཤད་ཟེར་བ་དེ་ནི་འདོད་རྒྱལ་གྱི་མིང་ཙམ་ལས་མིན་ན་ཁྱེད་རང་གིས་ཀྱང་རྟགས་འདྲ་མིན་མང་པོ་ཞིག་ལ་ཤད་ཅེས་པའི་མིང་གིས་བསྙད་ཆོག་པར་འདོད། ཁུག་ཤད། མགོ་ཤད། སྐོར་ཤད་སོགས་གང་བཏགས་ཀྱང་འགལ་ཆ་མཐོང་གི་མི་འདུག དེ་མིན་ཤད་ཟེར་བ་དེ་ནི་དོན་དག་ཅན་ཞིག་དང་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་ཞིག་ཡིན་ན་ཁྱེད་རང་གིས་ཀྱང་ཤད་ཀྱི་དོན་ཅན་ཞིག་དང་། ཤད་དང་འདྲ་བ་དང་འབྲེལ་བ་ཞིག་ལ་མ་གཏོགས་རྟགས་མཐོང་ཚད་ལ་ཤད་ཀྱི་མིང་གིས་བསྙད་ན་མི་འགྲིགས་པར་འདོད། དེས་ན་འདིར་ཁོ་བོས་ཤད་ཟེར་བ་དེའི་དོན་ངོ་མ་ཅི་ཡིན་རང་སྐད་དང་བསྟུན་ནས་ཅུང་ཟད་དཔྱད་ན་འདོད།
ཁོ་བོས་བལྟས་ན། ཤད་ཟེར་བ་འདི་ནི། འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པར་མཐོང་། སྐད་ལ་མཚོན་ན། སྐྲ་འཛིངས་བསྡད་ཡོད་པ་དེ་སྐྲ་ཤད་དམ་སོ་མང་གིས་མར་དྲང་མོར་བསྲངས་པ་ལ་སྐྲ་བཤད་ཟེར། སྐྲ་མར་བཤད་བྱེད་ལ་སྐྲ་ཤད་ཟེར། ཡང་། གཡག་གི་ཁུ་ལི་ལྟ་བུ་མིན་པར་རྟའི་རྔ་མ་བཞིན་ཕན་ཚུན་མ་འདྲེས་པ་དང་མ་འཛིངས་པར་དྲང་ཤད་ལེ་བྱེད་པ་ལ་བཤད་མོ་ཟེར། འགའ་རེས་ཤད་མོ་ཞེས་བྲིས་པ་མཐོང་། དེ་བཞིན། རྒྱུན་བུའམ་ཀོ་ཐག་ཕྲ་མོ་དང་འབྲེང་བ་སྟེ་ཀོ་ཐག་སྦོམ་པོ་སོགས་ཀོ་ཐག་གི་རིགས་གྱོང་དང་འཁྱག་འཁྱོག་མེད་པའི་མཉེན་འཇམ་དྲང་པོ་ཡིན་པ་ལའང་བཤད་མོ་ཟེར། དངོས་པོ་གང་ཞིག་གི་དྲང་ལེན་པའི་ཆེད་ལག་པའི་ནང་ཡང་ཡང་བརྒྱུད་འཐེན་བྱེད་པ་ལ་ལག་པའི་ནང་བཤད་ཟེར། གོང་གསལ་གྱི་འདི་དག་ལས་བཤད་ཅེས་པའི་སྐད་འདི་དང་ཤད་ཅེས་པའི་ཡི་གེ་འདི་གཉིས་བར་འབྲེལ་དམ་ཟབ་ཅིག་ཡོད་པ་ཤེས་ཐུབ། དེས་ན་བཤད་ནི་དྲང་མོར་བསྲངས་པའི་དོན་ཡིན་པ་ཤེས་ལ། དྲང་ཤད་ལེ། ཤད་མོ་ཞེས་པའི་ཤད་ལའང་་དྲང་མོའི་དོན་ཡོད་པ་ཤེས། རང་རེས་ཤད་ཅེས་འབོད་པའི་ཡི་གེའི་བར་མཚམས་ཀྱི་རྟགས་དེ་དག་ཚང་མའང་ཐིག་གམ་རྟགས་དྲང་མོ་ཞིག་དང་འབྲེལ་བ་རྐྱང་རེད། དྲང་མོ་དང་འབྲེལ་བ་མེད་པའི་དབུ་ཁྱུད་དང་ཚེག་ལ་ཤད་ཅེས་མི་ཟེར། དེས་ན། ཤད་ཀྱང་དྲང་མོར་མར་བསྲངས་པའི་དོན་ཅན་ཏེ་བཤད་དང་དོན་གཅིག་པ་ཡིན་པ་ཤེས་ཐུབ།
དེས་ན་ཡི་གེའི་ནང་། བཤད་མི་འབྲི་བར་ཅིའི་ཕྱིར་ཆིག་ཤད། བཞི་ཤད་ཟེར་ནས་ཤད་བྲིས་པ་རེད་ཟེར་ན། དེ་ནི་ང་ཚོས་བསམ་བློ་གཏོང་གཞི་ཞིག་རེད། དེ་ཡང་བོད་སྐད་ཀྱི་མིང་གི་གྲུབ་སྟངས་ལ་བལྟས་ནས་བསམ་བློ་བཏང་བ་ཡིན་ན་ངེས་པ་ཅུང་ཟད་རྙེད་ཐུབ།
བོད་ཡིག་ནང་སོར་ཡང་གི་འབྲི་ཐབས། འཕྲིན་ཡིག-ཕྲིན་ཡིག ལོ་གསར -ལོ་སར། སྙན་དངགས-སྙན་ངག མི་དམངས-མི་མང་ཟེར་བའི་འབྲི་ཐབས་ལྟར་སྐྲ་བཤད་ལ་སྐྲ་ཤད་ཟེར་ནས་བརྗོད་ཆོག་པ་ལྟ་བུར་སྣང་།
ཡང་གཅིག་བསམ་ཡོང་ན། དྲང་ཤད་ལེ། ཤད་མོ། ཆིག་ཤད་སོགས་ཡི་གེའི་ནང་ད་སྔ་འབྲི་རྒྱུན་བྱུང་ཟིན་པ་འདི་དག་ལ་ཅིག་དཔྱད་པ་ཡིན་ན། ཤད་ནི་བྱ་བྱེད་ཐ་མི་དད་པ་ཞིག་ཡིན་པའི་སྣང་བ་ང་ཚོར་སྟེར། ད་སྔ་འབྲི་ཁྱབ་ཆེར་བྱུང་མེད་པའི་སྐྲ་བཤད་པ་དང་རྒྱུན་བུ་ལག་པའི་ནང་བཤད་པ་ནི། སྐད་ལྟར་ན། བཤད་པ་ཡིན། བཤད་གི་ཡོད། བཤད་རྒྱུ། ཁྱོས་ཤོད་ཟེར་ནས་བྱེད་འབྲེལ་ཡིན་པ་རེད། དེས་ན། བཤད་ནི་བྱེད་འབྲེལ་དང་ཤད་ནི་བྱེད་མེད་ཡིན་པ་ལྟ་བུར་ཡང་སྣང་།
དེ་ལྟར་ཡིན་པའི་དབང་དུ་བཏང་ནའང་། རང་རེའི་བྱ་ཚིག་གིས་གྲུབ་པའི་མིང་མང་པོ་ཞིག་བྱེད་མེད་ལས་ཚིག་་གིས་གྲུབ་ཡོད་པ་ལྟར་འདི་ཡང་དེ་བཞིན་ནོ་ཞེས་ཀྱང་བརྗོད་ཆོག་གོ། དཔེར་ན། ཚིག་གྲུབ། རྗེས་གྲུབ། དངོས་གྲུབ། གྲུབ་ཆ་སོགས་ལ་གྲུབ་འབྲི་བ་ལས་སྒྲུབ་མི་འབྲི། བཀའ་འགྱུར། བསྟན་འགྱུར་ཟེར་ནས་འབྲི་བ་ལས་བསྒྱུར་མི་འབྲི།
ད་དུང་། ཉེས་ཆད། བཀའ་ཆད་ལ་བཅད་མི་འབྲི། འདུམ་འགྲིགས། བར་འདུམ་ལ་སྡུམ་མི་འབྲི། དེ་བཞིན་མཐུན་པོ་ལ་བསྟུན་པོ། ཟེར་ནས་བྱེད་འབྲེལ་མི་འབྲི་བ་བཞིན་འདིར་ཡང་བཤད་ཅེས་པའི་བྱེད་འབྲེལ་གྱི་ལས་ཚིག་འདི་མིང་དུ་གྲུབ་པའི་སྐབས། དྲང་ཤད་ལེ། ཤད་མོ། ཆིག་ཤད་ཟེར་ནས་བྱེད་མེད་ལས་ཚིག་གིས་གྲུབ་པའོ་ཞེས་ཀྱང་བརྗོད་རིགས་སོ།
ད་ཤད་ཀྱི་དོན་དག་མར་དྲང་པོར་བསྲངས་པའི་དོན་ཡིན་པ་ཤེས་པ་ཡིན་ན། ཤད་ཅེས་པ་འདི་མིང་ཅི་འདྲ་ཞིག་ལ་གདགས་འོས་པ་དང་ཅི་འདྲ་ཞིག་མི་འོས་པ་དེ་ཡང་གསལ་པོར་ཤེས་ངེས། མར་དྲང་མོར་བསྲངས་པའི་ཐིག་གམ་རྟགས་གཅིག་ལ་ཆིག་ཤད་དང་། གཉིས་ལ་ཉིས་ཤད། བཞི་ལ་བཞི་ཤད། མགོ་སྦྲུལ་ལྟ་བུ་དང་མཇུག་མར་དྲང་མོར་བསྲངས་ཡོད་པས་སྦྲུལ་ཤད། མགོ་རིན་ཆེན་སྤུངས་བ་ལྟ་བུ་ལ་མཇུག་མར་དྲང་པོར་བསྲངས་པ་ལ་རིན་ཆེན་སྤུངས་ཤད་ཟེར་ནས་བརྗོད་རིགས་ཀྱང་། དབུ་ཁྱུད་དང་ཚེག་ལྟ་བུ་ལ་དེ་ལྟར་མ་ཡིན་ནོ། དབུ་ཁྱུད་དང་ཚེག་གི་སྟེང་ན་མར་དྲང་མོར་བསྲངས་ཡོད་པའི་ཆ་མེདཔའོ། དེ་བས་ན། གོང་གསལ་གྱི་སྒོ་ཁྱིམ་ལའང་ཤད་ཅེས་གདགས་མི་རིགས་སོ། ཁུག་ཤད་ཟེར་ནས་ཁུག་མ་དང་ཤད་གཉིས་བཙན་གྱིས་མཉམསྦྱོར་བྱེད་པའང་རོ་རྒྱབ་ཁུར་ལྟ་བུར་མཐོང་། གུག་ཤད་ཟེར་ན། གུག་དང་ཤད་གཉིས་ལྡོག་ཟླ་ལྟ་བུར་སྣང་ནའང་། དྲང་མོར་བསྲངས་པའི་ཐིག་གམ་རྟགས་གང་ཞིག་ཅུང་ཟད་བཀུག་ཏེ་གུག་ཡོད་པ་ཞིག་ལ་གུག་ཤད་ཅེས་གདགས་མི་རིགས་པ་ནི་མ་ཡིན་ནོ།
ཤད་ཀྱི་སྐྲ་ལོ་ཡང་ཡང་མ་བཤད་ན།།
གདགས་གཞི་རུལ་མའི་སྐྲ་བཞིན་འཛིང་བར་འགྱུར།།
ཟབ་གསལ་ཆེ་མྱུར་ཤེས་རབ་འབྲོང་གི་ལྕེས།།
ནངས་མ་རེ་བཞིན་ཤོད་ལ་འཕྱིང་མ་འཇུག།
ཀ་ལུ་རིན་པོ་ཆེ་ལ་བསྔགས་བརྗོད་ཡོད།
https://www.khabdha.org/?p=23777
ཀ་ལུ་རིན་པོ་ཆེ་ནས། བོད་ཀྱི་གྲྭ་པའི་སྤྱི་ཚོགས་ནང་བཙན་གཡེམ་གྱི་གནས་ཚུལ་ཡོད་པ་དེ། རང་ཐོག་གི་ཉམས་མྱོང་ཐོག་ནས་ཕྱི་བསྒྲགས་གནང་བར་བསྔགས་བརྗོད་ཡོད། མཚན་མཐུན་ཆགས་སྤྱོད་དང་དེ་མིན་གང་ཡིན་ནའང་གཞན་ལ་འདོད་པ་མེད་བཞིན་དུ་བཙན་གཡེམ་བྱེད་པ་ནི་ཆེས་ཐ་ཤལ་གྱི་ཁྲིམས་འགལ་བྱ་སྤྱོད་ཅིག་རེད། དེ་ཡིན་ན། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གྱི་མ་རབས་ཐ་ཤལ། ཀླ་ཀློའི་སྤྱད་པ་སྤྱོད་མཁན་དག་གི་ཉེས་སྐྱོན་ཐེར་འདོན་གནང་བ་དེ་ནི་ཡོངས་སུ་དགའ་འོས་པ་ཞིག་དང་རྒྱབ་སྐྱོར་བྱེད་དགོས་ངེས་ཤིག་ཏུ་མཐོང་།
མིའི་སྤྱི་ཚོགས་ཀྱི་ཟུར་ག་གང་དུའང་ཐ་ཤལ་གྱི་སྤྱོད་ངན་འདི་རིགས་ཡོད་པ་བཞིན་བོད་སྤྱི་ཚོགས་ནང་ཡང་གསར་པ་ཞིག་མིན་པར་སྔ་མོ་ནས་ཡོད་པ་ཞིག་ཡིན་པས་དེ་འདྲ་ཡ་མཚན་དགོས་པ་ཞིག་ནི་མིན་ལས་ཆེ། ཡ་མཚན་པ་ཞིག་ནི། རྒྱལ་ཁབ་གཞན་དང་གཞན་དུ། འདི་རིགས་ཁྲིམས་འགལ་ཡིན་པས་ཉེས་ཁྲིམས་ཡོད་པ་དང། དོན་རྐྱེན་འདི་རིགས་བྱུང་སྐབས་སྐོར་སྲུང་བར་ཁ་པར་གཏོང་བ། ཉེས་པ་གཞན་དག་བཞིན་གསར་གནས་བརྒྱུད་ལམ་ཁག་ལ་ཁྱབ་སྤེལ་གནང་བའི་ཡོངས་གྲགས་ཀྱི་དོན་དག་ཅིག་ཡིན་ཡང་། ང་ཚོའི་བོད་སྤྱི་ཚོགས་ལ་མཚོན་ན། དོན་དག་འདི་རིགས་ད་དུང་ཕྱི་ལ་འདོན་མི་རུང་བའི་གསང་གནས་ཤིག་ཡིན་པ་དེ་ནི་ངོ་མ་ཡ་མཚན་པའི་གནས་ཤིག་རེད།
འདིར་ང་རང་གི་མིག་ལའང་ཡིད་ཆེས་བྱེད་དཀའ་བ་ཞིག་ནི། མང་པོ་ཞིག་ནས་ཁོང་གིས་ཀླ་ཀློའི་སྤྱོད་པ་ཐེར་འདོན་གནང་བར་རྒྱབ་སྐྱོར་བྱེད་པ་ལས་ལྡོག་སྟེ། ཁོང་གིས་དེ་ལྟར་གནང་བ་དེ། སངས་རྒྱས་ཀྱི་བསྟན་པ་དམའ་ཕབ་པ་དང་། བོད་མི་རིགས་ཀྱི་མཚན་བླར་གནོད་སྐྱེལ་བ་ལྟ་བུ་ཞིག་ཏུ་བརྗོད་ཡོང་བ་དེ་ནི་ངོ་མ་དགོད་ཤོར་བ་ཞིག་ཏུ་མཐོང་། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ། སངས་རྒྱས་ཀྱི་འདུལ་ཁྲིམས་དང་འགལ་བའི་བྱས་ཉེས་རིགས་ཐེར་འདོན་བྱས་པ་དེ་ནི། མི་རིགས་ཡར་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་ཡོད་པའི་ཕྱག་ལས་ཤིག་མིན་ནའང་གནོད་པ་ཅན་ཞིག་ཡིན་པ་མཐོང་དཀའ་འོ།
དེ་མིན་ད་རུང་ཁ་སྣོན་ཞིག་ལ། ཁོང་མི་ངན་དུ་མའི་ཚུལ་མིན་གྱི་བྱ་སྤྱོད་དང་གནོན་ཤུགས་མང་པོ་ཞིག་ལ་བསྟེན་ནས་ཐུགས་སེམས་སོ་ན་མི་གནས་པ་ལྟ་བུར་ཆགས་པ་དང་། དུད་ནག་དང་ཆང་ལ་སྤྱོད་དགོས་བྱུང་བའི་ཁག་མེད་ཀྱི་ཁོང་གི་གནས་སྟངས་ཐོས་ན་སྙིང་རྗེ་ཞིག་བཅོས་མིན་དུ་སྐྱེ་དགོས་པ་འདི་འདྲར་ཡང་བསམ་ཤེས་དང་རྒྱུས་ལོན་ཅུང་ཟད་ཀྱང་མི་བྱེད་པར་བླ་ལོག་དང་བླ་རྫུན་ཡིན་པ་ལྟ་བུར་གཤེ་རྐྱང་བྱེད་པ་འདིའང་ངོ་མ་བློ་ངོར་འཆར་དཀའ་བ་ཞིག་རེད།
བཙན་གཡེམ་ནི་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་འགལ་རེད། དེ་བས་ན། ཁྱེད་ཚོས་བརྗོད་གཞི་གཙོ་བོ་བཙན་གཡེམ་སྐོར་ཅིའི་ཕྱིར་གླེང་བར་མི་བྱེད། ཅིའི་ཕྱིར་ཁྲིམས་འགལ་མིན་པའི་མཚན་མཐུན་ཆགས་སྤྱོད་དང་། གྲྭ་པ་ལོག་པའི་སྐོར་མང་པོ་ཞིག་གླེང་བར་བྱེད་པ་ཡིན། དེ་ཡང་གླེང་མི་ཆོག་པ་ནི་མིན་ཏེ། མཚན་མཐུན་ཆགས་སྤྱོད་ནི་ཆོས་ཁྲིམས་དང་འགལ་ཡོད་ན་ཐང་མོད་རྒྱལ་ཁྲིམས་དང་འགལ་བ་ཞིག་མིན་པ་རེད། གྲྭ་པ་ལོག་པའི་སྐོར་གླེང་ན། ཀ་ལུ་རིན་པོ་ཆེ་གཅིག་པུ་ག་ལ་ཡིན། བོད་ཀྱི་སྤྱི་ཚོགས་ནང་གནའ་ནས་ད་བར་རྒྱལ་བ་པཎ་ཆེན་གཉིས་ཀྱི་སྤྲུལ་སྐུས་མཚོན་པའི་བླ་ལོག་མང་པོ་བྱུང་ཡོད་པ་རེད། ཁོང་ཚོ་ཚང་མ་བླ་རྫུན་དང་སྤྲུལ་རྫུན་རེད་དམ། དེ་ཡང་ཁོང་ཚོ་རེ་རེ་བཞིན་དེ་ལྟར་གནང་དགོས་བྱུང་བར་ཁག་མེད་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བ་རེ་ཡོད་ངེས་རེད་ལ་དེ་ལ་ང་ཚོས་ཅིའི་ཕྱིར་བསམ་ཤེས་བཟོད་སྒོམ་དང་རྒྱུས་ལོན་བྱེད་མི་ཐུབ་པ་ཡིན།
གཞུང་ཞེས་པའི་ཐ་སྙད་ལ་དཔྱད་པ་དམུས་ལོང་མིག་སྟེར།
https://www.khabdha.org/?p=19729
མགོན་པོ་ཕྱག་གཉིས་པ།
མགོན་པོ་ཕྱག་གཉིས་འ་ཞའི་སྨན་པའི་ཕྱག།
གསེར་གྱི་ཐུར་མ་ལྡན་པ་གཡོ་བ་ཡིས།།
དམུས་ལོང་དཀོན་བཀྲའི་མིག་ཟུང་ཕྱེ་ནས་ཡོད།།
དངོས་དོན་སྟག་མོའི་རི་ཡི་གཉན་ལ་གཟིགས།།
ཉེ་ཆར་སྤྱི་འཐུས་སྐབས་བཅུ་བཞི་བའི་ཚོགས་དུས་མཐའ་མའི་གྲོས་ཚོགས་སུ། བོད་གཞུང་ཞེས་པའི་ཐ་སྙད་དེ་ཁྲིམས་མཐུན་མིན་པའི་རྣམ་རྟོག་ཟོས་ཤིང་། ཐ་སྙད་དེ་ཙམ་ལ་བསྟེན་ནས་འབྱུང་འགྱུར་བོད་གཞུང་སྒོ་རྒྱག་དགོས་ཐུག་སྲིད་པ་སོགས་གཞིར་བཞག་ནས་བོད་གཞུང་ཞེས་པ་དེ་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་གནང་བ་ཀུན་ཤེས་རེད། འདི་ལྟར་བལྟས་ཡོང་ན། ཁྲིམས་མཐུན་གྱི་མིང་དང་ཞེད་པ་དང་རྣམ་རྟོག་ཟ་མི་དགོས་པའི་མིང་དེ་ཕལ་ཆེར་སྔོན་མ་ནས་ད་བར་དབྱིན་ཡིག་ཐོག་བྲིས་ཡོང་བའི་ Central Tibetan Administration (CTA) of His Holiness the Dalai Lama ཟེར་བ་འདི་ཡིན་པ་འདྲ། འདིའི་ཐོག་བཙན་བྱོལ་བོད་གཞུང་དེབ་སྐྱེལ་བྱས་ཡོད་པ་འདྲ། དེ་ཡིན་ན། འདི་ནས་མར་དབྱིན་ཚིག་འདི་དག་དང་ཆེས་མཐུན་ཤོས་དང་འཚམས་ཤོས་ཀྱི་བོད་ཚིག་ཅིག་བཙལ་བ་ཡིན་ན། རྙེད་དོན་ནི་སྔར་བཞིན་བོད་གཞུང་ཞེས་པའི་ཚིག་འདིར་རང་འཇགས་འབབ་ཀྱི་འདུག
༡ བོད་ཚིག་གཞུང་ཞེས་པ་དང་ དབྱིན་ཚིག་ Central གཉིས་ལ་གོ་དོན་འདྲ་མཚུངས་ཀྱི་ཆ་ཡོད་པ།
གཞུང་ཞེས་པའི་ཐ་སྙད་འདིའི་གོ་དོན་དང་འཇུག་ཚུལ་ཅི་ཡོད་ཚིག་མཛོད་ཁག་ཁ་ཕྱེ་ནས་བལྟས་ཤིང་རང་སྐད་ལའང་བསམ་བློ་ཞིག་བཏང་སྟེ་དཔྱད་པ་ཡིན་ན། འདི་ལ་འཇུག་ཡུལ་མ་འདྲ་བ་བརྒྱད་དགུ་ཞིག་འདུག རྒྱལ་ཁབ་ཅིག་གི་སྲིད་གཞུང་ལ་གོ་བ་དེ་དེའི་ནང་གི་འཇུག་ཡུལ་གཅིག་རེད། ཆེ་ས་རྒྱལ་ཁབ་ཀྱི་གཞུང་ནས་ཆུང་ས་སྡེ་གཞུང་དང་ཚོགས་པ་གཞུང་ལ་འཇུག་པའི་སྐབས་མཆིས།
དབྱིན་ཚིག་Central ཞེས་པ་འདིའི་དོན་དཀྱིལ་དང་དབུས་ལ་འཇུག་པ་དང་། བོད་ཚིག་གཞུང་ཟེར་བ་འདི་འང་དཀྱིལ་དང་དབུས་ལ་འཇུག་པའི་སྐབས་ཡོད་པ་གཉིས་མཚུངས་། ཡང་། དབྱིན་ཚིག་འདིའི་མ་ཡིག center ཞེས་པ་འདི་སྐབས་རེར་ཚོགས་པ་སོགས་ཚུགས་ཡུལ་ལྟེ་གནས་དང་ཚོགས་པའི་ལས་འགུལ་ཁག་ལ་འགན་འཁྱེར་མཁན་དང་འཛིན་སྐྱོང་བྱེད་མཁན་ལ་ཡང་གོ་བའི་སྐབས་འདུག བོད་ཚིག་གཞུང་ཞེས་པ་འདི་ཡང་། སྤྱི་དང་སྤྱི་བར་འགན་འཁྱེར་མཁན་གཉིས་ཀར་གོ་བའི་སྐབས་ཡོད་པས་དབྱིན་ཚིག་Central ལ་ལྟོས་ཏེ་བཤད་ནའང་བོད་གཞུང་ཞེས་པ་ལན་ཤོས་སུ་མཐོང་།
༢ བོད་ཚིག་གཞུང་ཞེས་པ་དང་དབྱིན་ཚིག་Administration གཉིས་ལའང་གོ་དོན་འདྲ་མཚུངས་ཀྱི་ཆ་ཡོད་པ།
ང་ཚོས་ཉེ་ཆར་གསར་བཅོས་བྱས་པའི་ཚིག་སྒྲིག་འཛུགས་ཟེར་བ་འདི་དང་ Administration གཉིས་བསྡུར་དེ་ཅིག་བལྟས་པ་ཡིན་ན། བོད་ཚིག་གིས་སྒྲིག་འཛུགས་ཙམ་ལས་མི་སྟོན་པ་དང་། དབྱིན་ཚིག་གིས་སྒྲིག་འཛུགས་གང་ཞིག་གི་འཛིན་སྐྱོང་གི་གོ་དོན་སྟོན་པས་དེ་གཉིས་ལ་མགོ་དང་གཟུགས་པོའི་ཁྱད་པར་མཆིས། དེས་ན་བོད་ཚིག་གཞུང་ཞེས་པ་འདི། སྤྱིའི་ཚོགས་པའམ་སྒྲིག་འཛུགས་ལ་གོ་བ་མ་ཟད་དེ་ལ་འཛིན་སྐྱོང་བྱེད་མཁན་གཉིས་ཆའི་གོ་དོན་ཡོད་པས་Administration ལ་ལྟོས་ཏེ་བཤད་ནའང་བོད་གཞུང་ཞེས་པ་ལན་ཤོས་སུ་མཐོང་།
༣ ད་མདོར་དེད་ན། གཞུང་ཞེས་པའི་གོ་དོན་རྒྱ་ཆེ་ཞིང་གཏིང་ཟབ་དང་ལྡན་པའི་ཚིག་འདི། བོད་གཞུང་དེ་རྒྱལ་ཁབ་ཅིག་གི་གཞུང་ལ་ངོས་འཛིན་མཁན་ཚོའི་བློ་ངོ་དང་མཐུན་པ་བཤད་མ་དགོས་ཀྱང་། བོད་གཞུང་དེ་སྒྲིག་འཛུགས་ཤིག་གི་རྣམ་པར་ལྟ་མཁན་ཚོ་ལ་བཤད་ནའང་། བོད་མིའི་ཚོགས་པའང་སྒྲིག་འཛུགས་ཀྱི་གཞུང་དེ་ལ་གོ་ཆོག་པས་རྣམ་རྟོག་ཟ་དགོས་དོན་མི་འདུག གཞུང་ཞེས་པའི་ཐ་སྙད་འདི་འགྱིག་ཐག་ཅིག་བཞིན་འཐེན་ནས་རིང་དུ་གཏོང་ཆོག་པ་དང་ལྷོད་ནས་ཐུང་དུའང་གཏོང་ཆོག་པའི་ཐ་སྙད་ཅིག་རེད།
ལས་ཀྱི་དབང་གིས་ནུབ་གླིང་གྲོང་སྒོ་འཁྱམས།།
གཡོག་ལས་བྱས་ནས་ཁོམ་དུས་མ་ཡོད་ཀྱང་།།
རིག་པའི་གཏམ་ལ་དགའ་བའི་སེམས་པ་འདིས།།
ཆང་དྲི་ཁ་བའི་ཕྱག་གཉིས་སྡོད་མ་བཅུག།
ཟུར་ལྟའི་དཔྱད་གཞི།
༡བོད་རྒྱ་ཚིག་མཛོད་ཆེན་མོ
༢ དག་གསརཞ
༣ ཨོཀཁི་སི་ཧྥོར་ཌི་སློབ་གྲྭ་ཆེན་མོའི་གློག་འཕྲིན་ཚིག་མཛོད།
༤ ཁོ་བྷེལ་ཌི་ཞེས་པའི་དབྱིན་ཡིག་ཚིག་མཛོད།
༥ ཧྥིར་ཌི་རིག་ཁི་སི་ཏི་རོ་ཊར་གྱིས་བྲིས་གནང་བའི་དབྱིན་འབྲུག་ཚིག་མཛོད། ༡༨༢༦
༦ ཨ་ལེག་ཟན་ཌར་ཁོ་སོ་མ་དྷི་ཁོ་རོ་ཡི་དབྱིན་བོད་ཚིག་མཛོད། ༡༨༣༤
༧ ཧེན་རིག་ཨུ་གུ་སུ་ཡི་དབྱིན་བོད་ཚིག་མཛོད། ༡༨༨༡
༨ ས་ར་ཐི་ཅན་དི་ར་དྷ་སི་ཡི་དབྱིན་བོད་ཚིག་མཛོད། ༡༩༠༢
༩ ཟླ་བ་བསམ་འགྲུབ་ཀྱི་དབྱིན་བོད་ཚིག་མཛོད། ༡༩༡༩
༡༠ ཆར་ལེ་སི་ཨལ་ཧྥི་རེ་སྦེལ གྱི་དབྱིན་བོད་ཁ་སྐད་ཚིག་མཛོད། ༡༢༠
བདེན་པ་བཅུ་གཉིས་བོ་འདི་བདེན་པ་མ་རེད་ན་ཡུམ་དུམ་པ་བཅུ་གཉིས་བོ།
https://www.khabdha.org/?p=19564
མགོན་པོ་ཕྱག་གཉིས་པ།
༡ གྲོས་ཚོགས་ནང་། སྤྱི་འཐུས་མང་པོ་ཞིག་ནས་རང་རང་གི་བསམ་ཚུལ་གཙིགས་སུ་བཟུང་ནས་བཤད་པ་ལས་མི་མང་གི་བསམ་ཚུལ་རྣམས་ལ་བདག་པོ་རྒྱག་མཁན་ཕལ་ཆེར་མ་བྱུང་བ་བདེན་པ་རེད་འདུག
༢ གྲོས་ཚོགས་ནང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མང་མོས་གཏན་འབེབས་ལ་སྣང་མེད་རྡོག་རོལ་བཏང་བའང་བདེན་པ་རེད་འདུག
༣ གྲོས་ཚོགས་ནང་། མཐའ་མཇུག ༧གོང་ས་མཆོག་སྟེ་བོད་མི་སྒེར་བ་གཅིག་གི་དགོངས་ཚུལ་གཞིར་བཞག་ནས་ཐག་བཅད་པའང་བདེན་པ་རེད་འདུག
༤ སྤྱི་འཐུས་མང་ཆེ་བ་བོད་མི་མང་གི་སྤྱི་འཐུས་བྱེད་མ་ཐུབ་པར་༧གོང་ས་མཆོག་གི་སྒེར་འཐུས་གནང་བའང་བདེན་པ་རེད་འདུག
༥ གནས་སྟངས་དེས་སྤྱི་ཚོགས་ནང་བོད་མི་བསམ་ཡོད་མང་པོ་ཞིག་གི་འདོད་པ་ཁེངས་མེད་པའང་བདེན་པ་རེད་འདུག
༦ མི་མང་གི་འདོད་འདུན་ནི། ཆེས་ཆེ་བའི་སྟོབས་ཤུགས་ཡིན་པ་དང་། མི་མང་ལ་འདོད་པ་མེད་ཕྱིན་གཞུང་རྙིང་བ་རྫོགས་ཐུབ་པ་དང་། མི་མང་ལ་འདོད་པ་ཡོད་ཕྱིན་གཞུང་གསར་པ་འཛུགས་ཐུབ་པ་དེ་ནི་བདེན་པ་མཐར་ཐུག་པ་ཡིན་པ་དེའི་གོ་དོན། ༧གོང་ས་མཆོག་གིས་གཙོས་པའི་བཀའ་སྤྱི་གཉིས་ཀྱིས་མ་རྟོགས་པའང་བདེན་པ་རེད་འདུག
༧ བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས། མུ་མཐུད་དུ་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་དེ་བེད་སྤྱོད་སྲུང་འཛིན་གནང་གི་ཡིན་གསུངས་ནས་འགྱུར་མེད་དམ་བཅའ་བཞག་པའི་གསལ་བསྒྲགས་བསྐྱངས་པའང་བདེན་པ་རེད་འདུག
༨ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་། མཐོ་རྒྱལ་བ་རིན་པོ་ཆེ་ཡིན་ནའང་ཁོང་དང་བསམ་ཚུལ་མི་མཐུན་པ་བཤད་ས་ཡོད་པ་དེའང་བདེན་པ་རེད་འདུག
༩ རྒྱའི་བཙན་གནོན་འོག་ཚུད་པའི་བོད་ནང་། རྒྱས་ཅི་གསུངས་བཀའ་སྒྲུབ་ལས་གཏམ་ཚིག་གཅིག་བཤད་པའི་རང་དབང་མེད་པ་དེའང་བདེན་པ་རེད་འདུག
༡༠ རང་དབང་དང་དམངས་གཙོ་ཟེར་བའི་ཚིག་འདི་གཉིས་རྒྱལ་བ་རིན་པོ་ཆེ་ཆེས་དགའ་ས་ཞིག་དང་། རྒྱ་ནག་གུང་གཞུང་ལ་མཚོན་ན། ཆེས་སྡང་ས་དང་ཞེད་ས་ཞིག་ཡིན་པ་དེའང་བདེན་པ་རེད་འདུག
༡༡ མགོན་པོ་ཕྱག་གཉིས་པ་དེ་རྒྱལ་བ་རིན་པོ་ཆེ་ལ་གུས་བརྩི་བླ་མེད་དུ་ཡོད་པ་ཞིག་ཡིན་ནའང་བསམ་ཚུལ་མི་མཐུན་པ་རྣམས་ཁ་ཐུག་ཏུ་ཤོད་ཐུབ་མཁན་ཞིག་ཡིན་པ་དེའང་བདེན་པ་རེད་འདུག
༡༢ བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་མི་དགོས་བདེན་པ་ཉིད་རྒྱལ་གི་རེད།
བོད་གཞུང་དང་བོད་མིའི་སྒྲིགས་འཛུགས་གཉིས་ཀྱི་བར་སྟོང་ནས་དྲང་མོར་འཕྲོས་པའི་ཟླ་ཐིག་གོར་མོ།
https://www.khabdha.org/?p=19441
ཡ་བཀྲ་ཤིས་བདེ་ལེགས། རྣམ་པ་ཚང་མ་ལོ། མ་མཇལ་གང་འཚམས་ཕྱིན་སོང་། ད་གང་བྱུང་མང་བྱུང་མ་བཤད་པར་ཁ་བཙུམ་ནས་སྡོད་དགོས་བསམས་ཡོད་ཀྱང་ཁ་ལ་ལྕེ་ཐོགས་ཚད་དང་ལག་པས་སྙུག་གུ་ཐེག་ཚད་ཚང་མས་གཏམ་ཕྱོགས་རེ་བ་དང་རྒྱུ་མཚན་ཕྱོགས་རེ་བ་རེ་བཤད་བསྡད་ན་ངས་ཀྱང་རང་ཁ་གྱོད་ཀྱི་སྒོ་མོ་ལ་སྒོ་ལྕགས་རྒྱག་ཤེས་མ་སོང་། ནམ་རྒྱུན་ང་རང་ལ་མང་ཆེ་བའི་བསམ་ཚུལ་དང་མི་མཐུན་པ་ཞིག་དང་ལོགས་ཀ་ཞིག་ཡོད་ན་བཤད་འདོད་པ་ཞིག་ཡིན། ད་ཐེངས་དེ་མིན། བོད་གཞུང་དང་བོད་མིའི་སྒྲིགས་འཛུགས་ཞེས་པའི་ཐ་སྙད་འདི་གཉིས་ཀའི་སྐོར་སྐད་ཆ་ཁ་ཤས་བཤད་འདོད་སྐྱེས་བྱུང་།
བོད་གཞུང་ཞེས་པ་འདི་དེ་འདྲ་ཞེད་དགོས་པ་ཞིག་རེད་དམ།
བོད་གཞུང་ཞེས་པའི་ཚིག་འདི་ལ་བསམས་གཞིགས་ཅུང་ཙམ་བཏང་ན། འདི་ནི་ལོ་རྒྱུས་ཡོད་པའི་གཞུང་ཞིག་ཡིན་པ་མ་ཟད་། སྐྱབས་བཅོལ་ལ་ཇི་ལྟར་བྱོན་པ་དང་། སྐྱབས་བཅོལ་ནང་ད་བར་ཇི་ལྟར་གནས་པའི་ལོ་རྒྱུས་ཡོད་པའི་གཞུང་ཞིག་ཀྱང་རེད། འདི་ལོ་རྒྱུས་ཀྱི་དོན་དངོས་གསོན་པོ་ཞིག་དང་བདེན་པའི་གནས་ཚུལ་ཞིག་རེད། བདེན་པ་ཟེར་བ་དེ་ལ་རྒྱལ་རྒྱུ་ཞིག་ཡོད་ན་འདི་ལའང་རྒྱལ་རྒྱུ་ཞིག་ཡོད་པ་མ་རེད་དམ།
བར་སྐབས་ཤིག་ནས། རྒྱ་ནག་གིས་བཙན་བྱོལ་བོད་གཞུང་ལ་ལྟ་སྟངས། གནས་ཡུལ་རྒྱ་གར་གྱི་ཁྲིམས་དང་མཐུན་མིན་སོགས་ལ་བརྟེན་བོད་གཞུང་ཟེར་བའི་ཚིག་འདི། སྒྲིགས་འཛུགས་ཀྱི་ཁ་འཕྲོའི་མི་ཉུང་ཤས་ཤིག་རྣམ་རྟོག་སྐྱེ་ས་ཞིག་ཆགས་འདུག་པ་གསལ་པོ་རེད། ཁོང་ཚོ་ལའང་རྒྱུ་མཚན་མེད་པ་མིན། གཅིག་བྱས་ན་ཐ་སྙད་ཅིག་གི་འགྱུར་བ་ལ་བརྟེན་ནས་རེ་བའི་སྐྱ་རེངས་ཤིག་འཆར་རྒྱུ་ཡོད་ནའང་ཐང་། དེའི་སྐོར་འདིར་མི་གླེང་། མཇུག་ཏུ་གླེང་།
བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིགས་འཛུགས་གཉིས་ལས་འཕྲོས་པའི་རྩོད་གླེང་འདིར་ཕྱི་ནས་བལྟས་ན་ཐ་སྙད་ཆུང་ཙག་གཉིས་ཀྱི་རྩོད་གླེང་རེད། དངོས་སུ་ན། བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་དང་དམིགས་ཡུལ་བཅངས་སྟངས་ལ་བསམ་ཚུལ་མ་འདྲ་བ་ཡོད་པ་དེ་ལ་ཐུག་ཡོད་པ་ཞིག་རེད།
ཤེས་ལྡན་མི་སྣ་མང་པོ་ཞིག་གིས། བཙན་བྱོལ་བོད་གཞུང་དེ་བོད་མི་གཞིས་བྱེས་གཉིས་ཀྱི་མགྲིན་ཚབ་མཚོན་པའི་གཞུང་ཞིག་ཡིན་པར་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་ཡོང་བའི་ཕུགས་རེ་བཅངས་ཡོད་པ་རེད། རྒྱལ་སྤྱིའི་ཐོག་ནས་འདིར་ངོས་འཛིན་འཐོབ་དགོས་ན་གཙོ་བོ་དེ་བོད་མི་གཞིས་བྱེས་གཉིས་ཀྱི་ངོས་ལེན་དང་རྒྱབ་སྐྱོར་དགོས་པ་རེད་འདོད། ཉེ་བའི་ཆར་ནས་དེ་ཕུགས་རེ་ཙམ་མིན་པར་མངོན་འགྱུར་བྱ་ཐུབ་པའི་རྟགས་རེའང་ཤར་ཡོང་གི་ཡོད་པ་རེད། རྟགས་ག་རེ་རེད་ཟེར་ན། གཞིས་ལུས་མི་མང་གི་ནང་ནས་འདི་ལ་རྒྱབ་སྐྱོར་གྱི་རྣམ་པ་ཡོད་པ་ཕྱི་ལ་བསྟན་ཡོང་གི་ཡོད་པ་རེད། ཉེ་བའི་ལོ་ཤས་གོང་ནས་བཀའ་བློན་ཁྲི་པ་ཡང་བོད་མི་དམངས་ཀྱིས་འོས་འདེམས་གནང་བ་དང་དེ་ལ་བོད་ནང་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོབ་ཀྱི་ཡོད་པ་མ་ཟད་རྒྱལ་སྤྱིའི་ཐོག་ཀྱང་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། རྒྱ་གཞུང་ལ་མཚོན་ན། བཙན་བྱོལ་བོད་གཞུང་ཟེར་བ་འདི། རྒྱལ་སྤྱིའི་ཐོག་གི་ཨུ་གུར་དང་ནང་སོག། རྒྱ་མི་དམངས་གཙོའི་སྒྲིག་འཛུགས་སོགས་དང་མ་འདྲ་བའི་སྐྲག་ས་ཞིག་ཆགས་བསྡད་ཡོད་པ་དེའང་ང་ཚོར་མཚོན་ན་རེ་བ་ཞིག་ཡོད་པས་ཡིན་པ་རེད།
ད་འདི་ནས་མར་ཉེ་ཆར་གྱི་སྐད་ཆ་ཞིག་བཤད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་པ་རེད། ཨ་ན་ཚང་གི་དགའ་ན་དང་ཁྱི་ཚང་ནང་གི་སྣ་དཀར། ཨ་ཡོད་ནང་གི་དེ་ཡོད་དང་སྒོང་ངའི་ནང་གི་སེར་རིལ་ཚང་མ་འཛོམས་པ་རེད། གསར་གནས་ཁག་ནས་ཤེས་པ་ལྟར་ན། བོད་གཞུང་ཞེས་པའི་ཚིག་འདི་རང་འཇགས་འཇོག་རྒྱུར་མང་ཆེ་བས་བསམ་ཚུལ་བཏོན་འདུག དམངས་གཙོ་ཚད་ལྡན་ཞིག་ལག་ལེན་འཁེལ་རྒྱུ་ཡིན་ན་མི་དམངས་ཀྱི་བསམ་ཚུལ་ལྟར་འགྲོ་དགོས་པ་དེ་གལ་ཆེ་ཤོས་དང་རྩ་བ་བརྟན་ཤོས་དེ་ཡིན་པར་འདོད། དེས་ན། བོད་གཞུང་ཟེར་བ་འདིའི་རྒྱབ་ཏུ་བཀའ་སྤྱི་གཉིས་དང་གཞུང་ཞབས་འགའ་ཤས་མ་གཏོགས་མེད་པ་མ་ཡིན་པར་འདིའི་རྒྱབ་ལོགས་སུ། བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཡོད་པ་རེད། གལ་སྲིད། ཉིན་གཅིག་བཙན་བྱོལ་བོད་གཞུང་སྒོ་རྒྱོབས་ཟེར་བའི་ཉི་མ་ཞིག་སླེབས་པ་ཡིན་ན། འདི་ལ་གཞིས་བྱེས་གཉིས་ཀྱི་མི་མང་གིས་རྣམ་འགྱུར་ཞིག་སྟོན་གི་རེད་ལ་དེ་ལ་སྟོངས་ཤུགས་ཤིག་ཀྱང་ཡོད་པ་རེད་འདོད། རྒྱལ་སྤྱིའི་ཐོག་ནས་ཀྱང་འདིར་དོ་སྣང་ཞིག་སྤྲད་རྒྱུ་མ་རེད་དམ། བཙན་བྱོལ་བོད་གཞུང་བོད་མིའི་སྒྲིགས་འཛུགས་སུ་བསྒྱུར་བ་དེ་ནི། དམངས་གཙོའི་གོ་དོན་དང་དམངས་གཙོའི་སྟོབས་ཤུགས་ལ་ངོས་འཛིན་གསལ་བོ་མ་ཐོབ་པའི་རྟགས་ཤིག་བསྟན་པ་རེད། གཅིག་གཅོད་ཀྱི་དབང་དུ་ཤོར་བ་ཞིག་ཀྱང་རེད།
སྒྲིགས་འཛུགས་ཟེར་བ་འདི་དེ་འདྲ་ངར་དགོས་པ་ཞིག་རེད་དམ།
བོད་གཞུང་གླེང་མཁན་ཞིག་ཡིན་ནའང་བོད་ལ་ཤ་ཚ་ཞིག་ཡོད་པ་རེད་ལ་བོད་མིའི་སྒྲིགས་འཛུགས་གླེང་མཁན་ཞིག་ཡིན་ནའང་དེ་བཞིན་ལས་མ་མཆིས། བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིགས་འཛུགས་ཀྱི་རྩོད་གླེང་ཁྲོད་ནས་མང་ཉུང་གི་ཁྱད་པར་བཤད་དཀའ་མོད་དབང་ཤུགས་ཀྱི་ཆེ་ཆུང་ཐོག་ནས་བོད་མིའི་སྒྲིགས་འཛུགས་ཟེར་ནས་ཁྲིམས་ཐོག་ཏུ་གཏན་འཁེལ་བྱུང་བ་རེད། འདི་ལྟར་བཅོས་མཁན་ཚོ་ལའང་ཁོང་ཚོ་ལ་རང་ཉིད་ཀྱི་ཡིད་ཆེས་དང་རེ་བ་ཞིག་ཏན་ཏན་ཡོད་པ་རེད། རང་སྒེར་གྱི་བསམ་ཚུལ་དེར་རེ་བ་དང་ཡིད་ཆེས་ཆེན་པོ་ཞིག་ཡོད་ཕྱིན་མི་དམངས་ཀྱི་བསམ་ཚུལ་ལ་རང་བཞིན་གྱིས་ལྡོག་རོལ་དུ་ཕྱིན་པ་ཡིན་རྒྱུ་རེད། ང་ལ་མཚོན་ན། དེ་ནི་རྟོགས་དཀའ་བའི་གསང་བ་ཞིག་རེད། ད་རང་གི་རྨོངས་ཚོད་ཀྱིས་འདང་རེ་རྒྱབ་ན། རྒྱ་གཞུང་གིས་བཙན་བྱོལ་བོད་གཞུང་དེ་ཁྲིམས་འགལ་ཡིན་པ་དང་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་མདོག་མདོག་ཅིག་བཤད་ཀྱི་ཡོད་པ་རེད། ད་ཆ། རྒྱལ་བ་རིན་པོ་ཆེས་བཙན་བྱོལ་བོད་གཞུང་གི་སྲིད་སྟེགས་ལས་དགོངས་པ་ཞུས་པ་དང་ཆབས་ཅིག སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་བའི་བཀའ་བཞིན་བཙན་བྱོལ་བོད་གཞུང་དེ་བོད་མིའི་སྒྲིགས་འཛུལས་ལ་བསྒྱུར་པ་རེད། དེ་ལྟར་བསྒྱུར་བར་ཁོང་ཚོ་ལའང་རེ་བ་དང་ཡིད་ཆེས་ཤིག་ཕལ་ཆེར་ཡོད་རྒྱུ་རེད། དེར་མ་ཟད། ལག་ལེན་རང་གི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་དོན་ཐག་གཅོད་བྱེད་པར་ཁ་ཞེ་གཉིས་མེད་ཡིན་པ་གསལ་སྟོན་གནང་བ་ཞིག་ཀྱང་རེད། ད་དྲི་བ་ཞིག་སླེབས་ཡོང་བ་ནི་རྒྱ་ནག་གི་ངོས་ནས་ང་ཚོའི་ཕྱོགས་ཀྱི་འགྱུར་བ་འདི་རིགས་ལ་ལྟ་སྟངས་ག་འདྲ་ཞིག་འཛིན་རྒྱུ་ཡིན་པ་དེ་རེད། ད་ཆ་རྒྱལ་བ་རིན་པོ་ཆེ་བཙན་བྱོལ་གྱི་ཆབ་སྲིད་སྒྲིགས་འཛུགས་ལས་སྐུ་བགྲེས་ཡོལ་ཕེབས་ཡོད་པ་རེད། རྒྱ་གཞུང་རྣམ་རྟོག་ཟ་སའི་བཙན་བྱོལ་བོད་གཞུང་ལས་དགོངས་པ་ཞུས་ཡོད་པ་རེད། གལ་སྲིད། སྔོན་མས་ཁོང་ནས་ཡང་ཡང་གསུངས་པ་ལྟར། རྒྱ་ནག་རི་བོ་རྩེ་ལྔར་གནས་སྐོར་ལ་ཕེབས་ཐུབ་པའི་གོ་སྐབས་ཤིག་ཤར་གྱི་རེད་དམ། རྒྱ་ནང་དང་བོད་ནང་གི་མི་མང་གིས་རྒྱལ་བ་རིན་པོ་ཆེར་བཀའ་ཆོས་གནང་རྒྱུར་གདན་ཞུ་ཕུལ་བ་ཡིན་ན་དེ་ལ་རྒྱ་གཞུང་ནས་ངོས་ལེན་གནང་གི་རེད་དམ། རྒྱ་གཞུང་གིས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་དོན་དག་ཙམ་མིན་པར་ཕྱི་སྡོད་བོད་མི་རྣམས་ཚུར་ཕེབས་ཤོག་ཟེར་ནས་ཕྱི་སྡོད་བོད་མི་རྣམས་ལ་སྲིད་བྱུས་གུ་ཡངས་ཙམ་ཞིག་འཛིན་གྱི་ཡོད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད་ལ་དྲིལ་བསྒྲགས་ཀྱང་བྱེད་ཀྱི་ཡོད་པ་རེད། དེས་ན་ད་ནས་བཟུང་ཕྱི་སྡོད་བོད་མི་རྣམས་ཀྱི་འདོད་འདུན་ལ་བདག་པོ་ཞིག་རྒྱག་གི་རེད་དམ། དེར་མ་ཟད་། ད་ཆ་བཙན་བྱོལ་བོད་གཞུང་ཟེར་བའི་རྒྱ་མིའི་ཁྲིམས་འགལ་དུ་ངོས་འཛིན་བཞིན་པ་འདིར་དངོས་སུ་འགྱུར་བ་ཕྱིན་པ་རེད། བོད་མིའི་སྒྲིགས་འཛུགས་ཆགས་པ་རེད། བཀའ་བློན་ཁྲི་པ་མི་དམངས་ཀྱིས་འདམས་པ་རེད། སྤྱི་འཐུས་ལྷན་ཚོགས་མི་དམངས་ཀྱིས་འདམས་པ་རེད། དེས་ན། སྒྲིགས་འཛུགས་འདིའང་མ་མཐའ་ཡང྄ཕྱི་སྡོད་བོད་མིའི་སྒྲིགས་འཛུགས་ཤིགས་ཆགས་པ་རེད། བོད་མི་དང་ཡང་ན་ཕྱི་སྡོད་བོད་མིའི་ཚབ་མཚོན་གྱི་སྒྲིགས་འཛུགས་འདི་ལ། དངོས་སུ་ན། རྒྱ་གཞུང་ལ་ཆབ་སྲིད་ཀྱི་རྣམ་རྟོག་ཟ་སའི་བོད་གཞུང་དང་མ་འདྲ་བའི་ངོས་འཛིན་དང་རྣམ་འགྱུར་ཞིག་བསྟན་དགོས་ཀྱང་དེ་ལྟར་སྟོན་གྱི་རེད་དམ། དྲི་བ་འདི་དག་ལ་རྒྱ་གཞུང་གིས་རྒྱལ་སྤྱིའི་མདུན་ནས་ལན་འདེབས་གསལ་བོ་ཞིག་གནང་དགོས་པ་ཞིག་རེད། དྲི་བ་འདི་དག་འགའ་རེར་རེ་བ་ཞིག་ཡིན་ཚོད་འདུག་ཀྱང་རེ་བ་ཞིག་ཡིན་མིན་བཤད་དཀའ་བ་དང་ངང་སྒུག་བྱེད་དགོས་པ་ཞིག་རེད།
མཐའ་སྡོམ།
ང་ཚོས་རང་བཙན་དང་དབུ་མའི་ལམ་གླེང་བའི་སྐབས་སུ་ཕྱོགས་སུ་གཉིས་སུ་གྱེས་འགྲོ་གི་འདུག་ལ་བཙན་བྱོལ་བོད་གཞུང་དང་བོད་མིའི་སྒྲིགས་འཛུགས་གླེང་སྐབས་ཀྱང་ཕྱོགས་གཉིས་སུ་གྱེས་འགྲོ་གི་འདུག རྩོད་གཞི་འདི་གཉིས་ནི། གཅིག་གཅིག་བདེན་པ་ཡིན་པ་དང་གཅིག་བདེན་པ་མིན་པའི་དོན་དག་ཞིག་མ་རེད། གཉིས་ཆ་ལ་བདེན་པའི་རྒྱུ་་མཚན་་དང་རེ་བའི་ཆ་ཡོད་པ་རེད། ངས་བལྟས་ན། ལྟ་ཚུལ་མ་འདྲ་བ་འདི་གཉིས་མིའི་གཤིས་ཀ་ལ་ཐུག་བསྡད་པ་ཞིག་རེད།
ཕྱོགས་གཉིས་ཀ་མཚོན་བྱེད་ཀྱི་ཐ་སྙད་ཅིག་སྦྱར་དགོས་ན། ཏག་ཏག་ཅིག་བསྡད་ཡོད་མེད་ཧ་མི་གོ་ཡང་། ཕལ་ཆེར་ཐལ་བསྐྱོད་དམ་དྲག་བསྐྱོད་རིང་ལུགས་ཟེར་བའི་ཚིག་དང་། ཞི་འཇམ་རིང་ལུགས་ཟེར་བའི་ཚིག་འདི་གཉིས་ཀྱིས་ཡོངས་སུ་མཚོན་ཐུབ་མིན་མི་ཤེས་ཀྱང་ཕྱོགས་གཉིས་ཀའི་ཕྱོགས་ཙམ་རེ་མཚོན་ཐུབ་སྙམ།
དེ་ཡང་དང་པོའི་གཤིས་ཀ་དང་ལྡན་པ་རྣམས་ནི། རང་གིས་རང་ལ་ཡིད་ཆེས་དང་རེ་བ་ཡོད་པ་སྙིང་སྟོབས་དང་ལྡན་པ། དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན། རེ་བ་མེད་ས་ནས་རེ་བ་བསྐྲུན་རེ་ཡོང་མཁན་དག་རེད། རྒྱལ་སྤྱིའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། ད་བར་གྱི་གྲུབ་འབྲས་གསར་པ་དང་གསར་བཏོད། འགྱུར་བ་གསར་བའི་རིགས་གནང་མཁན་དེ་མི་འདི་རིགས་རེད་འདུག
ཅིག་ཤོས་དེ་ནི། ཁྲིམས་དང་སྒྲིགས་འཛུགས་ཀྱི་ཁ་འཕྲོ་དང་དེ་ལ་བརྩི་བསྲུང་བྱེད་མཁན། སེམས་པ་ཞི་གཉོམ། ཆོས་ཀྱི་དབུ་ཁྲིད། གཞུང་འཛིན་མི་སྣ་དག་ན་ཤས་ཆེ་བ་བྱུང་ཡོད་པར་འདོད། འདི་དག་ནི་བྱ་མ་དཀྲོག་པར་སྒོང་ང་ལེན་འདོད་པ་དག་ཡིན།
dhatsenpaལགས་ཀྱིས་ཟླ་ཚེས་June 2nd, 2011 ལ་ དཔྱད་རྩོམ། སྡེ་ཚན་དུ་སྤེལ| ཞུ་དག་བྱོས།
ད་ལྟ་བར་དང་ད་ནས་བཟུང་བའི་མི་འདྲ་ས་ལྷ་མི་དབྱེ་འབྱེད།
ད་ལྟ་བར་རྒྱལ་བ་རིན་པོ་ཆེའི་གཞུང་། ད་ནས་བཟུང་མི་མང་གི་གཞུང་།
ད་ལྟ་བར་ལྷས་དབང་སྒྱུར། ད་ནས་བཟུང་མིའི་དབང་སྒྱུར།
ད་ལྟ་བར་དུ་དམངས་གཙོའི་འགྱུར་བ་ཚང་མ་རྒྱལ་བ་རིན་པོ་ཆེས་བཏང་ཡོང་བ་རེད། མ་འོངས་པ་ན། དམངས་གཙོའི་འགྱུར་བ་ཚང་མ་མི་དམངས་ཀྱིས་བཏང་ཡོང་གི་རེད།
ད་ལྟ་བར་རྒྱ་གཞུང་གིས་ཏྰ་ལའི་བླ་མ་ཟེར་ནས་དགག་པ་བསྐྱོན་ཡོང་བ་རེད། ད་ནས་བཟུང་ག་འདྲ་ཞིག་ལ་འགྱུར་འགྲོ་ཡོང་། གཅིག་བྱས་ན།
ད་ལྟ་བར་རྒྱལ་སྤྱིའི་ཐོག་ནས། རྒྱ་གཞུང་ལ་ཏྰ་ལའི་བླ་མ་དང་མཉམ་དུ་སྐད་ཆ་ཤོད་ཟེར་གྱི་ཡོད་པ་རེད། ད་ནས་བཟུང་ག་འདྲ་ཞིག་ཟེར་འོངས་ན།
ད་ལྟ་བར་རྒྱལ་བ་རིན་པོ་ཆེས་གཞུང་དམངས་གཉིས་ཁུར་ཡོང་བ་རེད། ད་ནས་བཟུང་གཞུང་དམངས་གཉིས་རང་གི་རྐང་མགོར་རང་ཉིད་ལངས་དགོས་རེད།
ད་ལྟ་བར་རྒྱལ་བ་རིན་པོ་ཆེས་བོད་མི་དམངས་ཀྱི་སྐུ་ཚབ་གནང་བ་རེད། ཡིན་ནའང་། ཁོང་ཚང་གི་ཞལ་ནས་འཛུམ་མདངས་མ་གཏོགས་བོད་མི་དམངས་ཀྱི་དཀའ་སྡུག་དང་མིག་ཆུ། མནར་གདུང་སོགས་མཐོང་རྒྱུ་ཉུང་བ་རེད། མ་འོངས་པའི་བོད་ཀྱི་སྐུ་ཚབ་ཀྱི་གདོང་ནས། དཀའ་སྡུག མནར་གདུང་། སྐྱོ་གདུང་། མིག་ཆུ་སོགས་མཐོང་རྒྱུ་ཡིན་པ་མ་ཟད་ངུ་ངག་ཀྱང་གོ་གི་རེད།
ད་ལྟ་བར་དུ་ཆོས་སྲིད་ཟུང་འབྲེལ་བྱས་ཡོང་བས། མཐོ་དམའ། དགའ་སྡུག ཆགས་སྡང་སོགས་མེད་པའི་བཏང་སྙོམས་དང་ནུས་མེད་ཉོབས་ཏོ་ཞིག་བྱས་ཡོང་བ་རེད། ད་ལྟ་ནས་བཟུང་། མཐོ་དམའ་དང་དགའ་སྡུག་ཆགས་སྡང་གསལ་ཞིང་ཚ་ན་ཚ་བ་དང་གྲང་ན་གྲང་བའི་ཚོར་བ་དེ་རྒྱལ་སྤྱི་མི་བུ་རེ་རེ་ལ་སྟེར་གྱི་རེད།
ད་ལྟ་བར་གཞུང་དམངས་གཉིས་ལ་ལས་ཀ་ཞེ་དྲག་ཡོད་མ་རེད། ད་ལྟ་ནས་བཟུང་འགན་ཆེ་རུ་ཕྱིན་པ་རེད།
ད་ལྟ་བར་བོད་མི་དམངས་ཀྱི་ཆིག་སྒྲིལ་དང་སེམས་ཤུགས་དེ། རྒྱལ་བ་རིན་པོ་ཆེ་གཅིག་པོར་བརྟེན་ནས་ཡོང་བ་རེད། ད་ནས་བཟུང་། ཆིག་སྒྲིལ་དང་སེམས་ཤུགས་དེ་སྲ་བརྟན་ཕུགས་འཕེར། ཕྱི་གསལ་ནང་གསལ་གྱི་དམངས་གཙོའི་གཞུང་ཞིག་གི་ཐོག་ལེན་དགོས་པ་རེད།
ད་ལྟ་བར་བོད་གཞུང་གི་ཞབས་ཞུ་བ་མང་པོ་ཞིག་གི་སེམས་ནང་རྒྱལ་བ་རིན་པོ་ཆེར་ཞབས་ཞུ་ཞུ་གི་ཡོད་པ་རེད། མ་འོངས་པ་ན་དེ་ལས་ལྡོག་སྟེ་བོད་མི་དམངས་ལ་ཞབས་ཞུ་ཞུ་་མཁན་ལ་འགྱུར་གི་རེད།
ད་ལྟ་བར་གྱི་ཞབས་ཞུ་བ་ཚོ། དད་པ་དང་དམ་ཚིག ལྷག་བསམ། བསྐལ་བ་བཟང་པོ། ཕྱི་མའི་ལམ་བཟང་ལ་དམིགས་ཏེ་ཞབས་ཞུ་ཞུ་རུ་ཡོང་རེད། མ་འོངས་པ་ན། མི་རིགས། རང་དབང་། དྲང་བདེན། འདྲ་མཉམ། ཐོབ་ཐང་ལ་དམིགས་མཁན་རྐྱང་ཡོང་གི་རེད།
ད་ལྟ་བར་གྱི་བཀའ་ཤག་དེ། རྒྱལ་བའི་དགོངས་གཞི་སྐྱོང་མཁན་ཡིན་པ་རེད། མ་འོངས་པའི་བཀའ་ཤག་དེ་མི་དམངས་ཀྱི་དགོངས་གཞི་སྐྱོང་མཁན་ཡིན་པ་རེད།
ད་ལྟ་བར་གྱི་སྤྱི་འཐུས་དེ། མི་དམངས་ཀྱི་སྤྱི་འཐུས་ཟེར་ན་འདྲ་ལ། དངོས་སུ་རྒྱལ་བ་རིན་པོ་ཆེའི་སྤྱི་འཐུས་རེད། མ་འོངས་པའི་སྤྱི་འཐུས་དེ། དངོས་སུ་མི་དམངས་ཀྱི་སྤྱི་འཐུས་རེད།
ད་ལྟ་བར་གྱི་འགྱུར་བ་ཚང་མ། དཀོན་ཅོག་་གིས་གནང་ཡོང་བ་རེད། ད་ནས་བཟུང་བའི་འགྱུར་བ་ཚང་མ་མི་དམངས་ཀྱིས་གནང་གི་རེད།
ལྷ་ཡིས་བྱམས་ས་དེ་མི་ཡིན་ནའང་། མི་དང་ལྷ་གཉིས་ཁ་ཁ་རེད།
ལྷ་ཡིས་མི་ལ་བརྩེ་བའི་སློབ་ཁྲིད་གནང་ན་ངས་དང་ལེན་བྱེད་ཐུབ་ཀྱི་འདུག
ལྷ་ཡིས་མི་ཡི་སྐུ་ཚབ་གནང་ན་ངས་དང་ལེན་བྱེད་ཐུབ་ཀྱི་མི་འདུག
ལྷ་ཡིས་ལྷ་ཡི་སྐུ་ཚབ་གནང་། མི་ཡིས་མི་ཡི་སྐུ་ཚབ་གནང་།
མི་ནི་སྤྱིར་བཏང་གི་མི་རེད། ལྷ་ནི་སྤྱིར་བཏང་མ་ཡིན་པའི་མི་རེད། སྤྱིར་བཏང་དང་སྤྱིར་བཏང་མ་ཡིན་པ་གཉིས་བསྲེས་ནས་བཤད་ཅི་ལ་ཐུབ།
dhatsenpaལགས་ཀྱིས་ཟླ་ཚེས་March 19th, 2011 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
མི་མཐུན་པའི་རླུང་གིས་མི་གཡོ་བའི་བཀའ་སློབ་གསེར་གྱི་རི་བོ།
https://www.khabdha.org/?p=17436
http://www.tibetanparliament.org/files/HHreply/hhreply.pdf
༡ རྒྱ་གཞུང་གི་གཞུང་འབྲེལ་གཏམ་བཤད་ཀྱི་མི་མཐུན་གྱི་རླུང་གིས་གཡོ་མ་ཐུབ་པ།
༢ ཟམ་གདོང་བླ་མའི་བཀའ་གང་གསུང་སྒྲུབ་ཀྱི་ཡིན་ཁ་ལ་ཁྱེར་ནས་དཀའ་ངལ་མང་པོ་ཞིག་བགྲང་སྟེ་གྲོས་ཚོགས་ཀྱི་གཤོག་འོག་ལ་རླུང་བརྒྱབ་པས་གཡོ་མ་ཐུབ་པ།
༣ གྲོས་ཚོགས་ཀྱི་ལྟ་རྒྱ་དང་བློ་རྒྱ་ཐུང་བའི་གྲོས་ཆོད་ཀྱིས་གཡོ་མ་ཐུབ་པ།
ངོ་མཚར་ཆེ་བའི་ཐུགས་བསྐྱེད།
ད་བར་དུ་བོད་མི་དམངས་ལ་གནང་བའི་དམངས་གཙོའི་སྒྲོམ་གཞི་དེ་ནི། གལ་སྲིད་རྔན་པ་ཞིག་ཡིན་ན། དེ་ནི་དངོས་པོ་ཞིག་གི་རིན་ཐང་ལས་མ་འདས། ད་རེས་གནང་བའི་དམངས་གཙོའི་རྔན་པ་དེ་ནི། མི་དམངས་ལ་རྣམ་དཔྱོད་དང་ནུས་པའི་རྔན་པ་ཞིག་ཡིན་པས། བོད་མིའི་ཕུགས་རྒྱང་ལ་ཕན་པའི་རྔན་པ་ཇི་འདྲའི་ཡག་པོ་ཞིག་གནང་བ་མ་རེད་དམ། སྔོན་མའི་དམངས་གཙོའི་རྔན་པ་དེ་ང་ཚོས་ལོངས་སུ་སྤྱོད་དགོས་བྱུང་ན། སྐུ་ཉིད་ཀྱི་རྣམ་དཔྱོད་དང་ནུས་པ་ལ་མ་བརྟེན་པར་ལོངས་སུ་སྤྱོད་ཐབས་བྲལ་བའི་རྔན་པ་ཞིག་རེད། དེ་བས་དེ་ནི། དམངས་གཙོའི་རྔན་པ་ངོ་མ་ཞིག་རེད་མི་འདུག ད་རེས་ཀྱི་དམངས་གཙོའི་རྔན་པ་དེར་ལོངས་སུ་སྤྱོད་དགོས་བྱུང་ན། བོད་མི་རང་ངོས་ཀྱི་རྣམ་དཔྱོད་དང་ནུས་པ་ལ་ཐུག་ཡོད་པས་དམངས་གཙོའི་རྔན་པ་དངོས་གནས་པ་ཞིག་རེད།
སྔོན་མའི་སྐབས་སུ། ཁྱེད་རང་དམངས་གཙོ་མར་གནང་མཁན་རེད་ལ། དམངས་གཙོར་དངོས་སུ་ལོངས་སུ་སྤྱོད་སྐབས། ཁྱེད་རང་གི་རྣམ་དཔྱོད་དང་ནུས་པ་དེ། རང་བཞིན་གྱིས་དམངས་གཙོའི་འགོག་རྡོར་གྱུར་ཡོད་པ་རེད། རྒྱུ་མཚན་ནི། ཁྱེད་རང་གི་རྣམ་དཔྱོད་དང་ཟིལ་ཤུགས་ཀྱིས་ཁྱེར་ཏེ་མི་དམངས་ལ་རྣམ་དཔྱོད་དང་ནུས་པ་འདོན་ཡུལ་བྲལ་བས་སོ།
ད་རེས་ཡིན་ན། དམངས་གཙོའི་་འགོག་རྡོར་གྱུར་ཡོད་པའི་དམངས་གཙོའི་དབུ་ཁྲིད་ཁྱེད་རང་གིས་རང་གིས་རང་ཉིད་ཟུར་དུ་བསལ་ཏེ་མི་དམངས་ལ་གོ་ཡངས་པོ་ཞིག་ཕྱེས་པ་འདི་ལས་བཀའ་དྲིན་ཆེ་བ་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོ་རིན་ཆེན་གསེར་གྱིས་བཀང་ནས་ཕུལ་ཡང་བཀའ་དྲིན་གྱི་ཆ་ཤས་ཙམ་ཡང་གཞལ་བའི་གོ་སྐབས་ག་ལ་ཡོད་དེ་མེད་དོ།
ང་ཚོའི་མདུན་དུ་བསྲིངས་པའི། དམངས་གཙོའི་ཐང་ག་དེ་ཇི་འདྲའི་ཆེ། ཇི་འདྲའི་ཡངས། ཇི་འདྲའི་རིང་། ཇི་འདྲའི་དཀའ་ཁག་ཆེ་བ་ཞིག་ཡིན་སྲིད། ཡིན་ནའང་། བཀའ་དྲིན་ཆེ། ལས་དབང་གི་ལྷ་སྐལ་ལགས། ཐུགས་གཡེང། རྩ་ནས་མ་གནང་རོགས་གནང་། ངེད་ཚོ་ནུར་དགོས་ན་ནུར། གོག་དགོས་ན་གོག ལངས་ཐུབ་དུས་ལངས་ནས་འགྲོ་གི་ཡིན།
བོད་མི་དམངས་ལ། རེ་བ་ངོ་མ་དེ། ད་ལྟ་གཞི་ནས་མགོ་ཚུགས་པ་རེད། འོབས་སུ་ཐེངས་རེ་ལྷུང་གི་རེད། ཤེས་རབ་ཐེངས་རེ་འཕེལ་གི་རེད། འཚོ་བའི་ཉམས་སད་ངོ་མ་དེ་ད་ལྟ་མགོ་ཚུགས་པ་རེད། སྐུ་ཉིད་ལ་མཚོན་ནའང་། ཆབ་སྲིད་ཀྱི་སྒྲོམ་ལས་ཐར་བས་རང་དབང་གི་གོམ་ཁ་ཡང་དུ་ཕྱིན་པ་རེད། མཚན་སྙན་གྱི་གྲགས་པ་སྔར་ལས་རྒྱས་མགོ་ཚུགས་པ་རེད།
བཀྲ་ཤིས་པའི་ཉི་མ། དོན་འགྲུབ་པའི་ཉི་མ། རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཉི་མ། ང་ཚོ་རང་རྐང་དུ་ལངས་ནས་རང་ལམ་འདེད་མགོ་ཚུགས་པའི་ཉི་མ།
dhatsenpaལགས་ཀྱིས་ཟླ་ཚེས་March 19th, 2011 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
བཀའ་ཁྲིའི་འོས་མི་གསུམ་གཤགས་བཅོས།
https://www.khabdha.org/?p=16673
བཀའ་ཁྲིའི་འོས་མི་གསུམ་གྱི་སྐོར་ལ་བགྲོ་གླེང་འཁྲུགས་པོ་གནང་གི་འདུག་པས་སེམས་པ་དགའ་སོང་། ད་བར་གྱི་བཀའ་ཁྲི་དང་འབྲེལ་བའི་རྩོམ་དང་། བགྲོ་གླེང་། དྲ་བརྙན། གསར་འགྱུར་སོགས་ལ་གང་འཚམས་ལྟ་ཁུལ་བྱས་པ་ཡིན། ད་འདི་ལྟར་བལྟས་ཡོང་ན། ཕལ་ཆེ་བ་ཞིག་གིས། ཆ་རྐྱེན་རེ་ཟུང་རེ་ལ་འཇུས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་བ་འདྲ་དང་། སྐྱོན་རེ་ཟུང་རེ་ལ་བལྟས་ནས། སྐྱོན་བརྗོད་ཚད་མཐོན་པོ་བྱ་གི་འདུག ཡོན་ཏན་ཕྱོགས་རེ་བ་ལ་ལྟོས་ཏེ་བཀའ་ཁྲིར་སླེབས་པ་ཡིན་ན། དེ་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་ལ། ཡང་སྐྱོན་ཆུང་ཙག་རེ་ལ་ལྟོས་ཏེ་བཀའ་ཁྲིའི་རྐུབ་བཀྱག་ཤོར་བ་ཡིན་ན། དེའང་ཕངས་སེམས་སྐྱེ་དགོས་པ་ཞིག་རེད།
དེ་བས། དེ་རིང་དགོང་མོ་འཛིན་གྲྭ་མེད་པའི་གོ་སྐབས་འདི་བཟུང་ནས། རྣམ་པ་ཚོ་དང་མཉམ་གཅིག་ཏུ། བོད་མི་སེར་སྐྱ་ཡོངས་ཀྱི་མདུན་དུ། བཀའ་ཁྲིའི་འོས་མི་གསུམ་གྱི་ཕྱིའི་མགོ་རྐང་ལག་ལྔ་བོ་ཚད་ཅིང་བསྡུར། གཤགས་བཅོས་བྱས་ནས་ནང་གི་དོན་ལྔ་སྣོད་དྲུག་པོ་རེ་རེར་མ་འདྲ་བའི་ཁྱད་པར་ག་རེ་འདུག་མི་མང་ལ་མིག་སྟོན་བྱས་པ་ཡིན་ན། འོས་འདེམས་པ་རྣམས་ལའང་བསམ་བློ་ཞིག་གཏོང་རྒྱུ་མེད་དམ་སྙམ།
ད་ང་ཚོས་གཤགས་བཅོས་ག་རེ་བྱ་དགོས་རེད་ཟེར་ན། ཞིབ་དྲགས་ན། མི་སྐྱོན་མེད་རྒྱ་རྫོང་ནགས་ལ་མེད་པས་བཀའ་ཁྲི་མ་རག་པའི་དཀའ་ངལ། རྩིང་དྲགས་པ་དང་སྦོམ་བཤད་བྱས་བསྡད་ན་འཆང་ས་དང་འཛིན་ས་མེད་པ་ལྟ་བུ་ཞིག་ཏུ་འདུག་པས། ད་བར་ཚང་མས་རྗོད་བཞིན་པ་ལས། བཀའ་ཁྲིའི་ཆ་རྐྱེན་གཙོ་བོ་བརྒྱད་ལོགས་སུ་བཏོན་ཏེ་དེའི་ཐོག་ནས་ཁོང་ཚོ་གསུམ་ལ་ཚད་འདེབས་དང་གཤགས་བཅོས་བྱས་ན་བཟང་སྙམ། དེ་དག་ནི། ༡ ཤེས་ཡོན་གྱི་སྤྱན་མིག་སུ་ཆེ ༢ འཇོན་ཐང་གི་རྐང་པ་སུ་རིང་། ༣ ཉམས་མྱོང་གི་ལག་པ་སུ་ཆེ། ༤ ལྷག་བསམ་གྱི་སྙིང་ག་སུ་བསིལ། ༥ མགོ་ཁྲིད་དང་འཛིན་སྐྱོང་གི་ནུས་པའི་ལུས་སྟོབས་སུ་བཟང་། ༦ གསར་བཏོད་ཀྱི་སྤོབས་པ་སུ་ཆེ། ༧ ཁ་སང་དེ་རིང་སྤེལ་བཞིན་པའི་བཀའ་ཁྲིའི་ལས་འགུལ་གྱི་སྙིང་གི་འཕར་ཚད་སུ་སྙོམས། ༨ འབྱུང་འགྱུར་ཡོང་སྲིད་པའི་རྙོག་དྲའི་ན་ཚ་ཡོད་མེད་བཅས་ལ། ཁོང་ཚོ་གསུམ་ཆ་མཉམ་གཅིག་ཏུ་གཤགས་བཅོས་བྱས་ནས་བལྟས་ན་ག་འདྲ་འདུག
གོང་གི་དོན་ཚན་བརྒྱད་པོའི་སྐོར་རེ་རེ་བྱས་ནས་ཁོང་ཚོ་བསྡུར་ཅིང་དཔྱད་པར་བྱ། དོན་ཚན་རེ་རེ་བཞིན་བགྲོ་གླེང་གི་ཆ་ཤས་གང་ཐུབ་ཀྱིས་ལེན་གི་ཡིན།
དང་པོ་ཁོང་ཚོ་གསུམ་གྱི་ཤེས་ཡོན་གྱི་སྐོར་གླེང་བར་བྱ། དེ་ཡང་སྦོམ་བཤད་མིན་པར། ཆེད་ལས་ཅི་ཡིན། འཛིན་སྐྱོང་གི་སློབ་སྦྱོང་ཡོད་མེད། ཉམས་མྱོང་ལས་ཐོབ་པའི་ཤེས་ཡོན། བཀའ་ཁྲིའི་ལས་འགན་དང་འབྲེལ་བའི་ཤེས་ཡོན། ལག་ཁྱེར་གྱི་མཐོ་དམན་སོགས་ཞིབ་ཙམ་བྱས་ནས་གླེང་རོགས།
dhatsenpaལགས་ཀྱིས་ཟླ་ཚེས་February 23rd, 2011 ལ་ རྩོམ་རིག སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
བརྩེ་དུང་གི་སྐོར་གླེང་བ།
https://www.khabdha.org/?p=16228
བརྩེ་དུང་ཟེར་བ་འདི་ག་རེ་རེད། མཚན་ཉིད་སྨྲ་མཁན་ཞིག་ཡིན་ན། མཚན་ཉིད་འཇོག་དཀའ་བའི་དངོས་པོ་ཞིག་དགོས་ན་བརྩེ་དུང་ཟེར་བའི་ཡིག་འབྲུ་གཉིས་ཁྱེར་ཞོག
བརྩེ་དུང་ཟེར་བ་འདི་ཨེ་ཤེས་ལགས། མི་ཤེས་ན། དྲང་བདེན་སྨྲ་མཁན་ཞིག་གི་མིག་ངོར་ཆེས་ཕྱོགས་མཐར་ལྷུང་བའི་དངོས་པོ་ཞིག་རེད།
བརྩེ་དུང་ནི། འདི་འདྲ་ཞིག་རེད། གནས་ལུགས་དང་རྒྱུ་མཚན་བཤད་ནས་ཁམས་གསུམ་དབང་དུ་སྡུད་མཁན་ཞིག་ཡིན་ནའང་། བརྩེ་དུང་གི་མདུན་ཁོ་ནར་ཁོས་སྨྲ་བ་མེད་པའི་བརྟུལ་ཞུགས་མ་བཟུང་རང་བཟུང་ཆགས་ཀྱི་ཡོད།
བརྩེ་དུང་ལ་མུ་མཐུད་དུ་དཔྱོད་དང་། བརྩེ་དུང་དང་དད་པ་རྩེ་གཅིག་པ་གཉིས་ལ་མཚུངས་ཆོས་གཅིག་པ་ཤིན་ཏུ་མང་། བརྩེ་དུང་ནི་ཞ་ར་ཞིག་རེད་ཟེར་བ་དེ་བདེན་ན། དད་པ་ལ་རྨོངས་དད་ཟེར་བ་དེའང་བདེན་པ་རེད། ཡིན་ནའང་། དེ་གཉིས་ཀ་ཕྱིའི་མཐོང་སྣང་ལས་དད་པ་དང་བརྩེ་དུང་རང་ངོས་ནས་ལྟ་སྟངས་ཤིག་ཅི་ལ་ཡིན།
བརྩེ་དུང་ནི། མིའི་རང་གཤིས་སུ་གྲུབ་པའི་དགའ་ཕྱོགས་ཤིག་ཡིན་ནམ།
བརྩེ་དུང་ནི། མིའི་རང་གཤིས་སུ་གྲུབ་པའི་ན་ཚ་ཞིག་མིན་ནམ།
བརྩེ་དུང་ཟེར་བ་འདི། ཨུ་ཚུགས་ཚ་ཤོས། ཕྱོགས་ཞེན་ཆེ་ཤོས། བསམ་བློ་གུ་དོག་ཤོས། གནས་ལུགས་འགྲོ་ས་མེད་པ། བསམ་ཤེས་དང་གུ་ཡངས་རྩ་ནས་བྱེད་ས་མེད་པ་དེ་ཅིའི་ཕྱིར་ཡིན།
ངོ་མ་རེད། བརྩེ་དུང་ཟེར་བ་འདིར་རྒྱལ་ཕམ་ཞིག་བརྗོད་རྒྱུ་ཅི་ལ་ཡོད། བརྩེ་དུང་ལ་ཅིག་ཡོད་དགོས་བྱུང་ན་རྒྱལ་ཁ་མ་གཏོགས་ཕམ་ཁ་ཡོད་པ་མ་རེད། ཐ་ན་བརྩེ་དུང་གི་ཆེད་དུ་རང་སྲོག་འདོར་དགོས་བྱུང་ནའང་། བརྩེ་དུང་གི་ངོས་ནས་བལྟས་ན་དེ་ནི་རྒྱལ་ཁ་ཞིག་རེད།
བརྩེ་དུང་ལ། གདམ་ཀ་ཞིག་ཡོད་པ་ཡིན་ན། དེ་ལ་གདམ་ཀ་གཉིས་མ་གཏོགས་ཡོད་པ་མ་རེད། ཡང་མིན་ན་བརྩེ་དུང་དེ་འཐོབ་དགོས་པ་དང་ཡང་མིན་ན་བརྩེ་དུང་གི་ཆེད་དུ་གཅེས་པའི་ཚེ་སྲོག་ཀྱང་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་དེ་རེད། གདམ་ཀ་འདི་གཉིས་ལས་གང་གི་ཁོངས་སུའང་ཚུད་མེད་པ་ཡིན་ན། ཁྱེད་རང་གི་བརྩེ་དུང་དེ་བརྩེ་དུང་མ་རེད། ཁྱེད་རང་གི་བརྩེ་དུང་དེ། བརྩེ་དུང་ལྟར་སྣང་པ་རེད།
བརྩེ་དུང་ཟེར་བའི་ཡིག་འབྲུ་འདི་གཉིས་ཀྱི་མདུན་དུ། དད་པ་རྩེ་གཅིག་ཟེར་བའི་ཡིག་འབྲུ་འདི་གཉིས་ཀྱི་མདུན་དང་འདྲ་བར། ང་དཔའ་ཞུམ་ཞིང་ངོ་གནོང་སྐྱེ་གི་འདུག རང་ཉིད་ནི་ངོ་མ་མི་བཅོས་མ་ཞིག་གི་ལས་བླངས་འདུག་སྙམ།
རང་གི་སྐྱེས་བའི་ཉིན་གྱི་སྐྱོན་ཞིག་ཡིན་ནམ། སེམས་ཀྱི་རང་གཤིས་སུ་གྲུབ་པའི་ཞན་སྐྱོན་ཞིག་ཡིན། བརྩེ་དུང་ངོ་མའི་ལོ་རྒྱུས་ཤིག་ང་ལ་བཤད་དུ་མེད་ལ། འགྱུར་བ་མེད་པའི་དད་པ་རྩེ་གཅིག་པ་ཞིག་ཀྱང་ང་ལ་བསྟན་དུ་མི་འདུག་པ་འདི་སྐྱོ་ཨང་།
བརྩེ་དུང་དང་དད་པ་གཉིས། ང་ལ་མཚོན་ན། ད་རུང་གསང་བ་ཞིག་རེད། ཚན་རིག་ལ་མཚོན་ནའང་། ད་རུང་གསང་བ་ཞིག་ཡིན་པ་དེ་ངས་ཚིག་ཐག་ཆོད་པོས་བཤད་ཐུབ་ཀྱི་འདུག ང་ག་ཚོད་ཀྱིས་མི་གུ་དོག་ཅིག་ཡིན་ནའང་། བརྩེ་དུང་དང་དད་པ་གཉིས་ལ། ངས་བློ་གུ་ཡངས་པོས་ལྟ་ཐུབ་ཀྱི་འདུག་ལ། ངས་བློ་ཐེ་ཚོམ་ཙམ་ཡང་མེད་པར་བསམ་ཤེས་དང་བདེན་ཁ་སྟེར་ཐུབ།
བརྩེ་དུང་རྒྱལ་གྱུར་ཅིག དད་པ་རྒྱལ་གྱུར་ཅིག
dhatsenpaལགས་ཀྱིས་ཟླ་ཚེས་February 13th, 2011 ལ་ རྩོམ་རིག སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
གཏམ་བཟང་།
https://www.khabdha.org/?p=16076
གླུ་བ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ལོ་གཅིག་ལྷག་སྔོན། ་་ཤི་སོང་རུང་འགྱོད་པ་ང་མེད་གི་་ དང་། ་་རྨ་ཁ་མེད་པའི་གཅར་རྡུང་་ སོགས་ཀྱི་གཞས་བཏང་བར་བརྟེན། རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་ལོ་གཅིག་དང་ཕྱེད་ཀ་ལྷག་གི་བཙོན་ཆད་བཅད་པ་རེད།
ཁ་སང་ཕ་ཡུལ་གཅིག་པ་ཞིག་དང་ཁ་བརྡ་བྱས་པར། ཁོང་གིས། ཁེ་ཉིན་པར་བཀྲ་ཤིས་དོན་འགྲུབ་ལོ་ཁ་གང་ནས་བཙོན་གྲོལ་གཏོང་གི་ཡོད་པ་རེད་ཟེར། ད་ལྟ་ཕལ་ཆེར་བཙོན་ཁང་ནང་ནས་ཧུད་ཚར་ཡོད་རྒྱུ་རེད་གོ་ཟེར། བཙོན་ཁང་ནས་ཐོན་སྐབས། མི་མང་པོ་འདུ་འཛོམས། ཤོག་སྦག་བཀད་པ། ཁ་དག་འཐེན་པ་སོགས་རྫིག་ཉམས་རྒྱས་སྤྲོས་བྱས་ན་འགྲིགས་ཀྱི་མ་རེད་ཟེར་ནས་འབྲེལ་ཡོད་བཙོན་ཁང་གི་མི་སྣས་བརྗོད་འདུག མཚམས་རེར། སྲིད་དོན་བཙོན་པ་དེ་འདྲ་གློད་སྐབས། མི་མང་པོ་ཡོང་ནས་བསུ་བ་གཟབ་རྒྱས་བྱེད་ཀྱི་ཡོད་པ་འདྲ།
དང་པོ་བཀྲ་ཤིས་དོན་འགྲུབ་བཙོན་དུ་ཚུད་པ་ནས་ཁོང་ལ་དཀའ་ངལ་གཉིས་འཕྲད་འདུག གཅིག རྒྱ་མི་བཙོན་པ་ཚོས་ཁོང་ལ་ཙར་ཙར་བྱས་སྡོད་མ་བཅུག་ཟིག དེ་ནས་རྒྱ་མི་ཚོ་མཉམ་པོ་རྡུང་རེས་བརྒྱབས་ནས་ཟླ་བ་གཅིག་གི་ལོ་ཆད་སྤར་འདུག ཕར་ལ་གནོད་ཙིག་གེ་ཟིག་བྱས་ན་ཡང་ཤེས་ཀྱི་འདུག ཚུར་ལ་གཉོག་ནས་གསོད་ལ་བྱས་པ་ཡིན་ནའང་བཤད་ས་ཡོད་ནི་མ་རེད་ཟེར། སྟབས་ཡག་པ་ཞིག་ལ། བཙོན་ཁང་ནང་ན་ཨ་ཁུ་ངར་བ་ཞིག་ཡོད་གི་ཟེར། ཁོང་གིས་བཙོན་ཁང་དུ་ཆོས་གསུངས་ནས་རྒྱ་མི་ཚོས་ཀྱང་བརྩི་འཇོག་ཡོད་ནི་རེད་ཟེར། ཨ་ཁུ་དེས། ད་ཁྱོད་ངའི་རྫ་དེད་དྲ་ར་ཙིག་གེ་ཟིག་དྲག་ནི་རེད་བཟེས་དེ་ནས་ཚུར་དྲག་དང་ཟིག
དཀའ་ངལ་གཉིས་པ་དེ། ཁོང་ཨ་ཁུ་འབྲོག་པ་ཡིན་ནོ་གི ས་ལས་རྡོ་ལས་བྱེད་མྱོང་ཡོད་ནི་མ་རེད། ཉི་མ་རེ་རེ་ས་ཤིང་རྟ་བཅོ་ལྔ་སྤོར་དགོས་ནི་རེད་ཟེར། དེ་ལྟར་ལས་ཀ་ལས་པར་དཀའ་ནས། ཁོང་གི་ལྫིད་ཚད་རྒྱ་མ་བཅོ་ལྔ་མར་ལྷུང་སོང་ཟིག་ཟེར། རིམ་པས་གོམ་བྱང་ང་སོང་། གསར་རུ་ཡིན་ཚིག་གི ཉིན་རེར་ལས་སླ་པོ་བྱས་ས་ཤིང་རྟ་བཅོ་ལྔ་སྤོར་ཐུབ་གོད་གི་ཟེར། དེར་མ་ཟད། ལས་ཀ་ཡག་པོ་རེད་ཟེར་ནས་སྔོན་མ་ཟླ་བ་གཅིག་སྤར་བ་དེའང་མར་བཅག་པ་རེད།
ད་དོན་དག་གཞན་ཞིག་ནི། ཐོག་མའི་དུས་ཟླ་བ་གཅིག་ནང་ལ། ཐེངས་གསུམ་ལ་ཁོང་ལ་ལྟ་སྐོར་བྱས་ན་འགྲིགས་ནི་རེད་ཟེར། ལྟ་སྐོར་བྱེད་མཁན། གྲྭ་པ། བུ་མོ། གཞན་ངོ་མི་ཤེས་པ་དེ་འདྲ་མང་པོ་ཡོང་གི་ཡོད་ས་རེད་ཟེར། ཁམས་ཀྱི་བླ་མ་ཞིག་གིས་ཀྱང་། ཁྱེད་ཚོའི་ཞི་ལི་དེས། དམག་སྟོང་དམག་ཅིག་གི་གོ་ཆོད་ད། དེ་ལ་ཡིན་གཅིག་མིན་གཅིག་ལྟ་གི་འགྲོ་གི་ཡིན་ཟེར་ནས་སྔོན་མ་ཟིག་ལ་བཤད་གི་ཡོད་ད་ཟེར། རྗེས་ནས། ལྟ་མཁན་མང་པོ་ཡོང་གི་ཡོད་པས་ཡིན་ན་ཐང་། ཟླ་རེར་ཐེངས་གཅིག་རེ་མ་གཏོགས་ལྟ་གི་ཡོང་བཅུག་གི་མི་འདུག་ཟེར། ད་བཙོན་གྲོལ་ཐོབ་པའི་གཏམ་བཟང་དང་། བཙོན་ཁང་གི་གནས་ཚུལ་ཁ་ཟིན་སྣ་ཟིན་དང་བཅས་པ་རྫོགས་སོ།
འདི་ལྟར་བྲིས་ན། ཁྱེད་རང་གིས་བརྒྱ་ཆ་ག་ཚོད་ཅིག་གོ་ཐུབ་མིན་དང་། ཁྱེད་རང་གི་ཕ་ཡུལ་གང་དུ་ཡིན་མིན་ཡང་འབྲི་ཐུབ་ན་ཐུགས་རྗེ་ཆེ། ངས་ཡུལ་ལུང་གང་གི་མི་ཨམ་སྐད་ལ་འདྲིས་ཆ་ཆེ་མིན་ལྟ་གི་ཡོད། འབྲུག ཁུ་ནུ། ལ་དྭགས། པི་ཏི། མངའ་རིས་སོགས་ཀྱི་མི་ཡོད་ན་ལྷག་ཏུའང་དགའ་བསུ་ཞུ་གི་ཡིན།
༡ ཙར་ཙར་ནི་བརྙས་བཅོས་དང་ཐུབ་ཚོད།
༢ ཙིག་གེ་ཟིག་ནི་ ཆུང་ཆུང་ཞིག
༣ གཉོག་ནི་རྡུང་བ།
༤ རྫ་དེད་དྲ་ར་ནི་རྗེས་ལ་དེད་དང་།
༥ བཟེས་ནི་ཟེར་བའི་འདས་པ།
༦ ཙིག་གེ་ཟིག་དྲག་ནི་རེད་ནི་ཅུང་དྲག་གི་རེད།
༧ ཡིན་ཚིག་གི་ནི་ཡིན་པས་སམ་ཡིན་ཙང་།
dhatsenpaལགས་ཀྱིས་ཟླ་ཚེས་February 6th, 2011 ལ་ རྩོམ་རིག སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
ཨ་ཁུ་འབྲོག་པའི་ལོ་སར་སྟངས།
https://www.khabdha.org/?p=15959
གཅིག ལོ་གསར་གྲ་སྒྲིགས།
དེ་རིང་དུས་ཚོད་ཅུང་ཙམ་ཡོད་པས་ང་རང་འཚར་ལོང་བྱུང་སའི་འབྲོག་སྡེ་དེས་ལོ་སར་སྟངས་ཀྱི་སྐོར་ཅུང་ཟད་ཁ་བརྡ་བྱེད་ན་འདོད་བྱུང་། འབྲོག་ཐང་སྟོང་པར་གནས་པའི་འབྲོག་པ་ཚོར་ཤ་མར་རྩམ་གསུམ་བཟའ་རྒྱུ་འབེལ་ནའང་། དགའ་སྤྲོ་འདུ་ལོང་བྱེད་པའི་དུས་སྟོན་ནི་ལོ་གསར་མ་གཏོགས་ཕལ་ཆེར་མེད་པའི་བཟོ་འདྲ་ཞིག་རེད། ལོ་ཁོར་མོ་གཅིག་གི་ནང་གི་ལོ་གསར་དེ་འབྲོག་པ་ཚོར་མཚོན་ན། དུས་སྟོན་རྩ་ཆེ་ཤོས་དང་རྒྱ་ཆེ་ཤོས་དེ་རེད། འབྲོག་ཁྱིམ་རེ་རེ་ནས་ལོ་གསར་སྐྱིད་པོ་དང་ཡག་པོ་ཞིག་སར་བའི་ཆེད། ལོ་གསར་མ་སླེབས་པའི་ཉིན་དེ་ཚོར་ལོ་གསར་ལ་གྲ་སྒྲིག་གིས་བྲེལ་ཟིང་ཆེན་པོ་རེད། ནང་གི་བྱིས་པ་ཚོ་ལའང་རང་རང་ལ་དཔག་པའི་ཉིན་རེར་ལས་ཀ་རེ་ཡོད་པ་རེད། ང་ལ་མཚོན་ན། ཅུང་ཆེ་རུ་ཆགས་སྐབས། ནང་གི་ཨ་ཀ་སྟེ་ཕུ་བོ་དང་མཉམ་རྩྭ་དང་ཆ་མའམ་འབུད་ཤིང་འཐུ་རུ་འགྲོ་རྒྱུ་དེ་ངེད་གཉིས་ཀྱི་འཆར་ཅན་གྱི་ལས་ཀ་ལྟ་བུ་ཞིག་རེད།
ཀ རྩྭ་འཐུ་རུ་འགྲོ་བ།
རྩྭ་འཐུས་ནས་ག་རེ་བྱེད་དགོས་པ་རེད། འབྲོག་པའི་འཚོ་བར་ཆ་རྒྱུས་མེད་མཁན་གྱི་མི་ཞིག་ཡིན་ན། ཕལ་ཆེར་འཐོམས་འགྲོ་གི་མེད་འགྲོ་བསམས། འབྲོག་ཁྱིམ་དེ་ནམ་རྒྱུན་དེ་འདྲ་དང་བ་འདྲེན་པ་ཞིག་ཡོད་པ་མ་རེད། སྤྱི་བཏང་ཐབ་ཀ་དང་གོ་ར་ལ་བསྐོར་ནས་ཕྱིང་སྟན་དང་ཡར་ཀོའི་སྟན། པགས་སྟན་སོགས་རང་ལ་འཛོམས་ཚོད་ལྟར་བཏིང་ཡོད་ནའང་། མི་ཚང་གང་ཞིག་གནས་གཅིག་ཏུ་ཡུན་རིང་བསྡད་ཡོད་ན། ཁྱིམ་ནང་སྟན་གྱིས་ཁེབས་མེད་པའི་ས་ཆ་ཚང་མ་ཐོག་མའི་དུས་ཀྱི་སྤང་རྩྭ་རྣམས་མིའི་རྐང་བསྡུས་ཀྱིས་ཟད་ནས་ས་ནག་རྗེན་པར་ཐུག་ཡོད་པས་མཐོང་མི་སྤྲོ་བ་ཞིག་ཡོད་པ་རེད། དེ་བས། རི་མཐོན་པོའི་ཉིན་ངོས་གཟར་ས་ན། རྒྱུ་རྩྭ་ཟེར་བའི་རྩྭ་རིང་པོ་སྤུས་ལེགས་ཤིག་སྐྱེས་ཡོད་པ་དེ་འཐུས་ཡོང་ནས། ཁྱིམ་ནང་ཡོངས་སུ་རྫོགས་པར་རྩྭ་བཏིང་། དེའི་ཐོག་ལ་གདན་བཏིང་གི་རེད། ཁྱིམ་ལ་རྩྭ་བཏིང་རྗེས། སེམས་ནང་ཞིག་ལ་ཁྱིམ་དེ་དྲོ་རུ་འགྲོ་བའི་སྣང་བ་སྐྱེ་བ་མ་ཟད་ཅུང་ཟད་སྙིང་རྗེ་རུའང་འགྲོ་གི་རེད།
ཕལ་ཆེར་ཇོ་ལ་དང་ངེད་གཉིས་རྩྭ་འཐུ་རུ། ནམ་རྒྱུན་བོད་ལོའི་ཉི་ཤུའི་ནང་རོལ་ཞིག་ལ་འགྲོ་དགོས་ཀྱི་ཡོད། བོད་ལོ་ཟེར་ན། ཟླ་བཅུ་གཉིས་པ་ལ་ཟེར། ངེད་གཉིས་ཀྱིས་ཁུལ་རྩིད་ཀྱིས་བཏགས་པའི་སྒྱེ་མོ་གཉིས་དང་། ཟོར་ར་རེ་ཁྱེར་ནས་རྩེད་མོ་རྩེད་ཞོར་རྩྭ་འཐུས་པ་ཡིན་ན་ཉིན་གུང་ཕྱི་རྒྱབ་ཅིག་ལ་སྒྱེ་མོ་གཉིས་ཏག་ཏག་ལོན་པ་ཁྱེར་ནས་ཕྱིར་ནང་ལ་ཡོང་གི་ཡོད། དེ་ནི་ལོ་གསར་སྔོན་གྱི་ང་བྱིས་པའི་དུས་ཀྱི་ལས་འགན་གཅིག་རེད།
ཁ ཆ་མ་འཐུ་རུ་འགྲོ་བ།
ད་ལས་འགན་གཞན་ཞིག་ནི། ཆ་མ་འཐུ་རུ་འགྲོ་དགོས་པ་རེད། ཆ་མ་ཟེར་ན། འབུད་ཤིང་ངམ་སྐྱེ་ཤིང་ཆ་ངེ་ཆུང་ངེ་ལ་ཟེར། ངེད་ཚོའི་ས་དེར་ནགས་ཚལ་དེ་འདྲ་མེད་ ནའང་། རིའི་སྲིབ་ངོས་དེ་འདྲར་ཆ་མ་ཐ་ཐོར་སྐྱེས་ཡོད་པ་རེད། ལྷག་པར་དུ། ཉབ་རིགས་ཟེར་བའི་སྐྱེ་ཤིང་། རིང་ཚད་ལ་ཕལ་ཆེར་མི་ཊར་གཅིག་ལྷག་ཡོད་པ། མིའི་མཛུ་གུ་ཞིག་གི་སྦོམ་ཕྲ་ཡོད་པ་དེ་འདྲ་གང་སར་ཡོད། སྤྱིར་བཏང་འབྲོག་པ་ཚོས། མེ་ལ་ཨོང་ང་དང་ལུག་གི་རིལ་མ་འབུད་ཀྱི་ཡོད་པ་རེད། ཨོང་ང་ནི་ཡུལ་སྐད་དུ་ལྕི་བ་སྐམ་པོ་ལ་ཟེར། དེ་གཉིས་ལ་དེ་འདྲའི་འབར་ཤུགས་ཆེན་པོ་ཡོད་པ་མ་རེད། ཆ་མ་ལ་འབར་ཤུགས་ཆེན་པོ་ཡོད་པས་གོ་རེ་གཡིས་བཙོས་སམ་སྣུམ་བཙོས་བཟོ་སྐབས་དགོས་པ་རེད།
ཆ་མའང་། བོད་ལོའི་ནང་ལ་འཐུ་རུ་འགྲོ། ག་ཚོད་འཕྱི་ནའང་བོད་ལོའི་ཉེར་བདུན་གྱི་སྔོན་ལ་འགྲོ། རྒྱུ་མཚན་ནི། ཉེར་བདུན་ནམ་ཉེར་བརྒྱད་བར་གོ་རེ་བཙོ་དགོས་པ་རེད། ཆ་མ་འཐུ་རུ་འགྲོ་སྐབས། ངེད་གཉིས་ཀྱིས་གཡག་རེ་རེ་ཞོན། གཡག་གཞན་ཞིག་ལ་སྒ་བསྟད་དེ་ཁྲིད་འགྲོ་དགོས་པ་རེད། དེ་ནི་ཆ་མ་འགེལ་ས་ལ་དགོས་པ་རེད། ཆ་མ་འཐུ་བྱེད་ལ་ཟོར་བ་རེའང་མཉམ་དུ་ཁྱེར་འགྲོ་གི་ཡོད། ཆ་མ་འཐུ་རྒྱུ་དེའང་ཕལ་ཆེར་ཉིན་གཅིག་གི་ལས་ཀ་རེད། ཆ་མ་འཐུ་རྒྱུ་དང་རྩྭ་འཐུ་རྒྱུ་གཉིས་ལས་ཆ་མ་འཐུ་རྒྱུ་དེ་ཅུང་ཟད་ཁག་ག་ཡོད་པ་རེད།
ག གོ་རེ་བཙོ་བ།
ལོ་གསར་མ་སླེབས་སྔོན། འགའ་རེས་ཉིན་གཅིག་གམ། འགའ་རེས་ཉིན་གཉིས་ལ། གོ་རེ་གཡིས་བཙོས་མ་ལས་གི་རེད། གཡིས་བཙོས་མ་ཟེར་དགོས་དོན་ནི། ཨ་མདོའི་སྐད་དུ། ཟ་སྣུམ་ལ་གཡིས་ཟེར། ཟ་སྣུམ་ནང་བཙོས་པའི་གོ་རེ་ལ་ གོ་རེ་གཡས་བཙོས་མ་ཟེར། ངེད་ཚང་ལ་མཚོན་ན། ཕྱེ་རྒྱ་མ་བརྒྱ་ལྷག་གིས་གོ་རེ་ལས་ཀྱི་འདུག ཁྱིམ་ཚང་འགའ་རེས་དེའི་མང་དང་འགའ་རེས་དེའི་ཉུང་བཟོ་གི་ཡོད་པ་རེད། གོ་རེ་དེས་དཔྱིད་ཀ་སླེབས་སླེབས་བར་འདང་གི་འདུག གོ་རེ་ཁ་འགོས་མ་འགོས་ལ་བལྟས་ནས་རྟེན་འབྲེལ་གྱི་ལེགས་ཉེས་ཀྱང་དཔྱད་ཀྱི་འདུག གོ་རེ་ཚོས་ཚར་རྗེས་དམར་སོབ་སོབ་བྱེད་ན། ད་ལོ་ད་གོ་རེ་ཁ་འགོས་ཟིག་ཡ་ཟེར་ནས་ངའི་ཨ་མ་དགའ་ཐག་ཆོད་ཀྱི་འདུག གོ་རེ་ཚོས་ཚར་རྗེས་སྐྱ་སོབ་སོབ་བྱེད་ན། གོ་རེ་ཁ་མ་འགོས་ཟིག་ཟེར་ནས། ཨ་མ་རྣམ་རྟོག་ཟ་དེ་འདྲ་བྱེད་ཀྱི་རེད། གོང་དུ་ཆ་མ་འཐུ་དགོས་པའང་། གོ་རེ་ཁ་འགོས་པའི་ཆེད་ཡིན་ཡང་། མཚམས་རེར། མེ་འབར་ཤུགས་ག་ཚོད་ཆེ་ཡང་གོ་རེ་ཁ་འགོས་ཀྱི་མེད་པ་འདྲ། དེ་ལྟར། གོ་རེ་ཁ་འགོས་མ་འགོས་ཀྱི་ཐོག་ནས་ལོ་དེའི་བྱ་བ་ཡག་པོ་ཡོང་མིན་ལ་བལྟ་གི་འདུག གོ་རེ་གཡིས་བཙོས་མའི་ཞོར་དུ། རྡེའུ་ཁྲ་ཟེར་བ་ཞིག་བཟོ་གི་རེད། དེ་ནི་ངའི་ཨ་ཕ་ལ་ཡོད་པའི་ལག་རྩལ་དམིགས་བསལ་བ་ཞིག་རེད། དེ་མིན་ད་རུང་། མཆོད་སྒམ་ཐོག་ཐོག་བཤམས་རྒྱུའི་ཁུག་ཐི་ཟེར་བ། ཨ་མ་ཡིས། གྲོ་ཕྱེ་ཡིས་བྱེའུ་མ་འདྲ་བ་ཁ་ཤས་བཟོ་བ་དེ་མཆོད་བཤམས་ཀྱི་ཆེ་དུ་རེད།
ང་། ཞུན་ལྡུག་པ།
དེ་མིན་ད་རུང་ལོ་གསར་མ་སླེབས་སྔོན་ཞུན་ཟེར་བ་ཞིག་བླུགས་གི་འདུག དེ་ནི་བུད་མེད་ཚོའི་ལས་ཀ་ཞིག་རེད། དེ་ནི་ངེད་ཚོའི་འབྲོག་ཁུལ་དེ་ཁོ་ན་ལ་ཡོད་པའི་ཟ་མ་དམིགས་བསལ་བ་ཞིག་རེད། ང་ཞིན་ལ་ཧ་ཅང་དགའ་བོ་ཡོད། ད་ལྟའང་ཞིན་དྲན་ན་ཁ་ནང་ལ་ཁ་ཆུ་འཁོར་ཡོང་གི་འདུག སྔོན་མ་ཞིག་ལ། ང་ཚོས་སོ་སོའི་ཕ་ཡུལ་དུ་ཟ་མ་ཅི་ཡོད་སྐོར་ཁ་བརྡ་བྱེད་སྐབས། ངས་རོབ་ཙམ་གླེང་ཟིན་པ་ཡིན། དེ་ནི་ཟ་མའི་གཞི་རྩ་གཙོ་བོ་དེ། གྲོ་མ་བརྔོས་རྗེས་འཐག་པའི་གྲོ་རྩམ་ནང་ཕྱུ་ར་འཐག་མ་བསྲེས། དེའི་ནང་ཀ་ར་ནག་པོ་བསྲེས། དེ་ནས་མར་གསར་ནང་བརྔོས་རྗེས། སྣོད་ཆེ་ཆུང་འདྲ་མིན་ནང་བླུགས་ཏེ་སྐགས་བཅུག་པ་ཞིག་རེད། ཉི་མ་རྗེས་མ་ལ་སྣོད་ཆས་ནང་ནས་ཕྱིར་ལེན་སྐབས། མཁྲེགས་པོ་ཆགས་ཏེ་སྣོད་ཀྱི་དབྱིབས་དང་ཆེ་ཆུང་ལྟར། དབྱིབས་དང་ཆེ་ཆུང་འདྲ་མིན་ཡོད་པ་རེད། སྡེར་ཁའི་ནང་འཇོག་པའི་ཆེད་ཞིན་ཆེན་པོ་གཅིག་ལྡུག་གི་རེད། གཞན་པ་ཆུང་ཆུང་མང་པོ་ལྡུག་གི་རེད། འདི་ལ་རྒྱ་མི་ཚོས་ཀྱང་། ཙང་མེད་ཏིན་ཞིན་ཟེར་ནས་དགའ་བོ་བྱེད་ཀྱི་འདུག གསལ་བཤད་ཅིག་ལ། །ཞིན་དང་ཐུད་གཉིས་གཅིག་པ་མ་རེད།
ཅ། བསང་ཁྲི་ལས་པ།
ལོ་གསར་གྲ་སྒྲིགས་ཀྱི་ལས་རིམ་ནང་། བུད་མེད་རྣམས་ཀྱི་ལས་ཀ་ནི་ཁྱོ་ག་རྣམས་ལས་མང་བ་ཡོད་པ་ལྟ་བུ་འདུག དེའི་ནང་ལས་ཁ་ཁག་སེ་ཞིག་ནི། ཁྱིམ་ཚང་དེར་ཕོ་ལྟེ་ཐོག་ཅི་ཡོད་ཀྱི་གྲངས་ཀ་དང་མང་ཉུང་མཚུངས་པའི་བསང་ཁྲི་དུ་དགོས་གུར་གྱི་མདུན་ཕྱོགས་སུ་པང་སྒྲིགས་ནས་བརྩིགས་ཀྱི་འདུག དཀྱིལ་ལ་བསང་ཁྲི་ཆེན་པོ་གཅིག དེ་ནས་རིམ་པས་ཆེ་ཆུང་གཡས་གཡོན་དོ་མཉམ་པ་བྱས་རིམ་པས་ཆུང་དུ་ཆུང་དུ་བྱས་བརྩིགས། དེ་དག་གི་ཆེ་ཆུང་ནི། བུད་མེད་ཀྱི་འཇོན་ཐང་དང་ནུས་པ། བུད་མེད་ཀྱི་མང་ཉུང་བཅས་ལ་ཐུག་པ་ཞིག་རེད། མི་ཚང་འགའ་རེས་བསང་ཁྲི་རྫིག་པོ། བརྟན་བརྗིད་ཆེ་བ་རྐྱང་བརྩིགས་ཀྱི་རེད། དེ་ཡོངས་སུ་འགྲུབ་པར། ཉིན་རེར་ཅུང་ཟད་རེ་བྱས་བརྩིགས་པ་ཡིན་ན་ཕལ་ཆེར་ཟླ་གཅིག་འགོར་གྱི་མེད་འགྲོ་བསམས། ཏག་ཏག་ཅིག་དྲན་གྱི་མི་འདུག དེ་ཇི་ལྟར་བརྩིགས་ཀྱི་ཡོད་པ་རེད་ཟེར་ན། ཝ་ཐི་ཡིས་རྩིགས་ཀྱི་ཡོད་པ་རེད། ཝ་ཐི་ནི། དགུན་ཁ་ནམ་ཟླ་གྲང་མོའི་སྐབས་འཁྱག་པ་ཆགས་པའི་འབྲི་གཡག་གི་ལྕི་བ་ལ་ཟེར། ས་ཕག་བརྩེགས་ན་བར་ཨར་འདམ་གྱིས་སྦྱར་བ་བཞིན་ཝ་ཐི་རེའི་བར་ལྕི་བ་རློན་པས་མཚམས་སྦྱོར་གྱིན་སྦྱོར་གྱིན་རྩིགས་ཀྱི་རེད། ཉིན་གཅིག་ཀྱང་འགོར་མི་དགོས་པར་བརྩིགས་ཟིན་པ་རྣམས་ཝ་ཐིས་པའམ་འཁྱག་གོང་ཆགས་ཏེ་རྡོ་བཞིན་དུ་གྱུར་ཡོད་པ་རེད། དེ་ལྟར་ཉིན་རེར་ཝ་ཐི་ཅི་ཡོད་ཀྱིས་རྩིགས་ཀྱིན་རྩིགས་ཀྱིན་ལོ་གསར་སྔོན་ཚར་པ་བྱེད་ཀྱི་རེད།
ཆ། དགུ་རྡུལ་ལེན་པ།
ཉི་ཤུ་དགུ་བར་ལོ་གསར་གྱི་གྲ་སྒྲིགས་ཚང་མ་ཚར་བ་བྱེད། ཉི་ཤུ་དགུ་ཉིན་ནི། དགུ་རྡུལ་ལེན་པ་དང་དགུ་ཐུག་འཐུང་བའི་ཉིན་རེད། ནངས་དུས་སྔ་སེ་ནས་ཡར་ལངས་ཏེ། དང་པོར་གུར་གྱི་དགུ་རྡུལ་ལེན། དེ་ནི་གུར་གྱི་ཕྱི་ནང་ཚང་མ་རྡུལ་སྤྲུགས་བྱེད་པ་ལ་ཟེར། རྡུལ་སྤྲུགས་གྲུབ་རྗེས་གུར་གྱི་ཕྱི་ནང་ཡོངས་སུ་རྫོགས་པ་ཕྱགས་ནས་ཆུ་ཆག་ཆག་བཏབ་ཏེ་གཙང་རིལ་རིལ་བྱེད། དེ་ནས་ལོ་གསར་ལ་གོན་རྒྱུའི་རྩག་པ་དང་རས་ལྭའམ་རྩག་པའི་ཐོག་ཁེབས་རྣམས་གངས་ཀྱིས་མནན་ཡོད་པའི་དར་ཐོག་ཅིག་ཏུ་འཁྱེར་ཕྱིན་ནས་གདབ་བུ་ཞིག་གིས་གདབ་ནས་རྡུལ་སྤྲུགས་བྱེད། ས་ཐོག་ཏུ་གངས་འཁྱེར་ཕྱིན་ཏེ་མེད་ནའང་། དར་ཐོག་གྲང་མོ་ཡིན་ཙང་གངས་ཕལ་ཆེར་ཡོད་པ་རེད། ལྷ་ས་རུ་དར་ལ་འཁྱག་པ་ཟེར། དེ་ནས་དགོང་མོ་དགུ་ཐུག་འཐུང་གི་རེད། དགུ་ཐུག་ནང་ཚ་དང་གྲོ་ཕྱེ་སོགས་ཟས་རིགས་རྣམས་གྲངས་མ་འདྲ་བ་དགུ་དགོས་པ་རེད་ཟེར། དོན་དངོས་སུ་རྣམ་གྲངས་དགུ་ཁ་ཚང་མིན་མི་ཤེས། དགུ་ཐུག་སྐབས། གྲོ་ཕྱེའི་ནང་ཚ་དང་བལ་གཞན་རང་གང་འདོད་ཀྱི་དངོས་པོ་བཞག་ནས། འདི་སུ་ལ་ཐེམ་ན་སེམས་པ་་ཡག་པ་ཡིན། སེམས་ངན་ཡིན། བསོད་ནམས་ཅན་ཡིན་ཟེར་ནས་དངོས་པོ་འདྲ་མིན་ནང་དུ་འཇུག རྗེས་སུ་དགུ་ཐུག་འཐུང་སྐབས། སྡུག་ག་དེ་འདྲ་སུ་ལ་འཁེལ་ན་ཚང་མ་གད་མོ་ཐག་ཐག་དགོད་པར་བྱེད། དེ་ནི་ངོ་མ་བྱིས་པའི་རྩེད་མོ་ལྟ་བུ་ཞིག་ཡིན་ནའང་། ཧབ་ཆ་མང་པོ་བརྒྱབ་ནས་སྐྱིད་པོ་འདྲ་ཞིག་ཡོད། དེ་ནས་ནམ་གུང་ཡོད་ན་ཡོད་པ་རེད། མེད་ན་སང་ཉིན་དེ་ལོ་གསར་རེད།
གཉིས་པ། ལོ་གསར།
ཀ བསང་གཏོང་བ།
ལོ་གསར་གྱི་དང་པོ་དང་རྟེན་འབྲེལ་གྱི་མགོ་མ་ལ། ཕོ་སྐྱེས་ཚང་མས་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་རྣམས་ལ། ལོ་གཅིག་ནང་བྱ་བ་ལམ་འགྲོ་ཡོང་བ་དང་བར་ཆད་མ་ཡོང་བ། དགྲ་བོའི་བུ་རྟ་ཆམ་ལ་འབེབས་ཤིང་རང་གི་བུ་རྟར་ཁ་འཛིན་དགོས་པའི་བཀའ་བསྒོ་དམ་བཞག་མཛད་ཀྱི་འདུག སྟག་ཤར་གཞོན་ནུ་ཞིག་ཡིན་ན་ཕལ་ཆེར་བསང་འབོད་མི་ཤེས་མཁན་ཞིག་ཡོད་པ་མ་རེད། སྐད་སྙན་མོ་ཅན་ཞིག་གིས་སྐད་ལ་བརྒྱབ་ནས་བསང་འབོད་བྱས་ན་ངོ་མ་སྙན་པོ་འདྲ་ཞིག་ཡོད། ངེད་ཚོ་སློབ་གྲྭ་བ་ཚོས། མཆོད་ཨོྃ་མ་ཧྰུྃ་ཟེར་བ་ཙམ་ལས། བསང་འབོད་སྙན་མོའི་དབྱངས་ལ་དྲངས་ནས་ལྟ་སྤྱོད་ལ་རྒྱག་མི་ཤེས་པས་ཉམས་དམའ་བོའི་ཚོར་བ་འདྲ་ཞིག་སླེབས་ཀྱི་ཡོད། བསང་འབོད་བྱེད་སྟངས་དེ། མི་རེ་རེ་ལའང་ཅུང་ཟད་མ་འདྲ་བ་ཞིག་འདུག བསང་འབོད་ནང་། གཞི་བདག་གནས་བདག་རེ་རེ་བཞིན་དུ་བསྟོད་པ་འཐེན་ཞིང་བཀའ་བསྒོ་བྱེད། དཔེ་བཞག་ན། ཀླུ་ཀླུ་མོ་སྟོང་གིས་བབསྐོར་བའི། ཀླུ་རྒྱལ་ཨ་མྱེས་ཆབ་བྲག། སྔོན་སྟོན་པ་བྱོན་པའི་ཞལ་མཐོང་ཅིག་ཅིག་ཉིག་ཉིག་ཟེར་བ་ལྟ་བུ། བཙན་མགོན་ནོར་བུ་དགྲ་འདུལ་ལ་འབོད་སྐབས། རི་ནོར་བུ་འཕྱུར་འདྲའི་ནང་རོལ་དུ། འབུམ་པའི་རྒྱ་རྩ་ཞལ་དཀར་ཁྱོད།། འཁོར་དང་བཅས་པ་གཤེགས་སུ་གསོལ། ཟེར་ནས་མང་པོ་ཞིག་བཤད་རྗེས། ཨ་བཙན་མགོན་ནོར་བུ་དགྲ་འདུལ། མྱི་མང་ནང་གི་ཁ་ལྕེ་དག་དགོས། དགྲ་འཐབ་པའི་ཉིན་མོ་ལག་མྱུར་དགོས་ཟེར་བ་ལྟ་བུ་བཤད་རྒྱུ་ལུང་པ་གང་འདུག་ཀྱང་དེ་ཕྱོགས་ལ་ཁ་ཏ་མདའ་ཡིན་མང་པོ་ཅང་མི་ཤེས། འགའ་རེ། ནམ་གུང་ངམ་ཉི་ཤུ་དགུའི་དགུང་མོ། ཕོ་གསར་གཞན་པ་ཚོ་དང་མཉམ་དུ་རི་བསང་ལ་འགྲོ། རི་བསང་ནི། རང་གི་ས་ཆའི་གནས་རི་རྩ་ཆེན་དང་གཞི་བདག་གནས་སའི་རི་མགོར་ཕྱིན་ནས་བསང་གཏོང་བ་ལ་ཟེར།
དེ་ནས་ནམ་དཀར་མ་དཀར་ཞིག་ལ་བུད་མེད་ཚོ་དཀར་ཆུ་ལེན་གྱི་འགྲོ་གི་འདུག ཡིན་པ་དེ་ལོ་གསར་གྱི་ཆུ་དང་པོ་དེ་ལེན་དུ་འགྲོ་བ་རེད། དེ་ལ་དཀར་ཆུ་ཟེར། དཀར་ཆུ་ཟེར་དོན་ཅི་ཡིན་མི་ཤེས། དེ་ནས་ལོ་གསར་གྱི་སྡེར་ཁ་བསྒྲིགས་ཕྱི་ནང་གི་ལས་ཀ་ཡོངས་སུ་འགྲུབ་རྗེས། ཆུ་དང་འོ་མ་བསྲེས་པའི་ཆུ་དཀར་ཞིག་གིས་གདོང་དང་ལག་པ་བཀྲུས་ཏེ་ལོ་གསར་གྱི་མགོ་འཛུགས། ད་བྲིས་ནས་ཐང་ཆད་སོང་། ལོ་གསར་ཇི་ལྟར་རོལ་སྟངས་འབྲི་ཐུབ་ཀྱི་མི་འདུག རང་གི་ནང་མི་ཚོས་ཟ་མ་མཉམ་དུ་ཟོས་རྗེས། ཕོ་སྐྱེ་ཚོ་རྟ་ཞོན་ནས་རི་ཉུག་ག་འགྲོ་གི་རེད། རི་ཉུག་ནི་མི་ཚང་གཞན་དང་གཞན་ལ་ལོ་གསར་ལ་འགྲོ་བར་ཟེར། ཕོ་གསར་ལྔ་དྲུག་ནས་བཅུ་བཅོ་ལྔ་བྱས་ཉིན་གང་། རྟ་རྒྱུགས་འཐེན། ཆང་འཐུང་། ཉུག་ཐུབ་ཚད་ཅིག་ལ་ཉུག་ནས་ཕྱི་དྲོ་ཞིག་ལ་ཐང་ཆད་ཡང་མིན་ན་ར་བཟི་ནས་ནས་ནང་ལ་ལོགས་ཡོང་པ་རེད། ད་གྲོད་ཁོག་ལྟོགས་སོང་། མཚམས་འཇོག་གི་ཡིན། དེ་ཙམ་གྱིས།
dhatsenpaལགས་ཀྱིས་ཟླ་ཚེས་February 3rd, 2011 ལ་ གསར་འགྱུར།,རྩོམ་རིག སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
རྒྱ་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས།
https://www.khabdha.org/?p=15951
དེ་རིང་ནི་རྒྱ་ལོའི་ཚེས་གཅིག་གི་ལོ་གསར་རེད། ཉི་ཤར་གྱི་དང་པོ། རྟེན་འབྲེལ་གྱི་མགོ་མ་འདིར། ངས་ཐོག་དང་པོར། ཉིན་འདིར་ལོ་གསར་གཏོང་བཞིན་པའི་འཛམ་གླིང་ཕྱོགས་མཐའི་སྐྱེ་ཕོ་མོ་ཐམས་ཅད་དང་། ལྷག་པར་དུ། དུས་བཟང་ཚེས་བཟང་འདིར་ལོ་སར་བཞིན་པའི་མདོ་ཁམས་ཀྱི་བོད་མི་ཡོངས་ལ། ལོ་འདིར། མི་ལ་ན་ཚ་གོད་ཁ་མེད་པར། ཞིང་ཕྱུགས་ལོ་ལེགས་ཡོང་པའི་སྨོན་ལམ་འདེབས།
ལོ་གསར་ལ་ནི། ད་ལྟ་འཛམ་གླིང་སྤྱི་ཡོངས་ཀྱི་ལོ་གསར་ཞིག རྒྱལ་ཁབ་རེ་ལ་ལོ་གསར་མི་འདྲ་བ་རེ་ཡོད་པ་ལྟར་རེད། ལོ་གསར་འདི། ང་ཚོའི་བོད་ལ་མཚོན་ན། དམིགས་བསལ་གྱིས་མ་འདྲ་བ་ཞིག་རེད། དེ་ནི་བོད་གཅིག་པོའི་ནང་ལ། ལོ་གསར་གྱི་དུས་ཚེས་མི་འདྲ་བ་དུ་མ་ཞིག་ཡོད་པ་རེད། དེ་ཡང་་རིག་གཞུང་ཕུན་སུམ་ཚོགས་པའི་རྒྱུ་ལས་མ་འདས། ལོ་གསར་མ་འདྲ་བ་དུ་མ་ཡོད་པའི་ནང་གི་གཅིག་ནི། དེ་རིང་དེ། རྒྱ་ལོའི་ཚེས་གཅིག་གི་ལོ་གསར་འདི་རེད། འདི་ནི་ཨེ་ཤར་གླིང་གི་ཡོངས་ཁྱབ་ཆེས་ཆེ་བའི་ལོ་གསར་དེ་ཡིན་པ་མ་ཟད། བོད་ནང་ལ་མཚོན་ནའང་། མི་གྲངས་ལ་དཔག་ན། ཕལ་ཆེར་ཨང་དང་པོ་དེ་ཟིན་མེད་ནའང་གཉིས་པ་དེ་ཟིན་ཡོད་པར་ཐེ་ཚོམ་མེད་པ་ཞིག་རེད། བོད་ནང་ལོ་གསར་མ་འདྲ་བ་དུ་མ་ཡོད་པའི་ནང་ནས་གོ་གནས་ཆེ་ཤོས་གྲས་ཟིན་པའི་ལོ་གསར་འདིར་རྣམ་རྟོག་བརྩི་བ་ལས་རང་ཉིད་ལ་རྣམ་རྟོག་བརྩིས་ན་འཚམས་ཤོས་རེད།
བོད་ལ་ལོ་གསར་གྱི་དུས་ཚེས་མ་འདྲ་བ་མང་པོ་ཞིག་ཡོད་པ་དེ་བཞིན་དུ། ལོ་སར་སྟངས་ཀྱི་གོམས་སྲོལ་ཡང་མ་འདྲ་བ་མང་པོ་ཞིག་ཡོད་པ་ལྟར་རེད། བོད་མི་འདུས་སྡོད་མང་སར་ལོ་གསར་ཡང་གྲ་རྒྱས་ཤིང་ཕུན་སུམ་ཚོགས་པོ་ཡོད་པ་རེད། དེ་མིན་ངའི་ཕ་ཡུལ་ལྟ་བུའི་འབྲོག་ཁུལ་དུ། གནས་སྟངས་ཀྱི་དབང་གིས་དེ་འདྲའི་གྲ་རྒྱས་པོ་མེད་ནའང་། སྣང་བ་སྤྲོ་བོ་དང་སྐྱིད་པོ་ཡོད། ང་ཆུང་བའི་དུས་ཀྱི་ལོ་གསར་དག་ཕལ་ཆེར་རིག་གསར་གྱི་སྐབས་ཤིག་ལ་ཁེལ་ཏེ་དུས་བདེ་གནས་འཇམ་ཞིག་མིན་ནའང་། ཕལ་ཆེ་བར་ལོ་གསར་གྱིས་ང་ལ་བག་ཆགས་གཏིང་ཟབ་དང་དགའ་སྣང་ཞིག་བཞག་འདུག་པས། ལོ་གསར་སྐབས་སུ། ནམ་ཡིན་ནའང་། དྲན་པའི་འཇོལ་མོ་འགོག་མེད་བྱིས་དུས་སུ་འཕུར་འགྲོ།
ངའི་དྲན་པའི་ནང་གི་ཆེས་ཐོག་མའི་ལོ་གསར་དེ། ཞེ་དྲག་སྤྲོ་སྣང་སྐྱེ་དགོས་པ་ཞིག་མིན། ད་ལྟའང་ཟ་མ་ཟི་དང་རབ་རིབ་ཅིག་དྲན་གྱི་འདུག དེའི་སྐབས་ཕལ་ཆེར་ང་ལོ་ལྔ་དྲུག་ཅིག་མིན་ནམ། ངེད་ཚང་གི་རུ། རི་མཐོན་པོ་ཞིག་གི་རྩར་ཁེར་འབབ་བྱས་འདུག ཁྱིམ་མཚེས་དེ་འདྲ་གཅིག་ཀྱང་མི་འདུག ལོ་གསར་གྱི་སྔ་དགོང་ནུབ་མོ་དེར། ངེད་ཚོ་བཟང་མི་ཚང་མས་གུར་ནང་། མེ་དམར་ཆིལ་ཆིལ་ཞིག་བུས་ནས། ཟས་ཞིམ་པོ་ཁ་ལ་ཟ་ཞིང་། ཧ་ཧ་ཧོ་ཧོའི་ངང་བསྡད་ཡོད་པའི་སྐབས་ཤིག་ལ། ཕྱི་ལོགས་སུ། ཁྱེད་ཚང་གི་མི་ཚང་མ་སྒོ་བུད་ཟེར་ནས་སྐད་རྒྱག་པ་གོ་བ་དང་། དང་པོར་ཨ་མ་དང་། དེ་ནས་ཨ་ཕ། ཨ་ཀ་བཅས་གཅིག་འཕྲོ་གཅིག་བྱས་ནས་སྒོ་བུད་སོང་། ང་ཡང་བྱིས་པའི་མཚར་སྣང་ཞིག་དང་བཅས་ཁོང་ཚོའི་རྗེས་སུ་དེད་ནས་སྒོ་བུད་པ་ཡིན། ནག་ཁུང་ནང་ནས་མི་སུ་ཞིག་ཡིན་མིན་ངོས་མི་ཟིན་ཡང་། གུར་ནང་གི་མེ་འབར་བའི་འོད་དེ། ཕྱེས་ཡོད་པའི་གུར་སྒོ་བརྒྱུད་ཕྱི་ལ་འཕྲོས་ཡོད་པ་ལས། རྟ་ཞོན་དང་གཡག་ཞོན་སྐོར་ཞིག་གིས་ངེད་ཚང་སྐོར་འདུག་པ་མཐོང་། མི་དེ་ཚོས། ཆི་ཟིག་རེད། ལྟོས་ར་ཟེར་བ་ལྟ་བུ་དང་། གཅིག་གིས་ནས་རེད་ཟེར་བ་ལྟ་བུ། བསང་སུས་ཧུད་ནི་རེད། ཁས་ལོངས་ཟེར་ལྟ་བུ་རེ་ལས་བྱིས་པ་ཆུང་ཆུང་ཡིན་ཙང་དྲན་ཡུལ་དུ་མི་འདུག
ཁོ་ཚོར་ལན་འདེབས་མཁན་ངའི་ཨ་མ་རེད། ངས་ཞི་ལིར་བསང་ཧུད་བཅུག་ནི་ཟེར། ངའི་ཕུ་བོ་ནི་ང་ལས་ལོ་གཅིག་གིས་ཆེ། དེ་སྐབས་ལོ་བདུན་ལ་སླེབས་ཡོད་མེད་ཅིག་ཡིན་རྒྱུ་རེད། དེ་ལྟར་ཡར་བཤད་མར་བཤད། ཕར་བཤད་ཚུར་བཤད་མང་པོ་ཞིག་བྱས་མཐར་ཁོ་ཚོ་བུད་སོང་།
ཕྱི་ཉིན་ནམ་ལངས་མ་ལངས་ཤིག་ལ། ངའི་ཨ་མས་ང་ཚོའི་གཉེན་ཉེར་འགྲོ་བའི་ཏོས་ཀྲང་ངམ་རུ་དཔོན་བུད་མེད་བསོ་ཇོ་ལ་ལོ་སྐལ་ལམ་རྔན་པ་ཞིག་ཁྱེར་ནས། གནམ་རྡོ་མགོ་ལྷུང་མ་ཡོང་བའི་ཆེད་ཁ་ཡག་བཤད་དུ་ཕྱིན་སོང་། ཨ་མ་དགའ་ནས་ཕྱིར་སླེབས་སོང་། བསོ་ཇོ་ལ་ལོ་སྐལ་བསྐྱལ་བས་དགའ་འདུག འོར་གི་ནས། དེ་མོ་དེ་མ་བྱེད་ཟེར་གི་ཟེར།
ཡིན་ནའང་། ངའི་ཨ་མས་ཨ་ཀ་ལ་བསང་ཧུད་འཇུག་རྒྱུ་དེ་འཆར་ཅན་འདྲ་ཞིག་རེད། མཚམས་རེར། ལོ་གསར་སྐབས། རི་མཐོན་པོའི་མགོ་ན་སོ་ལྟ་བྱེད་མཁན་ཡོད་པ་རེད་བསམས་དུས། ཐབ་བསང་ཧུད་འཇུག་གི་རེད། ཐབ་བསང་ནི། མེ་འབར་བཞིན་པའི་ཐབ་ཀའི་ནང་བསང་གཏོང་བ་དེ་རེད། སྤྱིར་བཏང་། རང་ཁྱིམ་གཅིག་པོ་མི་མེད་འབྲོག་སྟོང་ན་ཡོད་སྐབས། བསང་གུར་གྱི་ཕྱི་རུ་ཕུད་འཇུག་གི་འདུག མཚམས་རེར་ལོ་གསར་སྐབས། ངའི་ཨ་མས་བསྙུང་གནས་བསྲུང་གི་འདུག མི་གཞན་པ་དེ་འདྲ་ཡོང་ན་ཁ་ཤོར་འཇུག་གི་འདུག མི་གཞན་པ་མེད་སྐབས་ཡང་སྐྱར་ངག་སྡོམ་གྱི་འདུག
dhatsenpaལགས་ཀྱིས་ཟླ་ཚེས་February 3rd, 2011 ལ་ རྩོམ་རིག སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
སྒྲོལ་མ་ཚེ་རིང་གི་ཡི་གེ
https://www.khabdha.org/?p=15177
སྒྲོལ་མ་ཚེ་རིང་གི་ཡི་གེ་ནི། ཉིན་ཤས་རྗེས་སུ་སྦོ་སི་ཀྲོན་དུ་འཚོགས་རྒྱུའི་བྱང་ཨ་རིའི་སྤྱི་འཐུས་བགྲོ་གླེང་བ་རྣམས་ལ་མཚན་ཐོབ་འབུལ་སྟངས་འདྲ་མཉམ་མ་བྱུང་བ་ལ་བརྟེན། མོས་དེ་གའི་ཚོགས་པར་བཏང་བའི་ཡི་གེ་ཞིག་རེད། ཡི་གེ་དེའི་ངོ་བཤུས། སྤྱི་འཐུས་བགྲོ་གླེང་བྱེད་མཁན་རྣམས་དང་བུད་མེད་ཚོགས་པ། དབྱིན་ཡིག་གི་བོད་ཀྱི་སྲིད་དོན་སྐྱར་ཞིབ་སོགས་ལ་བཏང་འདུག ང་ལ་ཆོས་དབྱངས་བདེ་སྐྱིད་འཚོ་མོའི་གློག་འཕྲིན་བརྒྱུད་འབྱོར་བྱུང་།
བགྲོ་གླེང་བཀོད་སྒྲིག་བྱེད་མཁན་གྱིས་བགྲོ་གླེང་བ་རེ་རེ་ངོ་སྤྲོད་བྱེད་དུས། མིང་ཐོབ་འདི་ལྟར་གནང་འདུག ་་སྐུ་ངོ་བཀྲ་ཤིས་རྣམ་རྒྱལ། སྐུ་ཞབས་ནོར་བུ་ཚེ་རིང་། སྐུ་ཞབས་ཀུན་དགའ་འཕྲིན་ལས། སྐུ་ཞབས་བཀྲ་ཤིས་ཕུན་ཚོགས། བུ་མོ་བདེ་སྐྱིད་ཆོས་དབྱངས།་་ དེ་ལྟར་རེད།
ངས་འདིར། བགྲོ་གླེང་གི་གལ་ཆེ་བའི་ནང་དོན་དྲི་བ་དྲི་ལན་སོགས་ཀྱི་སྐོར་གླེང་རྒྱུ་ལས་འདས་ཏེ། དེའི་སྐབས་ཁོང་ཚོར་མཚན་འབོད་གནང་སྟངས་ཀྱི་ཐ་སྙད་ཆུང་ཚགས་འདི་ཚོའི་སྐོར་གླེང་ན་འདོད་བྱུང་། གཅིག་བྱས་ན། ང་ཚོར་འདྲ་མཉམ་དང་གཅིག་གྱུར་གྱི་མཚན་འབོད་གནང་སྟངས་ཤིག་དགོས་པ་དེ་ཡང་གལ་ཆེན་མིན་པའང་མ་རེད་འདོད།
། གོང་གསལ་གྱི་མཚན་འབོད་གནང་སྟངས་འདྲ་མཉམ་མ་བྱུང་བ་དེ་ཁོང་ཚོ་གཅིག་པོའི་ནོར་འཁྲུལ་ཞིག་མིན་པར་བོད་པའི་སྤྱི་ཚོགས་གང་སར་གནས་ཡོད་པའི་སྤྱི་ཡོངས་ཀྱི་གནད་དོན་ཞིག་རེད། འདིར་དེའི་སྐོར་གླེང་སློང་བའི་རྒྱུ་མཚན་གཙོ་བོ་ཡང་དེ་ཡིས་ཡིན།
གཅིག སྲོལ་རྒྱུན་གྱི་མཐོ་དམའི་དབྱེ་བ་ལས་བྱུང་བའི་གནད་དོན།
གོང་གསལ་ལྟར། བཀྲ་ཤིས་རྣམ་རྒྱལ་ལ། སྐུ་ངོ་སྦྱར་ཡོད་པ་དང་། གཞན་པ། ནོར་བུ་ཚེ་རིང་། ཀུན ་དགའ་འཕྲིན་ལས། བཀྲ་ཤིས་ཕུན་ཚོགས་གསུམ་ལ་སྐུ་ཞབས་སྦྱར་འདུག ཁོང་ཚོ་ཚང་མ་ཕོ་ཡིན་པ་གཅིག་པ་རེད། སྤྱི་འཐུས་འོས་མི་ཡིན་པའང་གཅིག་པ་རེད། ཡིན་ནའང་། སྐུ་ངོ་དང་སྐུ་ཞབས་ཀྱི་མིང་ལ་བརྟེན་རིགས་མ་འདྲ་བ་གཉིས་དབྱེ་བ་ཕྱེ་འདུག ་སྒྲོལ་མ་ཚེ་རིང་གི་ཡི་གེའི་ནང་བཀོད་པ་ལྟར། ་་ སྤྱི་འཐུས་ཀྱི་བགྲོ་གླེང་སྐབས་སུ་ཞིག་སུ་གང་ཞིག་ལས་གལ་ཆེ་བ་མ་རེད།་་ ཅེས་བཀོད་འདུག་པ་ལྟར། ཚང་མར་འདྲ་མཉམ་གྱིས་འབོད་དགོས་པ་དེ་གལ་ཆེན་པོ་རེད་འདོད། གལ་སྲིད། ཆེ་བསྟོད་ཀྱི་མཚན་ཞིག་གནང་གི་ཡིན་ནའང་། ཁོང་ཚོ་ཚང་མ་ཁྱོ་ག་ཡིན་པ་གཅིག་པར་སོང་ཙང་འདྲ་མཉམ་གྱི་མཚན་ཞིག་མ་རྙེད་པའི་དཀའ་ངལ་ཡོད་མ་རེད། འདི་ལྟར་འདྲ་མཉམ་གྱི་མཚན་འབོད་མ་གནང་བ་དེ་བསམ་བཙུགས་ནས་དབྱེ་འབྱེད་བྱས་པ་ཞིག་ཕལ་ཆེར་ཡིན་རྒྱུ་མ་རེད་བསམས། འདི་ནི་ཕལ་ཆེར་གཟབ་ནན་དང་ཞིབ་ཚགས་མ་བྱས་པར་སྲོལ་རྒྱུན་གྱི་རིགས་མཐོ་དམའི་དབྱེ་བ་ལ་གོམས་པའི་དབང་དུ་ཕྱིན་པ་ཞིག་ཡིན་ལས་ཆེ། གང་ལྟར་མཚན་འབོད་གནང་སྟངས་འདི་རིགས་མ་འོངས་པ་ན་གཅིག་གྱུར་དང་འདྲ་མཉམ་ཡོང་རྒྱུ་དེ་གལ་ཆེན་པོར་མཐོང་།
གཉིས། འདྲ་མཉམ་གྱི་ཐ་སྙད་མེད་པས་ཡིན་ནམ།
ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་དེ་གང་མཚམས་ཡར་རྒྱས་ཕྱིན་ཏེ་ཕོ་མོ་འདྲ་མཉམ་གླེང་མཁན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རེད། དེ་དང་མཉམ་དུཕོ་མོ་གཉིས་ལ་འདྲ་མཉམ་གྱི་་མཚན་འབོད་གནང་སྟངས་ཕྱོགས་ལ་ཐ་སྙད་རན་པོ་དང་རྒྱུགས་ཆེ་བ་ཞིག་མ་རག་པའི་དཀའ་ངལ་གསར་བ་རེར་ཕྲད་དང་འཕྲད་མུས་རེད། དེ་ནི་བོད་སྤྱི་ཚོགས་ཀྱི་འདྲ་མཉམ་མེད་པའི་ལོ་རྒྱུས་ཀྱིས་བཞག་པའི་དཀའ་ངལ་ཞིག་ཡིན་པ་འདྲ། དཔེ་མཚོན་ཞིག་དྲངས་ན། བུ་ཞིག་ཡིན་ན་ཁོའི་ཚབ་ལ་ཁོང་འབྲི་ཆོག་ཀྱང་། བུད་མེད་རྣམས་ལ་མོའི་ཚབ་ལ་ག་རེ་འབྲི་དགོས་པ་རེད། ཁོང་མོ་ཟེར་ན་འགྲིག་གི་རེད་དམ། སྔོན་མ་ངས་ཆོས་དབྱངས་བདེ་སྐྱིད་ཁ་བརྡ་ནང་ངོ་སྤྲོད་སྐབས་ཀྱང་། དྲ་གྲོགས་ཤིག་ནས། ཁྱེད་ཀྱིས་མོ་མོ་མོ་མོ་ཟེར་ནས་མཐོང་ཆུང་བྱས་སོང་ལྟ་བུ་ཞིག་བཤད་སོང་བ་དེ་དངོས་དོན་རེད། གོང་དུའང་། ཁྱོ་ག་རྣམས་ལ་སྐུ་ངོ་དང་སྐུ་ཞབས་ཟེར་ནས་བཀོད་ཡོད་པ་རེད། ཆོས་དབྱངས་བདེ་སྐྱིད་ལ་བུ་མོ་ཟེར་ནས་བཀོད་འདུག སྐུ་ངོ་དང་སྐུ་ཞབས་ཀྱི་ཚབ་མཚོན་གྱི་བུད་མེད་ལ་འབོད་སྟངས་རན་པོ་ཞིག་མེད་སོང་བ་རེད་དམ། བུད་མེད་ལ་འབོད་པའི་ཞེ་སའི་ཚིག་རན་པོ་ཞིག་ཕལ་ཆེར་མ་རྙེད་པ་མ་གཏོགས་ཆོས་དབྱངས་བདེ་སྐྱིད་ལ་བསམ་བཙུགས་ནས་དམའ་འབེབས་བྱས་པ་ཞིག་ཡིན་རྒྱུ་མ་རེད་བསམ་གྱི་ཡོད། ལྷ་ལྕམ་ཟེར་བ་དང་སྲས་མོ་སྐུ་ཞབས་ཟེར་བའི་ཐ་སྙད་སོགས་ཀྱི་མཚན་གྱིས་འབོད་སྟངས་ཡོད་ཀྱང་། དེའང་བུད་མེད་ཕལ་བ་ཞིག་ལ་དེ་ལྟར་བོས་ན་དེའང་ཞེ་དྲག་ལན་པོ་དང་རན་པོ་མེད་པ། མ་གོམས་པ་ལྟ་བུ་ཞིག་མི་འདུག་གམ།
སྒྲོལ་མ་ཚེ་རིང་གི་ཡི་གེ་ལྟར། ཚང་མར་རང་རང་གི་མིང་ནས་བོས་པ་ཡིན་ན་འདྲ་མཉམ་བྱུང་འདུག ཞེ་ས་ཅིག་དགོས་པ་ཡིན་ན། རེ་རེའི་མིང་གི་མཇུག་ཏུ། ལགས་རེ་བསྣན་པ་ཡིན་ནའང་། ཕོ་མོ་ཚང་མར་འདྲ་མཉམ་གྱིས་ཁྱབ་ཐུབ་པ་ཞིག་རེད། ད་རྗེས་མ། ཡིན་གཅིག་མིན་གཅིག་མཚན་བསྟོད་གནང་དགོས་པ་ཡོད་ན་འདྲ་མཉམ་གྱི་མཚན་ཐོབ་འབུལ་དགོས་པ་རེད། བུད་མེད་རྣམས་ལ་འདྲ་མཉམ་གྱི་མཚན་འབོད་གནང་བའི་ཐ་སྙད་མེད་པ་ཡིན་ན་གསར་བཟོ་དང་གཅིག་གྱུར་གྱི་ཐ་སྙད་ཅིག་འཚོལ་དགོས་པ་མ་རེད་དམ།
སྒྲོལ་མ་ཚེ་རིང་ལགས་ཀྱི་ཡི་གེ་ཆ་ཚང་གཤམ་དུ་ཡོད་པས་དེར་གཟིགས།
To Boston Association:
As a undecided voter and being a women, I am extremely disturbed to see such a biased introduction listed below. I copied and pasted these names that were written by Boston Association. All the name must be uniform through. སྐུ་ངོ་ is regularly used to respect a higher individual as oppose to སྐུ་ཞབས་ and calling བུ་མོ་ to Dicki la is absolutely unacceptable especially if we are doing our best to give everyone a fair chance to hear their message. During the Chitue debate, no one is more important than other in the eyes of public. Rather than lableling by such a preexisting title, merely introducing them by their name is more like acceptable. Since the first debate is taking in Boston, it is up to the Boston community to make upcoming debate as successful and fairness and as professional as possible. I would like Boston commuinity to set professional example.
སྐུ་ངོ་བཀྲ་ཤིས་རྣམ་རྒྱལ་
སྐུ་ཞབས་ནོར་བུ་ཚེ་རིང་
སྐུ་ཞབས་ཀུན་དགའ་འཕྲིན་ལས་
སྐུ་ཞབས་བཀྲ་ཤིས་ཕུན་ཚོགས
བུ་མོ་བདེ་སྐྱིད་ཆོས་དབྱངས
Sincerely,
Dolma Tsering
concerned tibetan voter
dhatsenpaལགས་ཀྱིས་ཟླ་ཚེས་January 11th, 2011 ལ་ དཔྱད་རྩོམ། སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
བཀའ་སྤྱི་གཉིས་ཀྱི་བྱེད་སྟངས་དེ་རང་དོན་རེད།
https://www.khabdha.org/?p=15027
བཀའ་སྤྱི་གཉིས་ལ་༧རྒྱལ་བ་རིན་པོ་ཆེ་མེད་ན། རང་ངོས་ནས་ལས་ཀ་བྱེད་ཐུབ་པའི་གདེང་ཚོད་དང་སྙིང་སྟོབས་ཡོད་པ་མ་རེད། ག་འདྲ་ཞིག་ཡོང་འགྲོ་བསམ་ནས་ཞེད་སྣང་སྐྱེ་གི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེར་བགྲེས་ཡོལ་མི་གནང་བའི་སྙན་ཞུ་ཕུལ་བ་དེ་མཐར་དེད་ན་རང་དོན་རེད། གནད་ཡོད་མི་ཉུང་ཤས་ཤིག་གིས་བྱས་པ་འདྲ།
རང་ཉིད་སོ་སོ་གཞུང་གི་སྒྲིག་འཛུགས་ནང་ཡོད་པའི་སྐབས་ཐོག་གཅིག་པོ་མ་གཏོགས་ཁོ་ཚོས་བསམ་བློ་གཞན་པ་གཏོང་གི་མ་རེད། གཏོང་རྒྱུའི་འདོད་པ་ཡོད་པ་མ་རེད། ལྷག་བསམ་ཡང་ཡོད་པ་མ་རེད། རང་ཉིད་སོ་སོའི་སྐབས་སྒྲིག་འཛུགས་དེ་ཡག་པོ་ཞིག་བྱུང་བ་ཡིན་ན་མ་འོངས་པར་དེ་རྩ་འཐོར་བྱུང་བ་ཡིན་ནའང་ཁྱད་པར་ཡོད་པ་མ་རེད།
༧རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་སྐོར་འདི་ད་རེས་གཅིག་པོ་མིན་པར་ཐེངས་སྔ་ཕྱི་མང་པོར་གསུངས་པ་རེད། ད་རེས་སྐུ་མཁྱེན། ད་ང་ལའང་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་འདུག ངས་ཀྱང་རྒན་གསོ་བྱེད་གི་ཡིན་གསུངས་ནས་ཞུ་མ་ཎི་ཕྱག་གསུམ་འཚལ་བ་རེད། ངས་བོད་དོན་རྩ་ནས་གཡུག་བཞག་པ་དེ་འདྲ་མ་རེད་ཟེར་ནས་སྦྱངས་བཤད་ཀྱང་རིམ་པར་གནང་བ་རེད།
ཁོང་ཚང་གིས་ད་ཁྱེད་ཚོས་རང་ཉིད་ཀྱི་རྐང་པ་ཐོག་ལངས་པའི་ཚོད་ལྟ་ཅིག་གནང་གསུངས་གི་ཡོད་པ་རེད་དེ། ངེད་ཚོས་ཚོད་ལྟ་ཙམ་ཡང་བྱེད་ཐུབ་གི་མི་འདུག ཁྱེད་རང་གིས་ངེད་ཚོ་རྒལ་བར་སྔར་བཞིན་འཁུར་འགྲོ་རོགས་ཟེར་ནས་ཡར་ཞུ་གི་ཡོད་པ་དང་གཅིག་པ་རེད།
བཀའ་སྤྱི་དེ་ཚོ་རང་དོན་ལ་ཐུག་ན་རྣ་བ་དང་མིག་གཉིས་ཀ་ཡོད་པ་མ་རེད། ཁོང་གི་གལ་བོ་ཆེ་ལ་ནན་ཏན་ཏུ་གསུངས་པའི་གསུངས་དེ་ཚོར་སྣབས་ཕྱིས་ཤིག་གི་བརྩི་མཐོང་ཡང་བྱེད་གི་མ་རེད།
རང་དོན་ལ་ཐུག་ན་ཁོ་ཚོ་སྤྱང་པོ་ཡོད་པ་རེད། འཁྲབ་སྟངས་འདྲ་མི་འདྲ་མང་པོ་ཤེས་གི་རེད། ཁོ་ཚོས་ལས་སླ་པོའི་ཐོག་ནས་༧རྒྱལ་བའི་གསུངས་དང་བོད་མི་མང་པོ་ཞིག་གི་བསམ་ཚུལ་ལ་རྡོག་རོལ་གཏོང་ཐུབ་གི་མ་རེད། དེ་ཤེས་པའི་ཐོག་ནས། ཁོ་པ་ཚོས་ཁོ་པ་ཚོ་རང་ཉིད་ལ་རྒྱབ་སྐྱོར་ཡག་ཐག་ཆོད་བཙལ་ཤེས་གི་རེད། མི་མང་ནང་རྒྱལ་བ་རིན་པོ་ཆེ་མི་རེ་ཟུང་གི་གཏམ་བརྗོད་ལ་འུ་ཐུག་ནས་སེམས་ཤུགས་ཆགས་ནས་དེ་ལྟར་གསུང་དགོས་བྱུང་པ་རེད་ཟེར་ནས་དཀྲོག་གཏམ་ཁྱབ་སྤེལ་བྱེད་གི་རེད། དེ་ནི་ཁོ་པ་ཚོའི་རྒྱབ་རྩ་འཚོལ་སྟངས་ཡོད་ན་མེད་ན་ཞིག་རེད། སུས་གང་ནས་ནམ་དེ་ལྟར་དཀྲོག་གཏམ་སྤེལ་བ་འཚོལ་དགོས་ན་རྙེད་ཐབས་ཁོ་རང་ཡོད་པ་མ་རེད།
མཐའ་མཇུག་ལག་པ་ཕྱིས་ས་ གཞིས་ལུས་མི་མང་བྱས་ནས། ཡར་གསོལ་འདེབས་བྱེད་གི་ཡོད་པ་རེད། ཁྱེད་རང་མེད་ན་ངེད་ཚོས་ལས་ཀ་བྱེད་ཐུབ་ས་མ་རེད། ཡོང་ས་མ་རེད། ཟེར་ནས་ཞུ་གི་ཡོད་པ་མ་རེད། ཁེ་བཟང་དེ་སྐབས་ཐོག་གི་གཞུང་འཛིན་པ་ཚོས་ཟ་གི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེའི་མཚན་ལ་བརྟེན་ནས་གཞུང་གི་འཛིན་སྐྱོང་ལ་ཁ་ཆག་སྣ་རལ་ཡོང་བའི་ཞེད་སྣང་སྐྱེ་དགོས་པ་མ་རེད། མཐའ་མ་གྱོང་རག་མཁན་མི་མང་རེད། གཞིས་ལུས་མི་མང་རེད།
ད་ཕྱོགས་གཞན་ཞིག་ནས་བཤད་ན། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་མང་གི་སེམས་ཤུགས། ཆིག་སྒྲིལ། སྟོབས་ཤུགས་བཅས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་རེད། ཁོང་གིས་འགན་ཁུར་བསྡད་ན་སྐབས་ཐོག་ལ་བལྟས་ན་ཡག་པོ་འདྲ་ཞིག་ཡོད་པ་རེད་དེ། འདི་ནི་སྐབས་ཐོག་ཙམ་མ་གཏོགས་ཕུགས་རྒྱང་རིང་བའི་ཐབས་ལམ་ཞིག་མ་རེད། རང་མགོ་རང་གིས་གཡོག་གི་ཡོད་པ་རེད། རང་མགོ་རང་གིས་བསྐོར་གྱི་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མེད་སོང་བའི་ཉིན་དཀར་དེར་ག་རེ་བྱེད་དགོས་རེད།
དེ་ནི། བྱང་ཨ་རིའི་སྤྱི་འཐུས་འོས་གཞིའི་གྲས་བདེ་སྐྱིད་ཆོས་དབྱིངས་ལགས་ཀྱི་དྲ་ཐོག་ཅུང་ཟད་བཀོད་འདུག་པ་ལྟར། བོད་གཞིས་བྱེས་མི་མང་གིས་ཡིད་ཆེས་བློས་འགེལ་བྱེད་ཐུབ་པ་དང་། སྤོབས་པ་སྐྱེ་ཐུབ་པའི་སྲ་བརྟན་ཕུགས་འཕེར། ཕྱི་གསལ་ནང་གསལ་གྱི་དམངས་གཙོའི་སྒྲིག་འཛུགས་ཤིག་དགོས་པ་དེ་རེད། དེ་འདྲའི་སྒྲིག་འཛུགས་ཤིག་བཟོ་ཐུབ་པ་ཡིན་ན། མི་མང་གི་ཡིད་ཆེས་དང་སེམས་ཤུགས། ཆིག་སྒྲིལ་གྱི་སྟོབས་ཤུགས་དེ་༧རྒྱལ་བ་རིན་པོ་ཆེ་ཞལ་མ་བཞུགས་ཀྱང་། དམངས་གཙོའི་གསང་ནུས་དེ་ལ་བརྟེན་ནས་མུ་མཐུད་ང་ཚོས་ཉར་ཐུབ་གི་རེད་ལ། དེ་ནི་ཕུགས་རྒྱང་རིང་བའི་ཐབས་ལམ་ཞིག་ཀྱང་རེད།
༧རྒྱལ་བ་རིན་པོ་ཆེ་རང་ངོས་ནས་དམངས་གཙོའི་དཔེ་མཚོན་ཞིག་རེད་མ་གཏོགས་དམངས་གཙོའི་འགོག་རྡོ་ཞིག་མ་རེད། ཡིན་ནའང་། ཁོང་གོང་དུ་བཞུགས་བསྡད་པ་ཡིན་ན། མི་མང་གི་ངོས་ནས་རང་གི་རྣམ་དཔྱོད་དང་ནུས་པ་དངོས་སུ་འདོན་རྒྱུར་འགོག་ཤུགས་ཤིག་རང་བཞིན་གྱིས་འཕྲད་ཀྱི་ཡོད་པ་གསལ་བོ་རེད།
བཀའ་སྤྱི་རྣམ་པ་ཚོས་འཚབ་འཚུབ་མ་གནང་བར། ལོ་རེ་ཟུང་ལ་༧རྒྱལ་བ་རིན་པོ་ཆེ་ཟུར་བཞུགས་གནང་ནས་ཚོད་ལྟ་ཞིག་བྱས་ནའང་མི་ཆོག་གམ། ཁྱེད་ཚོ་དེ་འདྲའི་ཞེད་སྣང་སྐྱེ་དགོས་གི་མ་རེད། ༧རྒྱལ་བ་རིན་པོ་ཆེ་ད་རུང་སྐུ་ཟིལ་བ་ཁྲོམ་མེ་གསོན་པོ་དྲོན་པོ་གསུང་ཆོས་གནང་ནས་བཞུགས་འདུག་གི་རེད།
dhatsenpaལགས་ཀྱིས་ཟླ་ཚེས་January 6th, 2011 ལ་ དཔྱད་རྩོམ། སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
བྱང་ཨ་རིའི་སྤྱི་འཐུས་གཅིག་འདི་ན་ཡོད་གི
ཆོལ་ཁ་དང་ཆོས་བརྒྱུད་ཁག་གིས་ད་ལོ་ཞིག་ནས་སྐབས་རྗེས་མའི་སྤྱི་འཐུས་ཀྱི་འོས་གཞི་ཁག་ལ་བགྲོ་གླེང་ཚ་ཚ་འུར་འུར་གནང་གི་འདུག་ཀྱང་། ང་ཚོ་བྱང་ཨ་རི་བ་དག་འཇམ་ཆགས་སེ་བྱེད་པ་དེ་ཅིས་མ་འགྲིགས་པ་རེད། ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་གནས་པའི་བོད་མི་ཚོ་ཅུང་ཟད་རྗེས་ལུས་ཐེབས་སོང་བ་ཡིན་རྒྱུ་མ་རེད། མིན་པའི་སྨོན་ལམ། ད་ནི། ས་ཁོངས་སོ་སོ་ནས་ཐོན་པའི་སྤྱི་འཐུས་ཀྱི་འོས་མི་ཁག་གི་གནས་ཚུལ་དང་ལོ་རྒྱུས་འབྲི་བ། བཅར་འདྲི་དང་བགྲོ་གླེང་སོགས་བྱེད་པའི་དུས་ལ་བབ་མི་འདུག་གམ། ང་ལ་མཚོན་ན། ཆོས་དབྱངས་བདེ་སྐྱིད་ལས་གཞན། བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་གཞིར་ཚུད་པའི་མི་གཞན་པ་དེ་དག་གི་སྐོར་ལ་ཆ་རྒྱུས་ཞིབ་ཚགས་མེད་པས། དེ་དག་གི་གནས་ཚུལ་ཞིབ་ཕྲ་ཤེས་པར་སྒུག་བསྡད་ཡོད་ལ། ངེད་ཚོའི་ས་གནས་ནས་ཡིན་པའི་མཛངས་མ་ཆོས་དབྱངས་བདེ་སྐྱིད་ལས་ཤེས་འཇོན་ལྷག་པ་ཅན་ཞིག་བྱུང་ན་དེ་འདེམས་ཆོག་ཆོག་ཡིན། དེ་མིན་ཆོས་དབྱངས་བདེ་སྐྱིད་བྱང་ཨ་རིའི་སྤྱི་འཐུས་སུ་འདེམས་ཀྱི་ཡིན།
འདིར་དང་པོར། རང་ཉིད་ཀྱིས་འགན་འཁྱེར་ཏེ་གཞན་ལ་མིག་དཔེ་སྟོན་པའི་ཆེད། རང་ཉིད་ལ་ཆ་རྒྱུས་ཅུང་ཡོད་པའི་མཛངས་མ་ཆོས་དབྱངས་བདེ་སྐྱིད་ལགས་ཚང་མར་ངོ་སྤྲོད་གནང་གི་ཡིན། གཞན་དང་གཞན་ལ་ཡང་རང་ལ་ཆ་རྒྱུས་ཡོད་པའི་སྤྱི་འཐུས་ཀྱི་འོས་མི་ཁག་ངོ་སྤྲོད་གནང་རྒྱུར་རེ་སྐུལ་ཞུ་གི་ཡོད། ང་རང་ཀེ་ན་ཊར་སླེབས་ནས་ལོ་བཅུ་གྲངས་ཤིག་འགྲོ་གི་ཡོད། དང་ཐོག་འདིར་སླེབས་པ་ནས་མོ་ངོ་ཤེས་ཀྱི་ཡོད་ལ་མོའི་ཤེས་འཇོན་གྱི་ཚད་ལ་རྒྱུས་མངའ་ཡོད། མོ་ནི། ངས་འདིར་བོད་གཞུང་དམངས་གཉིས་ལ་ཐུགས་ཕན་སོས་གི་རེད་བསམ་པའི་མི་སྣ་ཉུང་ཤས་ཤིག་མཇལ་བྱུང་བ་དེའི་ནང་གི་གཅིག་ཡིན། ད་ལོའི་བཀའ་སྤྱིའི་སྔོན་འགྲོའི་འོས་འདེམས་མ་གནང་བའི་ཏག་ཏག་ཉིན་གསུམ་གྱི་སྔོན་ལ། མོས་ཁ་པར་ནང་། ང་བྱང་ཨ་རི་སྤྱི་འཐུས་ནང་དྭང་བླངས་འཛུལ་གྱི་ཡིན་ཟེར་བ་གོ་བ་དང་། ངའི་ཁ་ནས་རང་བཞིན་མེད་པར་ཐུགས་རྗེ་ཆེ་ཟེར་ནས་ཤོར་སོང་། མོས་དྭང་བླངས་བྱས་མིན་ལ་མ་ལྟོས་པར། སྔོན་འགྲོའི་འོས་འདེམས་སྐབས། ངས་མོ་འདེམས་པ་ཡིན། མོ་སྤྱི་འཐུས་ལ་ལངས་ཀྱི་ཡིན་ཟེར་བ་དེ་གོ་བ་དང་། འདི་གའི་མི་གཞན་པ་ཚོས་ཀྱང་ཕལ་ཆེར་མོ་འདེམས་ཀྱི་ཡོད་པ་འདྲ་ཞིག་གོ། ཡིན་ནའང་། ངེད་ཚོའི་ཕྱོགས་འདིར་འོས་འཕེན་གྱི་ཐོབ་ཐང་ཡོད་མཁན་མི་བརྒྱ་སྐོར་ཞིག་ལས་མེད་པས་མོ་འོས་ཁོངས་སུ་ཚུད་ཐུབ་པར་བསམ་བློ་ཡང་འཁོར་མ་བྱུང་། རྗེས་སུ་བྱང་ཨ་རིའི་སྦྱི་འཐུས་ཀྱི་འོས་ཁོངས་སུ་ཚུད་དེ་འོས་གྲངས་སུམ་བརྒྱ་ཁ་ཤས་ཐོབ་འདུག ས་གནས་རང་གི་བོད་མི་འོས་འཕེན་པའི་གྲངས་འབོར་ལས་ལྡབ་གསུམ་གྱིས་མང་བ་དེ་ཧ་ལས་པའི་མང་པོ་རེད། ས་ཆ་གཞན་དང་གཞན་དུའང་། བོད་དོན་ལ་འབྲེལ་བ་དང་དོ་སྣང་ཅན་ཚོས་མོའི་སྐོར་ཕལ་ཆེར་ཅུང་ཟད་ཤེས་ཀྱི་ཡོད་པ་འདྲ།གཤམ་དུ་མོའི་སྐོར་ལ་གནས་ཚུལ་ཆེས་མདོར་བསྡུས་ཤིག་ཞུ་གི་ཡིན
མོ་ནི་ཀེ་ན་ཊའི་ནང་འཚར་ལོངས་བྱུང་། ད་ལྟའི་བཞུགས་གནས་ཀྱང་ཀེ་ན་ཊ་ལ་ཡིན། སྔ་ཕྱིར་ཨ་རི་དང་ཀེ་ན་ཊ་གཉིས་ཀྱི་ནང་སློབ་གྲྭ་ཆེན་མོ་གསུམ་འགྲིམས་ཤིང་། ཀེ་ན་ཊ་ནང་སྐད་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ་མེ་གྷལ་ནས། རྒྱལ་སྤྱིའི་ཚོང་དང་ཁྲོམ་རའི་ཐོག་བྷི་ཁམ་གྱི་ཕྱག་འཁྱེར་དང་། ཨ་རིའི་ཨིན་ཊི་ཡ་ན་སློབ་གྲྭ་ཆེན་མོ་ནས། ཤར་དཀྱིལ་ཡོ་རོབ་ཨེ་ཤི་ཡའི་ཐོག་རབ་འབྱམས་པ། གཞན་གྷེལ་ཧྥི་སློབ་གྲྭ་ཆེན་མོའི་ནས། སྤྱི་ཚོགས་ཚན་རིག་ཐོག་རབ་འབྱམས་པའི་ཕྱག་འཁྱེར་ཡོད། མོ་རང་གིས་དབྱིན་སྐད་དང་ཧྥ་སྐད་ཡག་པོ་ཤེས་པའི་ཐོག དབུས་སྐད་དང་ཨམ་སྐད། ད་རུང་རྒྱ་སྐད་ཀྱང་འགྲོ་འདུག་ཟ་འཐུང་གི་སྐོར་ཡག་ཐག་ཆོད་ཤེས་ཀྱི་ཡོད། གལ་སྲིད། ཁྱེད་རང་འདི་ཁུལ་བཞུགས་མཁན་ཞིག་ཡིན་ན། དབྱིན་ཡིག་དང་ཧྥ་ཡིག་གཉིས་ཀའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། མོ་ལ་བོད་དོན་སྐོར་བཅར་འདྲི་ཞུས་པའི་རིགས་ཡང་སེ་མཐོང་པ་དང་ཐོས་ཐུབ།
ངས་ངོས་ནས། མོ་རང་ནུབ་ཕྱོགས་སུ་འཚར་ཞིང་ནུབ་ཕྱོགས་སུ་སློབ་སྦྱོང་ཚད་མཐོན་པོ་གནང་བ། སྐད་རིགས་མང་པོ་ཤེས་པ། ད་བར་བོད་དོན་གྱི་ལས་འགུལ་ཁག་ལ་ཞུགས་མྱོང་བ་བཅས་ཁོ་ནའི་ཆ་ནས་བྱང་ཨ་རིའི་སྤྱི་འཐུས་སུ་འདེམས་འདོད་པ་མ་ཡིན་པར། ད་རུང་བོད་ནང་དང་རྒྱ་ནང་དུའང་། བོད་དོན་ལས་གཞི་ཞིག་ཐོག་ཕྱག་ལས་གནང་ནས་ཡུན་རིང་ཙམ་བཞུགས་པའིཆ་ནས་རྒྱ་བོད་གཉིས་ཀྱི་གནས་སྟངས་དངོས་ལ་མྱོང་རྒྱུས་ཡོད་པས་ཀྱང་ཡིན། ད་རུང་དེའི་ཐོག་རྒྱ་གར་ལའང་སྔ་ཕྱིར་ཕེབས་གནང་ཡོད་པས་རྒྱ་གར་ནང་གི་བཙན་བྱོལ་བའི་གནས་སྟངས་ལའང་རྒྱུས་གང་འཚམས་ཡོད་པ་རེད། དེར་མ་ཟད། བྱང་ཨ་རིའི་འོས་ཁོངས་སུ་སླེབས་པའི་བུད་མེད་གཅིག་པུ་དེ་ཡིན་པ་མ་ཟད། མོ་རང་མོ་ཧྲེང་མི་རྐྱང་རྟ་རྐྱང་ཡིན་པས་བོད་དོན་གྱི་སྤང་ཐང་ཡངས་པོར་རྟ་ཞོན་ནས་རྒྱུགས་རྐྱང་ཡིན་པས་ཀྱང་ཡིན། ཁ་སང་དེ་རིང་། ངས་མོ་བྱང་ཨ་རིའི་སྤྱི་འཐུས་སུ་གདམ་རྒྱུར་ལྷག་ཏུའང་སེམས་ཤུགས་འཕར་གྱི་འདུག་པ་ནི། ད་ལྟ་ནས་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་ཐོབ་པ་དང་། འོས་ཐོབ་པའི་རྗེས་ཀྱི་ཕྱག་ལས་གནང་སྟངས་། མི་མང་ནང་འབྲེལ་བ་བྱེད་སྟངས། ལྷག་པར་དུ། འདི་ཕྱོགས་ཀྱི་གཞོན་སྐྱེས་ཚོ་དང་གཞུང་བར་གྱི་འབྲེལ་བ་ཡག་ཏུ་གཏོང་སྟངས་སོགས་འཆར་གཞི་བཏིང་གི་འདུག་པ་དང་། འདིའི་ཆེད་དུ། དྲ་གནས་ཤིག་ཀྱང་བཟོས་ཚར་འདུག ད་མཚམས་འཇོག་གི་ཡིན། མང་པོ་བྲིས་ན། བསམ་བཞིན་མི་གཅིག་ལ་རྒྱབ་སྐྱོར་དང་བསྟོད་པ་བྱས་བསྡད་ཡོད་པ་འདྲ་བོ་ཡང་འདུག མོའི་ལོ་རྒྱུས་དང་། སྤྱི་འཐུས་ནང་ལངས་པའི་དགོས་པ་དང་དམིགས་ཡུལ་སོགས་མོའི་དྲ་ཐོག་ལ་ཕེབས། འོ། དེ་ཟིག་མིན་ན་བརྗེད་སོང་། མོའི་ཐོག་ཏུ་ཞན་ཆ་གཅིག་མཐོང་བ་ནི། མོའི་བོད་ཡིག་གི་ཤེས་ཚད་ཡག་པོ་མ་རེད། ཚགས་པར་སོགས་ཀློག་ཐུབ་པ་དང་གོ་བ་ལེན་ཐུབ་པ་ཙམ་རེད། ཡིན་ནའང་། བོད་སྐད་ཡག་པོ་ཤེས་ཀྱི་འདུག ཚོགས་ཐོག་དེ་འདྲར་ཡང་བོད་སྐད་བཤད་ནས་འགྲོ་གི་འདུག ཞན་ཆ་ཟེར་ནའང་། ནུབ་ཕྱོགས་སུ་འཚར་མཁན་གཞན་པ་ཚོར་བསྡུར་ན། དགོན་པའི་གསེར་ཏོག་ནང་བཞིན་རེད།
ད་ངའི་རེ་སྒུག་ནི། མོ་ལས་ལྷག་པའི་བྱང་ཨ་རིའི་སྤྱི་འཐུས་གཞན་ཞིག་སུ་ཞིག་ནས་ངོ་སྤྲོད་བྱེད་རྒྱུར་སྒུག་བསྡད་ཡོད།
མོའི་དྲ་གནས། ངོ་དེབ། གློག་ཡིག་ཁ་བྱང་སོགས་དང་མོའི་གནས་ཚུལ་ཆ་ཚང་གཤམ་གྱི་དྲ་བྱང་ཐོག་ཏུ་གཟིགས།
http://www.dickichhoyang.org
dhatsenpaལགས་ཀྱིས་ཟླ་ཚེས་December 2nd, 2010 ལ་ གསར་འགྱུར།,ལོ་རྒྱུས། སྡེ་ཚན་དུ་སྤེལ| ཞུ་དག་བྱོས། |
མདའ་ཚན་པས་དོན་རྒྱལ་གྱི་སྙན་ངག་ཅིག་ལས་དོན་རྒྱལ་ལ་ལྟ་བ།
https://www.khabdha.org/?p=11649
དོན་རྒྱལ་གྱི་བསམ་བློའི་འཁྱེར་སོར་བལྟ་ན། ཁོང་གི་ལྗགས་རྩོམ་རྣམས་ཡག་པོ་ཞིག་ཀློག་ན་ངོ་འཕྲོད་གི་རེད། ཕལ་ཆེར་ངོ་མ་འཕྲོད་པའང་ཡོད་རྒྱུ་མ་རེད། ལྷག་པར་དུའང་། ཁོང་གི་ལྗགས་རྩོམ། ་་འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་་ ཟེར་བ་དེ་ཁོང་གི་ཁོང་ན་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་དེ་ཡིན་པ། རྩོམ་འཇུག་ཏུ། ་་འདི་ནི་ངའི་སེམས་ན་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཡིན་ལ།་་ ཞེས་བྲིས་པས་ཤེས། དེས་ན་ཁོང་གི་སེམས་ཁོང་ན་ལྡིང་བཞིན་པའི་སྙིང་གསོན་དེ་ག་འདྲ་ཞིག་ཡིན་མིན་ལ་རོབ་ཙམ་བལྟས་ན།
གཅིག བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་ལྟ་སྟངས
རྩོམ་དེའི་མགོ་བཙུགས་མ་ཁད་དུ། ་་མཛེས་སྡུག མཚར་སྡུག སྙིང་སྡུག་་ ཅེས་དབུ་བཙུགས་ཡོད་པ་རེད། མཛེས་སྡུག མཚར་སྡུག སྙིང་སྡུག་དེ་ག་རེ་ལ་ཟེར་གི་ཡོད་པ་རེད་ཟེར་ན། དེའི་གཤམ་དུ། ་་སྲིད་པ་ཆགས་པའི་ཚུན་ཆད་དུ་་ བོད་མི་རིགས་ཀྱིས་གསར་བཏོང་གནང་ཡོང་བའི་ ་་ཡིད་དུ་འོང་བའི་ལོ་རྒྱུས་ཀྱི་བྱུང་བ་དང་། སྙིང་དུ་སྡུག་པའི་བཀའ་བསྟན་གྱི་མཛེས་མ། བརྗེད་པར་དཀའ་བའི་ཤེས་བྱ་ཡི་བང་མཛོད་ཅི་འདྲའི་མང་པོ་ཞིག་བྱུང་ཡོད་པ་རེད་ཨང་་་ ཟེར་ནས་བཤད་ཡོད་པ་རེད། དེ་ཡང་། བོད་ཀྱི་འདས་པའི་ལོ་རྒྱུས་དེ་ཡིད་དུ་འོང་བ་ཞིག་དང་། བོད་ཀྱི་བཀའ་བསྟན་གཉིས་སྙིང་དུ་སྡུག་པའི་མཛེས་མ་ཞིག བོད་ཀྱི་ཤེས་པར་བྱ་བའི་རིག་པའི་གནས་བཅུ་དེ། བརྗེད་པར་དཀའ་བ་ཞིག་ལ་ངོས་བཟུང་ཡོད་པ་རེད།
་་ལང་ཚོའི་རྦབ་ཆུ་་ ནང་ཡང་། རིག་པའི་གནས་བཅུའི་མིང་རེ་རེ་ནས་སྨྲོས་ཤིང་། བོད་ཀྱི་གཞོན་ནུ་རྣམས་ལ་དེ་དག་རེ་རེ་ནས་བརྒྱུད་འཛིན་དང་སློབ་སྦྱོང་བྱེད་དགོས་པར་དངོས་སུ་སྐུལ་བ་བྱས་ཡོད་པ་རེད།
འདི་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཆེད་དུ་ཁོང་གི་ཁོང་ན་མཆོངས་ལྡིང་ཙམ་མིན་པར་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་དེ་དང་ཆབ་ཅིག་ད་རུང་ཁོང་གི་རྣ་ལམ་ན་ནམ་ཡང་འཇགས་པ་མེད་པའི་སྒྲ་དབྱངས་ཤིག་གྲག་བཞིན་པ་ནི།
་་སྔོན་གྱི་ཚེ་ན། ཤ་གཟན་གདོང་དམར་བོད་ཀྱི་དམག་དཔུང་ཞེས། སྙན་གྲགས་ཀྱི་བ་དན་དགུང་དུ་བསྐྱོད་མྱོང་ལ། དཔའ་རྟུལ་གྱི་མཛད་རྗེས་ནི། རྒྱ་གར་འཕགས་པའི་ཡུལ། མ་ཧྰ་ཙི་ནའི་ཁམས། གཞན་ཡང་། བལ་བོ། ཁ་ཆེ། འབྲས་ལྗོངས། འབྲུག་ཡུལ་སོགས་ནའང་། སྤྲིན་གྱི་སྒྲ་དབྱངས་། པི་ཝང་སྒྲ་དབྱངས། དྲི་ཟའི་གླུ་དབྱངས། དབྱངས་ཅན་གླུ་དབྱངས་ཇི་བཞིན་སྒྲོགས་བཞིན་པ་ཁྱེད་ཀྱིས་ཨེ་ཚོར་་ཞེས་བཙན་པོའི་སྐབས་ཀྱི་མཛད་འཕྲིན་དག་གཞན་ལ་དྲན་གསོ་བཏང་ཡོད་པ་རེད། འདི་དག་ལས་ཁོང་གི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འདས་པའི་ལོ་རྒྱུས་ལ་ལྟ་སྟངས་རོབ་ཙམ་རྟོགས་ཐུབ།
གཉིས། གསར་བཏོད་ཀྱི་བསམ་བློ།
མུ་མཐུད་དུ་མར་ཀློག་ཕྱིན་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་འདས་པའི་ལོ་རྒྱུས་ཀྱིས་ཁོང་ལ་སྤོབས་པ་ཞིག་སྤྲད་ཡོད་པ་ཤེས་ཐུབ་པ་མ་ཟད། ཁོང་གི་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་དེ། དེ་ཙམ་གྱིས་འདོད་པ་ཁེངས་མེད་པར་ད་རུང་གསར་བཏོད་མང་པོ་ཞིག་གི་ཆེད་དུའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པ་མཐོང་། དེ་ཡང་། ་་བསམ་བློ་གསར་པ་ཞིག་དང་། ལྟ་བ་གསར་བ་ཞིག འདོད་ཚུལ་གསར་བ་ཞིག ལུགས་སྲོལ་གསར་པ་ཞིག་་ ཟེར་བ་ནས་མགོ་བཙུགས་ཏེ། དེ་དག ་་སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་སུ་གདན་འདྲེན་རྒྱུ་ནི། བསེ་རུའི་ར་དང་། རུས་སྦལ་སྤུ། མཁའ་ཡི་པད་མོ། ས་ཡི་འཇའ་ཚོན་བཞིན་དཀའ་བ་འདི་ཁྱེད་ཀྱིས་ཨེ་ཤེས་་ ཞེས་དེ་དག་གདན་འདྲེན་རྒྱུར་དཀའ་ས་དེའང་། ་་སྤྱི་ཚོགས་རིང་ལུགས་་ ཀྱི་གངས་ལྗོངས་ཟེར་ནས་སྤྱི་ཚོགས་རིང་ལུགས་ཀྱི་མིང་དངོས་སུ་སྨྲོས་ཡོད་པ་རེད།
འདི་ལྟར། ་་སྤྱི་ཚོགས་རིང་ལུགས་་ ཀྱི་གངས་ལྗོངས་སུ ་་སྔོན་ཐོན་གྱི་སྦྲང་ཆར་ཟིམ་ཟིམ་དུ་འཇོ་མི་ཐུབ་པའི་སྐལ་བ་ཕྲ་ཙམ་གདའ་བ་་ དེའི་རྒྱུ་རྐྱེན་དུ། ་་རྙིང་ཞེན་་ ་་བག་ཆགས་་ ་་བག་འཁུམས་་ གསུམ་ལ་ཐུག་ཡོད་པ་བཤད་འདུག
གསུམ། མཐའ་མཇུག་གི་རེ་སྐུལ།
གོང་དུ་བརྗོད་པ་ལྟར། དང་པོ་བོད་ལ་སྙིང་དུ་སྡུག་པའི་ཆོས་རིག་གཏིང་ཟབ་པོ་དང་ཡིད་དུ་འོང་བའི་ལོ་རྒྱུས་ཡོད་པ་བསྟན་པ་དང་། གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་དེ། རྙིང་ཞེན། བག་ཆགས། བག་འཁུམས་ལ་བརྟེན་ནས་སྔོན་ཐོན་གྱི་གྲལ་དུ་སྙེགས་དཀའ་བ་བཤད། མཐའ་མཇུག ་་ཡིན་ནའང་་ ཟེར་ནས་འབྱུང་འགྱུར་རེ་བ་ཡོད་པའི་ཕྱོགས་ཚིག་དཀྱོག་སྟེ། ་་མི་རིགས་ཀྱི་རེ་བའི་རླངས་པ་ནི་མཁའ་ལ་འཕྱུར་ངེས་པ་་ དང་། ་་གངས་ལྗོངས་ཀྱི་ལ་རྒྱའི་སྤྲིན་སྔོན་ཡང་ལྷོ་ནས་ལྡིང་ངེས་པ་་ ་་ཡུལ་འཁྱར་བ་དང་གནས་སྡོད་པའི་གཞིས་བྱེས་ཀྱང་ལྷང་ལ་འབུད་ངེས་་ ཞེས་བོད་ལ་རེ་བ་ཡོད་པ་དང་། བོད་ཀྱི་ལ་རྒྱ་ཡང་ལྷོ་ཕྱོགས་ནང་ལྡིང་ཡོང་རྒྱུ་ཡིན་པ། གཞིས་བྱེས་མཉམ་འཛོམས་ཀྱི་གོ་སྐབས་འཐོབ་རྒྱུ་ཡོད་པ་བཤད་འདུག ད་རུང་མུ་མཐུད་དུ། བློ་མ་ཕམ། རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པ་བདེན་དུ་ཆུག ཞལ་ལྕེ་ལ་དགའ་གསུམ་དང་འདར་གསུམ་ཡོད་པས། ཁྱོད་ཀྱི་བློ་ཅི་ལ་ཕམ། ཞེས་སྤྱི་ཚོགས་རིང་ལུགས་ཀྱི་གངས་ལྗོངས་ཀྱི་དཀའ་ངལ་དེའང་གནས་སྐབས་ཙམ་ཡིན་པར་བརྗོད ད་རུང་།། སེམས་མ་སྡུག གངས་ཅན་གྱི་གཞོན་ནུ། གསར་གཏོད་ཀྱི་སྟོབས་མེད་ན། དྲང་བདེན་ཟེར་བའང་མེད་ལ། རྒྱུ་འབྲས་ཟེར་བ་ཡང་སྐྱག་རྫུན་རེད་ཅེས་གངས་ཅན་གྱི་གཞོན་ནུ་ཚོར་སེམས་གསོ་གནང་ཞིང་། མཇུག་ཏུ།
ངའི་མིག་ལམ་དུ་སྣང་བ་ནི། བདེ་སྐྱིད་ཀྱི་བདུད་རྩི་ཡིན་པ་དང་།
ངའི་རྣ་ལམ་དུ་ད་ལྟའང་ད་དུང་འགེངས་པ་ནི། མ་འོངས་པའི་འཚོ་བ་ཡིན།
འདི་ནི། ངའི་སེམས་ན་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཡིན་ལ།
འདི་ནི། ཕལ་ཆེར་ཁྱེད་རང་ཚོའི་སེམས་ན། དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཡིན་ཀྱང་སྲིད་ཟེར་ནས་མཇུག་བསྡུས།
dhatsenpaལགས་ཀྱིས་ཟླ་ཚེས་September 5th, 2010 ལ་ དཔྱད་རྩོམ། སྡེ་ཚན་དུ་སྤེལ|
མང་པོ་མང་པོ་ཞིག་་་་
https://www.khabdha.org/?p=10931
གཡུ་རྩེ།
སྐྱིད་སར་དགོན་པ་མང་།
མཐོ་སར་ལ་བཙས་མང་།
བར་ལ་དད་ལྡན་མང་།
ཀུན་ཏུ་ཨ་མཆོད་མང་།
དབུས་པ་ཁ་བདེ་མང་།
མི་འཇོན་སྤྲེད་ལད་མང་།
གཙང་བ་མགོ་བདེ་མང་།
ཁེ་ཕོགས་བཟའ་ཤེས་མང་།
བྱང་བ་འཕྱོར་བོ་མང་།
བྱི་ལ་སྟག་བརྫུས་མང་།
སྟོད་པ་དྲང་མོ་མང་།
ནང་ཁོག་གྲུང་པོ་མང་།
ཁམས་པར་བླ་གྲྭ་མང་།
གཏེར་སྟོན་གྲུབ་ཆེན་མང་།
ཡིག་ངོ་མི་ཆོད་མང་།
རྒྱབ་རྩ་སྦྱིན་བདག་མང་།
ཨ་མདོར་ཁྲོན་པ་མང་།
ནང་ལ་སྦལ་ལྕོང་མང་།
ཀོ་བ་རློན་མཉེ་མང་།
གཡག་ཞར་རྩྭ་ཟན་མང་།
བླ་མ་ཀྲོག་ཀྲོག་མང་།
རྒྱ་མོའི་རིགས་མ་མང་།
གྲྭ་བ་ལྡོམ་པོ་མང་།
གསང་བའི་སྡོམ་ཤོར་མང་།
ཕོ་གསར་རྒྱན་ཤོར་མང་།
མོ་གཞོན་ལས་ཤོར་མང་།
རྒད་པོ་སྐྲག་ཤོར་མང་།
རྒན་མོ་བུ་ཤོར་མང་།
མཁས་པ་རྐུན་མ་མང་།
ལག་ཁྱེར་བཅོས་མ་མང་།
ཐོབ་ཐང་གཡར་མ་མང་།
ཡིན་མདོག་ཁ་པོ་མང་།
བརྙན་འཕྲིན་གསར་འགྱུར་མང་།
ཆེ་ཚུལ་མཐོ་ཚུལ་མང་།
རླུང་འཕྲིན་བརྡ་ཁྱབ་མང་།
བཟང་རབས་རྒྱན་རབས་མང་།
གསར་རྙིང་རྩད་རྩོད་མང་།
རིག་པ་འཕྲལ་འཕྲུལ་མང་།
སྣང་བ་བན་བུན་མང་།
དགག་ཡིག་ཐན་ཐུན་མང་།
དྲ་ཚུགས་དུས་དེབ་མང་།
དྲ་རྩོམ་ཡིག་ནོར་མང་།
ཐ་སྙད་བསྒྱུར་སྟངས་མང།
གོ་རྒྱུ་མེད་པ་མང་།
དཔོན་པོ་ཧེབ་རྒན་མང་།
དཔོན་ཕྲུག་ཡོག་ལུ་མང་།
མགོ་སྣ་མཚར་མཚར་མང་།
སྒལ་ཚིགས་སྙི་མོ་མང་།
ཚོང་བ་གཤོབ་རྐྱལ་མང་།
ཁ་བདེ་ལྕེ་བདེ་མང་།
སྐད་ཆར་ཕྱི་ནང་མང་།
ཆ་འཇོག་མེད་པ་མང་།
ལས་བྱེད་ཚོགས་འདུ་མང་།
རྒྱས་ཟ་རྒྱས་འཐུང་མང་།
ཁ་གཡར་ཁག་དཀྲི་མང་།
ལས་འཛོལ་འཐུས་ཤོར་མང་།
གཞུང་ལ་སྒོར་མོ་མང་།
ལས་གཞི་རྣམ་གྲངས་མང་།
ལྐོག་ཟ་ལྐོག་ལེན་མང་།
གོ་ས་འཕྲོག་རེས་མང་།
དོ་དམ་ལྟ་རྟོག་མང་།
མི་སེར་སྐྲག་ས་མང་།
སོ་པ་ཉུལ་མ་མང་།
མུན་ནག་ལྐོག་རྡོ་མང་།
འབྲོག་པ་ཡིག་རྨོངས་མང་།
བཟའ་རྒྱུ་རྫས་འགྱུར་མང་།
ཞིང་བ་མེད་པོ་མང་།
གོན་རྒྱུ་ཐེད་པོ་མང་།
བྱིས་པ་ཁེར་སྐྱེས་མང་།
ལོ་ལོན་བདག་མེད་མང་།
མཚེར་ཤུལ་སྟོང་བ་མང་།
མི་ཤུལ་ཆད་པ་མང་།
རྒྱ་མཁར་གྲོང་བརྡལ་མང་།
ཇ་སྟོན་ཟས་སྟོན་མང་།
ནང་མ་ཆང་ཁང་མང་།
དོན་ལ་བཤང་ཁང་མང་།
སྐྱེ་བོ་འདྲ་མིན་མང་།
རྒྱ་མིན་བོད་མིན་མང་།
ཕོ་ལུས་མོ་ཁ་མང་།
ཕྱི་མཛེས་ནང་སྟོང་མང་།
ཕྲ་མ་དབྱེན་སྦྱོར་མང་།
ཁྱི་ཚོགས་ནང་དམུར་མང་།
ལས་མེད་དམིགས་མེད་མང་།
ཕུགས་མེད་འཕྲལ་རྩོད་མང་།
ཕྱིར་བསྐོར་ཝ་མོ་མང་།
ནང་ཐུག་སྟག་ཕྲུག་མང་།
བར་བལྟས་ཁྲམ་པ་མང་།
ཕན་ཚུན་དོགས་པ་མང་།
ཁ་ནས་ལྷ་བཞེངས་མང་།
མགོ་ཡོད་མཐའ་མེད་མང་།
སྤྱི་ལ་ཁ་གཡར་མང་།
གཞན་ལ་ཁྱད་གསོད་མང་།
བདག་གཞན་གོ་འཛོལ་མང་།
དགྲ་ངོ་མི་ཤེས་མང་།
ཁ་དཀར་གཏིང་ནག་མང་།
གྲོགས་སེམས་མི་ལོན་མང་།
ཚོང་རྫས་རྫུན་མ་མང་།
ཕྱི་ཐུམ་ཡག་པ་མང་།
སྨན་རིགས་གྲགས་ཅན་མང་།
ནད་ལ་མི་ཕན་མང་།
ཟས་རིགས་དུག་ཅན་མང་།
རྫས་རིགས་འགྱིག་ཅན་མང་།
གཤིས་ལུགས་འབིག་ཅན་མང་།
དམར་ལུགས་གཅིག་ཅན་མང་།
ཁྲིམས་མེད་ལུགས་འགལ་མང་།
བདག་མེད་དབུལ་བོ་མང་།
བཙན་ལ་ཐབས་ཤེས་མང་།
གཉོམ་ལ་སྡུག་གྱོང་མང་།
བདེ་སྡུག་མཐོ་དམན་མང་།
མི་སེམས་ན་ཚ་མང་།
ན་ཚ་འབྲས་སྐྲན་མང་།
མཇེ་ནད་སྟུ་ནད་མང་།
དབྱར་རྩྭ་དགུན་འབུ་མང་།
རྐོ་མཁན་དེ་ལས་མང་།
སྦྲང་ནག་ཙི་ཙི་མང་།
དེ་ལས་ཙི་ན་མང་།
བྲིན་པའི་གཏེར་རྫས་མང་།
ད་ལྟ་ཤོར་བ་མང་།
དྭངས་པའི་གཙང་ཆུ་མང་།
དེ་རིང་རྙོག་པ་མང་།
སྐམ་པའི་མཚེའུ་མང་།
རྫོགས་པའི་ཉ་སྲམ་མང་།
ད་དུང་དེ་ལས་མང་།
བཤད་ནས་ཚར་མེད་མང་།
ང་ལ་བཤད་རྒྱུ་མང་།
ཁྱོད་ལ་འགོག་རྒྱུ་མང་།
ང་ལ་འབྲི་རྒྱུ་མང་།
ཀུན་ལ་གོ་རྒྱུ་མང་།
༢༠༠༧་༠༡ ་༢༡་ལ་གཡར་ཤག་ཅིག་ཏུ།
dhatsenpaལགས་ཀྱིས་ཟླ་ཚེས་August 12th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
མིང་དང་མིང་གི་ཁྱད་ཆོས་གླུ་རུ་ལེན།
https://www.khabdha.org/?p=10595
མགོ་གི་ནམ་མཁའ་སྔོན་པོ་སྔོ་ཐིང་ཐིང་།།
ནམ་མཁའི་ཉི་མ་སེར་པོ་སེར་ལམ་ལམ།།
ཕར་ན་གྲོང་ཁྱེར་ཆེན་པོ་ཁྲ་སྤུངས་སེ།།
སྣང་བ་སྐྱིད་པོ་འདི་ན་དགའ་ཡལ་ལེ།།
མཐའ་ན་མེ་ཏོག་དཀར་དམར་ཁྲ་ཆིལ་ཆིལ།།
གཡས་ན་སྡོང་རྒན་ཆེན་པོ་འདར་སིག་སིག།
གཡོན་ན་གཡུ་མཚོ་སྔོན་མོ་སྔོ་ལྡེམ་ལྡེམ།།
ནང་ན་ངེད་གཉིས་གྲིབ་གཟུགས་ནག་ཡོམ་ཡོམ།།
མདུན་ན་བདུད་རྩི་སྨུག་པོ་དམར་དྭངས་ངེ།།
འཁྲིས་ན་སྙིང་སྡུག་མཛེས་མ་གཉོམ་དུངས་ངེ།
སེམས་ན་སྙིང་གཏམ་ཟབ་མོ་ལྗིད་ཏིག་གེར།།
གསེང་ན་འདོད་པ་ཁོལ་མ་ཚ་སོབ་བེ།།
ཆགས་པའི་བཞིན་མདངས་དམར་མོ་དམར་གོ་རེ།།
འདོད་པའི་མིག་ཟུང་རྣོན་མོ་ཁྲ་གོར་རེ།།
ངག་གི་སྐད་ཆ་སྙན་མོ་འདར་ཁྲུལ་ལེ།།
ནང་གི་འདུན་པ་ཆེན་མོ་གསལ་ལྷང་ངེ་།།
གཅིག་གིས་གཅིག་ལ་འཁྱུད་ན་བཟི་འཐོམས་མེ།།
མཆུ་སྒྲོས་མཆུ་སྒྲོས་ཐུག་ན་དྲོད་ལམ་མེ།།
དབང་བོས་དབང་བོ་རེག་ན་བདེ་ཆམས་མེ།།
ཆགས་པའི་མེ་དཔུང་དྲག་པོ་ཚ་ལམ་མེ།།
གདོང་ན་རྔུལ་བའི་དོག་པ་ཁྲུམ་ཁྲུམ་ཁྲུམ
བྲང་གི་དཀར་ཟླུམ་ནུ་མ་མཁྲེགས་རིལ་རིལ།།
ལུས་ཀྱི་བ་སྤུ་འཇམ་པོ་མགོ་ཟིང་ཟིང་།།
འདོམས་ཀྱི་ཆུ་སྐྱེས་ཆུ་ཅན་བརླན་ནེམ་ནེམ།།
ང་ཡི་ཕོ་མཚན་མཁྲེགས་པོ་ངར་ལམ་ལམ།།
ཤ་ཁུང་བདེ་དྲོད་འབར་བར་མདུང་ཟུག་ཟུག།
བདེ་ཟུག་མ་བཟོད་འཁུན་སྐད་སྒྲ་ལྷང་ལྷང་།།
བདེ་བོ་ཆེན་པོ་རྒྱ་མཚོའི་རླབས་གཡོ་གཡོ།།
དར་ཅིག་དྲན་པ་སྒོ་ཁའི་ནོར་བརླག་བརླག།
ཡུན་ཅིག་ཕྱོགས་བཞི་མ་མཐོང་གཉིད་ཤོར་ཤོར།།
དག་པའི་ཞིང་ནས་ད་ལྟ་རང་སླེབས་སླེབས།།
ནམ་མཁའ་ད་ལངས་ཉི་མ་ད་ཤར་ཤར།།
བྱེའུ་སྙིང་རྗེ་ཁྱུ་གཅིག་དགའ་ཀྲོག་ཀྲོག།
ཌོལ་ཕིན་ཆེན་པོ་ཆ་གཉིས་མྱོ་འཚུབ་འཚུབ།།
ས་འབུ་ནག་རིང་གཅིག་གི་ཡིད་ཚིམ་ཚིམ།།
དགའ་བའི་ལྟད་མོ་མཐོང་མཁན་གཞན་ཨེ་ཡོད།།
dhatsenpaལགས་ཀྱིས་ཟླ་ཚེས་July 30th, 2010 ལ་ མཚར་གཏམ། སྡེ་ཚན་དུ་སྤེལ|
ཞབས་བརྟན་གསོལ་འདེབས་ལྷ་མི་ངོ་ཐུག
https://www.khabdha.org/?p=10048
༧རྒྱལ་བ་རིན་པོ་ཆེ། ཁྱོད་སྐུ་ཚེ་ཞབས་པད་བརྟན་པར་ཤོག
༧རྒྱལ་བ་རིན་པོ་ཆེ། ཁྱོད་སྐྱེ་འཆི་ལ་རབ་དབང་མངའ་ཨེ་ཡོད།
ཁྱོད་སྐྱེ་འཆི་ལ་རང་དབང་མངའ་མེད་ན།
ངའི་གསོལ་འདེབས་འདིའང་དོན་གྱིས་སྟོང་འདུག
རྒྱལ་བ་རིན་པོ་ཆེ། ཁྱོད་སྐྱེ་འཆི་ལ་རང་དབང་མངའ་ཡོད་པར་ཤོག
ངས་འདི་ལྟར་གསོལ་བ་འདེབས་པར་རྒྱུ་མཚན་གཅིག་ལས་མེད།
བོད་ནང་གི་ཁ་རྒན་གཞོན་ཚང་མས།
ཁྱེད་བོད་ལ་ཕེབས་པར་སྒུག་འདུག
ལོ་ལོན་ཚོས་མ་ཤི་སྔོན་ཅིག་མཇལ་ན་བསམ་གོ་གི
གཞོན་པ་ཚོས་གསོན་པའི་རིང་ཅིག་རིག་ན་བསམ་གོ་གི
ས་ཆ་གང་ཞིག་ལ་ཕྱིན་ན།
རྒྱལ་བ་རིན་པོ་ཆེ། ནམ་ཕེབས་རྒྱུ་རེད།?
རྒྱལ་བ་རིན་པོ་ཆེ། ནམ་ཕེབས་རྒྱུ་རེད།?
རྒྱལ་བ་རིན་པོ་ཆེ། ཁྱོད་སྐུ་ཚེ་ཞབས་པད་ཅིག་བརྟན་དགོས་གི
ལྷ་ངོ་མི་ངོ་ཐུག་ནས།
ལྷ་ངོར་ཉི་མ་ཤར་ཤོག
མི་ངོར་་འཛུམ་མདངས་རྒྱས་ཤོག
dhatsenpaལགས་ཀྱིས་ཟླ་ཚེས་July 6th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
སྦྲ་ཡི་ཁུངས་ར་ཡིན་སྲིད།
https://www.khabdha.org/?p=9614
དེ་རིང་ཡང་མི་ངན་པའི་ཁ་བདག་མ་ཐུབ་པར་རྣམ་རྟོག་གི་ཡིག་ཕྲེང་ཁ་ཤས་འབྲི་དགོས་བྱུང་སོང་། དེ་ནི་སྦྲ་གུར་གྱི་སྦྲ་ཡི་ཁུངས་ར་ཡིན་སྲིད་པའི་སྐོར་ཡིན་། བོད་ཡིག་ནང་སྦྲ་གུར་ཟེར་བའི་ཡི་གེ་འདི་ལ། བོད་ཡུལ་ཀུན་ཏུ་སྦ་ཟེར་ནས་ར་བཏགས་མི་ཀློག་མཁན་བོད་ཡུལ་སྟོད་སྨད་བར་གསུམ་གང་ནའང་འདུག ཨ་མདོའི་འབྲོག་ཕྱོགས་མང་པོ་ཞིག་ནས་སྦ་མི་ཟེར་བར་ ར ཟེར། སྟབས་བདེ་བོ་ཞིག་བཤད་ན། ར་བཏགས་ཀྱི་སྒྲ་ཤུགས་ཆེན་པོར་་ཀློག་པ་ལས་ཡོང་བ་ཡིན། དེ་འདྲ་བ་བོད་སྐད་ནང་མང་། ཡ་བཏགས་ཀྱི་སྒྲ་མ་གཏོགས་མི་ཐོན་པ་ཡང་ཡོད། གཞན་གང་ཡང་མ་ཡིན་ནོ་ཟེར་ན་བདེན་མདོག་ཁ་བོ། བློ་ལའང་འཇུག་བདེ་བོ་འདྲ་ཞིག་འདུག་སྟེ། མིང་འདི་མིའི་རིགས་འཕེལ་རིམ་གྱི་ལོ་རྒྱུས་ལ་སྦྱར་ནས་དཔྱད་པ་ཞིག་བཏང་བ་ཡིན་ན་དཔྱད་པ་ཁྱོན་ནས་གཏོང་རིན་མེད་པ་ཞིག་ཀྱང་མིན་པ་འདྲ་སྟེ།
ཆེས་ཐོག་མའི་དུས་སུ། མི་རྣམས་ཀྱིས་གོས་སུ་ཤིང་ལོ་དང་རི་དྭགས་ཀྱི་པགས་པ་གྱོན་ཞིང་རྔོན་བྱེད་ཅིང་འཚོ་བ་རོལ། སྡོད་ས་བྲག་ཕུག་ལ་སྡོད་པ་ཡོངས་གྲགས་ལྟར་རེད།
ད་ང་ཚོས་བསམ་བློ་གཏོང་དགོས་ས་ཞིག་ནི། རྔོན་བྱེད་པ་སོགས་འཚོ་བའི་དགོས་མཁོའི་ཆེད། ས་ཐག་རིང་ཐུང་འདྲ་མིན་ལ་འགྲོ་དགོས་པ་དེ་བཤད་མ་དགོས་པ་ཞིག་རེད། དེའི་སྐབས་སུ། བྲག་ཕུག་སོགས་སྡོད་ས་མེད་སྐབས་ཁོ་ཚོ་ཇི་ལྟར་སྡོད་ཀྱི་ཡོད་པ་རེད་བསམ། དེ་ལྟའི་སྐབས་སུ། ཐབས་ཤེས་གཅིག་རང་གཅིག་ཡོད་པ་ནི། བྲག་སྐྱིབས་དང་གད་པ་སོགས་གྲང་རླུང་གི་འཚེ་བ་ཉུང་ས་ཞིག་ཏན་ཏན་འཚོལ་གི་མ་རེད་དམ།
དེས་མི་ཚད། ད་རུང་རླུང་འགོག་གི་རྡོ་རྩིག་རྒྱག་པ་དང། སེམས་ཅན་གྱི་པགས་པ་སོགས་བརྒྱངས་ནས་ཡོལ་བའི་ཚུལ་དུ་བསྟེན་པ་སོགས་ཐབས་ཤེས་ཤིག་འཐེན་གྱི་མ་རེད་དམ།
ཨ་མདོ་རུ། བྲག་ཁུག་དང་རི་ལུང་སོགས་སུ་མཚན་མོ་ཉལ་དགོས་པ་སོགས་བྱུང་སྐབས། རླུང་འགོག་པའི་ཆེད་སྐབས་འཕྲལ་གྱི་རྡོ་རྩིག་གོར་མོ་རེ་བྱེད་པ་སོགས་ལ་སྐྱོབས་ར་ཟེར། ཡང་དགུན་ཁ་སོགས་སུ། ཕྱི་ལོགས་སུ་རང་ཁྱིམ་གྱི་སྒོ་རུ་ཉི་དྲོད་འཁྱིལ་བ་དང་རླུང་འགོག་པའི་ཆེད། ཕྱ་ར་དང་རས་སོགས་ཀྱིས་ཡོལ་བ་འཐེན་པ་དེ་ལ་ཡོལ་ར་ཟེར།
དེས་ན་གདོད་མའི་མི་རྣམས་ལ་མཚོན་ན། སྐྱོབས་ར་དང་ཡོལ་ར་ནི་སྦྲ་མ་བྱུང་སྔོན་གྱི་སྦྲའམ་རྭ་ཡི་ཁུངས་དང་། ད་ལྟའི་ར་བ་དང་ར་སྐོར་གསར་བཏོད་ཀྱི་རྨང་གཞི་ཡང་ཡིན་པར་འདོད།
འདི་ལྟར་བཤད་ན། དྲ་གྲོགས་འགའ་རེས། དེས་ན་ར་མི་འབྲི་བར་སྦྲ་ཅིའི་ཕྱིར་བྲིས་པ་རེད་ཟེར་ན། རོགས་དང་གྲོགས་ཀྱི་ཚིག་འདི་ཁོ་ན་ལས་ང་ལ་འཁྱེར་ཡོང་རྒྱུ་ཅང་མ་རྙེད། ཨ་མདོ་རུ། ཁ་སྐད་དུ། རོགས་ཟེར་བ་མ་གཏོགས་གྲོགས་ཟེར་བ་གོ་མ་མྱོང་།
ཐོག་མའི་དུས་ཀྱི་སྐྱོབས་རའམ་ཡོལ་ར་ཆུང་ཆུང་དེ། རིམ་པས་དུས་ཚོད་དང་ཤེས་རིག་དར་རྒྱས་ཀྱི་འཕེལ་རིམ། སྐད་ཀྱི་འཕེལ་རིམ་སོགས་དང་བསྟུན་ནས་ཡལ་ག་གཉིས་སུ་གྱེས་པའི་ཡལ་ག་གཅིག་ནི། ཡུལ་སྐད་ལ་ལར་སྦ་དང་ལ་ལར་ར། ཡིག་སྐད་དུ་སྦྲ་ཟེར་བ་དེ་དང་། གཞན་པ་དེ་ནི། ཡོལ་རའམ་སྐྱོབས་ར་ནས་རྒྱ་ཆེ་རུ་ཕྱིན་ཏེ་ར་བའི་མིང་དུ་འཕེལ་བ་དང་། དེ་ནས་འཕེལ་ཏེ་གྲྭ་ཟེར་བར་ཆགས་པར་སྙམ། རྣམ་རྟོག་འདི་འདྲ་མཁས་པའི་མདུན་དུ་ཤིན་ཏུ་ནས་ཀྱང་མི་མཛའ་མོད། ཁོག་ནང་གི་མི་གཙང་བ་དང་ཀླད་པའི་ནང་གི་མི་གཙང་བ་དེ་ཚོ་ཕྱི་ལ་བཏོན་པ་ཡིན་ན་གཟུགས་ཁམས་བདེ་བའི་ཁྱད་ཅུང་ཟད་འདུག
dhatsenpaལགས་ཀྱིས་ཟླ་ཚེས་June 14th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
བ་སྒྲའི་འཕྲོས་བཤད་དང་བོད་ཀྱི་མི་རྒྱུད་བྱང་ནས་ཆད་པའི་ཁ་གསབ།
https://www.khabdha.org/?p=9580
བོད་ཀྱི་སྒྲ་ཝོད་ཀྱང་མ་རེད་ལ་འོད་ཀྱང་མ་རེད། བ་དང་ཝ་དང་འ་དང་གསུམ༎། ཆུང་བྱིས་པ་ཡིན་ཡང་ཁ་ཁ་རེད། ཡིན་ནའང་། བོད་ལ་བོད་ཟེར་ནས་མི་འབོད་པར། ང་ཚོ་འོད་ཟེར་མཁན་ཨ་མདོ་མཚོ་ལྷོའི་ཁུངས་ཡོད་པ་རེད། དེ་ལ་གཞིར་བྱས་ནས། ཆབ་འགག་རྡོ་རྗེ་ཚེ་རིང་གིས་བོད་ཀྱི་ཐ་སྙད་འདིའི་འབྱུང་ཁུངས། འོད་གསལ་ལྷ་ཡི་གདུང་རྒྱུད་ནས་ཆད་པ་ལ་ཁུངས་གཏུགས་པའི་དཔྱད་བརྗོད་ཤིན་ཏུ་ནས་ཀྱང་བློ་ངོར་མི་འགྲོ་བ་ཞིག་སྤེལ་ཡོད་པ་མཐོང་མྱོང་།
སྔོན་མ་དབུས་གཙང་དུའང་བ་ལ་སྒྲ་གཅིག་ལས་མེད་པ་ཡིན་ནམ་མི་ཤེས། ཝ་ཡི་ཚབ་ལ་བ་འབྲི་མཁན། དུས་རབས་་དགུ་པའི་མགོ་སྟོད་དུ་འཁྲུངས་པའི་ལོ་ཙྰ་བ་འགོས་ཆོས་གྲུབ་ཁོ་ནའང་མིན་ཏེ། དུས་རབས་བརྒྱད་པའི་ནང་འཁྲུངས་པའི་ལོ་ཙྰ་བ་དེ་བ་ཙན་དྲ་ནས་ཀྱང་། པི་ཝང་ལ་པི་བང་ཞེས་བྲིས་འདུག་པས་དཔྱད་པ་ཡག་པོ་གཏོང་དགོས་པ་འདུག སྐད་ཀྱི་འཕེལ་རིམ་དང་འགྱུར་བ་དེ་ཚོའང་གསང་གནས་རང་ཞིག་མིན་པར་དཔྱད་ན་ངོ་འཕྲོད་རྒྱུ་ཞིག་ངེས་པར་ཡོད་པ་འདྲ།
ཨ་མདོའི་སྐད་འདིར། དཔྱད་པ་ག་ཚོད་ཀྱིས་བཏང་ན། བོད་སྐད་ཀྱི་ཕྱི་མོ་ལྟ་བུ་ཞིག་ཡིན་པ་ཁ་གསལ་དུ་གསལ་དུ་འགྲོ་གི་འདུག འདང་རྩིས་ཇེ་ཆེ་དང་ཇེར་ཆེ་འགྲོ་གི་འདུག སྔོན་མར། ངས་སྐད་ཡིག་གཅིག་གྱུར་སྐོར་མང་པོ་ཞིག་ལབ་པ་ཡིན། ད་ལྟའི་ཆར་ང་ལ་ཐེ་ཚོམ་ཞིག་སྐྱེ་གི་འདུག སྐད་ཡིག་གཅིག་གྱུར་ཟེར་ནས་ཨམ་སྐད་འདི་ར་མ་ལུག་གི་སྐད་ཅིག་ཏུ་བསྒྱུར་མི་ཉན་པ་འདྲ་ཞིག་མཐོང་། འདི་ལ་སྲུང་སྐྱོབས་དང་འདི་ལ་ཉམས་ཞིབ་བྱེད་དགོས་པ་འདྲ་ཞིག་མཐོང་གི་འདུག
སྔོན་མ། ངས་བོད་ཀྱི་མི་རྒྱུད་བྱང་ནས་འཕེལ་བ་ཡིན་ཚུལ་གྱི་ཚན་རིག་གི་བཤད་པ་གཞིར་བཞག་ནས་རང་རེའི་བོད་ཀྱི་ལོ་རྒྱུས་ཁག་ཏུའང་དེའི་སྐོར་བཤད་པ་ཅི་ཡོད་ལུང་འདྲེན་གནང་བ་དེའི་ནང་ཆད་སྐྱོན་ཞིག་བྱུང་བ་ནི། བོད་ཀྱི་རྩ་བའི་རུས་བཞི་ཡི་སྐོར་ཡིན། དེ་ལ་ཁ་གསབ་ཅིག་བྱེད་དགོས་བསམས་སོང་། རྩ་བའི་རུས་བཞི་ཡིན་པ་དང་། དེ་དག་ལ་ནང་གསེས་སུ་དབྱེ་ན་རུས་དྲུག་ཡིན་པ་རེད། དེའི་ནང་གི་རུས་ལྡོང་འདི་རྩ་བ་གལ་ཆེན་ཞིག་ཡིན་པ་མ་ཟད་ད་ལྟའང་ད་རུང་མདོ་ཁམས་ཕྱོགས། ལྡོང་གི་ཤུལ་ཆེན་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད་སོགས། སྡེ་བ་ཚོ་བའི་མིང་། མི་ཚང་གི་མིང་བྱས་ནས་ངོས་འཛིན་དུ་ཡོད་པ་རེད། མདོ་ཁམས་གཅིག་པོ་མིན་པར། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེར་རག་ཤི་གཉིས། །སྨད་ན་མི་ཉག་གྱི་ཐན་གཉིས། །ཆེ་དྲུག་མཚན་ན་བཙུན་དྲུག་སྟེ། ། སོགས་བོད་ཁོངས་ཡོངས་སུ་ཡོད་པ་རེད། ནང་གསེས་ཀྱི་དབྱེ་བ་གསལ་བོ་འདི་འདྲའི་ཞིབ་ཚགས་ཤིག་རུས་གཞན་པ་ཚོར་བཤད་དུ་མེད་པ་རེད། དེ་རྒྱུ་མཚན་ག་རེ་རེད། ཡིན་ནའང་འདི་ནི་ངས་བཤད་བྱ་གཙོ་བོ་མིན།
ངས་བཤད་བྱ་གཙོ་བོ་ནི། འབྱུང་རྩིས་ཉེར་མཁོ་བུམ་བཟང་ལས། ཡང་ན་མདོ་ཁམས་སྨད་འདི་ནི།། གདོང་(ལྡོང)ནི་ས་ཁམས་ཤ་བ་བླ།། འབྲུ་ནི་ཆུ་ཁམས་གཡག་ལ་བླ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ།། སྒོ་ནི་མེ་ཁམས་ར་ལ་བླ།། སྒ་ནི་ཤིང་ཁམས་ལུག་ལ་བླ།། རུས་པ་གཙང་མར་མ་ཤེས་ན།། དེ་ཡང་གདོང་ལ་བསྡུ་ཞེས་ཟེར།། ཞེས་པ་འདི་རེད། འདིའི་ནང་གནད་འགག་ཅན་གྱི་དོན་ཚན་གཉིས་ཡོད་པ་རེད་སྙམ།
གཅིག། ལྡོང་ནི། འབྱུང་བ་ལྔ་ཚང་མ་གཅིག་གྱུར་གྱི་འབྱུང་ཁུངས་ས་ཡིན་པར་བཤད་པ་འདི་ལའང་བརྟག་རྒྱུ་ཞིག་མེད་དམ་སྙམ། གཉིས། རུས་པ་གཙང་མར་མ་ཤེས་ན། དེ་ཡང་གདོང་ལ་བསྡུ་ཞེས་ཟེར། རུས་ཚང་མ་གདོང་ལ་བསྡུས་པ་འདི་ཡང་ངོ་མཚར་བའི་གསང་གནས་ཤིག་ངེས་པར་ཡིན་དུ་མཆི། འདི་ནི་སྔོན་མ་ངས་བོད་ཀྱི་མི་རྒྱུད་བྱང་ཕྱོགས་ནས་ཆད་པར་སྨྲ་བ་དེའི་ཁ་གསབ་ཡིན།
dhatsenpaལགས་ཀྱིས་ཟླ་ཚེས་June 11th, 2010 ལ་ དཔྱད་རྩོམ། སྡེ་ཚན་དུ་སྤེལ|
https://www.khabdha.org/?p=8922
རྒྱལ་སྲས་ཆུང་ཆུང་།
ལེའོན་ཝེར་ཐི་ལ།
ངས་དཔེ་དེབ་འདི་མི་ཆེ་བ་ཞིག་ལ་འབུལ་གྱི་ཡོད་པར་བརྟེན། བྱིས་པ་རྣམས་ལ་དགོངས་སེལ་ཞུ་གི་ཡོད། རྒྱུ་མཚན་གཙོ་བོ་ནི། མི་ཆེ་བ་འདི་ནི། འཇིག་རྟེན་འདིར། ངའི་གྲོགས་པོ་ཡག་ཤོས་དེ་ཡིན། ང་ལ་རྒྱུ་མཚན་གཞན་ཞིག་ཀྱང་ཡོད། མི་ཆེ་བ་འདིས་ཚང་མ་ཤེས་གི་ཡོད་པ་རེད། ཐ་ན་བྱིས་པའི་དཔེ་དེབ་ཀྱང་གཅིག་པ་རེད། ངའི་རྒྱུ་མཚན་གསུམ་པ་ནི། མི་ཆེ་བ་འདི། ཧྥ་རན་སི་ལ་བསྡད་ཡོད་པ་དང་། དེར་ཁོང་ལྟོགས་ཤིང་འཁྱགས་ཀྱི་ཡོད་པ་རེད། ཁོང་ལ་སེམས་གསོ་ཞིག་ཧ་ཅང་མཁོ།
གལ་སྲིད། དགོངས་སེལ་གྱི་རྒྱུ་མཚན་འདི་དག་གིས་འདང་གི་མེད་པ་ཡིན་ན། ངས་དཔེ་དེབ་འདི། བྱིས་པ་ཞིག་ལ་འབུལ་གྱི་ཡོད། བྱིས་པ་གང་དེ་ནི། འདས་པའི་དུས་སུ་མི་ཆེ་བ་དེ་རེད། མི་ཆེ་བ་ཚང་མ། དང་ཐོག་བྱིས་པ་རེད། (ཡིན་ནའང། ཉུང་ཤས་ཤིག་ཁོ་ནས་དྲན་གྱི་ཡོད་པ་རེད།) དེར་བརྟེན། ངས་འབུལ་ས་དེ། ལེའོན་ཝེར་ཐི་བྱིས་པའི་སྐབས་སུ། ཞེས་སྒྱུར་བཅོས་གཏོང་གི་ཡིན།
ལེའུ་དང་པོ།
ང་ལོ་དྲུག་ཡིན་པའི་སྐབས་ཤིག་ལ། སྒྲུང་ངོ་མ་ ཟེར་པའི་གདོན་མའི་ཤིང་ནགས་སྐོར་གྱི་དཔེ་དེབ་ཅིག་ནང་། རི་མོ་ཡ་མཚན་ཆེན་པོ་ཞིག་མཐོང་། དེ་ནི། སྦྲུལ་ཆེན་པོ་(boa)ཞིག་གིས། སྲོག་ཆགས་ཆུང་ཆུང་ཞིག་ཁྱུར་མིད་གཏོང་གི་ཡོད་པ་དེ་རེད། རི་མོ་དེ་འདི་རེད།
དེབ་ནང་། ་་སྦྲུལ་དེས། ཁ་ཟས་ཀྱི་སྲོག་ཆགས་དེ། མ་བལྡད་པར་རིལ་བོར་མིད་རྗེས། ཟླ་དྲུག་ལ་གཡོ་འགུལ་མང་པོ་བྱེད་མི་ཐུབ་པར། གཉིད་ནས་ཞུ་ཞུ་བར་སྡོད་པ་རེད།་་
ང་ནགས་ཚལ་ནང་ལ། ལྟ་སྐོར་དང་། འཚོལ་ཞིབ་ལ་འགྲོ་རྒྱུར། བསམ་བློ་མང་པོ་བཏང་བ་ཡིན། ཡག་པོ་བྱུང་བ་ནི། ངས་ཚོན་ལྡན་ཞ་སྨྱུག་གིས་རི་མོ་ཐོག་མ་དེ་བྲིས་། ངའི་རི་མོ་ཨང་ཀི ༡ ནི། འདི་འདྲ་ཞིག་ཡིན།
ངས་ངའི་རི་མོ་ཡག་ཤོས་འདི། མི་ཆེ་བ་ཚོར་བསྟན་ཞིང་། ངའི་རི་མོ་ཡིས་ཁོང་ཚོར་སྐྲག་སྣང་སློང་
གི་ཡོད་མེད་དྲིས་པར། ཁོ་ཚོས་ལན་དུ། ་་ཞྭ་མོ་ཞིག་གིས། ཁོང་ཚོར་སྐྲག་སྣང་སློང་ཅི་ལ་ཐུབ་་་ ཟེར།
ངའི་རི་མོ་ནི་ཞྭ་མོ་ཞིག་མིན། དེ་ནི། སྦྲུལ་ཆེན་པོ་ཞིག་གིས། ཁོག་པའི་ནང་གླང་ཆེན་ཞིག་ཞུ་རུ་འཇུག
གི་ཡོད་པ་རེད། ངས་མི་ཆེ་བ་ཚོས་ཤེས་ཐུབ་པའི་ཆེད། སྦྲུལ་གྱི་ཁོག་ནང་བྲིས་པ་ཡིན། ཁོང་ཚོར། ནམ་ཡིན་ན་ཡང།
འགྲེལ་བཤད་བྱེད་དགོས་ཀྱི་འདུག
ངའི་རི་མོ་ཨང་ཀི ༢ ནི། འདི་འདྲ་ཞིག་ཡིན།
མི་ཆེ་བ་ཚོས། སྦྲུལ་གྱི་རི་མོ་དེ། ནང་ཡིན་ནའང་འདྲ། ཕྱི་ཡིན་ན་འདྲ། དེ་ཟུར་དུ་ཞོག་ལ། དེ་ལས་ས་རྒྱུས་དང་། ལོ་རྒྱུས། རྩིས།
བརྡ་སྤྲོད་རིག་པ་བཅས་ལ་དགའ་མོས་མང་བ་བྱོས་ཟེར་
ནས་ང་ལ་སློབ་སྟོན་གནང་སོང་། དེ་ལྟར། ངས་རྒྱ་ཆེ་བའི་རི་མོའི་ལས་ཀ་འདི། ང་ལོ་དྲུག་གི་ཐོག་མཚམས་འཇོག་དགོས་བྱུང་ ། ངའི་རི་མོ་ཨང་ཀི ༡ དང་། ངའི་རི་མོ་ཨང་ཀི ༢ གཉིས་ལེགས་འགྲུབ་མ་བྱུང་བས། ང་སེམས་ཤུགས་ཆགས་སོང་། མི་ཆེ་བ་ཚོས། ཁོང་
རང་ཚོ་ཁེར་རྐྱང་ལ་དོན་དག་གང་ཡང་ཤེས་ཀྱི་མེད་པ་རེད། རྟག་པར། ཁོང་ཚོར་འགྲེལ་བཤད་
རྒྱག་དགོས་པ་དེ། བྱིས་པ་ཚོར་མཚོན་ན། ཐང་འཆད་པའི་ལས་ཀ་ཞིག་རེད།
དེ་ནས། ངས་ལས་རིགས་གཞན་པ་ཞིག་འདེམས་ཏེ། གནམ་གྲུའི་ཁ་ལོ་བ་སྦྱངས་པ་ཡིན། ང་འཛམ་གླིང་གི་ཕྱོགས་གང་སར་ཅུང་ཟད་ཕྱིན་པ་ཡིན། བདེན་པ་རེད། ངས་ས་རྒྱུས་ཤེས་པར་དེས་ཕན་ཐོགས་སོང་། ངས་མཐོང་ཙམ་ཉིད་ཀྱིས་རྒྱ་ནག་དང་ཨ་རི་ཛོ་ན་གཉིས་
ཀྱི་ཁྱད་པར་ཤེས་ཀྱི་ཡོད། གལ་སྲིད་ང་ཚོ་དགོང་མོར་ལམ་ནོར་བ་ཡིན་ན། དེ་ཕན་ཐོགས་ཆེན་པོ་རེད།
འདི་ལྟར། ངའི་མི་ཚེའི་ནང་ལ། ངས་མི་གལ་ཆེན་པོ་མང་པོར་ཐུག་པ་དང་། མི་ཆེ་བ་ཚོའི་མཉམ་
སྡོད་རྒྱུ་བྱུང་། ཁོང་ཚོ་ཐག་ཉེ་ས་ནས་མཐོང་། ཡིན་ནའང་། དེས་ངའི་བསམ་ཚུལ་ལ་ཕན་
ཐོགས་མ་སོང་།
ང་མི་སྤྱང་མདོག་ཁ་པོ་དེ་འདྲར་ཐུག་སྐབས། ངས་རྟག་པར་མཉམ་་ཅིག་ཏུ་ཉར་བའི་རི་མོ་༡ དེས། ཁོང་ཚོར་ཉམས་ཚོད་ལེན་གྱི་ཡོད། ངས་ཁོང་ཚོས་དངོས་གནས་དེ་ཤེས་གི་ཡོད་མེད་ཧ་གོ་དགོས་ཀྱི་འདུག ཡིན་ན་ཡང་། ཁོང་ཚོས་རྟག་པར། ་་དེ་ཞྭ་མོ་ཞིག་རེད་་ ཟེར་ནས་ང་ལ་ལན་འདེབས། དེར་བརྟེན། ངས་ཁོང་ཚོར་སྦྲུལ་ཆེན་པོ་དང་། གདོད་མའི་ནགས་ཚལ། སྐར་མའི་སྐོར་ཁ་བརྡ་བྱེད་ཀྱི་མེད། ངས་ཁོང་ཚོའི་ཚད་དང་བསྟུན་པ་བྱས་ནས། ཏག་སེའི་རྩེད་མོ ། (bridge) སྤང་རྩེད་སྤོ་ལོ། (golf) སྲིད་དོན། སྐེ་མདུད། (ties) བཅས་ཀྱི་སྐོར་ཤོད་ཀྱི་ཡོད། མི་ཆེ་བ་ཚོ་ཡང་མི་བསམ་ཤེས་ཞིག་དང་
ཐུག་པར་དགའ་བོ་བྱུང་སོང་།
ངས་ཕ་རན་སིའི་སྒྲུང་རྩོམ་གྲགས་ཆེན་ རྒྱལ་སྲས་ཆུང་ཆུང་ ཞེས་པ་དེ། དབྱིན་ཧྥ་གཉིས་ཀྱི་སྐད་ཡིག་དགེ་རྒན་མཁྱེན་ལྡན་མ་མེ་རི་ཡམ་དང་མཉམ་དུ་བོད་ཡིག་ལ་སྒྱུར་གྱི་ཡོད། སྒྱུར་སྟངས་ཐད་མཁས་དབང་རྣམ་པ་ཚོའི་དགོངས་འཆར་བསྡུ་བའི་ཆེད། ལེའུ་དང་པོ་འདིར་བཀོད་ཡོད་ན་དགོངས་འཆར་འཛེགས་བག་མེད་པར་གནང་བར་ཞུ། ལེའུ་གཞན་པ་ཚོ་མུ་འགོད་བྱེད་རྒྱུ་མིན་པ་དགོངས་འཇགས་ཞུ།
dhatsenpaལགས་ཀྱིས་ཟླ་ཚེས་May 18th, 2010 ལ་ འགྱུར་རྩོམ། སྡེ་ཚན་དུ་སྤེལ|
ཁ་བརྡ་གཉིས་པ། སྐྱེ་དགུ་མདོར་རོགས་སྐྱོར་ལ་འགྲོ་མཁན་ཞིག་གི་མཐོང་ཐོས།
https://www.khabdha.org/?p=8417
ནངས་ཆུ་འཐུང་གྲུབ་པ་དང་། ཡར་ཐབ་ཚང་ནང་གི་རྩིག་ངོས་ལ་ལྟ་ཙམ་བྱས་པར། ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཟིན་གྲབས་འདུག དུས་ཆད་ལྟར་ལམ་སང་མར་ཁང་པ་འོག་མའི་ནང་ཕྱིན’ གློག་ཀླད་ནང་འཛུལ། དྲ་བརྙན་གྱི་སྐུད་ལམ་ཕར་མཐུད་ཐུབ་པ་དང་། ངའི་མིག་མདུན་དུ་ཤར་ཡོང་བ་ནི། དམར་ཞིང་རྒྱགས་པའི་ངའི་གྲོགས་པོའི་གདོང་མིན་པར། རྒྱུས་མེད་པའི་གྲྭ་པ་ཤིག་གིས་འཛུམ་མདངས་ཅུང་ཟད་བཅས་སྒུག་བསྡད་འདུག
ངས་ ་་བཀྲ་ཤིས་བདེ་ལེགས་་ ཟེར་ནས་འཚམས་འདྲི་ཞུས་པ་དང་། ཁོང་ནས་ཀྱང་ ་་བཀྲ་ཤིས་བདེ་ལེགས། ཁྱོས་ང་ཨེ་ཤེས་གི་་ ཟེར་ནས་བཞིན་འཛུམ་སེ་བ་ཞིག་བྱས་ནས། ཕར་གཡོ་ཚུར་གཡོ་མང་པོ་མེད་པར་ལྷོད་ཅིག་གེར་དང་། ཐད་སོར་བཞུགས་ནས་ང་ལ་ཅེར་འདུག ངས་སྐྱར་དུ། ཞིབ་ལྟ་ཞིག་བྱས་ཀྱང་སུ་ཡིན་ངོས་མ་ཟིན། ་་མི་ཤེས་གི་་ ཟེར་ནས་ཅེར་བསྡད་པར། ཁོང་གིས ་་ཁྱོད་སྔོན་མ་ངེད་ཚོའི་སློབ་གྲྭའི་དགེ་རྒན་ཡིན་དུས། ང་འཛིན་གྲྭ་གོང་མའི་ནང་ཡོད་་ ཟེར། ངས་ ་་ངའི་འཛིན་གྲྭ་མིན་ན། ངས་ཁྱོད་གང་ང་ཤེས་ནི། ཁྱོའི་མྱིང་ང་ཆི་ཟེར་ར་་ ཟེར་ནས་ཡང་དང་ཡང་དུ་དྲིས། ལན་ཡང་དང་སྐྱར་དུ་རྒྱབ་ཀྱང་། སྐད་ཆར་ཉིས་སྐད་དང་ཙིར་སྐད་གྲགས་ནས་ཡག་པོ་ཞིག་གོ་མ་ཐུབ་པས་ངས་ཕར་ཁ་པར་གཏོང་རྒྱུ་བྱས་ཏེ་བཏང་པ་ཡིན།
ཐོག་མར་ཁོས་ཁ་པར་ནང་། རང་གི་སྔོན་མའི་སྐྱ་མིང་། དེ་ནས་ད་ལྟའི་གྲྭ་མིང་བཤད་རྗེས། ངས་ཁོ་ལ་ཕ་ཡུལ་ནས་སྐྱེ་དགུ་མདོའི་བར་ཕྱིན་པའི་གནས་ཚུལ་ཁ་བརྡ་བྱེད་རྒྱུར་སྐུལ་བ་ལྟར། ཁ་བརྡའི་མགོ་བཙུགས་སོང་།
བྲེལ་མྱུར་གྱིས་གྲ་སྒྲིག
སྤྱི་ཟླ་བཞི་བའི་ཚེས་བཅུ་བཞིའི་ཞོགས་པར་ཡུལ་ཤུལ་ཁུལ་ལ་ས་ཡོམ་རྒྱབ་པའི་གནས་ཚུལ་དང་། དེ་ནས་རིམ་པས་ཕ་གིའི་ལྟོགས་སྐོམ་གྱི་དཀའ་ངལ་དང་། ས་ཆ་གང་ས་གང་དུ་ཕར་རོགས་རམ་བྱེད་དུ་འགྲོ་གི་ཡོད་པའི་གནས་ཚུལ་དེ་ཚོ་ཨ་ལགས་ལ་ཁ་ཚང་གིས་བླ་བྲང་དུ་གསན་ནས། ཚེས་ ༡༦ ཉིན་ལ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཚུར་ལ་ཁ་དགོན་ལ་ཆིབས་སྒྱུར་གནང་སོང་། ང་ཚོ་ཡང་ཕར་ས་གནས་ས་ཐོག་རང་ལ་རོགས་པ་བྱེད་གི་འགྲོ་ཐུབ་ན་ཡག་པོ་རེད་གསུངས་པ་ལྟར། ལ་ཁ་དགོན་པས་ང་ཚོའི་རྫོང་གི་དགོན་པ་གཞན་གསུམ་སྟེ། མདའ་ཚན་དགོན་པ། ཤིང་བཟའ་དགོན་པ། ཆོས་སྒར་དགོན་པ་བཅས་ལའང་ཁ་པར་བཏང་སྟེ་འབྲེལ་བ་བྱས་པ་ཡིན། ། དགོན་པ་བཞི་བོ་མཉམ་དུ་འཛོམས་ནས་རོགས་རམ་བྱེད་ཕྱོགས་སྐོར་གྲོས་བསྡུར་བྱས་པར། ། ང་ཚོ་ཡོད་པ་ནི་རྩམ་མར་ཕྱུར་གསུམ་ཡིན་པས། རྩམ་མར་ཕྱུར་གསུམ་དང་ཟས་རིགས་འཁྱེར་རྒྱུའི་ཐག་བཅད་དེ་གྲ་སྒྲིག་བྱས། གང་མགྱོགས་མགྱོགས་ཀྱིས་དུས་ཐུང་ཞིག་ནང་། མི་མང་གིས་དཀར་ཐིགས་རྒྱབ་ནས། རྩམ་པ་རྒྱ་མ་ཆིག་ཁྲི་ཉིས་བརྒྱ། མར་རྒྱ་མ་སུམ་སྟོང་བརྒྱད་བརྒྱ་ཉེར་དགུ། ཕྱུར་ར་རྒྱ་མ་ཆིག་སྟོང་བརྒྱ་དང་བཅུ་བཞི་བསྡུ་རུབ་བྱེད་ཐུབ་པ་བྱུང་། དགོན་པ་རེ་ནས་གྲྭ་པ་གཉིས་རེ་བྱས་ནས་ཁྱོན་སྡོམ་གྲྭ་པ་བརྒྱད་ཀྱིས་རླངས་འཁོར་ཆུང་བ་གཉིས་དང་། དོས་སྐྱེལ་རླངས་འཁོར་གཉིས་གླས་ནས་རང་རྫོང་ནས་ཟི་ལིང་དུ་ཕྱིན། ཟི་ལིང་དུ་སྔོན་ཡོད་ཀྱི་རྩམ་མར་ཕྱུར་གསུམ་ཐོག་འབྲས་རྒྱ་མ་གཅིག་ཁྲི་ལྔ་སྟོང་ཉོས་པ་ཡིན། ཕར་ལམ་ཚུར་ལམ་གྱི་རླངས་འཁོར་གླ་ཆ་ཚུད་པའི་ཁྱོད་སྒོར་ཁྲི་༢༠ ཟས་རིགས་དྲུད་ཡོད། སྒོར་རྐྱང་ཁྲི་ ༤ ཡོད། དུས་ཐུང་ནང་གྲ་སྒྲིག་དེ་ཙམ་བྱེད་ཐུབ་སོང་།
ཟི་ལིང་ནས་སྐྱེ་དགུ་མདོ་བར། མི་ཞིག་གི་སྐེ་བཅད་ཡོད་གི
དེ་ལྟར་གྲ་སྒྲིག་ཡོངས་སུ་ཟིན་པ་དང་། ཚེས་༡༧ ཉིན་གུང་ཙམ་ལ་ཟི་ལིང་ནས་ལམ་དུ་ལངས། ཉིན་གང་དང་མཚན་གང་བོར་བསྐྱོད་པ་ཡིན། ཚེས་ ༡༨ ཉིན་གྱི་དུས་ཚོད་༣ པ་ཙམ་ལ་སྐྱེ་དགུ་མདོར་འབྱོར་སོང་།
བར་འདི་ནས་ངས་ཁོའི་ཚིག་མཚམས་བཀག་ཏེ། ་་ལམ་བར་དུ་ཁྱེད་ཚོ་བཀག་མ་སོང་ངམ་དྲིས་པར་།་་ ཁོང་ནས། བཀག་མ་སོང་། དང་པོ་ཟི་ལིང་ནས་ལམ་དུ་མ་ལངས་སྔོན། དམངས་སྲིད་ལས་ཁུངས་ནང་ལ་སོང་ནས་དངོས་པོ་ཆི་ཟིག་ཆི་ཟིག་དང་། ཆི་མོ་ཟིག་འཁྱེར་གི་ཡོད་མེད་ཐོ་རྒྱག་དགོས་གི དེ་ཐོ་རྒྱབ་པ་ཡིན་ན་ཡི་གེ་ཞིག་སྟེར་གི་ དེ་སྟོན་གི་སྟོན་གི་ཡོང་ན་ལམ་ན་འགོག་ནི་མེད་གི་ཟེར།
དེ་ནས་ཁོས་ཁ་སྣོན་བྱས་ཏེ་བརྗོད་པར། ད་གསར་གནས་ཁག་ནང་མ་ཡོང་བའི་དོན་དག་ཅིག་ནི། སྐྱེ་དགུ་མདོའི་ས་ཡོམ་གྱི་གོད་ཆགས་བྱུང་རྗེས། སྐྱེ་དགུ་མདོར་ཁྱིམ་མི་ཡོད་མཁན་གྱི་ས་གནས་གཞན་དང་གཞན་དུ་ཡོད་པའི་མི་ཚོས། ནང་མིར་བལྟ་རུ་འགྲོ་བའི་ཆེད། རླངས་འཁོར་འདྲ་མིན་ནང་བསྡད་དེ། བྲེལ་མྱུར་ངང་རྒྱུགས་ཐལ་ཆེ་དྲགས་ཏེ། ལམ་བར་དུ་ཁ་ལོ་བསྒོར་ཡོད་པའི་རླངས་འཁོར་མང་པོ་མཐོང་རྒྱུ་ཡོད་གི་་ ཟེར། ངས ་་ཤི་རྨས་བྱུང་བ་དེ་འདྲ་རིག་རྒྱུ་ཨེ་ཡོད་ཀི་་ དྲིས་པར། ་་ལོས་ཡོད་ལ། བ་ཡན་ཧ་རི་ཟེར་བ་ཨེ་རེད་གོ། རི་དེའི་ཉག་ཁ་ན། རླངས་འཁོར་གཉིས་ཐུག་ཁ་རྒྱབ་ནས། མི་གཅིག་ཕར་ཕར་གཡུག་བཞག་ཡོད་གི གཅིག་གི་སྐེ་བཅད་བཞག་ཡོད་གི་་ ཟེར།
་་ ཟི་ལིང་ནས་སྐྱེ་དགུ་མདོ་བར་ཆུ་ཚོད་དུ་དགོས་གི་་ (ག་ཚོད་དགོས)ཟེར་ནས་ངས་དྲིས་པར། ཁོང་ནས་ ་་ད་དེ་རེད། ཚེས་༡༨ ཉིན་གུང་ལ་ཟི་ལིང་ནས་ལམ་ལ་ལངས་པ་ཡིན། ཚེས་ ༡༨ དུས་ཚོད་གསུམ་པ་ཙམ་ལ་སྐྱེ་དགུ་མདོར་འབྱོར་སོང་། ལམ་བར་དུ་བཀག་ནས་ཇ་ཐེངས་མ་གཉིས་ལ་བསྐོལ་བ་ཡིན། མགོ་ལོག་རྨ་སྟོད་དུ། ཁ་ལོ་བར་ངལ་གསོ་འཇུག་པའི་ཆེད་དུས་ཚོད་གཉིས་ལ་གཉིད་པ་ཡིན། ལམ་བར་གཟབ་གཟབ་བྱས་ནས་དལ་མོ་བྱས་ཕྱིན་པ་ཡིན།་་ ཟེར།
དཀའ་ཐོག་ཉག་ཐོག་ལ་སྐྱེ་དགུ་མདོར་འབྱོར། རྩམ་མར་ཕྱུར་གསུམ་འབྱོར་བའི་ནང་ངེད་ཚོ་དང་པོ་དེ་རེད།
སྐྱེ་དགུ་མདོར་འབྱོར་བ་དང་། དང་པོར་ས་གནས་དམངས་སྲིད་ལས་ཁུངས་ལ་འགྲོ་དགོས་གི དེ་རུ་ཟི་ལིང་དམངས་སྲིད་ལས་ཁུངས་ནས་སྤྲད་པའི་ཡི་གེ་ལྟར་དངོས་པོ་ཚང་མ་རྩིས་སྤྲད། རླངས་འཁོར་ནང་གི་ཟས་རིགས་ཚང་མ་མར་ཕབ་པ་ཡིན་ན་འགྲིགས་གི ངེད་ཚོས་དེ་ལྟར་མ་བྱས་པར། ཕར་རེ་བ་ཞིག་བཏོན་པ་ཡིན། ངེད་ཚོའི་ཟས་རིགས་རྣམས་དཀའ་ངལ་ཆེ་ས་ཞིག་ལ་སོང་ནས་དངོས་སུ་སྤྲད་གི་ཡིན། ཟེར་ནས་ཡར་ཞུས་པར། འགྲིགས་གི་རེད། ཟས་རིགས་སྤྲད་ས་ཁག་ནས་ཡི་གེ་རེ་ལེན་ནས་འཁྱེར་ཤོག་ཟེར། དེ་ནས་ཡར་དཀའ་ངལ་ཆེ་ས་དང་རོགས་རམ་ཁ་ཚ་དགོས་གཏུགས་དགོས་ས་གང་ཡིན་མིན་སྐད་ཆ་འདྲི་གི་འདྲི་གི་ཕྱིན་པར། མཚོ་སྔོན་བརྙན་འཕྲིན་ཁང་གི་མི་སྣ་ཁ་ཤས་ལ་ཐུག་སོང་། ཡག་པོ་རེད། རྩམ་མར་ཕྱུར་གསུམ་འབྱོར་བ་ཐེངས་དང་པོ་རེད། ཅེས་དང་། དེ་ནས་ ཁྲ་འགུ་དགོན་དང་། ཁྲ་འགུ་སྡེ་བ། འཇོ་མདའ་སྡེ་བ་ཡིན་ན་ཅིག་ཟེར། དེ་འདྲ་ཁ་ཤས་ལ་ད་རུང་དཀའ་ངལ་ཆེན་པོ་འདུག་ཟེར། དེ་ནས་ས་ཡང་རུབ་ཡོང་སོང་། ངེད་ཚོ་ཡར་་ཁྲ་འགུ་དགོན་གྱི་མར་འདབས་ཤིག་ཏུ་སོང་སྟེ། ས་སྟོང་ཞིག་ཏུ་དགོང་ཇ་བསྐོལ་ནས་འཐུང་རྗེས། དེའི་དགོང་མོ་རླངས་འཁོར་ནང་ཉལ་བ་ཡིན།
ཁྲ་འགུ་དགོན་སོགས་ལ་རོགས་སྐྱོར།
ཕྱི་ཉིན་ཚེས་༡༩ སྔ་མོ་དུས་ཚོད་ ༧ ཐོག་དང་པོར་ཁྲ་འགུ་དགོན་དུ་ཕྱིན་པ་ཡིན། ཁྲ་འགུ་དགོན་དེ་ཡར་རི་ངོས་ཤིག་ན་ཆགས་འདུག འདུ་ཁང་ལ་གས་ག་ཆེན་པོ་རྒྱུགས་ནས་ལྷུང་ལ་ཁད་དུ་འདུག གྲྭ་བ་ཆུང་ཆུང་ཚོ་སྡོད་སའི་སློབ་གྲྭ་ལྟ་བུ་ཞིག་འདུག དེ་འཇིག་མེད་གི གཞན་པ་ཁང་པ་ཚང་མ་ཐོར་ཞིག་ཏུ་གྱུར། ཐ་ན་གྱང་ཡར་ལངས་བསྡད་ཡོད་པ་ཞིག་ཀྱང་མཐོང་དཀའ། ས་རོ་རྡོ་རོ་སྤུངས་ཡོད་པ་འདྲ་ཞིག་དང་། བཟོ་གྲྭ་ཞིག་གི་ཆག་རོ་སྤུངས་བཞག་ཡོད་པ་འདྲ་བ་ཞིག་མ་གཏོགས་གང་ཡང་ལྷག་མེད་གི ངོ་མ་བཤད་ས་མི་འགྲོ་བ་ཞིག་རེད། དེར་མི་༢༣ གྲོངས་འདུག་པའི་ནང་། རེབ་གོང་གཉན་ཐོག་གི་ལྷ་བཟོ་གཉིས་འདུག རྨས་མ་དྲུག་ཅུ་ལྷག་ཡོད་གི སྒོར་རྐྱང་ཁྲི་བཞི།། དེ་ནས་རྩམ་པ་རྒྱ་མ་སྟོང་ ༢ མར་རྒྱ་མ་སྟོང་༡ ཕྱུ་ར་རྒྱ་མ་ ༢༠༠ འབྲས་རྒྱ་མ་སྟོང་ ༢ བཅས་སྤྲད།
ཁྲ་འགུ་སྡེ་བ། དེའི་རྗེས་སུ་ཁྲ་འགུ་སྡེ་བར་སོང་པ་ཡིན། མི་ཁྱིམ་༣༠ ཡོད་པ་ཚང་མ་མནན་འདུག མི་ ༩ ཤི་ཡོད་གི དེ་ལ་མར་རྒྱ་མ་༣༠༠ འབྲས་རྒྱ་མ ༡༠༠༠ རྩམ་པ་རྒྱ་མ་ ༡༠༠༠ ཕྱུར་ར་རྒྱ་མ་༡༠༠ སྤྲད་པ་ཡིན།
འཇོ་མདའ་སྡེ་བ།? དེ་ནས་འཇོ་མདའ་འམ་རྒྱ་མདའ་འདྲ་ཞིག་ཟེར། གང་ཤེས། དེར་ཕྱིན་པ་ཡིན། དེར་མི་ཁྱིམ་ ༧༦ ཡོད་གི མི་༢༣ གྲོངས། དེ་ལ་འབྲས་རྒྱ་མ་སྟོང་ཚོ ༣ མར་རྒྱ་མ་༥༠༠ རྩམ་པ་རྒྱ་མ་སྟོང་ ༢ སྤྲད་པ་ཡིན།
དེ་ནས་སྡེ་བ་ཅུང་ཆེན་པོ་ཞིག་ལ་སོང་པ་ཡིན། དེ་རུ་མི་ ༥༢ གྲོངས་འདུག དེར་མར་རྒྱ་མ ༥༠༠ རྩམ་པ་རྒྱ་མ་སྟོང་ ༡ འབྲས་རྒྱ་མ་སྟོང་༢ སྤྲད་པ་ཡིན། དེའི་རྗེས་ལ་ད་རུང་ཟས་རིགས་ལྷག་མ་གང་མཚམས་ཡོད་གི དེའི་ནང་མར་ཅི་ཡོད་ཚང་མ་དུ་ཁ་མང་པོ་བྱས་གཏུབས། དེ་ནས་ཟས་ལྷག་ཚང་མ་ཁྱེར་ནས་མི་ཚོགས་མང་པོ་ཡོད་སའི་གེ་སར་རྟ་རྒྱུགས་ཐང་ཟེར་བ་དེར་ཕྱིན་ཏེ་མི་ཚོགས་ལ་བགོ་བཤའ་རྒྱབ་ནས་སྤྲད་པ་ཡིན། ཟེར། ཁོང་ནས། མུ་མཐུད་དུ་སྐྱོ་ཉམས་ཤིག་དང་བཅས་བཤད། ངེད་གཉིས་ཁ་པར་ནང་སྐད་ཆ་བཤད་གི་ཡོད་ཀྱང་དྲ་བརྙན་ནང་ཁོང་གི་རྣམ་འགྱུར་སོགས་མཐོང་ཐུབ། གོང་དུ་ཟ་མ་བགོ་བཤའ་བྱེད་པའི་རིང་། འཕྲོག་རྩོད་བྱེད་པའི་གནས་ཚུལ་ཅུང་ཟད་རེ་འདུག ཡིན་ནའང་། ངའི་དོ་སྣང་ཆེ་ཤོས་དེ་ནི། ཕ་གི་མི་མང་པོ་ཞིག་མ་འདྲ་བ་ཁྱད་མཚར་རོ་ཞིག་ཆགས་འདུག འཐམས་མེ་འཐོམས་མེ་འདྲ་ཞིག སེམས་པ་བློང་བློང་བོ་འདྲ་བོ། འགའ་རེ་ལ། འདིར་ཤོག་དང་ཁ་ལག་སྤྲད་དགོས་ཟེར་ན་ཡང་། ཧད་སྡོད་པ་ལས་ཡོང་གི་མི་འདུག རང་གིས་རང་ཉིད་ངོ་ཤེས་གི་མེད་པ་འདྲ་ཟིག་རེད། དེ་འདྲ་གང་ས་གང་ན་ཡོད་གི་ཟེར་བར། ངའི་མིག་ནང་ཡང་མིག་ཆུ་ཞིག་རང་བཞིན་གྱིས་འཁོར་ཡོང་སྟེ་ཕྱི་རུ་བཞུར་མ་ཐུབ་པར་མིག་མཐའ་རུ་འཁེགས་པར་གྱུར།
མཇུག་མཐར་མ་གཏོགས་ངུ་རྒྱུ་མ་བྱུང་།
དྲ་བརྙན་ནང་གི་ངའི་ཕ་ཡུལ་གྱི་གྲྭ་པ་དེ། སྔར་བཞིན་ལྷོད་ཅིག་གེར་དང་སྐུ་ལུས་དྲང་པོར་བཞུགས་པ་མཐོང་ཐུབ། ཁ་བརྡའི་མགོ་ནས་མཇུག་བར་རྣམ་འགྱུར་གཅིག་རང་ལས་འགྱུར་བ་ཆེར་མེད་ནའང་སྐབས་སྐབས་སུ་གདོང་ལ་སྐྱོ་ཉམས་རེ་མངོན་པ་མཐོང་ཐུབ། ངས་དྲིས་པ་ལྟར། ཁོང་གིས་མུ་མཐུད་དུ་ཕ་གིར་སླེབས་པའི་སེམས་ཚོར་སྐོར་བཤད་སོང་། ད་དང་པོར་སྐྱེ་དགུ་མདོར་སླེབས་སྐབས། ཧ་ལས་ཧང་སངས། ཧོན་འཐོར་བ་འདྲ་ཞིག་མ་གཏོགས་གང་ཡང་དྲན་རྒྱུ་མེད་གི སེམས་པ་སྐྱོ་རྒྱུ་མི་འདུག་ལ་ངུ་རྒྱུའང་མི་འདུག དེ་ནས་ལས་བྲེལ་གྱི་དབང་གིས་བསམ་ཁོམ་དྲན་ཁོམ་ཅང་མ་ཡོང་ད། ངའི་མིག་ཆུ་དང་པོ་དེ། རྗེས་སུ་མཐའ་ཁུལ་གྱི་གྲོང་གསེབ་ཅིག་ལ་བལྟ་རུ་ཕྱིན་པ་ཡིན། བཟའ་རྒྱུ་མ་རེག་པར་གྲོད་ཁོག་ལྐོག་ཏུ་ལྷུང་ཡོད་པའི་ཁྱི་ཞིག་གིས་རྡོ་ལྡག་གི་ཡོད་པ་དེ་དང་། རྒན་འཁོགས་ཤིག་རང་གི་ཁང་པ་འཇིག་པའི་ཕུང་གསོག་སྒང་ན་ད་དུང་མགོ་ཡི་ཁྲག་མ་སྐམ་པར་དེ་བསྲུང་ནས་བསྡད་འདུག་པ་དེ་ཚོ་མཐོང་ནས་ང་མིག་ཆུ་ཤོར་སོང་ཞེས་དང་། དེ་ནས་ངེད་ཚོ་ཕར་ལོག་འགྲོ་སྐབས། ལམ་ཁར་བྱིས་པ་ཆུང་ཆུང་དེ་འདྲས། རྒྱ་ཡིག་ནང་གན་ཞེ་དང་། བོད་ཡིག་ནང་བཀའ་དྲིན་ཆེ་ཟེར་བའི་ཤོག་བྱང་དེ་འདྲ་བཟུང་ནས་ལབ་ཟུར་དུ་པང་སྒྲིག་བསྡད་ནས་མགོ་བོ་སྒུར་དེ་འདྲ་བྱེད་གི་འདུག བཀའ་དྲིན་ཆེ་ཟེར་གི་ཡོད་ས་རེད། ཡང་སྐྱར་མིག་ཆུ་ཤོར་སོང་། དང་པོར་བསམ་ཁོམ་མ་བྱུང་། ཕར་ནས་ལམ་དུ་ལངས་པ་ནས་ཕ་གིའི་གནང་སྟངས་ལ་བསམ་བློ་བཏང་གི་བཏང་གི་སེམས་སྐྱོ་བ་ལ་སྐྱོ་ཚོད་མི་འདུག་ཟེར་ནས་བཤད་པར་ཉན་ན་ང་ཚོར་ཡང་མིག་ཆུ་མ་ཤོར་རང་ཤོར་ཆགས་འགྲོ་གི
དྲི་བ་དྲིས་ལན་གྲིས་གཏུབ་པ་འདྲ་བ་འགའ།
ངས་ ་་ཁྱེད་ཚོ་མར་ལོག་ཁར་ཕར་རོགས་རམ་ག་ཚོད་ཅིག་འབྱོར་གི་འདུག།་་ དྲིས་པར། ཁོས། ་་ ངེད་ཚོ་གྲོང་གསེབ་དེ་འདྲ་འགའ་རེར་ལྟ་རུ་ཕྱིན་པ་ཡིན། སྐྱེ་དགུ་མདོ་རང་དུ་དེ་སྐབས་རོགས་དངོས་མང་པོ་འབྱོར་ཡོང་གི་ཡོད་གི འགྱིག་དམ་ནང་ཡོད་པའི་བཏུང་བའི་རིགས་སྤུངས་བཞག་འདུག ཡིན་ནའང་། མཐའ་ཁུལ་གྲོང་གསེབ་ཁག་ནང་ད་རུང་རོགས་སྐྱོར་ཡག་པོ་འབྱོར་གི་མེད་གི་་
་་ཕར་རོགས་རམ་བྱེད་མཁན་གྲྭ་བ་མང་ས་ཡོད་ཁ།་་ ཞེས་པར། ཁོས་ ་་གཤིས་གི་མང་གི གྲྭ་པ་དང་དམག་མི་གཉིས་ལ་ཕལ་ཆེར་མང་ཉུང་མེད་གི་་ཟེར།
དེ་ནས་ངས་ཡང་སྐྱར། ་་རྗེས་སུའང་། ཕར་ས་ཡོམ་ཅུང་ཟད་རེ་ཡོང་གི་ཡོད་པ་འདྲ། ཁྱེད་ཚོ་ཕར་ཡོད་སྐབས་དེ་འདྲ་བྱུང་ངམ་་ ཁོང་ནས། ་་ངེད་ཚོ་རླངས་འཁོར་ནང་གྲོང་གསེབ་ཅིག་ལ་འགྲོ་སྐབས། ངེད་ཚོ་རླངས་འཁོར་ནང་ཡོད་པས་མ་ཤེས། ས་ཡོམ་རྒྱག་གི་ཡོད་པའི་རྟགས་མཚན་ཞིག་ལ། རི་ངོས་ཀྱི་བྲག་རྡོ་དེ་འདྲ་ཆད་དེ་རྦབ་རིལ་ཐེབས་ཡོང་ནས་ ངེད་ཚོའི་རླངས་འཁོར་གྱི་མཇུག་ལའང་ཅུང་ཟད་ཐེབས་སོང་་་ ཟེར།
ཆུ་ཚོད་བཅུ་པ་ཟིན་གྲབས་འདུག ་་ད་གཞན་པ་ཁྱོད་ཆི་ཟིག་བཤད་རྒྱུ་ཡོད་་ ངས་བྲེལ་སྟབས་ཀྱིས་དྲིས། དེ་ནས་ཁོས། ་་ད་གཞན་པ་ངེད་ཚོ་ཕར་ནས་མ་ཐོན་སྔོན། གྲོང་ཁྱེར་གྱི་ལྟེ་བ་མ་གཏོགས། ས་ཆ་གཞན་པ་གང་སར་རུལ་དྲི་འདྲ་ཞིག་བྲོ་ཡོང་བའི་མགོ་བཙུགས་སོང་། ཕར་ཆེར་བོད་མི་ཡོད་སར་ཟོག་དང་ཁྱི་སོགས་ཉར་ཡོད་པ་མང་པོ་ཞིག་ཤི་གོད་བྱུང་ཡོད་ས་ཡོད་གི་་ ཟེར།
ཕ་གི་དཀའ་ངལ་གཙོ་བོ།
་་དེ་མིན་ད་ཁྱོད་རང་ངོས་ནས་བཤད་རྒྱུ་ཅང་ཨེ་ཡོད།། དྲིས་པར། ཁོང་ནས། ལམ་སང་། ་་ད་ཕ་གིའི་དཀའ་ངལ་གཙོ་བོ་དེ། མིའི་སེམས་ཁམས་ཀྱི་དཀའ་ངལ་རེད། མི་སྨྱོན་པ་ཆགས་པ་དང་རང་ཤི་རྒྱག་རྒྱུའི་ཉེན་ཁ་ཆེ་གི། ཕ་གི་མི་མང་པོ་ཞིག་ཅིག་ལོག་བསྡད་ཡོད་གི ཁ་སང་དེ་རིང་། གཞུང་ནས་སེམས་ཁམས་བདེ་ཐང་སྐོར་ལ་དམིགས་བསལ་སློབ་སྦྱོང་ཡོད་མཁན་དགེ་རྒན་དང་སྨན་པ་དེ་འདྲ་གཏོང་གི་ཡོད་པའི་ཁྱབ་བསྒྲགས་བྱེད་གི་ཡོད་གི་ཟེར་བར། ངས་ཀྱང་མུ་མཐུད་འཕྲོ་མཐུད་ནས། ་་ང་ཚོའི་བོད་ལ་མཚོན་ན། གལ་ཆེ་ཤོས་དེ་བླ་མ་རྩ་ཆེན་ཞིག་ཕེབས་ནས་བཀའ་ཆོས་གནང་བ་དང་། སེམས་གསོ་གནང་ཐུབ་ན་དེ་ནི་གཞན་ཀུན་ལས་ཀྱང་ཕན་ཐོགས་ཆེན་པོ་ཡོད་རྒྱུ་རེད་་ཅེས་བཤད་པར། ཁོང་ནས་ཕ་གིར་རོ་མེ་སྲེགས་བྱེད་པའི་ཉིན། ཁམས་རྫོགས་ཆེན་དགོན་ནས་རེད་ཟེར་བའི་བླ་མ་ཆེན་པོ་ཞིག་ཕེབས་འདུག དེ་མིན་མདོ་སྨད་ཀྱི་བླ་ཆེན་ཞིག་ནང་། རེབ་གོང་གི་རོང་པོ་ཤར་ཚང་སྐུ་དངོས་སུ་ས་ཡོམ་རྒྱུགས་པའི་ས་ཆར་ཕེབས་འདུག། ཕལ་ཆེར་ངེད་ཚོ་དུས་ཚོད་གཅིག་པ་འདྲ་ཞིག་ལ་སླེབས་པ་རེད་ཟེར།
ངས། ཡ་ད་བཀའ་དྲིན་ཆེ། ཁོང་གིས། ཡ་ད་བདེ་མོ་བྱོས་ཟེར་ནས་ཁ་བརྡ་མཚམས་བཞག
dhatsenpaལགས་ཀྱིས་ཟླ་ཚེས་April 27th, 2010 ལ་ གསར་འགྱུར།,བཅར་འདྲི། སྡེ་ཚན་དུ་སྤེལ|
དེ་རིང་གི་ཁ་བརྡ་དང་པོ།
https://www.khabdha.org/?p=8415
དེ་རིང་ཞོགས་པ་ཆུ་ཚོད་བདུན་པ་ཙམ་ལ་ཁ་པར་གྱི་ཙིར་སྒྲ་ཞིག་གིས་གཉིད་སྐྱིད་པོའི་ཞིང་ཁམས་ལས་དཀྲོགས་པར་གྱུར། མགྱོགས་པོར་ཡར་ལངས་ནས་མིག་གཉིས་ལ་ཕུར་ཕུར་གཏོང་བཞིན་ཁ་པར་ཡར་བླངས་ནས་ཉན་པའི་ཚེ། ཁ་པར་ནི་ཕ་ཡུལ་ནས་རེད་འདུག ཁ་པར་ནང་། ནམ་རྒྱུད་རྒྱུས་ཡོད་ཀྱི་སྐད་ངག་ཅིག་གིས ་་ཁྱེད་ཀྱི་གྲོགས་པོ་མགོན་མིང་གིས་ཁྱེད་ལ་དྲ་ལམ་ནས་ཁ་བརྡ་བྱེད་དུ་འདིར་ཡོང་གི་ཡིན་ཟེར་གི ཁྱོད་དུས་ཚོད་ནམ་འཚམས་པོ་འདུག་་ ཟེར། ངས། ་་ ང་གཉིད་བསྡད་ཡོད་དྲ། ད་དྲག་གི ད་ལྟ་རང་ཁ་བརྡ་བྱེད་དགོས་་ ལབ་ནས་ཁ་པར་མར་བཞག མགྱོགས་པོར་གོན་རྒྱུ་གོན། གདོང་པ་དང་སོ་བཀྲུས་རྗེས་གློག་ཀླད་ནང་འཛུལ་བར་བྲེལ།
ང་དེ་འདྲའི་བྲེལ་བ་སྐྱེ་དགོས་དོན་ནི། ཡུལ་ཤུལ་དུ་ས་ཡོམ་རྒྱུགས་པ་ནས་ས་གནས་དེ་གའི་ངའི་སློབ་གྲོགས་ཚོའི་བདེ་སྡུག་སྐོར་ཡར་མར་ཁ་པར་བཏང་ཡང་རྩད་གང་ཡང་མ་ཆོད་པས། མི་གཞན་ཞིག་ལ་ཕ་ཡུལ་གྱི་ངའི་སློབ་གྲོགས་དེར་དེ་སྐོར་ཤེས་ཀྱི་ཡོད་མེད་སྐད་ཆ་འདྲི་རོགས་ཟེར་ནས་མངག་བྱ་བྱས་ཡོད་པས་ཡིན། ང་གློག་ཀླད་ནང་འཛུལ་ནས་དྲ་བརྙན་སྐུད་ལམ་ཕར་མཐུད་པ་དང་། དམར་ཞིང་རྒྱགས་ལ་འཛུམ་མུལ་ལེར་ཡོད་པའི་གདོང་པ་ཞིག་ངའི་མིག་ངོར་མངོན་ཡོང་བ་ནི། ངའི་གྲོགས་པ་རེད། ངས་ ་་ཨ་རོ། ཚོ་བུད་ཡོད་ག (ཨམ་སྐད་དུ་རྒྱགས་པ་ཆགས་པའི་དོན།) ཟེར་བཞིན་རྩེད་མཚར་གྱི་གད་མོ་ཞིག་དང་མཉམ་ཁ་བརྡའི་མགོ་བཙུགས།
་་ཧུ་ཧུ་ཧུ་་ རྒྱགས་ཆེ་བས་མིན་ནམ། གད་མོ་དགོད་ཐུབ་ལ་མི་ཐུབ་ལ་བྱེད་བཞིན་ལམ་སང་གྲོགས་པོ་ཚོའི་སྐོར་ཁ་བརྡ་བྱས་སོང་། ་་ངག་དབང་བསོད་ནམས། ས་ཡོམ་རྒྱུགས་ས་ན་མེད་ཀི འབྲི་སྟོད་རྫོང་གི་རྫོང་དཔོན་རེད། ནང་མི་དང་ཚང་མར་སྐྱོན་བྱུང་མེད་ཀི ཡེ་ཤེས་ཉི་མ། རྫོང་གཞན་ཞིག་ན་ཡོད་ནི་རེད། སྐྱོན་བྱུང་ཡོད་ནི་མ་རེད། ཆོས་ཕྱུག་གཡུ་མཚོ། ང་ཚོའི་སློབ་གྲོགས་ཝང་ཀྲི་ཞོང་ལ་བཟའ་སྒྲིག་བྱས་ནས་ལེན་ཞ་ན་ཡོད་ནི་རེད། བྱ་བ་གཡུགས་ནས་ཧེ་ཧེ་(རྒྱ་ཁ་ཆེ)བྱས་པ་རེད། ཝང་ལ་གོ་གནས་མཐོ་བ་དང་འཇོན་པོ་ཡིན་ཙང་མོ་ལ་བྱ་བ་ཞིག་ཀྱང་རེག་འདུག ན་ནིང་ཁ་བརྡ་བྱས་པ་ཡིན། བློ་ཆོས་རྒྱལ་གྱི་སྐོར་གནས་ཚུལ་ཅང་མ་ལོན་ད་་ ཟེར།
དེ་ནས་ང་ཡང་ཅུང་ཟད་ལྷོད་ལ་བབས། ཀུ་རེ་རྩེད་ཞོར་དང་གད་མོ་དགོད་ཞོར་དུ་མུ་མཐུད་ས་ཡོམ་སྐོར་ཁ་བརྡ་བྱས། ཁོས་མུ་མཐུད་ནས། འུ་ཆ་བོ་རྫོང་དུ་མི་མང་གིས་ཡུལ་ཤུལ་ས་ཡོམ་ལ་སྒོར་ས་ཡ་གཅིག་གི་རོགས་རམ་བྱས་པ་རེད། དང་པོར་དགོན་པ་བཞི་བོས་སྒོར་ཁྲི་ཉི་ཤུས་ཟས་རིགས་ཉོས། སྒོར་ཁྲི་བཞི་སྒོར་རྐྱང་ཁྱེར་ནས་ས་གནས་ས་ཐོག་རང་ལ་ཕྱིན་པ་རེད། རྩམ་པ་རྒྱ་མ་ཅིག་ཅིག ། མར་རྒྱ་མ་ཉིག་ཉིག་ཟེར་ནས་གྲངས་ཀ་ཐོ་ཐུག་ལ་མི་ཐུག་ལ་ཁ་ཤས་ཤིག་བཤད་རྗེས། ཁོ་རང་ལའང་ཏག་ཏག་ཅིག་མེད་པ་འདྲ། ལམ་སང་མཚམས་བཞག་སོང་། ས་གནས་ས་ཐོག་རང་ལ་འགྲོ་མཁན་གྱི་གྲྭ་པ་ཞིག་ཡོད། ངས་དེར་ཁ་པར་གཏོང་དགོས་ཟེར། ངས། ད་ཁ་པར་མ་བཏང་ན་འགྲིགས་གི་རེད་ལབ་པར། ཁ་པར་བཏང་ན་ད་ལྟ་རང་སླེབས་གི་རེད་ཟེར། ངས་ཀྱང་འདང་ཞིག་རྒྱབ་ནས་ཁོ་ལ་ཁ་བརྡ་བྱེད་རྒྱུ་གསར་པ་དེ་འདྲ་ཡོད་ན་ཐང་བསམས། དུས་ཚོད་ལ་ཅིག་བལྟས་པས་ཆུ་ཚོད་བརྒྱད་པ་ཟིན་གྲབས་འདུག ངའི་ཞི་ལི་ཡང་གཉིད་སད་འདུག
་་ཡ་ ད་དེས་ན། ངས་ཞི་ལི་ལ་ནངས་ཆུ་ཞིག་བླུད་ནས་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ཡང་སྐྱར་ཁ་བརྡ་བྱེད་དགོས་ཟེར་ནས་ཁ་བརྡ་མཚམས་བཞག ཡར་སྒང་ལ་ནངས་ཇ་འཐུང་དུ་སོང་། མགྱོགས་པོར་གོ་རེ་ནར་མོ་རིང་པོ་ཞིག་ཐུང་ངུར་གཏུབ་གི་གཏུབ་གི སྡེར་མ་ཞིག་གི་ནང་བླུགས། དེ་ཟ་ཅོག་སྒང་བཞག འོ་མ་དཀར་ཡོལ་གང་བླུགས་ནས་ཞི་ལིའི་སྔོན་ལ་བཞག ་་དེ་རིང་། ཨ་ཕས་བག་ལེབ་སྒང་ལ་མར་བྱུགས་ནས་ཁྱེད་ལ་སྤྲད་དགོས། ད་དཔེ་ཞིམ་པོ་ཡོད་པ་རེད་ད། ་་ ཟེར་ནས། བག་ལེབ་སྒང་ལ་མར་བྱུག་གི་བྱུག་གི་ཁོ་ལ་སྤྲད། ང་རང་གིས་ཀྱང་བཟས། འཁྱུག་ཙམ་རིང་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཟིན་འདུག ལམ་སང་མར་གློག་ཀླད་ནང་འཛུལ་དུ་ཕྱིན།
dhatsenpaལགས་ཀྱིས་ཟླ་ཚེས་April 26th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
ངའི་མ་ཎི་ཡིག་དྲུག་གི་དབྱངས་རྟ་ལ་བཅིབས་ནས་ཕེབས་རོགས་ཞུ།
https://www.khabdha.org/?p=8071
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ཁྱེད་རང་བུད་སོང་།
ཁྱེད་རང་གློ་བུར་དུ་བུད་སོང་།
ཁྱེད་རང་མ་བསམ་ས་ནས་བུད་སོང་།
ཁྱེད་རང་གིས་འཇིགས་དངངས་དང་ན་ཟུག་ཅིག་ཁྱེར་ནས་བུད་སོང་།
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ཁྱེད་རང་གིས་བརྩེ་བ་ཕྱེད་ཀ་ང་ལ་བཞག་ནས་བུད་སོང་།
ངའི་བརྩེ་བ་ཕྱེད་ཀ་ཁྱེད་རང་གིས་ཁྱེར་ནས་བུད་སོང་།
ཁྱེད་རང་ཕྱིར་ཡོང་མེད་པར་བུད་སོང་།
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
ངས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ནས་ཁྱེད་རྗེས་ལ་ངུ་འབོད་བྱས།
ཁྱེད་རང་ངའི་མ་ཎིའི་དབྱངས་རྟ་ལ་བཅིབས་ནས་ཕེབས་རོགས་ཞུ
ངས་ཁྱེད་ཀྱི་ཆེད་དུ་མཚན་ཐུབ་མར་མེ་ཞིག་སྦར་ཡོད།
རྒྱུས་མེད་མུན་ནག་བརྒྱུད་ཕེབས་དུས།
ཁྱེད་ལ་ལམ་སྟོན་གྱི་སྒྲོན་མེ་ཉན་པར་ཤོག
ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ།
dhatsenpaལགས་ཀྱིས་ཟླ་ཚེས་April 19th, 2010 ལ་ གླུ་གཞས།,སྙན་ངག སྡེ་ཚན་དུ་སྤེལ|
དྭ་ཕྲུག་དེ་ཚོའི་ཁ་རྒྱ་ནང་ལ་བསྐོར་རྒྱུ་ཡིན་པ་འདྲ།
https://www.khabdha.org/?p=8009
ད་ཐེངས་ཀྱི་ས་ཡོམ་གྱི་གོད་ཆགས་ནང་ཕ་མ་བརླག་པའི་དྭ་ཕྲུག་མང་པོ་ཞིག་བྱུང་དང་འབྱུང་བཞིན་པའི་ནང་། ཁ་སང་གནས་ཚུལ་ཤེས་པ་ལྟར་ན། ད་ལྟ་གཞུང་གིས་བདག་པོ་རྒྱག་བཞིན་པའི་དྭ་ཕྲུག་ ༢༠༨ ཡོད་ཚུལ་འདུག རྒྱ་ནག་ནང་ཁུལ་གྱི་དྭ་ཕྲུག་གཉོར་སྐྱོང་ཚོགས་པ་ཞིག་ནས་བརྗོད་པ་ལྟར་ན། ཁོ་ཚོས་དྭ་ཕྲུག་དེ་ཚོར་བདག་པོ་རྒྱག་རྒྱུའི་གྲ་སྒྲིག་ཨང་བསར་ཡོད་ཟེར། དེར་བལྟས་ན། ད་ལྟའི་ས་ཡོམ་སྐབས་བྱུང་བའི་དྭ་ཕྲུག་དེ་ཚོ། རང་གི་ཕ་ཡུལ་གྱི་རི་ཆུ་དང་། རང་མི་རིགས་ཀྱི་ཆོས་གོམས་སྐད་ཡིག་སོགས་ལས་ཁ་ཕྲལ་ཏེ། སྐད་ཡིག་དང་ཆོས་གོམས་གཤིས་ལུགས་མི་གཅིག་པའི་ཁོར་ཡུག་གསར་པ་ཞིག་གི་ནང་འཁྱེར་འགྲོ་རྒྱུ་ཡིན་པ་འདྲ་བས་འདི་དང་འདི་འདྲ་ལ་ཡང་སེམས་ཚེགས་ཐལ་བ་ཞིག་ཡོང་གི་འདུག དེ་རིང་ཁ་སང་གི་གནས་ཚུལ་དེ་ཅིག་བཙལ་བ་ཡིན་ཡང་རྙེད་མ་སོང་།
dhatsenpaལགས་ཀྱིས་ཟླ་ཚེས་April 17th, 2010 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
གསར་འགྱུར་ཁ་ཟིན་སྣ་ཟིན། དྲི་བ་ཐ་རེ་ཐོ་རེ།
https://www.khabdha.org/?p=7996
༡ ཁ་ཆེན་དབང་ཆེན་ཞིག་ཡིན་ན་རས་གུར་གཉིས་གསུམ་རེ་འདུག་ཟེར། མི་མང་ཕལ་བ་ཚོར་རས་གུར་མི་རེག་པའི་ཐོག་ཁ་ལག་ཀྱང་རེག་གི་མི་འདུག་ཟེར། སྐྱོབས་གསོ་འབྱོར་བཞིན་པ་དེ་ཚོ་གང་དུ་ཕྱིན་པ་རེད།
༢ སྐྱོབས་གསོའི་སྒོར་མོའི་སྐོར་ད་ལྟ་ནས་རྙོག་དྲ་བྱུང་ཚར་འདུག སྐུར་མཁན་ཚོས་སྐུར་བའི་སྒོར་མོ་དེ་ཚོ་གཞུང་དང་ཚོགས་པ། མི་སྒེར་བཅས་ཀྱི་བར་ནས་གར་སོང་རྗེས་མགོ་མི་ཐོན་པར་ཆགས་འགྲོ་གི་འདུག་ཟེར། མི་རྣམས་ཤི་གསོན་མ་ངེས་པའི་དཀའ་ངལ་གྱི་སྐབས་སུའང་ལྐོག་ཟ་བྱེད་མཁན་འདི་ཚོ་སུ་ཞིག་ཡིན་ནམ།
༣ སྐྱེ་དགུ་རང་ལ་རིམ་པས་སྐྱོབས་གསོ་འབྱོར་དང་འབྱོར་བཞིན་ཡོད་ནའང་མཐའ་ཁུལ་གྲོང་གསེབ་ཁག་ལ་མིག་གིས་ལྟ་མཁན་མི་འདུག་ཟེར། དེ་ཚོར་སུ་ཡིས་མགོན་སྐྱབས་གནང་དགོས་རེད།
༤ མདོ་སྨད་ནས་ཡར་དངུལ་དངོས་གཉིས་ཀྱི་རོགས་རམ་བྱེད་མཁན་རླངས་འཁོར་གྱི་རྗེས་ལ་རླངས་འཁོར་མཐུད་ནས་མང་པོ་ཞིག་གཤར་འགྲོ་གི་ཡོད་པ་དེ་ཚོ་ལམ་བར་ནས་འགོག་གི་འདུག་ཟེར། རྒྱ་གཞུང་ཅི་ཞིག་ལ་ཞེད་གི་ཡོད་པ་རེད།
༥ ཕྱིའི་རྒྱལ་ཁབ་ཁག་ནས་རོགས་རམ་ལེན་གྱི་ཡོད་པ་ལས་མི་གཏོང་གི་མི་འདུག་ཟེར། གསང་བ་གང་ཞིག་ཤེས་འགྲོ་གི་རེད་བསམ་གི་ཡོད་པ་རེད།
༦ མདོ་སྨད་ཀྱི་རྫོང་ཁག་ནས་སྤྱི་བདེ་མི་སྣ་བཀོད་སྒྲིག་གིས་ཡར་འགྲོ་གི་འདུག་ཟེར། དེ་ཚོ་ག་རེ་བྱས་ནས་འགྲོ་དགོས་པ་རེད།
༧ ཁ་སང་གཅིག་པོར་སྐྱེ་དགུ་དགོན་གྱི་གྲྭ་བ་ཚོས་རོ་ ༣༠༠༠ མེར་སྲེགས་བཏང་འདུག་ཟེར། རྒྱ་གཞུང་གིས་ཤི་གྲངས་ ༡༡༡༤ རེད་ཟེར་ནས་ག་རེ་བྱས་ནས་རྫུན་བཤད་དགོས་པ་རེད།
༨ ཡུལ་ཤུལ་གྱི་རྒྱ་གྲམ་དམར་པོའི་དྲུང་ཆེས་སློབ་གྲྭའི་ཁང་པ་་བརྒྱ་ཆ་བདུན་ཅུ་རྡིབ་ཉིལ་ཕྱིན་པ་རེད་ཟེར། རྒྱ་གཞུང་གི་གཞུང་ཞབས་ཤིག་གིས་བརྒྱ་ཆ་ལྔ་བཅུ་རྡིབ་ཉིལ་ཕྱིན་པ་རེད་ཟེར། ག་རེ་བྱས་ནས་ཐོ་མི་ཐུག་པ་འདི་འདྲ་མང་པོ་ཞིག་ཡོད་པ་རེད།
༩ ས་གནས་དྲིལ་བསྒྲགས་པུའུ་ཡིས། མི་སྲོག་སྐྱོབས་པའི་གནས་ཚུལ་པར་རྒྱག་པ་དང་གསར་འགྱུར་འགོད་སྐབས་གྲྭ་བ་ཚོ་གཙོ་གནད་ལ་མ་འཛིན་བཤད་འདུག དེ་རྒྱུ་མཚན་ག་རེ་ལ་བརྟེན་ནས་རེད།
ཡིན་ན་ཡང་། མི་སྲོག་སྐྱོབས་པའི་ལས་འགུལ་འདིའི་མགོ་ནས་མཇུག་པར་གྲྭ་བ་རྣམས་རང་བཞིན་གྱིས་གཙོ་ཤུགས་ཆེ་ཤོས་ནང་ནུས་པ་ཐོན་ཤོས་ཆགས་འདུག
དགེ་འདུན་ལ་ཕྱག་འཚལ་ལོ། དགེ་འདུན་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་གསོལ་བ་འདེབས་སོ། དགེ་འདུན་པ་རྣམས་ལ་རྗེས་སུ་ཡི་རངས་ཤིང་བསྟོད་དོ། སྨོན་ནོ། བཀའ་དྲིན་རྗེས་སུ་དྲན་ནོ།
dhatsenpaལགས་ཀྱིས་ཟླ་ཚེས་April 17th, 2010 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཞལ་འདེབས་ཚང་མ་མི་མང་གི་ལག་པར་སླེབས་ཐབས།
https://www.khabdha.org/?p=7976
ས་ཡོམ་ནི་རྒྱབ་ཚར་རེད། བོད་མི་མང་པོ་ཞིག་གི་ཚེ་སྲོག་ནི་ཤོར་ཚར་རེད། ད་སེམས་སྐྱོ་ནའང་དེ་ལ་བཅོས་ཐབས་ནི་སུ་ལའང་ཡོད་མ་རེད། ང་ཚོའི་ངོས་ནས་སྨོན་ལམ་རེ་འདེབས་རྒྱུ་དང། ཞལ་འདེབས་རེ་ཕུལ་བ་ལས་གང་ཡང་བྱེད་རྒྱུ་མི་འདུག
བོད་མི་དང་བོད་མི་མ་ཡིན་པ་མང་པོ་ཞིག་ནས་ཞལ་འདེབས་ཕུལ་མཁན་མང་པོ་ཞིག་ཡོང་གི་རེད་འདོད། ཞལ་འདེབས་རྣམས་ཚོགས་པ་འདྲ་མི་འདྲའི་མིང་ཐོག་ཕུལ་ནས་ཁ་ཐོར་དུ་གཏོང་མི་དགོས་པ་གལ་ཆེ། ལྷག་པར་དུ་རྒྱ་གཞུང་གི་ལས་ཁུངས་རིམ་པ་བརྒྱུད་ནས། ཟས་མི་ལག་བརྒྱུད་ན་ཇེ་ཆུང་གི་དཔེ་རུ་མ་སོང་བར་མི་མང་གི་ལག་པར་ཐད་ཀར་འགྲོ་བ་ཞིག་བྱུང་ན། ཆུ་ཐིགས་བསགས་པའི་རྒྱ་མཚོ་དང་། མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་དཔེ་བཞིན་འབྱོར་དགོས་སའི་མི་མང་གི་ལག་པར་རེག་པ་ཞིག་བྱུང་ན་ཕུལ་མཁན་ཞིག་ཡིན་རུང་སེམས་བདེ་བའི་ཁྱད་རེད།
སྔོན་མ་ཞིག་ལ་བོད་ནང་གངས་འཁྱག་ལྷུང་བའི་སྐབས་ཤིག་ཀྱང་བཙན་བྱོལ་སྤྱི་ཚོགས་ནས་ཞལ་འདེབས་ཕུལ་རེད། ༧རྒྱལ་བ་རིན་པོ་ཆེ་གཅིག་པོའི་ངོས་ནས་ཀྱང་དངུལ་གང་འཚམས་ཤིག་བཏང་བ་རེད། རྗེས་སུ་མི་མང་གི་ལག་ལ་ཞེ་དྲག་སླེབས་མེད་པའི་སྐད་ཆ་ཞིག་བྱུང་བ་དྲན། ད་ཐེངས་དེ་ལྟར་མ་ཡོང་བའི་ཆེད། ས་གནས་སོ་སོ་ནས་དངུལ་བསྡུ་རུབ་བྱས་ཏེ་དེ་ལས་ཁུངས་སམ་ཚོགས་པ་གཅིག་གི་མིང་ཐོག་འབྱོར་བ་བྱས། དེ་ནས་བཙན་བྱོལ་བོད་མིའི་སྐུ་ཚབ་ཅིག་གཏོང་བའམ་ཡང་ན་ཕ་གིར་སྐྱེ་དགུ་དགོན་ལྟ་བུ་ཞིག་གི་མིང་ཐོག་བཏང་ནས་མི་མང་གི་ལག་པར་དངོས་སུ་སླེབས་པ་ཞིག་བྱུང་ན་ཅི་མ་རུང་། འདི་ལ་གཞུང་ནས་སློབ་སྟོན་ཞིག་གནང་རྒྱུ་གལ་ཆེ་བར་མཐོང་།
dhatsenpaལགས་ཀྱིས་ཟླ་ཚེས་April 16th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
རེ་བའི་ངུ་སྐད། མི་རབས་རྗེས་མ།
https://www.khabdha.org/?p=7920
གྲང་ངར་ལྡན་པའི་སྨག་ནག་ཁྲོད། སྡུག་བསྔལ་ཁོན་ནའི་ཟས་དང་མིག་ཆུ་ཁོ་ནའི་བཏུང་བ་ལས་མེད་པར་ཟས་བརྗེད་གཉིད་བྲལ་ངང་སྡོད་པའི་མི་ཚོགས་ལ། བྱིས་པ་གསར་སྐྱེས་ཤིག་གི་ངུ་ངག་གིས་དགའ་བ་དང་རེ་བ་འཁྱུག་ཙམ་ཞིག་སྦྱིན། ཚང་མས་དར་ལུང་རྣ་བ་གཉིས་གཏད་དེ་དེ་ཕྱོགས་སུ་ཉན།
ངུ་ངག་དེ་ནི་གྲང་རླུང་གིས་གཙེས་ཤིང་ཆ་རྐྱེན་ཞན་པའི་རས་གུར་ཞིག་ལས་གྲག་ཡོང་།
་་་ བུ་ཞིག་རེད་་ ཟེར་བ་གོ་བ་དང་། ཨ་མ་སྦོར་རའི་ཐང་ཆད་པའི་གདོང་བ་ལས་རེ་བའི་འཛུམ་མདངས་ཆུང་ཆུང་ཞིག་མངོན་ཙམ་བྱས། དེ་མུར་སྨན་པས་ནང་དུ་བོས་པ་བཞིན། གདོང་པ་ས་རྡུལ་གྱིས་ཁེངས་ཡོད་ནའང་། གཟུགས་སྟོབས་ཉམས་མེད་པའི་ཁམས་པའི་ཕོ་གསར་ཞིག་གུར་ནང་འཛུལ་ཡོང་བ་དེ། མདང་སྐྱེས་བུ་ཕྲུག་དེའི་ཕ་སྐྱ་ཏོ་རེད།
འཛུམ་ཞིག་ལངས་ནས། སྨན་པ་ལ་ཐུགས་རྗེ་ཆེ་ཞུས་པ་དང་མཉམ། ་་འདི་ནི་ངའི་བུ་གཉིས་པ་དེ་རེད་་ ཟེར།
་་ངའི་བུ་གཉིས་ཀ་ས་ཡོམ་སྐབས་སྐྱེས་པ་རེད། བུ་ཆེ་བ་དེ་ ༢༠༠༨ ལོར་སི་ཁྲོན་ལ་ས་ཡོམ་བྱུང་སྐབས་སྐྱེས་པ་རེད། ཨ་མ་སྦོ་རས་སྐྱ་ཏོའི་ཚིག་རྗེས་མནན་ནས་བཤད།
ད་ཐེངས་ས་ཡོམ་གྱི་གོད་ཆག་སྐབས་བྱིས་པ་ཁ་ཤས་ཤིག་སྐྱེས་འདུག་པ་ལས་འདི་ནི་དང་པོ་དེ་རེད་འདུག དགོང་མ་དང་པོའི་ཆུ་ཚོད་བཞི་བའི་ཐོག་སྐྱེས། གཞན་དེའི་རྗེས་སུ་ཡུལ་ཤུལ་སྨན་ཁང་དུ་བྱིས་པ་གཉིས་སྐྱེས་འདུག་པ་དང་། སྨན་ཁང་གི་མདུན་ཐང་གུར་ནང་བྱིས་པ་གཉིས་སྐྱེས་འདུག
སྨན་རོགས་པ་ཞིག་གིས་བཅར་འདྲིར། ་་འདི་ནི་རེ་བ་རེད་་ ཟེར་ནས་ལན་བཏབ།
དངོས་གནས་མི་མང་པོ་ཞིག བཟོད་པར་དཀའ་བའི་ན་ཟུག་དང་བཅས་འཇིག་རྟེན་ཕྱི་མར་གཤེགས་ལ། མི་མང་པོ་ཞིག་ནང་མི་དང་ཁང་ཁྱིམ་བརླག་པ། རྨས་སྐྱོན་གྱི་ན་ཟུག་སོགས་ཀྱི་སྡུག་བསྔལ་མ་ཐེག་པར་ཡོད་པའི་སྐབས་འདིར། བྱིས་པ་ཉུང་ཤས་ཤིག་གིས་བཞུད་ཟིན་པ་རྣམས་ཀྱི་ཤུལ་གསབ་ཐབས་མེད་པ་ཞིག་ཡིན་ནའང་། ཁོ་ཚོ་ནི་དཀའ་སྡུག་ཆེ་བའི་སྐབས་འདིར་གསོན་པོ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང་བ་འདྲ་བོ་ཞིག་མ་རེད་དམ།
དེ་བས་འདི་ཡང་རེ་བ་ཞིག་ཅི་ལ་མིན།
dhatsenpaལགས་ཀྱིས་ཟླ་ཚེས་April 15th, 2010 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
བློ་བྱམས་ཀྱི་མ་མ་རེད།
https://www.khabdha.org/?p=7714
ནམ་རྒྱུན་ནས། དོན་དག་ཆེ་ཆུང་ཚང་མར་རྩོད་གླེང་བྱས་སྡོད་མཁན་གྱི་རྒན་པོ་དེ་དག དེ་རིང་། གནའ་བོའི་བོད་ཀྱི་པར་རྙིང་འཚོལ་སྡུད་བྱེད་མཁན་ཨ་ཁུ་གདུགས་དཀར་སྐྱབས་ཚང་ལ་འཛོམས་འདུག དེ་རིང་གི་རྩོད་གླེང་དེ་ནམ་རྒྱུན་དང་ཅུང་མི་འདྲ་བ་ནི། ནམ་རྒྱུན་ཡིན་ན་རྩོད་གླེང་གི་མཇུག་ཏུ་གང་བདེན་མིན་ལ་ཐག་གཅོད་བྱེད་མཁན་ཞིག་ཡོད་པ་རེད། དེ་རིང་བདེན་རྫུན་དབྱེ་འབྱེད་བྱེད་མཁན་དེའང་ཁ་བཙུམ་སྡོད་པ་ལས་ཅི་བྱ་གཏོད་མེད་དུ་གྱུར།
རྩོད་གླེང་ནི་འདི་ལྟར། གནའ་བོའི་པར་རྙིང་ཞིག་གི་འོག་ཏུ། པར་འདི་ བློ་བྱམས་ཀྱི་མ་མ་རེད། དགེ་ལེགས་ཀྱིས་ ༡༨༨༩ ཟླ་ཚེས་ལ། ཞེས་བྲིས་ཡོད་འདུག
ཁ་ན་མ་ཎི་འདོན་ཞིང་། ལག་པ་ན་དངུལ་ཐིམ་རྒྱབ་པའི་འཁོར་ལོ་ཞིག་བར་མེད་སྐོར་བཞིན་པའི་ཨ་མྱེས་ལྷ་རྒྱལ་གྱིས། པར་དེ་ལ་ཞིབ་ཚགས་ཀྱིས་ཐེངས་གཅིག་བལྟས་རྗེས།
ཨོ། འདི་ བློ་བྱམས་ཀྱི་ མ་མ་ རེད འདུག་ག ཟེར་ནས་གདེང་ཚོད་ཆེན་པོས་བཤད་རྗེས་གཞན་པ་ཚོར་སྐོར་ལྟ་ཐེངས་ཤིག་བྱས་ཏེ་མུ་མཐུད་མ་ཎི་བཏོན་ཞིང་འཁོར་ལོ་སྐོར།
དེ་ནས་ནམ་རྒྱུན་ཁོའི་ཁ་གཏད་གཅོག་མཁན་ཨ་མྱེས་སྟག་ལྷ་རྒྱལ་གྱིས། ལམ་སང་ལག་གི་བ་སོའི་འཕྲེང་བ་འདེད་མཚམས་བཞག་ནས།
ག་རེ་གོ ཟེར་ནས་པར་ལ་ཞིབ་ལྟ་ཞིག་བྱས་རྗེས། ཁོང་དགོད་ཅིག་དང་མཉམ། ལྷ་རྒྱལ་འདིས་མི་ཤེས་ཤེས་ཁུལ་བྱས་ནས།
འདི་བློ་བྱམས་ཀྱི་ མ་ མ་རེད་ཟེར་ནས་ཀློག་དགོས་རེད་ལབ་ནས་ཡིད་ཚིམ་པའི་ངང་ས་རུ་བསྡད།
དེ་ནས་འགའ་རེས་ མ་མ་ རེད། ཅེས་ཀློག་དགོས་པ་རེད་ཟེར་ནས་རང་རང་རང་གི་རྒྱུ་མཚན་བཤད། འགའ་རེས་ མ་ མ་རེད་ ཟེར་ནས་ཀློག་དགོས་པ་རེད་ཟེར་ནས་རྩོད་པ་རྒྱབ།
དེ་ནས་བཟུང་ལོ་ངོ་མང་པོ་ཞིག་འགོར། རྩོད་པ་དེ་ད་རུང་ཐག་ཆོད་མི་འདུག ཚན་རིག་པ་འགའ་ཤས་ཤིག་སྐད་བཏང་ཡོང་བར་དེ་ཚོས་ཀྱང་ཐག་མ་ཆོད་པར་ལུས་འདུག དོན་ངོ་མ་པར་དེ་སུ་ཞིག་ཡིན་མིན་དེ། ད་ལྟ་འཛམ་གླིང་གི་གསང་གནས་གལ་ཆེན་ཞིག་ཏུ་གྱུར།
ཨ་ཁུ་སྟག་ལྷས། མགོ་བོ་འཕྲེད་དུ་གཡུག་བཞིན།
དགེ་ལེགས་དེས། ཡི་གེ་དེ་འབྲི་སྐབས་ཚིག་མཚམས་བཞག་ཡོད་པ་ཡིན་ན། ང་ཐོབ་ཐོབ་བ་རེད། མ་གཞི་རྩོད་གླེང་འདི་ཡང་ཡོང་ཡོད་པ་མ་རེད་ཟེར་ནས་ཁ་སང་ངས་བཅར་འདྲི་བྱེད་དུས་ཤོད་ཀྱི་འདུག ཨ་མྱེས་ལྷ་རྒྱལ་གྲོངས་ནས་ལོ་གསུམ་ཕྱིན་འདུག་པས་བཅར་འདྲི་བྱེད་ཐུབ་མ་སོང་།
གསང་གནས་འདི་དུས་རབས་ནས་དུས་རབས་སུ་གསང་གནས་སུ་ལས་རྒྱུ་ཡིན་པ་འདྲ།
dhatsenpaལགས་ཀྱིས་ཟླ་ཚེས་April 10th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
བོད་ཡིག་ལེགས་བཅོས་སྐོར།
https://www.khabdha.org/?p=7675
ཀུན་གླེང་གི་བོད་ཡིག་ལེགས་བཅོས་སྐོར་གྱི་བགྲོ་གླེང་ལ་ཅིག་ཉན་པ་ཡིན། ཕྱོགས་གཅིག་ནས་བསམ་ན་དགའ་དགོས་པ་ཞིག་རེད་ལ་ཡང་ཕྱོགས་གཞན་ཞིག་ནས་བསམ་ན་ངོ་མ་ངུ་ཤོར་གི་འདུག རྡོ་རྗེ་ཚེ་བརྟན་ལགས་ནས་བགྲོ་གླེང་འདི་གོ་སྒྲིག་གནང་བར་སེམས་གཏིང་ནས་དགའ་སྤྲོ་འཕེལ། དེ་ནས་བསྟན་འཛིན་བདེ་སྐྱིད་ལགས་ནས་བོད་ཕྲུག་ཚོའི་ནང་དངོས་སུ་ཟབ་ཞུགས་ཀྱིས་ཞིབ་འཇུག་དང་ཚོད་ལྟ། རང་གི་ཉམས་མྱོང་སོགས་གཞིར་རྩར་བཞག་དེ་བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་དགོངས་འཆར་གནང་བས་སེམས་ཤུགས་འཕར་ཡོང་གི་འདུག མོ་ལ་རྒྱབ་སྐྱོར་ཆ་ཚང་ཡོད།
དཀའ་ངལ་དེ་དངོས་ཡོད་ཡིན་པ་མིག་གིས་མཐོང་རྒྱུ་འདུག
མ་གཞི་བོད་ཡིག་ལ་དོ་སྣང་མེད་པ་དེར་རྒྱུ་རྐྱེན་ཁ་ཤས་ཤིག་ཡོད་པ་ལས་བར་སྟོང་འདི་དེའི་ནང་གི་གཅིག་རེད་ལ་གལ་ཆེན་པོ་ཞིག་ཀྱང་རེད། བོད་ཡིག་ཀློག་སྐབས་ཀློག་མཚམས་གཅོད་སྟངས་མི་ཤེས་པའི་དཀའ་ངལ་ཞིག་ཡོད་པ་དང་དེ་ལ་བརྟེན་ནས་ཚིག་དོན་གྱི་གོ་བ་མི་ལོན་པ་དང་གོ་བ་ཕྱིན་ཅི་ལོག་ཏུ་ལེན་པ་དེ་དངོས་ཡོད་རེད། དེ་ཡང་ལྷག་པར་དུ་བོད་ཡིག་གི་རྨང་གཞི་ཡག་པོ་མ་ཆགས་སྔོན་དཀའ་ངལ་དེ་ཕལ་ཆེར་མི་ཚང་མར་འཕྲད་གི་ཡོད་པ་རེད། དེར་མ་ཟད་བོད་ཡིག་ཡག་པོ་ཤེས་མཁན་ཞིག་ཡིན་ནའང་དཀའ་ངལ་དེ་ཆེ་ཆུང་ལ་མ་ལྟོས་པར་ཡོད་ནི་ཡོད་པ་རེད། དེ་ནི་བདེན་པ་དང་དངོས་ཡོད་རེད།
གཅིག ཀློག་མཚམས་ཀྱི་དཀའ་ངལ་སྐོར་ཁ་སང་རྡོ་རྗེ་ཚེ་བརྟན་གྱིས་སྒྲུང་གསོན་པོ་གཉིས་ཀྱི་ཐོག་ནས་གསལ་བོར་བསྟན་པ་དེ་ལྟར་རེད།
གཉིས། ངས་རང་ཐོག་གི་ཉམས་མྱོང་ཞིག་བཤད། ངས་ཆུང་དུས་དཔེ་ཆ་ཀློག་སྐབས་ཐེངས་གཅིག་ཀློག་ན་མ་གོ་བ་ཡོང་གི་འདུག ཐེངས་གཉིས། མཚམས་རེར་ཐེངས་གསུམ་ཀློག་ན་གཞི་ནས་དོན་གོ་ཡོང་གི་འདུག ཐ་ན་ད་ལྟའང་རྩོམ་རྙོག་འཛིངས་ཚ་བོ་རྗོད་པ་རིང་པོ་ཞིག་མགྱོགས་པོར་ཀློག་ཕྱིན་ན་མཚམས་རེར་ཚིག་དོན་རེ་ཟུང་རེ་སྐྱར་ཀློག་བྱེད་དགོས་པ་དེ་འདྲ་ཡོང་གི་འདུག དོན་དངོས་སུ་དེ་ནི་ཀློག་སྟངས་དང་ཀློག་མཚམས་གཅོད་ཉེས་ཀྱི་དབང་གིས་ཡིན་འདུག
གསུམ། དེ་ནས་གཞན་ཐོག་གི་ཉམས་མྱོང་ཞིག་བཤད། སྔོན་མ་ཞིག་ལ་བཤད་པ་ལྟར། བོད་ནང་ཡོད་སྐབས་ཤིག་ངའི་དགེ་གྲོགས་གཉིས་ཀྱིས་ཁོ་གཉིས་ལ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དཔེ་ཁྲིད་བྱས་དང་ཟེར། ངས་ཐོག་མར་དུམ་མཚམས་རེ་ཀློག་དེ་ནས་འགྲེལ་བཤད་རྒྱབ་ཕྱིན་པར། མཚམས་ཤིག་ཁོ་གཉིས་ཀྱིས་འགྲེལ་བཤད་རྒྱག་དགོས་པ་མི་འདུག ཁྱེད་རང་གིས་ཀློག་ན་ངེད་གཉིས་ཀྱིས་གོ་གི་འདུག མ་གཞི་ཁོ་གཉིས་ཀྱང་བོད་ཡིག་ཡག་པོ་མེད་པ་དེ་འདྲ་མ་རེད་དེ་ཀློག་སྐབས་དཀའ་ངལ་ཞིག་ཡོད་པ་དེ་དངོས་ཡོད་རེད། སྤྱིར་བཏང་གོ་བ་ལོན་མིན་དེ་ཀློག་བཟང་ངན་ལའང་ཁྱད་པར་ཡོད་རྒྱུ་རེད།
བཞི། དེ་ནས་སློབ་མ་ཚོར་གཅོད་མཚམས་ཀྱི་དཀའ་ངལ་ཡོད་པའི་དངོས་དཔེ་ཞིག་དྲངས། ཁོ་ཚོས་དོན་མི་གོ་བའི་མིང་ཚིག་དེ་ཚོར་རྟགས་རྒྱོབས་ཟེར་ནས་རྟགས་རྒྱག་བཅུག་ན་མིང་ཚིག་ཆ་སྡེབས་ཡ་སྡེབས་བྱས་རྟགས་རྒྱག་མཁན་ལ་ཡང་སེ་ཐུག་མྱོང་། ད་དེ་རེད། འདི་ཚོ་དངོས་ཡོད་ཀྱི་དཀའ་ངལ་ཞིག་ཡིན་པ་དེ་བཤད་མ་དགོས་པ་དང་རྩོད་རྒྱུ་མེད་པ་ཞིག་རེད་དེ་མི་གླང་གོག་འདྲ་བ་ཀླད་པ་བྲག་རྡོ་འདྲ་བ་དེ་འདྲ་འགའ་རེ་ལ་བདེན་པ་མདུན་ལ་བཞག་ནས་བཤད་ནའང་ད་དུང་ངོས་ལེན་མི་བྱེད་པ་དེ་འདྲ་མཐོང་ན་འུ་ཐུག་པའི་མི་ཚད་ངུ་ཤོར་གི་འདུག
བར་སྟོང་འཇོག་རོགས་ཟེར་ནས་བུ་གུ་ཚོའི་མིག་ནས་ཁྲག་བཞུར་གི་འདུག་ག
བར་སྟོང་བཞག་ན་དགོས་ཕན་ཡོད་མེད་སྐོར་ང་ཚོས་སྔོན་མ་ནས་མང་པོ་གླེང་བ་རེད། འདི་ལ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གཉིས་ཀ་འདུག འདི་ལ་རྒྱབ་སྐྱོར་བྱེད་མཁན་གྲས། ཀརྨ་རྡོ་རྗེ་ལགས་ནས་ལོ་ཉི་ཤུའི་ཉམས་མྱོང་གཞིར་བཞག་ནས་བཤད་པ་རེད། ང་རང་གིས་ཀྱང་བོད་ཕྱི་ནང་གཉིས་སུ་དགེ་རྒན་བྱས་རིང་གི་རང་གཞན་རོགས་གསུམ་གྱི་ཉམས་མྱོང་གཞིར་བཞག་ནས་བཤད་པ་ཡིན། ངོ་རྒོལ་བྱེད་མཁན་ནང་དྲི་བ་ཁྱད་མཚར་པོ་དེ་འདྲ་ཡོང་གི་འདུག བར་སྟོང་བཞག་ན་བོད་ཡིག་ཀློག་མཁན་མང་དུ་འགྲོ་རྒྱུ་ཡིན་མིན། བོད་ཡིག་ཡར་རྒྱས་འགྲོ་གི་ཡིན་མིན་སོགས་བོད་ཀྱི་རིག་གཞུང་སྤྱི་ལ་འབྲེལ་བའི་དྲི་བ་ཆེན་པོ་རྐྱང་རྐྱང་དྲིས་ཡོང་བ་དེ་ཚོ་ལྐུགས་པའི་སྐད་ཆ་རེད། དེ་ཚོ་བར་སྟོང་གཅིག་པོ་མིན་པར་གཞན་དང་གཞན་ལ་ཡང་འབྲེལ་བ་ཡོད་པ་རེད། བར་སྟོང་གི་དགེ་ཕན་བར་སྟོང་རང་གི་ཐོག་ནས་ཤོད། བསྟན་འཛིན་བདེ་སྐྱིད་ལགས་ནས་འགན་རང་ཁུར་གྱིས་བོད་ཕྲུག་ཚོར་ཚོད་ལྟ་བྱས་པ་དེ་བར་སྟོང་འཇོག་དགོས་མིན་ལ་ལན་འདེབས་གསལ་པོ་ཞིག་རེད། བརྗོད་བྱ་གཅིག་པ་གཅིག་རྐྱང་ཡིན་པའི་སྒྲུང་ཞིག་ལ་གཅིག་ལ་བར་སྟོང་བཞག་པ་ཞིག ཅིག་ཤོས་ལ་བར་སྟོང་མ་བཞག་པར་ཀློག་བཅུག་དུས། བར་སྟོང་བཞག་ཡོད་པ་ཀློག་མྱུར་བ་བྱུང་ཡོད་པ་དང་། སློབ་ཕྲུག་ཚོར་གང་ལ་དགའ་བོ་ཡོད་མེད་དྲིས་དུས་ཚང་མས་བར་སྟོང་བཞག་ཡོད་པ་དེ་འདེམས་འདུག་ག ད་གསལ་པོ་མ་རེད་དམ།
འདིའི་སྐོར་ཁོ་བོས་ཀྱང་། བསྟན་འཛིན་བདེ་སྐྱིད་ཀྱི་རྩོམ་ ་་བོད་སྐད་ཇི་ལྟར་སྐྱོབས་པའི་འབྱུང་རྔུབ་ཀྱི་བར་སྟོང་་་ ཞེས་པའི་མཆན་༢༨ མཇུག་ཏུ་འདི་ལྟར་བཀོད་ཡོད། ཁྱེད་ཚོས་ རང་གི་སློབ་མ་ཚོར་ ཚོད་ལྟ་ཞིག་གནང་དང་། དང་པོར་ ཁོ་ཚོས་ གོ་ལ་མ་གོ་བའི་ སྒྲུང་ཞིག་ཀློག་ཆུག ཅིག་ལྟོས། དེ་ནས་ སྒྲུང་དེ་ ཚིག་གཉིས་གསུམ་རེ་བྱས་ནས་ གཅོད་མཚམས་ ལེགས་པོར་ཕྱེ་ལ་ ཐེངས་གཅིག་ཀློག་ཆུག དེ་ནས་ གང་གོ་བདེ་ མིན་ སྐད་ཆ་ཞིག་དྲིས། དེ་ནས་ཁྱེད་རང་གི་ ཡིད་ལ་ཨ་ལེ་ བསམ་ནས་ འཆར་རྒྱུ་ཞིག་ ཡོད་མདོག་ཁ་བོ་རེད།
ཉམས་མྱོང་དང་ ཚོད་ལྟ་སོགས་ གཞིར་བཞག་ནས་ བདེན་པ་ངོ་སྤྲད་ཀྱང་ ད་རུང་རྩོད་པ་རྒྱབ་ འདུག་དགོས་པ་འདི་ བཟང་རྟགས་ཤིག་ཡིན་ནམ་ ཡང་ན་ངན་རྟགས་ཤིག་ཡིན་ ཧ་གོ་གི་མི་གདའ
ད་བསྟན་འཛིན་བདེ་སྐྱིད་ཀྱིས་ཚོད་ལྟ་གནང་སྟེ་གྲུབ་འབྲས་ཇི་བྱུང་ཀུན་གྱི་མདུན་དུ་བཞག་པ་དེ་ལྟར་རེད། ཚོད་ལྟའི་འབྲས་བུ་འདི་ཚོད་ལྟའི་འབྲས་བུ་ཙམ་མ་ཡིན་པར། ཉན་ཤེས་ན་ཁྱེད་ཚོའི་རྩ་ཆེ་བའི་མི་རབས་རྗེས་མའི་སློབ་ཕྲུག་འདི་ཚོས་ཁྱེད་ལ་རེ་འདུན་ཞིག་ཞུ་གི་ཡོད་པ་རེད། ཚིག་མཚམས་མ་བཅད་པ་ལས་ཚིག་མཚམས་བཅད་ན་ངེད་ཚོ་ལ་ཀློག་འདོད་ཡོད། སྐུ་མཁྱེན། དགེ་ལགས། པ་ལགས། ཨ་མ་ལགས། སྐུ་མཁྱེན་ཟེར་གི་ཡོད་པ་རེད།
བྱིས་པ་ཚོའི་དཀའ་ངལ་ཤེས་པའི་ཐོག་ནས་ཁོ་ཚོའི་རེ་འདུན་ལ་བརྩི་འཇོག་བྱེད་གི་ཡིན་ཡང་ན་སྣང་མེད་ལ་འཇོག་གི་ཡིན། དེ་ཁྱེད་ཚོའི་འདོད་པ་རེད། བོད་ཀྱི་བུ་གུའི་སློབ་སྦྱོང་རྐུབ་ན་ཡོད་ཟེར་ནས་རྒྱུགས་རྡུང་གཏོང་གི་གཏོང་གི་སློབ་རྒྱུ་ཡིན་ནའང་རང་ཚོས་འདོད་པ་རེད།
ཀླད་རྙིང་མགོ་མི་ཚོས་མཁན་ཚོས་འདི་ལ་བྱུས་གཏོགས་མ་བྱེད།
མཐའ་མཇུག་ངས་རེ་བ་གཅིག་འདོན། སློབ་གསོའི་སྐོར་དང་སློབ་དེབ་ཀྱི་སྐོར་དེ་མགོ་ཚོས་མི་ཚོས་གཉིས་ཀྱིས་བྱུས་གཏོགས་མ་བྱས་ན་བཟང་། སློབ་གསོའི་སྐོར་སློབ་སྦྱོང་དམིགས་བསལ་ཡོད་མཁན་ཚོ་དང་ཉམས་མྱོང་ཡོད་མཁན་ཚོས་བཟོས་ན་བུ་གུ་ཚོའི་བློ་དང་འཚམས་པོ་ཞིག་ཡོང་གི་རེད་འདོད། བཙན་བྱོལ་སྤྱི་ཚོགས་ནང་ཤེས་རིག་སྐོར་སློབ་སྦྱོང་དང་ཉམས་མྱོང་ཡོད་པ་གང་འཚམས་ཤིག་ཡོད་པ་རེད་འདོད། ང་ཚོའི་སྤྱི་ཚོགས་ནང་ཁོང་མཁས་དབང་རེད་ལབ་དུས་ཚང་མ་ཧ་གོ་གི་རེད་བསམ་གི་ཡོད་པ་རེད། དོན་དངོས་སུ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་རེད། བྱིས་པའི་སློབ་དེབ་བཟོ་སྟངས་ཧ་གོ་གི་མ་རེད། མཁས་དབང་ཡིན་པ་ཙམ་གྱིས་ཚང་མ་ཤེས་ཀྱི་ཡོད་ན། ང་ཚོས་གེ་རྒན་ཟབ་སྦྱོངས་ཟེར་བའི་དུས་ཡུན་རིང་བོའི་སློབ་སྦྱོང་འདི་ཚོ་དགོས་པ་ཡོད་མ་རེད། སློབ་གསོ་རིག་པ། སེམས་ཁམས་རིག་པ་ཟེར་བ་འདི་ཚོའང་དགོས་པ་ཡོད་མ་རེད། དགོན་པ་ཞིག་ནས་དགེ་བཤེས་ཤིག་གདན་དྲངས་ན་འགྲིགས་ཚར་རེད། ཡིན་ནའང་། དེས་ཡོང་གི་མེད་པ་དེ་བཤད་མ་དགོས་པ་ཞིག་རེད། འདིའི་སྐོར་ཤེས་རིག་ལས་ཁུངས་ནས་འགན་མང་ཟིག་ཁུར་ན་ཡག་པོ་རེད་འདོད། ཤེས་རིག་གི་སྐོར་འདི་བཙན་བྱོལ་བོད་གཞུང་གི་ལོ་ལྔ་བཅུའི་འཆར་གཞིའི་ནང་གི་གལ་ཆེ་ཤོས་སུ་བཟུང་སྟེ་འགྲོ་སོང་མང་ཟིག་གཏོང་བའི་རེ་བ་ཡོད།
བར་སྟོང་བཞག་མ་བཞག་སྐོར་ལ་ལྡོག་ཕྱོགས་ནས་དྲི་བ་ཡོད་ན་ཁོ་བོས་རེ་རེ་བཞིན་འགན་འཁྱེར་ཏེ་ལན་འདེབས་ཞུ་གི་ཡིན། ལེགས་བཅོས་སྐོར་ངོ་རྒོལ་བྱེད་མཁན་མཐོ་བླ་མ་དགེ་བཤེས་དང་བཅས་པ་ཚང་མ་དཔུང་སྒྲིག་ནས་ཕེབས་ན་དགའ་བསུ་ཡོད། ང་ཚོས་བགྲོ་གླེང་ཚ་ཐག་ཆོད་ཅིག་བྱེད། མི་རབས་རྗེས་མ་བོད་ཡིག་ལ་དོ་སྣང་སླེབས་མ་སླེབས་དེ་བོད་ཡིག་འདི་གནས་མ་གནས་ཀྱི་སྲོག་རྩ་ལ་ཐུག་ཡོད་པས་ཀླད་པ་རྡོ་འདྲ་བ་རེ་ཟུང་རེ་ཡར་འཇོག་བྱས་པ་ཡིན་ནའང་ཅི་སྐྱོན།
dhatsenpaལགས་ཀྱིས་ཟླ་ཚེས་April 9th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
གངས་དཀར་ཕྱོགས་ལས་རྣམ་རྒྱལ་དེ་གང་ན་ཡོད་པ་རེད།
https://www.khabdha.org/?p=7601
དེ་རིང་དབྱིན་ཡུལ་གྱི་ཨོག་ཁི་སི་སློབ་གྲྭ་ཆེན་མོའི་ནང་དེང་རབས་རྩོམ་རིག་ལ་ཉམས་ཞིབ་གནང་མཁན་མདའ་ཚན་པ་བླ་མ་སྐྱབས་ཀྱིས་རི་བོ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དེ་གང་ན་ཡོད་པ་རེད་ཟེར་ནས་ཁ་པར་ནང་དྲི་བ་དྲིས་སོང་བར། ང་ལ་ལན་ངེས་གཏན་ཁེལ་བ་ཞིག་འདེབས་རྒྱུ་མ་རྙེད་པར་ལག་ཐོགས་པར་གྱུར་པས་ངོ་ཚ་བྱུང་། ཞྭ་སྒབ་པས་ ་་ཤིན་ཅང་དང་བོད་ཀྱི་ས་མཚམས་སུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་་ ཞེས་དང་རྒྱལ་མོ་འབྲུག་པས་གངས་དཀར་ཕྱོགས་ལས་རྣམ་རྒྱལ་བོད་ཀྱི་བྱང་ན་ཡོད་ཟེར་བ་ཙམ་ཞིག་ལས་ཁུངས་གསལ་བོ་དང་གདེང་འཁེལ་བ་ཞིག་མ་རྙེད། བོད་དང་ཤིན་ཅང་ས་མཚམས་སུ་ཡོད་པ་ནི་ཁུ་ནུ་རི་རྒྱུད་ཡིན་པ་དང་། ཁུ་ནི་རི་རྒྱུད་ཀྱི་རི་རྩེ་མཐོ་ཤོས་ནི་མཚོ་ངོས་ལས་མཐོ་ཚད་སྨི་༧༧༡༩ ཡོད་པའི་གངས་དཀར་ལ་ཟེར་བ་དེ་རེད།
དེས་ན་མཁས་དབང་ཚོར་དྲི་བར་བྱ་བ་ནི་གངས་དཀར་ཕྱོགས་ལས་རྣམ་རྒྱལ་དེ་གངས་དཀར་ལ་ཡིན་ནམ་རི་བོ་གཞན་ཞིག་ཡིན། རྣམ་པ་ཚོར་དེར་ལན་གསལ་བོ་ཞིག་བསྙད་དུ་ཡོད་དམ།
dhatsenpaལགས་ཀྱིས་ཟླ་ཚེས་April 5th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
མདའ་ཚན་པའི་བཟི་གཏམ།
https://www.khabdha.org/?p=7599
དེ་རིང་ཁྱེད་ཚོས་བོད་མི་དང་སྐད་ཀྱི་སྐོར་བགྲོ་གླེང་བྱེད་སྐབས་འདི་དང་བསྟུན་ནས་ངས་ཀྱང་བསམ་ཚུལ་མི་མཐུན་པ་ཁ་ཤས་ཞུ་ན་འདོད་བྱུང་། དེ་ཡང་སྒོམ་སྡེས་གསུངས་པ་ལྟར་བོད་ཀྱི་སྐད་ཀྱི་འབྱུང་ཁུངས་འཚོལ་ན་བོད་མི་རིགས་ཀྱི་མཆེད་ཁུངས་ཤེས་དགོས་པ་རེད། བོད་མི་རིགས་ཀྱི་མཆེད་ཁུངས་ཤེས་དགོས་ན་ཆེས་ཐོག་མའི་བོད་ཀྱི་ས་ཁམས་ཆགས་ཚུལ་ཡང་ཤེས་དགོས་པ་རེད། དེ་འདྲ་ཆེན་པོ་ཞིག་བཤད་དགོས་ན་ང་ཚོ་ས་ཁམས་རིག་པ་བ་མིན་པ། མིའི་རིགས་རྒྱུད་ལ་བརྟག་དཔྱད་བྱེད་མཁན་ཡང་མིན་པ། སྐད་རིགས་རིག་པའང་མིན་པ་རྐྱང་རྐྱང་གིས་མང་པོ་ཞིག་བཤད་བསྡད་ན་ཚན་རིག་གི་གཞི་འཛིན་ས་གང་ཡང་མེད་པ་ཞིག་རེད། ཡིན་ནའང་། རིག་ཚན་དེ་དང་དེ་ལ་མཁས་པ་མང་པོ་ཞིག་ནས་ཚན་རིག་དང་མཐུན་པའི་དཔྱད་ཞིབ་མང་པོ་ཞིག་བྱས་ནས་བྲིས་ཡོད་པ་མང་པོ་ཞིག་ཡོད་པ་རེད། དཔྱད་ཞིབ་འདྲ་མི་འདྲ་མང་པོ་ཞིག་ལ་བལྟས་ཡོང་ན་ང་ཚོས་ལོ་རྒྱུས་ཁག་ནང་བྲིས་པའི་འདོད་ཚུལ་དེ་ཚོར་ཁུངས་དག་མ་དག་གཉིས་ཀ་ཡོད་རྒྱུ་རེད་སྙམ།
གཅིག བོད་ཀྱི་ལོ་རྒྱུས་ཁག་ནང་བོད་ཀྱི་མི་རྒྱུད་འདི་ཡར་ལུང་ནས་ཆད་ཡོང་བ་ལྟ་བུ་ཞིག་བཤད་ཡོད་པ་རེད། ཡིན་ནའང་ད་ལྟའི་མི་རིགས་དཔྱད་ཞིབ་པ་མང་པོ་ཞིག་ནས་གོང་དུ་དྲ་གྲོགས་རེ་ཟུང་ནས་བརྗོད་པ་ལྟར། ཨེ་ཤི་ཡའི་མི་རྒྱུད་སེར་བོའི་རིགས་འདི་ལ་ mongoloid ཟེར་གི་ཡོད་པ་མ་ཟད། མཆེད་ས་ཡང་བྱང་ཕྱོགས་ནས་ཆད་ཡོང་བར་བཤད་ཀྱི་འདུག
གཉིས། བོད་ཀྱི་ས་ཁམས་ཆགས་རིམ་གསལ་བ་ཞིག་བཤད་རྒྱུ་མེད་ཀྱང་བོད་བྱང་རྒྱུད་དེ་ཆེས་གདོད་མའི་དུས་སུ་ས་ཆ་དམའ་བོ་དང་ཚ་བའི་ཁུལ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་མ་ཟད་དེར་ཆེས་ཐོག་མའི་དུས་སུ་འགྲོ་བ་མིའི་འཚོ་གནས་བྱས་ཡོད་པའི་ཏན་རྟགས་ཀྱང་རྙེད་ཀྱི་ཡོད་པ་རེད།
གསུམ། བོད་ཀྱི་མི་རིགས་ཀྱི་མཆེད་ཁུངས་འདི་རེད་ཟེར་བ་ཞིག་བཤད་མི་ཤེས་ཀྱང་། བོད་ཀྱི་བྱང་རྒྱུད་དང་འབྲེལ་བའི་རྨ་ཆུའི་མགོ་སྟོད་དུའང་གནའ་སྔ་མོའི་དུས་སུ་མི་རིགས་འཚོ་གནས་བྱས་པའི་བདེན་རྟགས་དུ་མ་ཞིག་རྙེད་ཡོད་པ་དང་། ད་ལྟའི་རྒྱའི་ལོ་རྒྱུས་སྨྲ་བ་དུ་མ་ཞིག་ནས་རྨ་ཆུའི་མགོ་སྟོད་དེ་བོད་མི་རིགས་ཀྱི་ཆེས་ཐོག་མའི་འབྱུང་ཁུངས་ཡིན་པར་བརྗོད་ཀྱི་ཡོད་པ་མ་ཟད་རྒྱ་མི་རིགས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ཡིན་པ་བརྗོད་ཀྱི་འདུག དགེ་ཆོས་ཀྱི་དེབ་ནང་ཡོད་པའི། རྒྱའི་ལོ་རྒྱུས་ནང་གི་བོད་ཀྱི་རྒྱལ་རབས་ཞེས་པའི་ནང་ཡང་། བོད་ཀྱི་རིགས་རྣམས་ནི་ནུབ་ཕྱོགས་ཀྱི་འཇང་ལས་བྱུང་། ནུབ་ཀྱི་འཇང་རྣམས་ལ་རིགས་ཚོ་བརྒྱ་དང་ལྔ་བཅུ་ཡོད་ཅིང་རྨ་ཆུ་དང་། མུན་ཇང་ཆུ་བོའི་འགྲམ་དུ་ས་བཟུང་་་ ཞེས་བྲིས་འདུག
བཞི། དེ་མིན་ང་རང་གིས་བལྟས་པ་ཡིན་ན་བོད་བྱང་ཕྱོགས་སུ་གནས་པའི་ཨ་མདོའི་སྐད་འདི་ལའང་ཏན་ཏན་བརྟག་རྒྱུ་ཞིག་ཡོད་པ་རེད་སྙམ། ཨ་མདོའི་སྐད་ནང་བརྡ་རྙིང་པ་མང་པོ་ཞིག་ཡོད་པ་མ་ཟད་ཕྲད་དེ་ཚོའང་མིང་སྔ་མའི་རྗེས་འཇུག་གི་སྒྲ་དེ་རང་ཤུགས་སུ་དྲུད་ཡོང་བའི་རྗེས་འཇུག་རང་འདྲའི་རྗེས་སུ་འཇུག་པའི་ཕྲད་རང་བྱུང་བ་ཞིག་དང་ཆེས་ཐོག་མའི་སྐད་ཞིག་ཡིན་པའི་ཚོར་བ་རང་ཤུགས་སུ་སྟེར།
ལྔ། དེ་ནས་ཡུལ་དབུས་དང་མི་འདྲ་བར་དམངས་ཁྲོད་ཀྱི་ངག་རྩོམ་དེ་ཡང་ཧ་ལས་པའི་རྒྱ་ཆེན་པོ་དང་རྣམ་གྲངས་མང་པོ་ཡོད་པ་རེད། གླུ གླུ་ཤག བཤིག་གླུ དྲི་བ་དྲིས་ལན་གྱི་གླུ ལ་གཞས ལ་ཤག མདའ་བཤད། ཇ་བཤད། དར་བཤད། ཆང་བཤད། སྟོན་བཤད། གཉེན་བཤད། མག་བཤད བག་བཤད བག་བཤད་ལའང་། བག་སྐྲ་བཤད་པ། བག་ངུ། བག་ཞང་རྟ་འབེབས། མ་བུའི་གཏམ་ལན་སོགས་དང་། རྟ་བཤད། འབྲས་དཀར། སྲིད་པའི་ཇག་གླུ གནས་བཤད། ས་དཔྱད། ཁེད། དེ་མིན་ཆེས་གནའ་སྔ་མོ་ནས་མིན་ནམ་སྙམ་པ། སྲིད་པ་ཆགས་གླུ། ཁྱུང་དང་རུས་སྦལ་གྱི་བཤད་པ། ཨ་མཚར་མཚར་ར་མཚར་དགུ། སྲིད་པའི་རང་འཐག་ཆ་བརྒྱད་སོགས་རིག་གཞུང་གི་རྩ་བ་ཧ་ཅང་མཐུག་པོ་འདི་འདྲ་ཡུལ་དབུས་སུ་ཕལ་ཆེར་མེད་པ་འདྲ། དེ་མིན་ཐ་སྙད་ཀྱི་ཕྱོགས་ཀྱང་ཡུལ་དབུས་ལས་ཆེས་ཆེར་ཕྱུག་པོར་མཐོང་།
དྲུག དེ་མིན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐོར་དེ་ལའང་། ་་རུས་མཛོད་མེ་ཏོག་སྐྱེད་ཚལ་་ ནང་། ་་སུམ་བྷ་འབྲི་ཡི་རྒྱལ་བོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ་་ ཞེས་པ་ཡང་བོད་བྱང་རྒྱུད་དུ་གནས་པའི་སུམ་པ་དེ་
རྒྱལ་ཕྲན་བཅུ་གཉིས་སུ་གྱེས་པའི་དོན་ཡིན་ཚུལ་འདུག་པ་ལྟར་དེ་ལྟར་ཡིན་ནམ། རྒྱལ་ཕྲན་བཅུ་གཉིས་དེ་སྤུར་རྒྱལ་གྱི་སྔོན་ལ་མ་ཡིན་ནམ།
བདུན། མདོ་ཁམས་ཀྱི་ས་ཆ་དེ་ཚོར་རྒྱ་ནག་གི་གནའ་རབས་ལོ་རྒྱུས་ནང་འཇང་ངམ་ཆང་རིགས་ཟེར་ནས་མི་རིགས་དང་སྐད་རིགས་རྒྱ་ནག་ལས་ལོགས་སུ་ཡིན་པ་བརྗོད་ཡོད་པ་རེད། ད་བར་ཁོ་བོས་མཐོང་བ་ལྟར་ན། ཆང་མིང་འདི་རྒྱའི་ཡིག་ཐོག་བཀོད་པ་སྔ་ཤོས་དེ་ལོ་བཞི་སྟོང་གི་སྔོན་ལ་རེད་འདུག
བརྒྱད། དེ་ནས་རྩ་བའི་བོད་ཡུལ་དབུས་དང་མདོ་སྨད་ཀྱི་སྐད་འདི་བརྒྱ་ཆ་མང་ཆེ་བ་གཅིག་པ་ཡིན་ནའང་སྐད་ཀྱི་གདངས་ལ་བརྟག་ན་ཆེས་གནའ་སྔ་མོ་ཞིག་ལ་མི་རིགས་མ་འདྲ་བ་གཉིས་མིན་འགྲོ་བསམ་བསམ་གྱི་ཚོར་བ་ཞིག་སྔོན་མ་ཞིག་ནས་ཡོད། དེ་ནས་བཟུང་ས་མིང་ཆུ་མིང་། གཞས་ཀྱི་སྐོར། སྐད། སྐད་ནང་གི་བརྡ་སྤྲོད་ཀྱི་འགྲོ་སྟངས་སོགས་འགྲོ་ཞོར་འདུག་ཞོར་དུ་དཔྱད་པ་ཅུང་ཟད་བྱས་པས་ཡུལ་དབུས་འདི་རྒྱ་དང་ཐག་ཉེ་བོ་དང་འབྲེལ་ཆེ་བར་མཐོང་སོང་། དེར་མ་ཟད་རྗེས་སུ་ལོ་རྒྱུས་ཀྱི་ཁུངས་ཤིག་ཀྱང་རྙེད་པ་འདི་ལྟར། དགེ་ཆོས་ཀྱིས་རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་ཞེས་པ་དེའི་ནང་། ་་བོད་མི་རྣམས་ཀྱི་རུས་ཀྱི་ཁུངས་ལེགས་པར་མ་ཤེས། འོན་ཀྱང་། འགའ་ཞིག་ན་རེ། བོད་རྣམས་རྒྱལ་པོ་ཏུ་ཕ་ལི་ལོ་གུའི་རྒྱུད་པ་ཡིན་ཟེར། དེ་ཡང་རྒྱལ་པོ་ལི་ལོ་གུ་དེ་གྲོངས་ཚེ་སྲས་ཕན་ཉི་ལོ་ཆུང་བའི་རྐྱེན་གྱིས་གཅུང་པོ་ལོ་ཞན་ལ་ཁྲི་གཏད་། ཧྲི་ཏོས་ལོ་དང་པོ་པར་ནོ་ཞན་དེ་ཆི་ཕོ་ཞི་ཕན་གྱིས་བསད། ཕན་ཉི་རང་གི་རིགས་རྣམས་དང་བཅས་ནུབ་ཏུ་བྲོས། རྨ་ཆུ་བརྒལ་ཏེ་རི་བོ་ཅིའི་ཞིའི་རྒྱབ་ཏུ་འཇང་རྣམས་ཚོགས་ཀྱི་ཁྲོད་དུ་རང་གི་རྒྱལ་ཁམས་ཤིག་བཏབ་ཏེ་གནས། ཕན་མྱི་དེ་རང་བཞིན་དྲང་ཞིང་སྦྱིན་པ་ལ་དགའ་བ་གྲགས་ཆེ་བས་འཇང་རྣམས་ཁོང་ལ་གུས་པ་ཆེར་བྱས། ཕན་ཉིས་ལས་བཟང་རྒྱ་ཆེན་པོ་བྱས་པ་ན་འཇང་རྣམས་ཚོགས་འདུས་ལ་འཚོགས་པ་བཞིན་ཁོང་པའི་དྲུང་དུ་འདུས་ཤིང་། རྗེས་སོར་བྷོ་ཡེ་སི་ ་་སྤུར་རྒྱལ་་ ཞེས་པ་མཚན་གསོལ།
ཁོང་གི་རིགས་རྒྱུད་ལ་ཐུའུ་ཧྥ་བྱ་བ་ལས་ཕྱིས་ཐུ་བྷོད་བྱ་བར་གྲགས། རྒྱུད་རྣམས་འཕེལ་ནས་གྲགས་ཆེན་དུ་གྱུར་་ ཞེས་བོད་དེ་རྒྱ་མི་རིགས་སམ་མི་རིགས་གཞན་པ་ཞིག་ཡིན་པར་བརྗོད་འདུག འཇང་རྣམས་ནི་ཐོག་མ་ནས་གངས་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཡིན་པ་དང་རྒྱལ་པོ་ཕན་ཉི་འཁོར་དང་བཅས་པའི་རྒྱུད་པ་བོད་རྣམས་ནི་མི་རིགས་གཞན་པ་ཞིག་འཇང་རིགས་རྣམས་ཀྱི་ཁྲོད་དུ་ཡོང་བ་ཡིན་ཚུལ་བཤད་འདུག་པ་འདིའང་དཔྱད་གཞིར་ཕུལ།
དེ་མིན་ཁ་སང་སྔོན་མ་ནས་སྐད་ཀྱི་སྐོར་ཅུང་ཟད་རེ་བཤད་པ་ལྟར། ༡ མདོ་ཁམས་ཀྱི་སྐད་ལས་ཡུལ་དབུས་ཀྱི་སྐད་གདངས་དེ་རྒྱ་སྐད་དང་ཐག་ཉེ་བ། ༢ ཡུལ་དབུས་ཀྱི་སྐད་ནང་རྒྱ་སྐད་དང་རྒྱ་སྐད་ཟུར་ཆག་པ་འདྲ་བ་མང་བ། ༣ སྐད་ཀྱི་བརྡ་སྤྲོད་ནང་།། ང་ཡེ་ཁོང་ཡེ་ཟེར་བ། ལ་དོན་གྱི་ཕྲད་རྩ་ནས་བེད་སྤྱོད་མི་གཏོང་སོགས་རྒྱ་ནག་དང་མཚུངས་པ། ༤ ལྷ་སའི་དམངས་མགུར་ཚིག་བཞི་བ་དེ་ཚོར་ཡང་། རྒྱ་ནག་ཐང་སྙན་ངག་དང་ཉམས་འདྲ་ས་མང་བ། ༦ དམངས་ཁྲོད་ཀྱི་ངག་རྩོམ་ཡང་མདོ་ཁམས་ཀྱི་ངག་རྩོམ་ལས་ཆེས་ཆེར་ཉུང་བ། ༧ མདོ་ཁམས་ཀྱི་སྐད་དང་བསྡུར་ན་སྐད་ཀྱི་ཐ་སྙད་ཕྱུག་པོ་མིན་པ་སོགས་རྒྱུ་མཚན་དུ་མ་ཞིག་བགྲང་རྒྱུ་འདུག
རྣམ་རྟོག་གི་ཕྲེང་བ་འདི་དག་རང་ལུགས་ཟེར་ནས་བཤད་དཀའ་མོད་དྲ་གྲོགས་ཚོ་དང་མཉམ་ཁ་བརྡའི་ཚུལ་དུ་བརྗོད་པ་ཡིན།
རྒྱའི་ལོ་རྒྱུས་འདི་དག་ཁུངས་ཐུབ་ཡིན་མིན་མི་ཤེས་ཏེ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚལ་བ་ཀུན་དགའ་རྡོ་རྗེ་དང་འགོས་ལོ་ཙྰ་བ་གཞོན་ནུ་དཔལ་སོགས་ཀྱིས་གཙུགས་སུ་བཟུང་ནས་རྒྱའི་ལོ་རྒྱུས་ཁག་ལས་ལུང་འདྲེན་ཡང་ཡང་བྱས་ཡོད་པ་དེ་ངས་འདིར་བཤད་ཅི་ལ་དགོས། བོད་ཀྱི་ལོ་རྒྱུས་ཁག་ཁུངས་ཡོད་ན་མེད་ན་ཆོས་རྒྱལ་ཚོའི་རྗེས་ཀྱི་ལོ་བརྒྱ་ཕྲག་དུ་མའི་རྗེས་ལ་བྲིས་པ་ཡིན་པ་དང་རྒྱའི་ལོ་རྒྱུས་དག་དེ་ལྟར་མ་ཡིན་པར། ཡི་གེ་ཡོད་པར་བརྟེན་སྔོན་མ་སྔོན་མའི་ལོ་རྒྱུས་དང་ཐ་ན་མཐའ་འཁོར་གྱི་མི་རིགས་ཁག་གི་ལོ་རྒྱུས་ཀྱང་བྲིས་ཡོད་པ་ཞོར་འཕྲོས་ཡིན།
dhatsenpaལགས་ཀྱིས་ཟླ་ཚེས་April 5th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
དབྱངས་ཅན་སྒྱུ་འཕྲུལ་དྲ་བ་བལྟས་རྗེས།
https://www.khabdha.org/?p=6542
ཨ་ཨ་དབྱངས་ཅན་སྒྱུ་འཕྲུལ་དྲ་བའི་ནང་ན།།
དམ་ཆོས་ཟླ་བའི་སྲིང་མོའི་འཛུམ་ཟེར་དགོད་གི།
སྙིང་ཁམས་སྙོམས་པོ་མེད་ན་ཕན་རླབས་ཆེ་གི།
གསར་རྩོམ་དབྱངས་ཅན་སྤྲུལ་བའི་གླེགས་བམ་བཞུགས་གི།
ཤེས་ལྡན་མི་ལ་ཤེས་བྱའི་བང་མཛོད་ཡོད་གི།
རྩོམ་གཞུང་མཚོ་བྱུང་རོལ་བའི་རྫིང་བུ་ཡོད་གི།
རྩོམ་འབྲི་བ་རྣམས་ཁྲུས་ལ་ཞུགས་ས་ཡོད་གི།
དཔྱད་བརྗོད་ངང་བའི་བུ་མོའི་གཤོག་རླབས་མཐོང་གི།
དཔྱད་ན་བདེན་པ་རྙེད་པའི་རིགས་པ་ཡོད་གི།
འབེལ་གཏམ་སྒྲ་ལྡན་མྱོས་པའི་རོལ་དབྱངས་སྒྲོགས་གི།
ཉན་ན་སྙན་དབང་གསོ་བྱེད་འདི་ན་ཡོད་གི།
འགྲེལ་རྩོམ་ཚངས་པའི་སྲས་མོའི་ཞལ་ལུང་ཡོད་གི།
མི་ཤེས་པ་ཡི་རྨོངས་པ་སེལ་བྱེད་ཡོད་གི།
ཆབ་སྲིད་རིག་བྱེད་དབང་མོའི་ཆོ་འཕྲུལ་ཆེ་གི།།
སྲིད་དོན་མཁན་པོར་སྲིད་ཀྱི་ལག་ཆ་ཡོད་གི།
གཏམ་བཤད་དྲི་ཟའི་བུ་མོའི་གླིང་བུ་འབུད་གི།
ཕྱོགས་འདུས་སྐྱེ་བོ་མ་ལུས་འགུགས་པར་བྱེད་གི།
ཉིན་རེའི་དགེ་བ་དཀར་པོའི་ཉིན་ཐོ་ཡོད་གི།
ཁ་མིག་ཡར་ལྟ་བྱེད་སའི་སྐྱེས་བུ་བཞུགས་གི།
མ་རྒྱུད་ནོ་ཡོན་ཚང་གི་བླ་རབས་ཡོད་གི།
ཕ་རྒྱུད་ར་ལོ་ཚང་གི་བྱུང་རབས་ཡོད་གི།
ཨ་མའི་བུ་རྒོད་ཁོང་གི་ལོ་རྒྱུས་ཡོད་གི།
འདས་པའི་ལོ་ཟླ་དྲན་གསོ་སློང་བྱེད་ཡོད་གི
ལོ་ཆུང་བྱིས་པའི་སྐབས་ཀྱི་གྲོགས་པོ་དྲན་གི།
རྩག་ཆད་གཅིག་གི་ནང་ནས་འཚར་བ་དྲན་གི།
སློབ་ར་གཅིག་གི་ནང་དུ་རྩེས་པ་དྲན་གི།
ཆུང་བའི་དུས་ནས་བཟང་ས་ཡིན་པ་དྲན་གི།
འོ་བཙོང་ཁང་ནས་ཀ་ར་བརྐུས་པ་དྲན་གི།
སྲང་མདོའི་བོང་ལི་ཞོན་ནས་རྒྱུགས་པ་དྲན་གི།
མཚན་མོ་མཛའ་མོ་འཚོལ་དུ་ཕྱིན་པ་དྲན་གི།
མ་རབས་ང་ཡིས་ཡ་རབས་བརྫད་པ་དྲན་གི།
ལས་གནས་གཅིག་དུ་དགེ་རྒན་བྱས་པ་དྲན་གི།
ཆང་ལ་རོལ་ནས་མཚན་ནག་ཕུད་པ་དྲན་གི།
ང་རང་བཟི་དུས་ཨོང་དོང་ཕྱིས་པ་དྲན་གི།
འཕགས་པའི་ཡུལ་ལ་འགྲོ་བའི་དམ་བཅའ་དྲན་གི།
སྒོར་རྡོག་ཇི་ཡོད་མཉམ་དུ་བསགས་པ་དྲན་གི།
ལམ་དུ་ཁུར་བོ་ཁུར་ནས་ཡོང་བ་དྲན་གི།
རྟག་ཏུ་ཁོང་རང་རྗེས་ལུས་ཐེབས་པ་དྲན་གི།
དེ་འདྲ་ཕྱིན་ན་རང་བཙན་རེག་གི་མ་རེད།།
ཟེར་ནས་ང་ཡིས་རྩེད་མོ་བཤད་པ་དྲན་གི།
དཀའ་སྡུག་མང་པོ་ལམ་དུ་མྱངས་པ་དྲན་གི།
མཐའ་མཇུག་འཕགས་པའི་ཡུལ་སླེབས་པ་དྲན་གི།
མཉམ་དུ་རྒྱལ་བའི་སྐུ་དཀྱིལ་མཇལ་བ་དྲན་གི།
སྦེ་རིའི་སློབ་གྲྭར་ཟླ་འགའ་ཕྱིན་པ་དྲན་གི།
གོས་ལྷམ་ཧྲལ་ཧྲིལ་མ་གཏོགས་མེད་པ་དྲན་གི།
རྡ་ལི་འཐུང་ནས་གྲོད་ཁོག་ལྡིར་བ་དྲན་གི།
ཁོང་རང་ན་ནས་མིག་སྐོ་ལྷུང་བ་དྲན་གི།
དདགེ་རྒན་ཡིག་ཚད་གཏོང་དུ་ཕྱིན་པ་དྲན་གི།
ངེད་གཉིས་དང་པོ་གཉིས་པ་བླངས་པ་དྲན་གི།
དེ་ནས་ཕྱོགས་ཕྱོགས་ལས་གནས་སྙེགས་པ་དྲན་གི།
ང་ལ་ལག་ཁྱེར་དཀའ་ངལ་ཕྲད་པ་དྲན་གི།
ཁོང་རང་དྲིས་སྦས་ན་ཚས་མནར་བ་དྲན་གི།
མཐའ་མཇུག་དྷ་རམ་ས་ལར་འཛོམས་པ་དྲན་གི།
ལོ་འཁོར་འགའ་རེར་མཉམ་དུ་སྐྱེལ་བ་དྲན་གི།
ང་རང་ནུབ་ཕྱོགས་རླུང་གིས་ཁྱེར་བ་དྲན་གི།
བཟའ་ཟླ་བུ་ཕྲུག་དབང་དུ་གྱུར་བ་སྐྱོ་གི།
ཁོང་རང་ཤེས་བྱའི་གཡུལ་ས་བཟུང་བ་དྲན་གི།
སྙུག་རྩེའི་རི་མོ་དང་ལྷོད་མ་ཤོར་མཚར་གི
dhatsenpaལགས་ཀྱིས་ཟླ་ཚེས་February 14th, 2010 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཡེ་ཤི་མ་ཤི་ཀ་བོད་ལ་ཕེབས་མྱོང་ཡོད་སྐད།
https://www.khabdha.org/?p=6517
ཡེ་ཤེས་གསུང་རབ་ནང་ཡེ་ཤི་མ་ཤི་ཀ་ལོ་སུམ་ཅུའི་རྗེས་ཀྱི་གནས་ཚུལ་མ་གཏོགས་བཀོད་ཡོད་མི་འདུག ནེ་ཁོ་ལ་ནོ་ཁྲོ་ཝི་ཁེས་རྙེད་པའི་གནའ་བོའི་བོད་ཡིག་གི་ཤོག་དྲིལ་ཞིག་ལྟར་ན། ཡེ་ཤི་མ་ཤི་ཀ་བོད་དང་རྒྱ་གར་དུ་ལོ་བཅུ་བདུན་བསྡད་ཡོད་འདུག ལོ་བཅུ་གསུམ་ནས་ལོ་ཉི་ཤུ་རྩ་དགུ་བར་ཁོང་གིས་ནང་པ་སངས་རྒྱས་པ་དང་ཧིན་དྷི་ཆོས་ལུགས་ཀྱི་ཆོས་སློབ་པ་མ་ཟད་དགེ་རྒན་ཡང་གནང་མྱོང་། ཇུ་རུ་ས་ལམ་ནས་སྦེ་ན་རེ་སི་བར་གྱི་ཁོའི་འགྲོ་བསྐྱོད་ཀྱི་ལོ་རྒྱུས་ནི་བྲམ་ཟེའི་ལོ་རྒྱུས་སྨྲ་བ་དག་གིས་ཡིག་ཐོག་ལ་བཀོད་ཡོད་པ་མ་ཟད་ཁོ་ཚོས་ད་ལྟའང་ད་རུང་ཁོ་ཚོའི་སངས་རྒྱས་ཏེ་འཕགས་པ་ཨི་ཟ་ཤེས་གི་ཡོད་ཚུལ་འདུག།
དེ་ཡང་ ༡༨༩༤ ལོར་ནེ་ཁོ་ལ་ནོ་ཁྲོ་ཝི་ཁེས་ ་་མི་གསལ་བའི་ཁི་རེ་སིའི་མི་ཚེ་་ཞེས་པའི་དེབ་ཅིག་བཏོན། ཁོང་ནི་ར་ཤི་ཡའི་སྨན་པ་ཞིག་ཡིན་ཞིང་། ཨ་ཧྥུ་གན། རྒྱ་གར། བོད་བཅས་ལ་ཕྱིན་མྱོང་། སྐབས་ཤིག་ཁོང་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་ལྟ་སྐོར་ལ་ཕྱིན་སྐབས་ཁོའི་རྐང་པ་ཆག་སྟེ་དེར་ནང་པ་ལ་དད་མོས་བྱེད་མཁན་དག་དང་མཉམ་སྡོད་་ཀྱི་གོ་སྐབས་བྱུང་། དེ་སྐབས་ཁོས་དེ་བ་ཞིག་ཏུ་ཡེ་ཤི་མ་ཤི་ཀའི་མི་ཚེའི་ལོ་རྒྱུས་རྙིང་པ་ཞིག་ཡོད་པ་གོ་འདུག ཁོ་དཔེ་རྙིང་ཡོད་པའི་དགོན་པ་དེར་ཕྱིན་སྐབས་དེབ་དེ་དངོས་སུ་མཐོང་། དེབ་དེ་ནི་དུམ་མཚམས་ཉིས་བརྒྱའི་གྲུབ་པ་ཞིག་ཡིན་པ་དང་། མིང་ལ་ ་་འཕགས་པ་ཨི་ཟའི་མི་ཚེ་་ ཟེར། བོད་འགྱུར་གྱི་དེབ་དེའི་ནང་ཨི་ཟའི་འགྲུལ་བསྐྱོད་ཀྱི་སྐོར་ཞིབ་ཚགས་པོས་བྲིས་ཡོད་འདུག ཁོ་རང་གིས་དེ་སྒྱུར་བཅུག་སྟེ་དུམ་མཚམས་རེ་རེ་བཞིན་ཟིན་ཐོར་བཀོད།
རྗེས་སུ་ཁོ་ནུབ་ཕྱོགས་སུ་སླེབས་པ་དང་གནས་ཚུལ་དེ་བདེན་པ་ཡིན་མིན་ཐད་རྩོད་་གཞི་བྱུང་བ་མ་ཟད་ཁོ་ནི་མགོ་སྐོར་བསླུ་བྲིད་མཁན་ཡིན་པའི་སྐྱོན་འཛུགས་བྱས་པ་མ་ཟད་གཡོ་སྒྱ་ཅན་གྱི་མི་ཞེས་འཕྱ་དགོད་བྱེད་ཡུལ་དུ་གྱུར་འདུག ཁོས་བོད་ཡིག་གི་མ་ཕྱི་ཡོད་མེད་ལ་ཚན་རིག་དང་མཐུན་པའི་བརྟག་དཔྱད་་བྱེད་དགོས་པའི་སྐུལ་མ་བྱས་འདུག
ཁོའི་སྐད་ཆར་དོགས་པ་ཟ་མཁན་གཅིག་་ལ་ཨ་སྦེ་ཌན་ན་ད་ཟེར། ཁོ་ཧི་མ་ལ་ཡའི་གངས་སུལ་དུ་འགྲུལ་བསྐྱོད་བྱས་ཤིང་། དཔེ་ཆ་དེ་འདྲ་ཞིག་ཡོད་མེད་རྩད་ཞིབ་བྱས་ཏེ་་ཁོའི་རྐུབ་གཡོག་རལ་རྒྱུའི་ཐག་གཅོད་གནང་་། ཨ་སྦེ་ཌན་ན་དའི་དེབ་ Kashmir O Tibetti ནང་ཁོ་ཧི་མི་དགོན་པ་ལ་ཕྱིན་པ་དང་ནེ་ཁོ་ལྦི་ཁའི་བཤད་པའི་དེབ་དེ་དང་མཉམ་སྦེང་གལ་གྱི་འགྱུར་དུམ་མཚམས་ཉིས་བརྒྱ་དང་ཉི་ཤུ་རྩ་བཞི་ཡོད་པ་ཞིག་མཐོང་སྟེ་ཨི་ཟའི་སྒྲུང་དེ་བདེན་པ་ར་འཕྲོད་པར་གྱུར།།
ཡང་ ༡༩༢༥ ལོར་རི་ཤི་ཡའི་ནེ་ཁོ་ལ་རོ་རིག་ ལ་དྭགས་ཧི་མིར་འབྱོར། ཁོང་ནི་མཚན་ཉིད་རིག་པ་དང་ཚན་རིག་པ་ཕུལ་དུ་བྱུང་བ་ཞིག་ཡིན་འདུག ཁོས་ཀྱང་ནོ་ཁྲོ་ཝིག་ཁི་དང་ཨ་སྦེ་ཌ་ནན་ད་གཉིས་ཀྱིས་མཐོང་བའི་དེབ་དེ་མཐོང་ཞིང་དེའི་ཚུལ་རང་གི་ཉིན་ཐོའི་ནང་བཀོད་།
dhatsenpaལགས་ཀྱིས་ཟླ་ཚེས་February 13th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།
https://www.khabdha.org/?p=6493
ཉི་མ་སུམ་བརྒྱ་དྲུག་ཅུ་ཚར་གོ་གི།
ཉི་ཤུ་དགུ་འདི་དགུ་རྡུལ་ལེན་ཉིན་རེད།།
གང་ས་གང་ན་དགུ་རྡུལ་ལེན་གོ་གི།
ང་རང་དགུ་རྡུལ་བླངས་ནས་ཚར་སོང་ང་།།
ཁ་བརྡ་དྲ་ཁང་རྡུལ་གྱི་འཁོར་ལོ་རེད།།
མི་རེས་རྩོམ་རེ་བྲིས་ནས་རྡུལ་འཚུབ་བསླངས།།
དཔྱད་མཆན་འདྲ་མིན་རྒྱབ་ནས་རྡུལ་གྱིས་ཁེངས།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ཚིག་ངན་རྡུལ་ནག་སློང་ས་འདི་ལ་རེད།།
ཕྲག་དོག་རྡུལ་དམར་འཚུབ་ས་འདི་ལ་རེད།།
ཁ་རྩོད་ཐལ་རྡུལ་འཁོར་ས་འདི་ལ་རེད།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ལས་མེད་འཁྱབ་ཉུལ་པ་རྣམས་འདི་ན་ཡོད།།
མི་ཧྲེང་འདོད་པས་གཟིར་རྣམས་འདི་ན་ཡོད།
ར་བཟི་སྐྱུར་འགོང་བཤད་མཁན་འདི་ན་ཡོད།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།
གྲུབ་མཐའ་འདྲ་མིན་བར་ལ་རྡུལ་ཅིག་ལངས།།
དགེ་ལུགས་དགེ་བླུགས་རྙིང་མ་རྙང་མ་ཟེར།།
ས་སྐྱ་བཀའ་བརྒྱུད་བོན་པོ་ཅིག་ཅིག་ཟེར།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ཁམས་པ་རྣམས་ཀྱིས་སྤྱི་འཐུས་གཏོར་སོང་ཟེར།།
ཨ་མདོ་རྣམས་ཀྱིས་ཁ་རྡུང་བཏང་སོང་ཟེར།།
དབུས་པ་ཁ་ཡག་ཁོག་འཁྱོག་རེད་ཅེས་ཟེར།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
སྒོམ་སྡེ་ལྷ་རམས་འདི་ནས་བྲོས་བོ་ད།།
ཨ་ཕོ་སྟག་སྨྱོན་གཞན་གྱིས་བདའ་དང་ད།།
རྡོ་སྦིས་བློ་ཡོན་བར་ནས་བོར་རོ་ད།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
བུད་མེད་ཡོང་ན་ཚང་མ་མྱོས་འགྲོ་གི།
ཁ་བཙོག་བཤད་ནས་ཉི་མ་བཏང་འགྲོ་གི།
ཀླུ་སྨྱོན་སྡོམ་པ་ཤོར་མིན་ཆ་མ་འཚལ།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
མཇེ་སྟུ་རྐུབ་ཀྱི་ཐ་སྙད་གང་སར་འདུག།
ཁ་ངན་ཚིག་ངན་བསྒྲུགས་ན་ཉུང་ཉུང་མིན།།
ཁ་རྒྱགས་ཚིག་རྒྱགས་བཤད་མཁན་མེད་པ་མིན།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
འཇོན་པོ་རྒོད་པོ་ཚང་མས་མ་འགྲིགས་ཟེར།།
མཁས་པ་རྣམས་ཀྱིས་བཤད་པ་ནོར་འདུག་ཟེར།།
སྐུ་ཚབ་སོང་ནས་དོན་དག་མ་འགྲུབ་ཟེར།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
དྲ་དཔོན་རྣམས་ཀྱིས་ང་རང་བཀག་སོང་ཟེར།།
དྲ་ཉུལ་རྣམས་ཀྱིས་དྲ་ཁང་གཏོར་སོང་ཟེར།།
ཆ་ངེ་ཆུང་ངེ་རྩོད་ནས་མི་ཚར་གི།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
ཆོས་ལ་བཤད་ན་ཁྱེད་རང་དོལ་རྒྱལ་ཟེར།།
གཞུང་ལ་བཤད་ན་རྒྱ་མིའི་སོ་བ་ཟེར།།
སྐྱོན་སེལ་མཁན་ལ་སྡང་མཁན་ཉུང་ཉུང་མིན།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
དོན་ལ་བལྟས་ན་མ་དཔྱད་སྐད་ཆ་མང་།
ཚིག་ལ་བལྟས་ན་ཡིག་ནོར་ཕྲད་ནོར་མང་།།
ཞིབ་ཀྱིས་བལྟས་ན་ནོར་འཁྲུལ་གང་སར་འདུག
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
མདའ་ཚན་མདའ་མོ་གང་བྱུང་མང་བྱུང་འཕེན།།
ཞར་དང་ཞོར་ལ་ཕོག་པ་ཡོད་ཚོད་ཡིན།།
ཁྲག་ཚིལ་སྣུམ་གྱིས་མདའ་རྩེ་སྦགས་ནས་འདུག།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
འགའ་རེས་གཏམ་བརྗོད་རང་དབང་མི་འདུག་ཟེར།།
འགའ་རེས་རབ་དབང་ཟེར་ན་ཚད་ཡོད་ཟེར།།
བདག་པོས་ད་ལོ་ནན་པོ་བྱེད་རྒྱུ་ཟེར།།
ཁ་བརྡ་དྲ་ཁང་ནང་ལ་དགུ་རྡུལ་ལེན།།
dhatsenpaལགས་ཀྱིས་ཟླ་ཚེས་February 12th, 2010 ལ་ སྙན་ངག སྡེ་ཚན་དུ་སྤེལ|
འོད་དཀར་དྲ་ཚིགས་ལ་སྐད་སྐུར་བ
https://www.khabdha.org/?p=6429
ན་ནིང་གི་དབྱར་གཞུང་ཞིག་ལ། ཐེངས་གཅིག་དྲ་ཚིགས་རེ་རེ་བྱས་ནས་འཁྱམ་ཕྱིན་པ་ཡིན། སྐབས་ཤིག་ལ་འོད་དཀར་དྲ་ཚིགས་ཟེར་བ་ཞིག་ནང་མགོ་བརྒྱུས་ནས་ཡར་ལྟ་མར་ལྟ་ཞིག་བྱས་པས། བར་སྐབས་ཤིག་རྒྱ་ནག་ལ་དགྱ་ནག་ཅེས་འབྲི་བའི་ནད་ཡམས་ཤིག་བོད་ཕྱི་ནང་གང་སར་ཁྱབ་འགྲོ་བ་དེའི་མགོ་ཁུངས་ལྟ་བུར་འདུག་པ་མཐོང་ནས་ལམ་སང་རྣམ་རྟོག་ཅིག་དང་སེམས་པ་མི་སྐྱིད་པ་ཞིག་བྱུང་ནས་ཕྱི་ལ་ཐོན་པ་ཡིན། དེ་ནས་བཟུང་དྲ་ཚིགས་དེའི་ནང་ལ་རྩ་ནས་འགྲོ་གི་མེད། སྤྱིར་བཏང་དཔྱད་བརྗོད་སྤེལ་སའི་ནང་མི་འདྲ་མི་འདྲ་ཡོང་གི་ཡོད་པས་དེ་རིགས་འགོག་ཐབས་བྲལ་ཡང་། རྩོམ་སྒྲིག་པ་ཚོས་མགོ་བྱས་ནས་ནམ་རྒྱུན་གྱི་རྩོམ་དང་བཅར་འདྲི་ཚུན་ཆད་ནང་དགྱ་ནག་ཟེར་བའི་ཡིག་འབྲུ་འདི་གཉིས་ནད་འབུ་ཞིག་བཞིན་དྲ་ངོས་གང་སར་གཏོར་འདུག ཁུངས་མེད་རྟོག་བཟོའི་ཡི་གེ་འདི་འདྲ་མ་དག་རྒྱུན་འཇམས་སུ་འགྲོ་བའི་ལས་ཆེད་དུ་གཉེར་མཁན་་འོད་དཀར་དྲ་ཚིགས་ལས་མ་མཐོང་།
དེ་ནས་བཟུང་དྲ་ཚིགས་དེའི་ནང་འགྲོ་གི་མེད་ཀྱང་དེའི་སྐོར་སྐད་ཆ་འདྲི་གི་བསྡད་ཡོད། ཁ་སང་གྲོགས་པོ་ཞིག་ལ་དྲ་ཚིགས་དེའི་ནང་ད་རུང་ཡང་དགྱ་ནག་ཅེས་པའི་ཡི་གེ་འདི་བེད་སྤྱོད་གཏོང་གི་འདུག་གམ་དྲིས་པ་ཡིན། ཁོས་ཁ་སང་དེ་རིང་མ་ཤེས། ཟླ་ཤས་སྔོན་དགྱ་ནག་ཟེར་བས་གང་སར་ཁྱབ་འདུག་ཟེར། ད་ལྟ་རྩད་གཅོད་གི་ཡོད། ད་རུང་དེ་ལྟར་་ཡིན་ན་ང་རང་རྣམ་རྟོག་ཟ་བའི་དྲ་ཁང་དེའི་ནང་འགྱུར་བ་ཞིག་མ་ཕྱིན་བར་མི་འགྲོ་ཁོ་ཐག་ཡིན། གཞན་ལ་ཡང་དེའི་ནང་མ་འགྲོ་ཟེར་ནས་འབོད་སྐུལ་ཞུ་གི་ཡིན།
འོད་དཀར་དྲ་ཚིག་ནང་མི་འགྲོ་མཁན་ང་གཅིག་པོ་མ་རེད། ངའི་བཀུར་བར་འོས་པའི་གྲོགས་པོ་གཞན་ཞིག་ཀྱང་དེའི་ནང་རྩ་ནས་འགྲོ་གི་མེད་ཟེར། དེའི་ནང་ཕྱིན་ན་དགྱ་ནག་ཟེར་བའི་ཁུངས་མེད་ཡིག་ནོར་འདི་བསམ་བཞིན་དུ་བྲིས་ནས་གང་སར་ཁྱབ་འདུག དེ་མཐོང་ན་སེམས་པ་མི་སྐྱིད་པ་ཆགས་འགྲོ་གི དེ་བས་འགྲོ་གི་མེད་ཟེར། བསྐུར་བྱའི་སྐད་ནི་འདི་ཙམ་ཡིན། སྤྱིར་བཏང་ཁྱེད་ཚོའི་དྲ་ཁང་ནང་དུ་འཛུལ་ནས་བཤད་ན་ཆོག་ཀྱང་། ནད་ཡམས་དེ་འགོས་ཡོང་བར་ཞེད་གི་འདུག་པ་མ་ཟད་དེར་ཡོང་ན་སེམས་པ་ཡང་མི་སྐྱིད་པ་ཆགས་འགྲོ་གི་འདུག
dhatsenpaལགས་ཀྱིས་ཟླ་ཚེས་February 10th, 2010 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
རྒྱལ་ཁབ་ཀྱི་རོགས་རམ་རེད་དམ་མི་མང་ལ་མགོ་སྐོར་རེད།
https://www.khabdha.org/?p=6370
ཁུངས་ལྡན་གནས་ཚུལ་ལྟར་ན།
ཉེ་ཆར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་རྨ་ལྷོ་སོག་རྫོང་གསེར་ལུང་ཞང་སྒ་ཁིས་རུ་ཆེན་ནང་གཞུང་གིས་རོགས་རམ་གྱིས་ཁང་པ་གསར་རྒྱག་བྱེད་པའི་ལས་འཆར་ཞིག་ཡོད་འདུག་པར། མཐར་ཁང་པ་རྒྱག་ཕྱོགས་ཐད་གཞུང་དང་མི་མང་གཉིས་བར་བསམ་ཚུལ་མི་མཐུན་པ་བྱུང་སྟེ་དེ་མུར་ལུས་ཡོད་འདུག
སྒ་ཁིས་ཟེར་བ་ནི་རྨ་ལྷོ་སོག་པོའི་ཁོངས་གསེར་ལུང་ཞང་ངམ་སྔོན་མིང་མདའ་ཚན་ལ་མདའ་ཁག་ལྔ་སྟེ་རུ་སྡེ་ལྔ་ཡོད་པའི་ནང་གི་གཅིག་ཡིན་པ་དང་དེ་ལ་མི་ཁྱིམ་བརྒྱ་དང་བཞི་བཅུ་ཡོད། སྒ་ཁིས་ལ་ཁང་པ་མེད་པའི་མི་ཁྱིམ་ཞིག་མེད་ཚོད་ཡིན་ཡང་གཞུང་ནས་མི་ཁྱིམ་རེར་སྒོར་ཁྲི་བཞིའི་འགྲོ་སོང་བཏང་ནས་ཁང་པ་རྒྱག་གི་ཡིན་ལབ་འདུག དེ་ཡང་མི་ཚང་ཉི་ཤུ་མ་གཏོགས་གཞན་ཁང་པ་ཚང་མ་རྫོང་ཐོག་གམ་ཞང་ཐོག་གང་རུང་ལ་ངེས་པར་རྒྱག་དགོས་ཚུལ་དང་དེ་ལྟར་མ་བྱས་ན་ཁང་པ་རྒྱག་པའི་ཐོབ་ཐང་འཆོར་གི་ཡོད་ཚུལ་བཤད་འདུག མི་མང་གིས་དེ་ལ་ངོས་ལེན་མ་བྱས་པར་རང་གི་ས་ཐོག་ཏུ་རྒྱབ་ན་ལས་གཞན་ཁང་པའི་དགོས་པ་མེད་ཁང་པ་མེད་པར་ན་ཁུག་ཅིག་ཏུ་ཉལ་ནས་སྡོད་དགོས་ཀྱང་འདུག་གི་ཡིན་ཟེར་ནས་གཞུང་གི་ཐག་ཆོད་ལ་ངོས་ལེན་མ་བྱས་པར་བསྡད་འདུག
ཁོ་ཚོས་གཞུང་གི་ཐག་ཆོད་ལ་ངོས་ལེན་མི་བྱེད་དོན་ནི། ཚང་མར་རང་གི་ས་ཐོག་ཏུ་ཁང་པ་ཡོད་པ་མ་ཟད་མི་ཚང་སྐོར་ཞིག་ལ་ཞང་ཐོག་ཏུ་ཁང་པ་ཡོད་པ་དང་སྐོར་ཞིག་ལ་ཞན་ཐོག་ཏུའང་ཁང་པ་ཡོད་འདུག མི་ཚང་ཕལ་ཆེ་བ་ཕྱོགས་ཕྱོགས་སུ་ཁང་པ་རྒྱབ་པ་ཡིན་ན་ནང་དུ་འདུག་མཁན་མེད་པར་སྟོང་པར་འཇོག་དགོས་ཐུག་གི་ཡོད་པ་མ་ཟད་དེ་སྔོན་ནས་ཁང་པ་གསར་རྒྱག་བྱེད་མཁན་མང་དྲགས་པས་གླ་ས་ཡང་རེག་གི་མེད་ཚོད་རེད། རྒྱུ་མཚན་དེ་གཅིག་པོ་མིན་པར། ས་ཆ་གཞན་དང་གཞན་དུ་རྫོང་མཐའ་དང་ཐང་སྟོང་འདྲ་མིན་དུ་ཁང་ཚོགས་བསྐྲུན་ནས་འབྲོག་སྡེ་མང་པོ་ས་ཆ་གཅིག་ཏུ་ཕབ་ཏེ་དཀའ་ངལ་འདྲ་མིན་འབྱུང་བཞིན་པའི་གནས་ཚུལ་ཡང་རིམ་པས་གོ་བཞིན་པར་བརྟེན་དེ་ལ་དྭོགས་པ་ཞིག་རང་བཞིན་གྱིས་སྐྱེ་གི་ཡོད་འདུག
ལོ་འགའི་སྔོན་ཞིག་ལ། འབྲོག་པའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་འབྲོག་ཁྱིམ་གྲོང་དུ་འབེབས་པའི་སྲིད་བྱུས་གསར་པ་ཞིག་གོང་རིམ་ནས་མར་རྫོང་རིམ་པར་སླེབས་སྐབས། སྐྱེས་ཡུལ་ས་གནས་རང་ནས་ཡིན་པའི་ངེད་ཚོའི་རྫོང་དཔོན་གཙོ་གཞོན་གཉིས་ཞིང་ཆེན་ལ་ཞུ་གཏུགས་སུ་ཕྱིན་ནས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དེ་རྫོང་རང་ནས་འགན་འཁུར་གྱིས་ཕྱུགས་ཟོག་ཉུང་དུ་གཏོང་བ་སོགས་ཐབས་ཤེས་འཐེན་གྱི་ཡིན་པའི་ཁག་ཐག་བྱས་པར། ཞིང་ཆེན་གྱི་རྒྱ་དཔོན་ཞིག་གིས་དེ་ལྟར་བྱེད་པར་བསྔག་བརྗོད་ཀྱང་བྱས་འདུག་པའི་གནས་ཚུལ་གསལ་པོར་གོ
ད་ཆ་ཡང་སྐྱར་ཁང་པ་མི་དགོས་སར་ཁང་པ་རྒྱག་གི་ཡིན་ཟེར་བ་དང་དེ་ཡང་མི་མང་གི་རེ་བ་ལྟར་མི་རྒྱག་པར་གཞུང་རང་གི་འདོད་པ་ལྟར་རྒྱག་དགོས་པ་འདིར་དམིགས་ཡུལ་གཞན་ཞིག་ཡོད་པ་རེད་དམ་ཅི་ཞིག།
dhatsenpaལགས་ཀྱིས་ཟླ་ཚེས་February 7th, 2010 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
སྐུ་ཚབ་རྣམ་པ་ཚོ། ཉོན་ཨ།
https://www.khabdha.org/?p=6361
ཁ་སང་དེ་རིང་མི་མང་གི་ཁ་མང་དེ་སྐུ་ཚབ་ཚོ་དང་གུང་གཞུང་ཐོག་འཁོར་ནས་འུར་འུར་ཟིང་ཟིང་ཆགས་འདུག ང་རང་གིས་ཀྱང་གུང་སེང་གི་གོ་སྐབས་འདི་བཟུང་ནས་ཁྱེད་རྣམས་ལ་ཚིག་འགའ་ཤས་ཤིག་ཞུ་ན་བསམ།
ཁྱེད་རྣམ་པ་སྐུ་བདེ་བོའི་ངང་སླར་འཁོར་བར་དགའ་བསུ་ཞུ་བ་དང་ཆབས་ཅིག་མི་འདོད་པའི་འཁང་ཚིག་ཁ་ཤས་ཀྱང་ཞུ་དགོས་བྱུང་སོང་བས་དབུ་ཟུར་གྱི་ཤ་ལེབ་གཉིས་གཏོད་ལ་ཡག་པོ་གསན་པར་ཞུ།
ཀ རྒྱ་གཞུང་གིས་བོད་མི་མང་གི་སྐུ་ཚབ་སུ་ཡིན་མིན་དྲིས་དུས་ལམ་སང་བོད་མི་མང་གི་སྐུ་ཚབ་བོད་མི་མང་རང་ཡིན་པ་ངོས་ལེན་ཐད་ཀར་བྱེད་མ་ཐུབ་པ་དེ་ཅིག་འགྲིག་མ་ཐེ། བོད་ནང་གི་མི་མང་འཐུས་མི་ཟེར་བའི་དབང་མེད་ཀྱི་གསོབ་གཟུགས་དེ་ཚོས་བོད་མི་མང་གི་སྐུ་ཚབ་མཚོན་རྒྱུ་ཕར་ཞོག དེར་མ་ཟད། རྒྱལ་བ་རིན་པོ་ཆེས་ཀྱང་ང་བོད་མི་མང་གི་སྐུ་ཚབ་ཡིན་ནམ་ཡང་གསུངས་ཡོད་པ་མ་རེད་ལ་གསུང་ཤེས་གི་ཡང་མ་རེད། ཁོང་ནས་བོད་དོན་སྐོར་མཐའ་མཇུག་གི་ཐག་གཅོད་མི་མང་ལ་ཡོད་སྐོར་གསུངས་ནས་མི་མང་གི་ཐོབ་ཐང་ལ་བརྩི་འཇོག་བྱས་ཡོད་པ་རེད། ཡིན་ན་ཡང་། མ་འདྲ་བ་ཞིག་ནི། བོད་མི་མང་གི་བསམ་འདུན་ལ་ཉན་མཁན་གྱི་སྲིད་གཞུང་ཞིག་ཕར་ཕྱོགས་སུ་མེད་པའི་ཁར་གཞུང་དེས་མི་མང་རྣམས་གསོད་རྡུང་ཅི་རིགས་བྱེད་སྐབས། མི་མང་གི་སེམས་ཀྱི་སྡུག་བསྔལ་དང་རེ་བ་བཅོལ་སའི་སྐྱབས་དང་མགོན་དེ་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ཆགས་ཡོད་པ་རེད། རྒྱལ་བ་རིན་པོ་ཆེས་བཟང་སྤྱོད་ཀྱི་འགན་ཞིག་ཁྱེར་དེ་མི་མང་གི་རེ་འདུན་ཡལ་བར་མ་དོར་བར་གསུང་ས་ཞིག་ལ་གང་ཐུབ་གསུང་གི་ཡོད་པ་རེད། བོད་མི་མང་དང་རྒྱལ་སྤྱིའི་ཐོག་ནས་ཀྱང་བོད་མི་མང་གི་ཚབ་ལྟ་བུར་ངོས་འཛིན་གནང་གི་ཡོད་པ་རེད། དེ་ནི་གནས་དུས་ཀྱི་དབང་གིས་རེད། ཡིན་ན་ཡང་། ཉིན་ཞིག་ བོད་མི་མང་ལ་རང་གི་མདུན་ལམ་འདེམས་རྒྱུའི་གོ་སྐབས་ཤིག་ཤར་བའི་ཉིན་རང་གི་སྐུ་ཚབ་རང་མ་གཏོགས་གཞན་སུ་གང་ཡང་ཡོད་པ་མ་རེད། དེ་ལ་ཁྱད་པར་ཞིག་ཡོད་པ་རེད་སྙམ།
ཁ རྒྱ་ནག་གིས་བོད་ནང་མི་མང་གི་འཚོ་བ་སོགས་ཡར་རྒྱས་གཏོང་རྒྱུའི་ལས་འཆར་དེ་ཚོར་ལམ་སང་བསྔག་བརྗོད་བྱས་པ་དེ་ཡང་གཅིག་མ་འགྲིག་ཐེ། བསྔག་བརྗོད་མ་བྱས་པའི་སྔོན་བོད་ནང་སྲིད་བྱུས་བཏིང་ཕྱོགས་ལ་གསལ་བོར་བཟོ་དགོས་པ་ཁ་ཤས་ཤིག་འདུག་སྙམ། བོད་ནང་གི་དཀའ་ངལ་ཆེ་ཤོས་དེ་མི་རིགས་ཤིག་གི་ཤི་གསོན་གྱི་དཀའ་ངལ་ཡིན་པས། བོད་ཀྱི་སྐད་ཡིག ཆོས་རིག་གོམས་སྲོལ་སོགས་སྲུང་སྐྱོབས་དང་ཡུན་གནས་ཐུབ་ཐབས་ཀྱི་སྲིད་བྱུས་བརྟན་པོ་ཞིག་བཏིང་དགོས་རྒྱུ་དེ། ཆབ་སྲིད། དཔལ་འབྱོར། ཡར་རྒྱས་འཛུགས་སྐྲུན། མི་སྒེར་གྱི་འཚོ་བ་སོགས་གང་ལས་ཀྱང་གལ་ཆེ་བ་དང་དང་པོར་བརྩི་དགོས་པ་དེ་གསལ་བོར་མ་བཟོས་པ་དེ་རེད།
ག དེ་ནས་ཁྱེད་ཚོས་བཅོལ་བའི་སྐྲ་མི་བཞར་བར་མ་བཅོལ་བའི་ཁ་སྤུ་བཞར་རྒྱུ་དང་དུ་བླངས་ཏེ། “བྱེད་མི་རུང་བ་བཞི” ཟེར་བ་ཞིག་བོད་མི་མང་ལ་སློབ་སྦྱོང་བྱེད་རྒྱུར་འཁྱེར་ཡོང་བ་དེ་རེད། དེ་ནི་ ་་བྱེད་མི་རུང་བ་བཞི་་ ཟེར་བ་དེ་བྱེད་གི་ཡོད་པ་ཡོངས་སུ་ངོས་ལེན་བྱས་པ་དང་གཅིག་མཚུངས་མ་ཡིན་ནམ། ཐེངས་རྗེས་མའི་འབྲེལ་མོལ་སྐབས་དོན་ཚན་བཞི་བོ་དེ་ཕར་ཁྱེར་ལ་སླར་རྒྱ་གཞུང་ལ་རྩིས་སྤྲད་དེ་ཁོ་ཚོར་དེར་སློབ་སྦྱོང་བྱེད་དུ་ཆུག དེ་དང་མཉམ་དུ་གཤམ་གྱི་དྲི་བ་འདི་ཚོའང་མི་མང་གི་གཉའ་ཤིང་དཔོན་ངན་དེ་ཚོར་གོ་བར་གྱིས་ཤིག
༡ ཁྱེད་ཚོའི་ ་་མི་མང་སྲིད་གཞུང་ཁག་་ གིས་ ་་མི་མང་ཉེན་རྟོག་་ ལ་བཀའ་བཏང་སྟེ་རང་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་མི་མང་ནང་མེ་མདའ་གང་བྱུང་རྒྱབ་ནས་མི་མང་དམར་གསོད་བྱེད་པ་དང་། ཁྱེད་ཚོའི་ ་་མི་མང་བཅིངས་འགྲོལ་དམག་་ ཟེར་བ་ཚོ་ཁྱིམ་ཚང་དང་དགོན་པའི་ནང་འཛུལ་ནས་མི་མང་གི་གནའ་དངོས་དང་རྒྱུ་རྫས་རྩ་ཆེན་བཙན་འཕྲོག་པ་དང་རྐུས་འཁྱེར་བྱེད་པ། ཁྱེད་ཚོའི་ ་་མི་མང་སྤྱི་བདེ་ལས་ཁུངས་་ ཟེར་བ་དག་གིས་མི་མང་ཉམ་ཆུང་རང་རང་གི་དགོས་འདུན་འདོན་མཁན་དག་ལ་གང་བྱུང་རྡུང་རྡེག་བྱས་ཏེ་རྨས་སྐྱོན་བཟོ་བ་དང་མི་བསད་ཁྱིམ་སྟོང་བཟོ་བ། དོན་དག་ཆུང་ཙག་ཚུན་ཆད་ལ་དཔལ་འབྱོར་གྱི་ཉེས་ཆད་ལྫིད་མོ་གཅོད་པ། ཁྱེད་ཚོའི་ ་་མི་མང་ཁྲིམས་ཁང་་ ཟེར་བ་དག་གིས་མི་ཉེས་མེད་རྣམས་ལ་ཁྲིམས་རྩོད་པ་ཙམ་ཡང་གླ་དབང་མི་སྟེར་བར་ལོ་མང་བོའི་ཁྲིམས་ཐག་གཅོད་པ། མདོར་ན་ཁྱེད་ཚོའི་ ་་མི་མང་་ ་་མི་མང་་ ཟེར་བའི་ལས་ཁུངས་ཚང་མས་མི་མང་རང་གི་ཐོབ་ཐང་རྩོད་མཁན་རྣམས་དགྲ་རུ་བཟུང་ནས་མནར་གཅོད་ཡ་མེད་དུ་གཏོང་བཞིན་པ་དེ་ ཁྱེད་ཚོའི་ ་་རྩ་ཁྲིམས་ཀྱི་ཚད་གཞི་་དང་མཐུན་པ་ཨེ་རེད་ཅེས་འདྲི་རོགས་གནང་།
༢ ཁྱེད་ཚོ་གུང་གཞུང་གིས་རང་གིས་བཟོས་པའི་ཁྲིམས་སྒྲིག་སོགས་བརྡལ་བཤིག འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་བཏང་སྟེ་རང་གི་མི་མང་ལ་མནར་གཅོད་དང་དམར་གསོད་བཏང་སྟེ་རྒྱལ་སྤྱིའི་ནང་རྒྱལ་ཁབ་ཀྱི་མཚན་དང་། སྙན་གྲགས། ཆེ་མཐོང་ལ་གནོད་པའི་གནམ་སར་མི་ཤོང་བའི་སྡིག་ཉེས་བསགས་པ་དེ་ཚོ་ ་་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བཙན་གནོན་བཏང་བ་མ་རེད་དམ་ཞེས་འདྲི་རོགས་གནང་།
༣ ་་མི་རིགས་ཀྱི་ལ་རྒྱར་ངན་སྨྲས་བྱེད་མི་ཆོག་་ ཟེར་ན་ག་རེ་རེད། རྩམ་པ་རང་གིས་བཟས། རྩམ་ཁུག་མི་ལ་གཡོགས་ཟེར་བ་ལྟར་ཁྱེད་ཚོས་མི་རིགས་ཀྱི་ལ་རྒྱ་འཛིན་མཁན་ལ་ངན་སྨྲས་བྱེད་པ་ཨ་ཅང་ཅང། གཞས་རེ་བཏང་བ་དང་རྩོམ་རེ་བྲིས་པ་ཚུན་ཆད་ལ་ཁྲིམས་གཅོད་འདྲ་མིན་དང་ཉེས་རྡུང་སྣ་དགུ་གཏོང་བཞིན་པ་དེ་ཅི་རེད་འདྲི་རོགས།
༤ ཁྱེད་ཚོས་ཁྱེད་ཚོའི་འཁྲིས་ཀྱི་བོད་ཡོངས་གཅིག་གྱུར་གྱི་དགོས་འདུན་འདོན་མཁན་བོད་མི་ཏང་ཡོན་དང་མགོ་ཁྲིད་དེ་ཚོའི་འབོད་སྐུལ་རྣ་བས་མི་གོ་བ་དང་། ཁྱེད་ཚོས་བོད་མིའི་སྐྱིད་སྡུག་དང་རེ་བ་འབྲི་མཁན་གྱི་བོད་མི་རྩོམ་པ་པོའི་དཔུང་ཁག་ཅིག་གི་སྨྱུག་རྩེ་ན་ཁྲག་འབབ་བཞིན་པ་མིག་གིས་མི་མཐོང་བ། ཁྱེད་ཚོས་མི་མང་གི་སེམས་འདུན་གླུ་རུ་ལེན་བཞིན་པའི་གླུ་བ་གྲངས་མང་ཞིག་གི་གླུ་སྐད་ཀྱིས་གངས་རིའི་ཁོངས་སེང་འགེངས་བཞིན་པ་དེ་རྣ་བས་གོ་གི་མེད་པ་དེ་ཡ་མཚན་རེད། ཁྱེད་རང་གི་འཁྲིས་རང་ན་བརྒྱུད་ལམ་འདྲ་མི་འདྲའི་ནང་མི་རིགས་ཀྱི་སེམས་འདུན་གླེང་བཞིན་པ་དེ་བཞག་ནས་ཕར་ཕྱོགས་རྒྱང་ཐག་རིངབའི་་སྤྱི་ཚོགས་ཤིག་ལ་ ་་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་དང་རྒྱབ་འགལ་བྱེད་མི་ཆོག་་་ ཟེར་ན་མགོ་ཚོས་གི་མི་འདུག་ཟེར་ནས་དྲི་བ་འདི་ཚོའང་རྗེས་མ་ཕར་རྒྱ་གཞུང་ལ་སྤྲད་རོགས་གནང་།
༥ ་་བྱེད་མི་རུང་བའི་དོན་ཚན་བཞི་་ འདི་ཁོ་ཚོས་བྱེད་བཞིན་པའི་ཁུངས་སྐྱེལ་ང་ཚོར་ག་ཚོད་མང་པོ་ཞིག་ཡོད་པ་རེད་ཨང་། འདིའི་ཁུངས་སྐྱེལ་གྱི་ཡིག་ཆ་ཆ་ཚང་ཁྱེར་ལ་རྒྱ་གཞུང་གི་ཅོག་ཙེའི་སྟེང་སླར་རྩིས་འབུལ་གྱིས་ཤིག
dhatsenpaལགས་ཀྱིས་ཟླ་ཚེས་February 7th, 2010 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
གླུ་བ་བཀྲ་ཤིས་དོན་འགྲུབ་ཀྱི་བོད་དོན་དང་འབྲེལ་བའི་གཞས་ཁག་ཅིག
https://www.khabdha.org/?p=6283
༡ བསད་དང་རུང་འགྱོད་པ་ང་མེད་གི
མི་ལ་ལས་བུ་ང་བཟང་གི་ཟེར།། མི་ལ་ལས་བུ་ང་ངན་གི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག ངས་བླ་མ་དྲན་པའི་སྡུག་སྡུག་བསྔལ་འདི།། ངས་གངས་ཅནན་བོད་ལ་སྒྲོག་རྒྱུ་ཡིན།། བསད་དང་རུང་འགྱོད་པ་ང་མེད་གི
མི་ལ་ལས་བུ་ང་བཟང་གི་ཟེར།། མི་ལ་ལས་བུ་ང་ངན་གི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག ངས་སྔོན་ཆད་དཔའ་བོའི་མཛད་རྗེས་འདི།། ངས་གངས་ཅན་བོད་ལ་སྒྲོག་རྒྱུ་ཡིན།། བསད་དང་རུང་འགྱོད་པ་ང་མེད་གི། མི་ལ་ལས་བུ་ང་བཟང་གི་ཟེར།། མི་ལ་ལས་བུ་ང་ངན་གི་ཟེར། ང་བཟང་ན་ཆོག་ར་ངན་ན་ཆོག བོད་དབང་མེད་ཟེར་ནས་གླུ་བླངས་ནས།།
གླུ་བླངས་ནས་མི་ཚེ་གཏོང་རྒྱུ་ཡིན།། བསད་དང་རུང་འགྱོད་པ་ང་མེད་གི
༢ རྨ་ཁ་མེད་པའི་གཅར་རྡུང་།
ཨ་ཇོ་རྒྱང་རིང་ནས་མ་ཕེབས་དྲན་གདུང་གཅིག མི་རིགས་མཐུན་སྒྲིལ་མ་ཡོང་སྐྱོ་སྡུག་གཉིས།། བོད་ལ་རང་དབང་མེད་པའི་བཙན་འཛུལ་གསུམ།། འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།།
ཕ་ནོར་ཕྱི་ལ་ཤོར་བའི་འགྱོད་པ་གཅིག། རབ་བྱུང་གཏེར་ཁ་མ་དབང་སྡུག་བསྡལ་གཉིས།། སྐྱེ་རྒྱུད་སྒོར་གྱིས་བཅད་པའི་ཐབས་ལམ་གསུམ།། འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།།
ཕ་མའི་བྱམས་བརྩེ་མ་དབང་སྡུག་བསྔལ་གཅིག། ཕུ་ནུའི་ནང་གཏམ་མ་གོ་་སྐྱོ་སྡུག་གཉིས།། རི་སྡེས་འཕྱ་དམོད་བྱེད་པའི་སེམས་སྡུག་གསུམ།། འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།།
༣ ཉིས་སྟོང་བརྒྱད་ལོ།
འདི་སྤྱི་ལོ་ལྔ་བཅུ་ལྔ་དྲུག་ལོ།། དགྲ་ནག་པོ་བོད་ལ་ཐོན་གི་ལོ།།
རྗེ་བླ་མ་བཙོན་ལ་བཟུང་གི་ལོ།། ལོ་གན་ལ་ང་ཚོ་འཇིགས་སྣང་ཆེ།།
འདིའི་སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོ།། བུ་དཔའ་བོ་ཁྲག་ལ་སྦྱར་གི་ལོ།།
བུ་ཉེས་མེད་བཙོན་ལ་བཟུང་གི་ལོ།། ལོ་གན་ལ་ངུ་ཚོ་འཇིགས་སྣང་ཆེ།།
འདི་སྤྱི་ལོ་ཉིས་སྟོང་བརྒྱད་གི་ལོ།། བོད་ཉེས་མེད་གཅར་རྡུང་བྱེད་གི་ལོ།། སའི་གོ་ལའི་འབངས་མི་བསད་གི་ལོ།། ལོ་གན་ན་ངེད་ཚོ་འཇིགས་སྣང་ཆེ
༤ དེའི་དོན་ལ་མིག་ཆུ་འཐོར་ཐལ།
ངའི་བླ་མ་བྱང་སེམས་ཅན་པོ།། བོད་ཞི་བདེའི་ཆེད་ལ་ཕེབས་སོང་།། འདི་བསམ་ན་ཡིད་སེམས་སྡུག་ཐལ།། འདིའི་དོན་ལ་མིག་ཆུ་འཐོར་གི།།
བུ་ལ་རྒྱ་ཅན་གྱི་དཔའ་རྒོད།། བོད་ལ་རྒྱའི་ཆེད་ལ་གཤེགས་སོང་།། འདི་བསམ་ན་ཡིད་སེམས་སྡུག་གི། འདིའི་དོན་ལ་མིག་ཆུ་འཐོར་ད ལས་རང་དབང་མེད་པའི་བོད་པ།། དོན་མེད་ལ་གཅར་རྡུང་བྱས་ཐ།། འདི་བསམ་ན་ཡིད་སེམས་སྡུག་གི། འདིའི་དོན་ན་མིག་ཆུ་འཐོར་གི།
༥ ངའི་བསམ་ན་ང་འདི་ལས་ངན་རེད།
ངའི་བསམ་ན་ང་འདི་ལས་ངན་རེད། ང་ཡིད་བཞིན་ནོར་བུར་མཇལ་མ་ཐུབ།། མཇལ་བསམ་རུང་མཇལ་དབང་ང་མེད་གི་། འདི་བསམ་ན་ང་འདི་ལས་ངན་རེད།
ངའི་བསམ་ན་ང་འདི་ལས་ངན་རེད། ངས་གངས་སེང་དར་ཆ་ཕྱར་མ་ཐུབ། ཕྱར་བསམ་རུང་ཕྱར་དབང་ང་མེད་གི།། འདི་བསམ་ན་བུ་ང་ལས་ངན་རེད། ངའི་བསམ་ན་ང་འདི་ལས་ངན་རེད། ངའི་ལ་རྒྱའི་གླུ་དབྱངས་ལེན་མ་ཐུབ།། ལེན་བསམ་རུང་ལེན་དབང་ང་མེད་གི།། འདི་བསམ་ན་བུ་ང་ལས་ངན་རེད།།
༦ ཕེབས་ཤོག
རྗེ་བླ་མ་ཡིད་བཞིན་ནོར་བུ།། སྐུ་ས་མཐའི་མ་འདུག་ཕེབས་ཤོག
བོད་གངས་ཅན་དད་ལྡན་ཕོ་མོས།། ཁྱོད་གསེར་ཁྲིའི་འགྲམ་ནས་སྒུག་འདུག།
མགོན་པཎ་ཆེན་སྣང་བ་མཐའ་ཡས།། སྐུ་བཙོན་ནས་མ་འདུག་ཕེབས་ཤོག
བོད་གངས་ཅན་དད་ལྡན་ཕོ་མོས་།། ལག་ཐལ་མོ་སྦྱར་ནས་སྒུག་འདུག།
རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས།། སྐུ་སྐར་ཆེན་འདྲ་བོ་བྱོན་ཤོག།། བོད་གངས་ཅན་དད་ལྡན་ཕོ་མོ།། ལག་ཁ་བཏགས་བཟུང་ནས་སྒུག་འདུག།
dhatsenpaལགས་ཀྱིས་ཟླ་ཚེས་February 2nd, 2010 ལ་ གླུ་གཞས། སྡེ་ཚན་དུ་སྤེལ|
ཨན་ཞིའི་སྡེ་བཞི་ངོ་སྤྲོད།
https://www.khabdha.org/?p=6101
དེ་རིང་ཝེ་ཁེ་ཕེ་ཌི་ཡ་གཞིར་བཟུང་ནས་གཞན་དང་གཞན་ནས་ཁ་གསབ་ཉུང་ཤས་རེ་བྱེད་བཞིན་ཨན་ཞི་སྡེ་བཞིའམ་མཁར་བཞི་ངོ་སྤྲོད་ཐུང་ཙམ་བྱེད་ན། ཨན་ཞི་སྡེ་བཞི་ནི། ཁོ་ཆག Kucha, ལི་ཡུལKhotan, ཁ་ཞི་སྒར།Kashgar དང་ཁ་ར་ཟ་ཧོརKarashahr བཅས་བཞི་ཡིན།
༡ ཁོ་ཆག་ལ་ Kucha རྒྱ་སྐད་དུ་ 库车 ཟེར། གཞན་ངས་གོང་དུ་བྲིས་པ་ལྟར་ཆིག་ཚི་ཡང 屈支 屈茨; 龜玆; 龟兹, 丘玆 ཡང་ཟེར་སྐད། ཁོ་ཆག་ནི་གནའ་སྔ་མོའི་ནང་པའི་ས་་ཆ་ཞིག་ཡིན་ཞིང་དེ་ནི་རྒྱ་མོའི་དར་ལམ་གྱི་ལམ་ལག་ཅིག་ཡིན་པ་དང་། ཁྲ་རིམ་གཤོང་ས་ཆེན་མོའི་ནང་ཡོད་པའི་སྟག་ལ་མར་ཁན་བྱེ་ཐང་དང་མོ་རྫ་ཆུ་བོའི་བྱང་དུ་གནས། ས་ཆ་དེའི་མི་གྲངས་ནི་༡༩༩༠ ལོའི་མི་གྲངས་ཞིབ་བཞེར་ལྟར་ན་ མི་གྲངས་བདུན་ཁྲི་བཞི་སྟོང་དྲུག་བརྒྱ་སོ་གཉིས་ཡོད་འདུག
༢ ཁོ་དན་ཏེ་ལི་ཡུལ་ Khotan ལ་རྒྱ་སྐད་དུ་ཧོ་ཐེན和阗 དང་སྔོན་ཡུ་ཐེན于窴་ཟེར་ཞིང་། དེ་ནི་ཁྲ་རིམ་གཤོང་སའི་ནང་དུ་ཆགས་ཤིང་བོད་བྱང་རྒྱུད་དུ་ཡོད་ཅིང་ཡར་སྣེ་ལ་དྭགས་གླེ་ལ་ཐུག ༢༠༠༦ལོའི་མི་གྲངས་ཞིབ་བཤེར་ལྟར་ན་མི་གྲངས་ཆིག་འབུམ་ཆིག་ཁྲི་བཞི་སྟོང་ཡོད་འདུག
ས་ཆ་འདི་ནི་རྒྱ་མོའི་དར་ལམ་གྱི་ལྷོ་ལམ་གི་ས་གནད་གལ་ཆེན་ཞིག་ཡིན་པ་དང་ཡར་ཁྱེན་གྱི་ལྷོ་ཤར་ངོས་སུ་ཡོད། ཞྭ་སྒབ་པས་བྲུ་ཤ་དེ་ཡར་ཁྱེན་ཕྱོགས་མིན་ནམ་ཟེར། ཁ་ར་ཁ་བཞི་ཆུ་བོ། Karakash དང་གཡུ་རུང་ཁ་བཞི་ཆུ་བོ།Yurungkash དེ་མིན་རྒྱ་སྐད་དུ་ཧེ་ཡུ་ཆུ་བོ། པེ་ཡུ་ཆུ་བོ་སྟེ་གཡང་དཀར་ཆུ་བོ་དང་གཡང་ནག་ཆུ་བོ་གཉིས་ཀྱང་འདི་ནས་རྒྱུག
༣ ཁ་ཞི་སྒར་Kashgar ལ་རྒྱ་སྐད་དུ་ 喀什དང་སྔོན་མའི་མིང་ལ་ཧྲུའུ་ལི疏勒 ཟེར་ཞིང་དེ་ནི་ཤིན་ཅང་གི་ཁྲ་རིམ་གཤོང་སའི་ནུབ་ངོས་སུ་ཆགས་ཤིང་ས་ཁུལ་ཡོངས་སུ་མི་གྲངས་ས་ཡ་གསུམ་དང་འབུམ་ལྔ་ཡོད་འདུག ཁ་ཆེ་མ་དར་བའི་སྔོན་གྱི་དུས་རབས་གསུམ་པ་དང་བཞི་བར་ནང་པ་ཡིན་འདུག
༤ ཁ་ར་ཟ་ཧོར་Karasahr ལ་རྒྱ་སྐད་དུ་ཡན་ཆས焉耆ཟེར། འདི་ནི་སྔོན་མ་ནང་པའི་ས་ཆ་ཞིག་ཡིན་ཞིང་ཁྲ་རིམ་གཤོང་སའི་སྟག་ལ་མར་ཁན་བྱེ་ཐང་གི་བྱང་དུ་གནས་ཤིང་ཁོ་ཆག་གི་ཤར་དང་ཐུར་ཧྥན་གྱི་ནུབ་ན་ཡོད། སྔོན་ཆོས་སྲིད་གཉིས་ཀྱི་ས་གནས་གལ་ཆེན་པོ་ཞིག་ཡིན། དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱི་མགོ་དཔོན་ཡང་ཧ་སེ་བྷན་ཡང་དེ་སྔོན་ས་ཆ་འདི་བརྒྱུད་པེ་ཅིང་ནས་རྒྱ་གར་ལ་འགྲོ་མྱོང་།
ཨན་ཞི་སྡེ་བཞིའི་ལོ་རྒྱུས་མདོར་ཙམ།
སྡེ་བཞིའམ་མཁར་བཞི་ནི་དོན་དུ་རྒྱ་མིའི་དམག་གི་བཙན་རྫོང་བཞི་ཡིན་ཞིང་། དེ་ནི་རྒྱ་ནག་ཐང་རྒྱལ་རབས་སྐབས་སྤྱི་ལོ་༦༤༨ ལོར་རྒྱབ་འདུག་ཀྱང་རིང་བོར་མ་ཐོགས་པར་སྤྱི་ལོ་ ༦༥༡ ལོར་དྲུ་གུའི་རྒྱལ་སྲས་ཨ་ཞི་ན་ཧེ་ལུའི་དབང་ཤུགས་འོག་འཐོར་རྐྱེན་བྱུང་ཡང་རྒྱ་ནག་གི་དམག་དཔོན་སུའུ་ཏིང་ཕན 蘇定方591-667 གྱིས་སྤྱི་ལོ་༦༥༧ ལོར་སླར་བཙན་འཛུལ་གྱིས་བླངས། དེ་སྐབས་རྒྱ་ནག་ལ་ཁ་གཏད་ཅིག་ཡོད་པ་ནི་བོད་ཡིན། སྤྱི་ལོ་༦༦༢ ལོ་ནས་མགོ་བཟུང་སྟེ་བོད་ཀྱིས་ས་ཆ་དེ་ཚོར་བཙན་འཛུལ་གྱི་མགོ་བརྩམས་འདུག ཏུན་ཧོང་ལྟར་ན་ལོ་དེར་བློན་ཆེན་མགར་གྱིས་ཞང་ཞུང་གི་མཁོས་བགྱིས་ཤིང་ཕྱི་ལོ་དེར་འ་ཞ་ཡུལ་དུ་ལོག
གོང་ཏུ་བྲིས་ཡོད་པ་ལྟར། སྤྱི་ལོ་ ༦༧༠ ནས་ ༦༩༢ བར་བོད་ཀྱིས་བཟུང་ཡོད་ནའང་ ༦༧༥། ༦༧༩། ༦༨༢། ༦༨༦ བཅས་ལ་རྒྱ་ལག་ཏུ་ཡང་ཡང་ཤོར་འདུག སྤྱི་ལོ་ ༦༧༩ ལོར་རྒྱ་དམག་གིས་ཡང་སྐྱར་སུའུ་ཡབ་ཏུ་དགྲ་རྫོང་གསར་པ་ཞིག་རྒྱབ་པ་དེ་རྗེས་སུ་གོང་གི་བཙན་རྫོང་བཞི་བ་ཁ་ར་ཟ་ཧོར་གྱིས་ཚབ་བྱས་ཏེ་སྤྱི་ལོ་ ༧༡༩ ལོར་དྲུ་གུའི་མ་བཟུང་བར་མཁར་བཞིའི་ནང་གི་གཅིག་ཏུ་བརྩི།
སྤྱི་ལོ་༦༩༢ ལོར་དེ་ཕྱོགས་སུ་བོད་དམག་ཕམ་པར་གྱུར་། སྤྱི་ལོ་༧༠༩ ལོར་ཟླ་བརྒྱད་ལ་ཁོ་ཆག་དྲུ་གུས་བཟུང་བ་མ་གཏོགས་མུ་མཐུད་དུ་རྒྱ་ནག་གིས་དབང་བཟུང་ནས་བསྡད། དེ་ལྟར་ཀྱང་རྒྱ་ནག་ཀན་སུའུ་ཁོངས་རྨ་ཆུའི་ནུབ་བྱང་རྒྱུད་ སྤྱི་ལོ་བདུན་བརྒྱ་དྲུག་ཅུའི་ནང་དང་བདུན་་བརྒྱ་བརྒྱད་ཅུའི་ནང་བོད་ཀྱི་ལག་ཏུ་ཤོར། ལེང་ཀྲོའུ Liangzhou ༧༦༤ ལོར། ཀན་ཀྲོའུ Ganzhou སུའུ་ཀྲོའུ Suzhou ༧༦༦ལོར། བཀྭའ་ཀྲོའུ།Guazhou ༧༧༦ལོར། ཡི་ཀྲོའུ་ Yizhou ༧༨༡ལོ་དང་ཧྲ་ཀྲོའུ་༧༨༧ ལོར་བོད་ཀྱིས་བཟུང་།
ས་ཆ་འདི་དག་གང་ཡིན་ངོས་བཟུང་བ།
ལེང་ཀྲོའུ་ནི་ད་ལྟའི་རྒྱ་མིའི་ལན་ཀྲིག་དང་ཡིན་ཁྲོན། ཟི་ལིང་བཅས་ལྟེ་བར་གྱུར་བར་ཕྱོགས་དང་། ཀན་ཀྲོའུ་ནི་མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་ས་འབྲེལ་དུ་ཆགས་ཡོད་པའི་དཔའ་རིས་ཀྱི་ཕྱོགས། སུའུ་ཀྲོའུ་དང་བཀྭའ་ཀྲོའུ་གཉིས་ནི་ད་ལྟ་ཀུན་སུའུ་ཞིང་ཆེན་གྱི་ནུབ་བྱང་酒泉ཕྱོགས། ཡེ་ཀྲོའུ་ནི་ཤིན་ཅང་དང་ཀན་སུའུ་འདྲེས་མཚམས་哈密ས་ཁུལ་ལ་ངོས་འཛིན། ཧྲ་ཀྲོའུ་ནི་ཏུན་ཧོང་གི་ཕྱོགས་སུ་ངོས་འཛིན།
ད་དེ་ཙམ་བྱེད། འགྱུར་ཡག་པོ་མེད་པ་དང་དོགས་གཞིའི་རིགས་ཡོད་པ། གནས་ཚུལ་མང་ཟིག་ཤེས་འདོད་ན་Four Garrisons of Anxi ཟེར་བའི་མིང་ཐོག་ནས་ཝེ་ཁེ་ནང་འཚོལ། ལི་ཡུལ་ལྕང་ར་སྨུག་པོ་གང་ན་ཡོད་མེད་ཤེས་འདོད་ན་གོའུ་གལ་འེར་ཐི་ནང་ལ་སོང་ལ་ཧོ་ཐེན་ཕྱོགས་སུ་འཚོལ་དང་རྙེད་གི་རེད།
dhatsenpaལགས་ཀྱིས་ཟླ་ཚེས་January 26th, 2010 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
གླུ་བ་བཀྲ་ཤིས་དོན་འགྲུབ་ལ་ཁྲིམས་ཆད།
https://www.khabdha.org/?p=5786
བདེན་པ་ཡིན་ན་ཉེ་སྔོན་གུང་གཞུང་གིས་འཛིན་བཟུང་བྱས་པའི་གླུ་བ་བཀྲ་ཤིས་དོན་འགྲུབ་ལ་ལོ་གཅིག་དང་ཟླ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་སྐད། གལ་སྲིད་དེར་ངོས་ལེན་མེད་ན་ཉིན་ཉི་ཤུའི་ནང་ཡར་མཐོ་རིམ་ལ་ཞུ་གཏུག་བྱེད་ཆོག་གི་ཡོད་པ་འདྲ། སྐད་ཆ་ཁ་ཤས་ཤིག་བཤད་པར་དེ་འདྲ་ཁྲིམས་ཐག་གཅོད་པ་ནི་དྲང་པོ་མ་རེད་ཅེས་འདོད་པར་མ་བབ་པའི་རྣམ་འགྱུར་སྟོན་མཁན་འདུག
བཀྲ་ཤིས དོན་འགྲུབ་ནི་ད་ལྟའི་རྨ་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་ཁོངས་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མདའ་ཚན་ཐུ་མེད་ནས་ཡིན་ཞིང་། ཕའི་མིང་ལ་འཇའ་ཚུར་དང་མའི་མིང་ལ་རྟ་པ་ཟེར། ན་ནིང་ཁོང་གིས་ གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོ་ཞེས་པའི་གླུ་དེ་བླངས་ནས་བཀག་ཉར་བྱས་པ་དང་། ད་ལོར་ཡང་སྐྱར་ བསད་དང་རུང་འགྱོད་པ་ང་མེད་གི་ སོགས་ཀྱི་གཞས་འཁོར་ཞིག་བཏོན་པས་འཛིན་བཟུང་དང་ཁྲིམས་ཐག་བཅད་པ་ཡིན་འདུག ཁོང་གི་གཞས་རྣམས་ལ་ཉན་ན་ཡིག་ཁྲོབ་ནང་བཀྲ་ཤིས་དོན་འགྲུབ་ཀྱི་མིང་ཐོག་ནས་ཚོལ་དང་ཁོང་གི་གཞས་སྔ་ཕྱི་ཉི་ཤུ་ལྷག་འདུག
dhatsenpaལགས་ཀྱིས་ཟླ་ཚེས་January 11th, 2010 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
སྙན་ངག་ཁེར་སྐྱ་མ།
https://www.khabdha.org/?p=5498
ཉི་མ།
དགུང་གི་ཉི་མ་སེར་བོའི་ཞལ་རས་དམར་ནག་ཆགས་ཤིང་ཉི་དུག་མདའ་རྣོན་ཨོ་ཛོན་བརྒྱུད་ནས་འཕྲོས་བྱུང་མི་ཡི་འགྲོ་བས་རྫས་དུག་ངན་པས་ཡང་ཡང་བདུག་པས་དགོང་ཚོམ་བྱུང་བ་མིན་ནམ་ང་ལ་ཐེ་ཚོམ་དྲ་བས་བཅིངས།
ཟླ་བ།
བཅོ་ལྔའི་ལྷ་ཟླ་དཀར་པོའི་ཞལ་ཁྱིམ་རྫས་དུད་ངན་པས་སྦགས་པས་སེམས་པ་སྐྱོ་སྐྱོ་བྱུང་འདྲ་ནོར་འཛིན་བདག་པོར་འཛུམ་དཀར་འཕེན་ལ་དང་ལྷོད་ཡང་ཡང་འཆོར་གི་ཨ་ཁ་ཁ།
སྐར་མ།
ནམ་མཁའི་སྐར་ཚོགས་ཁྲ་མོར་དུག་རླངས་ཕོག་ནས་བཟི་འཐོམས་བྱུང་འདྲ་གསལ་ལ་མི་གསལ་འོད་ཟེར་ཟ་མ་ཟི་ཞིག་སྤྲོ་འདིར་ལེ་བདའ་བྱེད་ས་གཞན་ཞིག་ཡོད་མེད་ངས་མི་ཤེས།
སྤྲིན་པ།
ས་ཡི་རྫས་ངན་མ་ལུས་འཇིབ་པས་ལོས་ཡིན་ནམ་མཁའི་སྤྲིན་པ་དཀར་པོ་ནག་པོར་གྱུར་ཅིང་ལྗིད་ཀྱིས་ནོན་འདྲ་གོམ་པ་ག་ལེར་ག་ལེར་མཁའ་ན་སྒྱུར་བ་གླང་ཆེན་ཆད་པ་ཞིག་དང་འདྲ་ལ་ཁད།
ཆར་བ།
སྦྲང་ཆར་བསིལ་མ་ཟེར་ཡང་ཁྲེལ་གཞུང་མི་འདུག་ཞིང་པ་མགོན་པོ་རྒྱལ་གྱིས་སྒུག་སྒུག་མཐའ་ལ་དུག་ཆར་དྲག་པོ་གཅིག་གིས་ལོ་ཏོག་མ་ལུས་བཅོམ་སོང་ལོ་གཅིག་ཡོང་སྒོ་བརླག་སོང་སྙིང་རེ་རྗེ།
རླུང་།
ཡུན་རིང་མི་ཡི་ཡུལ་ནས་སྒུག་མཐར་བསིལ་ལྡན་ལྗོངས་ཀྱི་བསིལ་རླུང་རྔུབ་པའི་གོ་སྐབས་ཐོབ་འདི་དགའ་དགོས་མོད་ཀྱང་དགའ་རྒྱུ་མི་འདུག་མིད་ཐག་ཕྲ་མོར་ན་ཟུག་བསླངས་སོང་ལུད་པ་ནག་པོ་འཕེན་དགོས་བྱུང་།
གངས་རི།
བསྐལ་བར་ཆགས་པའི་ལྷོ་དང་བྱང་སྣེའི་འཁྱག་རོམ་དང་ནི་སྲིད་པའི་གངས་རྒན་མིག་ཆུ་ཁྲུམ་ཁྲུམ་བཞུར་བཞིན་བཞུ་མགོ་རྩོམ་ཡང་དེ་ལ་ཨ་ལན་ཨང་ལན་མེད་འདི་ཅི་ཞིག་ཡིན་ནམ་སུ་ཡིས་ང་ལ་དྲི་ལན་ལྡོན།
རྫ་རི།
རྫ་རི་སྨུག་པོ་དག་གི་མགུལ་བ་བཅད་ཅིང་ལྟོ་བ་དབྲལ་ནས་གཏེལ་ཤ་འཁོར་ལོ་བྱས་འདུག་རྔ་བར་ཞི་རྒོལ་ལངས་སྐབས་བསད་པའི་དཔའ་བོ་རྣམས་ཀྱི་བེམ་པོ་དག་དང་མཚུངས་པ་ཉིད།
ཆུ་བོ།
གངས་ཅན་ལྗོངས་ཀྱི་ཡན་ལག་བརྒྱད་ལྡན་གཙང་ཆབ་སྔོན་མོ་འཐུང་དུ་ཕྱིན་ཡང་འཐུང་ས་མ་སོང་རྫས་ངན་བརྒྱ་ཡིས་ལྷད་ནས་ཡོད་གི་སྐྱོ་བའི་གླུ་ཞིག་ལེན་དགོས་བྱུང་བར་དགོངས་སེལ་ཞུ།
མི
ཨ་ཞང་འཇའ་ཅོར་མཆིན་ནད་འདུག་ཟེར་ཨ་ཅེ་སྒྲོལ་པོར་སྙིང་གི་ནད་འདུག་ཕལ་ཆེར་ཞིག་ལ་ཕོ་ཁའི་ནད་འདུག་ང་ཡི་གཉེན་ཉེའི་ཕྱེད་ཀ་ནད་ཀྱིས་བཟུང་འདུག་སྨན་པ་མཁས་པ་འཚོལ་དུ་གང་ལ་འགྲོ།
dhatsenpaལགས་ཀྱིས་ཟླ་ཚེས་December 25th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
རབ་འབྱོར་སོགས་ལ་དྲི་བ་ཞིག
https://www.khabdha.org/?p=5377
ལོ་སྔོན་མ་ཞིག་ནས་ང་ལ་ཁྱེད་ཚོར་དྲི་བར་བྱ་བ་ཞིག་ཡོད་ཀྱང་ལས་ཀ་ཙག་ཙིག་གི་དབང་གིས་ཡོངས་སུ་བརྗེད་པར་གྱུར། བདུན་ཕྲག་འདིའི་ནང་ ་་དགེ་ཆོས་ཀྱི་མགོ་ལེབ་ལེབ་དང་སའི་གོ་ལ་རིལ་རིལ་་་ གྱིས་བརྗེད་ནས་ཡུན་རིང་ཕྱིན་པའི་དོན་དེ་དང་རབ་འབྱོར་ཡང་དྲན་སོས་སོང་།
དྲི་བ་ནི་གཅིག་རང་གཅིག་ཡིན་དེ ། རབ་འབྱོར་ཁྱོད་ཡིད་གཏད་དེ་ཉོན་ལ་རབ་ཏུ་ཡིད་ལ་ཟུངས་ཤིག
རྡོ་རྗེ་གཅོད་པའི་ནང་གསལ་བ་ལྟར། བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་བོར་བསྲང་སྟེ་དྲན་པ་མངོན་དུ་བཞག་ནས་བཞུགས་སྐབས། ཚེ་དང་ལྡན་པ་རབ་འབྱོར་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ལ་དྲི་བ་དང་དྲི་ལན་མང་པོ་ཕུལ་ལོ།
དྲི་ལན་དེ་དག་གི་ནང་ཞིག་ན་འདི་ལྟར། ་་བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་གྱི་ཁམས་ཤིག་མཆིས་པར་གྱུར་ན་དེ་ཉིད་རིལ་བོ་འཛིན་པར་འགྱུར་བའི་སླད་དུའོ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་རིལ་བོར་འཛིན་པར་གང་གསུངས་པ་དེ་འཛིན་པ་མ་མཆིས་པར་དེ་བཞིན་གཤེགས་པས་གསུངས་ཏེ། དེས་ན་རིལ་བོར་འཛིན་པ་ཞེས་བགྱིའོ།།་་
དྲི་བ་ནི་འདི་ཡིན་ཏེ་། ཁ་བརྡ་དྲ་ཁང་གི་གནས་བརྟན་ཆེན་པོ་རབ་འབྱོར་ལ་སོགས་པས། ཚེ་དང་ལྡན་པ་རབ་འབྱོར་གྱི་དྲི་ལན་འདིའི་ནང་གི་འཇིག་རྟེན་རིལ་བོར་འཛིན་པ་ཞེས་པའི་ཚིག་འདིའི་གོ་དོན་བསྙད་དུ་ཡོད་དམ།
རབ་འབྱོར་ད་ཉལ་ས་ལས་ལོངས་ཟས་ཀྱི་བྱ་བ་མཛོད་ལ། ལྷུང་མཟེད་དང་གསོལ་སྡེར་ཐབ་ཚང་ནང་ཞོག་ལ། ངའི་དྲི་བ་ལ་ལན་འདེབས་པར་སེར་མོ་བ་ཞིག་ལ་བཀའ་གནང་རོགས་ཞུ། རབ་འབྱོར། དེ་དེ་བཞིན་ཡིན། ད་འགྲོ་གི་ཡིན། སྐྱེས་སྨན་གྱིས་སྐད་གཏོང་གི་འདུག ད་ངས་ཀྱང་ཟས་ཀྱི་བྱ་བ་མ་མཛད་ན་གྲོད་ཁོག་གིས་གཞས་གཏོང་གི་འདུག
dhatsenpaལགས་ཀྱིས་ཟླ་ཚེས་December 19th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
༡༩༢༡ ལོའི་ཇོ་མོ་གླང་མའི་རི་འཛེགས་ནང་གི་བོད་མི་ཞིག།
https://www.khabdha.org/?p=5220
ཚེ་བརྟན་དབང་འདུས་ (Chheten Wangdi ) ནི་༡༩༢༡ ལོའི་ཇོ་མོ་གླང་མའི་རི་འཛེགས་ཚོ་ཁག་གི་མགོ་གཙོ་དང་སྐད་སྒྱུར་བ་ཡིན། ཁོང་ནི་བོད་མི་ཡིན་ཞིང་དེ་སྔོན་བོད་དམག་གི་མགོ་ཁྲིད་ཡང་གནང་མྱོང་བ་མ་ཟད་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་ཨི་ཇིབ་ནང་ཡོད་པའི་རྒྱ་གར་གྱི་དམག་ལའང་འབྲེལ་་བ་ཡོད།I.

༡༩༢༡ ལོའི་རི་འཛེགས་ནང་མེ་ཇོར་མོར་སི་ཧེ་ཌེི་ཁོ་ནས་བོད་སྐད་ཅུང་ཟད་བཤད་ཤེས།་པ་མ་གཏོགས་གཞན་པ་ཚོས་བོད་སྐད་མི་ཤེས།ཁོང་ཚོར་བོད་མི་རྣམས་ལ་རྒྱུས་ལོན་དང་་ཕན་ཚུན་བར་སྐད་ཆ་བཤད་པའི་ཆེད་སྐད་སྒྱུར་ཞིག་དགོས་གལ་ཆེན་པོ་ཡིན། སྐད་སྒྱུར་བ་ནི་འབྲས་ལྗོངས་སྒང་ཐོག་ནས་ཡིན་པའི་ཀ་ཟི་རྒྱལ་མཚན་གཡོན་དང་བོད་མི་ཚེ་བརྟན་དབང་འདུས་གཡས། ཚེ་བརྟན་དབང་འདུས་ཀྱིས་རྒྱ་གར་དང་མཉམ་ཨི་ཇིབ་ནང་དམག་རྒྱབ་ཡོད་པ་དང་། ཐེངས་འདིའི་རི་འཛེགས་ནང་འགན་ཁུར་གྱི་ཕྱག་ལས་གནང་། པར་པ། A.F.R. ཝོལ་ལ་སན 1921
dhatsenpaལགས་ཀྱིས་ཟླ་ཚེས་December 2nd, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ངའི་ཆུང་འདྲིས་རོགས་ལོ་མི་རིག་གི
https://www.khabdha.org/?p=5188
རྒྱང་བཀྱེད་ལས་རྒྱ་ཁོག་རིག་གི་ར།། གོས་འབྲུག་ཚང་རི་མོ་མི་རིག་གི། གོས་འབྲུག་ཚང་རི་མོ་མ་རིག་ན།། རྒྱང་བཀྱེད་ལས་རྒྱ་ཁོག་རིག་གས་ཆེད།།
ཁྱ་ཁྱུག་གེ་སྡེ་ཟིག་རིག་གི་ར།། ངའི་ཆུང་དུས་རོགས་ལོ་མི་རིག་གི། ངའི་ཆུང་དུས་རོགས་ལོ་མ་རིག་ན།། ཁྱ་ཁྱུག་གེ་སྡེ་ཟིག་རིག་གས་ཆེད།།
འདི་ཨ་མདོའི་ལ་གཞས་ཞིག་རེད། ཡིག་སྐད་ལྟར་བྲིས་ན་བྲོ་བ་མི་འདུག་པ་མ་ཟད་སྐད་གཞན་པ་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་སྟེར། གཞན་ཨམ་སྐད་ལ་རྒྱུས་ལོན་ཆེད་འདི་ལྟར་བྲིས།
རྒྱ་ཁོག རྒྱ་ནང་ངམ་རྒྱ་གྲོང་།
རིག་གི་ར མཐོང་ནའང་།
རིག་གས་ཆེད རིག་ནས་ཆི་བྱེད། ཅི་བྱེད།
ཟིག ཞིག
ཁྱ་ཁྱུག་གེ ཁྲ་ཁྱུག་གེ
dhatsenpaལགས་ཀྱིས་ཟླ་ཚེས་November 29th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
སྙན་ངག་ལ་སྡང་བ་ཚོར་སྙན་ངག་ངོ་སྤྲོད་ཚན་པ་གཉིས
https://www.khabdha.org/?p=5127
༡ སྙན་ངག
སྙན་ངག ངའི་ཡ་ཁོག་ན་ལྷོག་ལྷོག་ལྡིང་བཞིན་པའི་སྙིང་གི་འཕར་སྒྲ་ཡིན།
སྙན་ངག མོའི་རྩ་ལམ་ན་དལ་མེད་རྒྱུགས་བཞིན་པའི་ཟུངས་ཁྲག་ཁོལ་མ་རེད།
སྙན་ངག ཁྱེད་ཀྱི་ཁ་སྣ་ནས་ཐོལ་ཐོལ་གཏོང་བཞིན་པའི་དབུགས་ཀྱི་འབྱིན་རྔུབ་རེད།
སྙན་ངག ང་ཚོའི་ནང་གི་དུངས་བ་གསལ་བྱེད་ཡ་ཐོད་ཀྱི་སྤྱན་མིག་རེད།
སྙན་ངག ཨ་མའི་སེམས་གཅོང་གི་ན་ཚ་གསོ་བྱེད་རིན་ཆེན་རིལ་བུ་རེད།
སྙན་ངག གསར་སྐྱེས་ཀྱི་གཞོན་ནུ་ཚོའི་མི་ཚེའི་གསོན་ཤུགས་རེད།
སྙན་ངག དུས་ཚོད་ཀྱིས་རྒས་རྒྱུ་མེད་པའི་གནའ་བོའི་གླུ་གཞས་རེད།
སྙན་ངག དགྲ་ལ་ཐུག་ན་རྣོན་པོའི་མཚོན་ཆ་ཡིན།
སྙན་ངག གྲོགས་ལ་ཐུག་ན་སྒྱུ་རྩལ་གྱི་ལག་རྟགས་ཡིན།
སྙན་ངག མཛའ་མོར་ཐུག་ན་བཅོས་མེད་ཀྱི་བརྩེ་དུངས་ཡིན།
སྙན་ངག བླ་མར་མཇལ་ན་དད་མོས་ཀྱི་འདོན་དབྱངས་ཡིན།
སྙན་ངག བལྟས་ན་མིག་དབང་འཕྲོག་པའི་མཛེས་མ་ཞིག
སྙན་ངག ཉན་ན་སྙན་དབང་གསོ་བའི་གཞས་མ་ཞིག
སྙན་ངག མྱངས་ན་སྒྱུ་རྩལ་རྫོགས་པའི་གཡེམ་མ་ཞིག
སྙན་ངག བསྣམས་ན་པད་མ་ཅན་བཞིན་ཞིམ་པ་ཞིག
སྙན་ངག རེག་ན་འདོད་པ་ཉམས་སུ་མྱོངས་འདྲ་ཞིག
སྙན་ངག བུ་མོ་གཅེར་རུ་ལྟ་བུའི་མཛེས་པ་ཞིག
སྙན་ངག གཅེར་རུའི་ནུ་མ་ལྟ་བུའི་འབུར་བྲིས་ཤིག
སྙན་ངག འབུར་བྲིས་འབུར་འབུར་འགུལ་རྒྱུ་ཡོད་པ་ཞིག
༢ སྙན་ངག་མེད་ན།
སྙན་ངག་མེད་ན་རྣམ་འགྱུར་མེད་པའི་ངོ་གདོང་འདྲ།།
སྙན་ངག་མེད་ན་སྲོག་གིས་མ་བཟུང་བེམ་རོ་འདྲ།།
སྙན་ངག་མེད་ན་སྐྱེ་དངོས་མེད་པའི་བྱེ་ཐང་འདྲ།།
སྙན་ངག་མེད་ན་བྱེ་ཐང་ནང་གི་རྔ་མོང་འདྲ།།
སྙན་ངག་མེད་ན་བྲོ་བ་མེད་པའི་ཟ་མ་འདྲ།།
སྙན་ངག་མེད་ན་དབྱངས་རྟ་མེད་པའི་འཚོ་བ་འདྲ།།
སྙན་ངག་མེད་ན་དགའ་རོགས་མེད་པའི་མི་ཧྲེང་འདྲ།།
སྙན་ངག་མེད་ན་གོ་རྒས་བུ་མོ་གོ་མེད་འདྲ།།
སྙན་ངག་མེད་ན་སེའུ་བཅུ་བའི་ངག་དང་འདྲ།།
སྙན་ངག་མེད་ན་མི་རྒན་འཆོལ་བའི་འཆོལ་གཏམ་འདྲ།།
སྙན་ངག་མེད་ན་སྒྱུ་རྩལ་མེད་པ་ཡིན།།
སྒྱུ་རྩལ་་མེད་ན་གང་ཡང་མེད་པ་ཡིན།།
སྙན་ངག་མེད་ན་ཡིད་སེམས་སྟོང་པ་ཡིན།།
ཡིད་སེམས་སྟོང་ན་འཇིག་རྟེན་སྟོང་པ་ཡིན།།
dhatsenpaལགས་ཀྱིས་ཟླ་ཚེས་November 24th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
བཀྲ་ཤིས་དོན་འགྲུབ་ཀྱི་གཞས་འགའ།
https://www.khabdha.org/?p=5089
www.youtube.com/བོད་ཀྱི་རོལ་དབྱངས། Tashi Dondup&Gonpotso-Tibetan song
མཆོད་པ།
གངས་རིའ་ཁ་མདོག་དུང་ཡིན།། དུང་ལ་དྲི་མས་གོས་མེད།། གངས་སེང་ཕྱིར་ལ་ཕེབས་དང་།། དུང་གི་མཆོད་པ་བཤམས་ཡོད།།
སྤང་ལྗོངས་ཁ་མདོག་གཡུ་ཡིན།། གཡུ་ལ་གོད་ཆག་བྱུང་མེད།། གཡུ་སྦྲང་ཕྱིར་ལ་ཕེབས་དང་།། གཡུ་ཡི་མེ་ཏོག་བཤམས་ཡོད།།
གྲོགས་པོའི་སེམས་པ་མཚོ་ཡིན།། མཚོ་ལ་གཡོ་བ་བྱུང་མེད།། སྙིང་གྲོགས་ཕྱིར་ལ་ཕེབས་དང་།། མཚོ་མོས་ཡོན་ཆབ་བཤམས་ཡོད།
youtube/བོད་ཀྱི་རོལ་དབྱངས། Tashi Dondup-tibetan song
གངས་སེང་ཕྱིར་ལ་ཕེབས་དུས།། ཏི་སེའི་གཟི་བྱིན་རྒྱས་སོང་།། ང་ནི་གངས་དཀར་ཏི་སེའི།། གངས་ཕྲུག་ཡིན་ན་བསམ་སྱུང་།།
བླ་མ་ཕྱིར་ལ་ཕེབས་དུས།། ཕོ་བྲང་དམར་པོ་མཛེས་བྱུང་།། ང་ནི་ལྷ་སའི་གྲོང་གི།། མཇལ་བ་ཡིན་ན་བསམ་བྱུང་།།
དཔྱིད་ཀྱི་དཔལ་མོ་སླེབས་དུས།། སྨད་ཀྱི་མཚོ་མོ་རྒྱས་བྱུང་།། ང་ནི་སྨད་ཀྱི་མཚོ་མོའི།། གསེར་མིག་ཡིན་ན་བསམ་བྱུང་།།
བུ་མོ་ཕྱིར་ལ་ཕེབས་དུས།། བར་གྱི་རི་གྲོང་མཛེས་བྱུང་།། ང་ནི་བར་གྱི་གྲོང་གི།། ན་རྫ་ཡིན་ན་བསམ་བྱུང་།
youtube/བོད་ཀྱི་རོལ་དབྱངས། Tibetan song by Tashi Dondup
རྫ་ཁྲ་ཡག་རྫ་ལུང་ཁུག་པ་ན།། འབྲི་བཞོ་རྒྱུ་མེད་ནི་མ་རེད་དྲ།། རྫ་སྨུག་པོའི་ཟུར་ཁའི་འབྲོང་མོ་ཁྱོད།།གཅིག་བཞོ་གི་བསམ་པ་ང་ཡོད་གི།
སྡེ་ཡག་པ་རང་སྡེ་ཕྱུག་མོ་ན།། ང་རྩེད་རོགས་མེད་ནི་མ་རེད་དྲ།། ང་ཕྱི་སྡེ་བཞིན་བཟང་བུ་མོ་ཁྱོད།། གཅིག་འགྲོགས་གི་བསམ་པ་ང་ཡོད་གི
youtube/Tibetan song by Tashi Dondup བོད་ཀྱི་རོལ་དབྱངས།
སྟོད་དབུས་གཙང་ཇོ་ཁང་ནང་ན།། སྐུ་མ་མཇལ་ས་ཟིག་མེད་དྲ།། གཅིག་མ་མཇལ་ཇོ་སྐུ་ཁྱོད་ཡིན།། མཇལ་ཐུབ་ན་ད་ཐེངས་མཇལ་རྒྱུ།། མཇལ་མ་ཐུབ་ཕྱི་སྐོར་རྒྱག་རྒྱུ།།
ས་སྡེ་ཆེན་རྩེད་རའི་ནང་ན།། རོགས་མ་འགྲོགས་ས་ཟིག་མེད་དྲ།། འགྲོགས་མ་ཐུབ་བུ་མོ་ཁྱོད་ཡིན།། འགྲོགས་ཐུབ་ན་ད་ཐེངས་འགྲོགས་རྒྱུ།། འགྲོགས་མ་ཐུབ་ཚིག་གསུམ་བཤད་རྒྱུ།།
dhatsenpaལགས་ཀྱིས་ཟླ་ཚེས་November 19th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
གཞས་པ་བཀྲ་ཤིས་དོན་གྲུབ་འཛིན་ལ་ཉེ།
https://www.khabdha.org/?p=5057
གོ་ཚུལ་ཡིན་ན། རྨ་ཆུའི་ལྷོ་རྒྱུད་ཀྱི་སོག་པོ་མདའ་ཚན་ཐུ་མེད་ནས་ཡིན་པའི་གཞས་པ་བཀྲིས་དོན་གྲུབ་ཀྱིས་ཉེ་ཆར་ཡང་གཞས་གསར་བའི་འོད་སྡེར་ཞིག་བཏོན་ཡོད་འདུག འོད་སྡེར་གསར་བ་དེའི་ནང་གི་གཞས་ཚང་མ་བོད་དོན་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་ཡིན་འདུག་པས་དལྟ་སྤྱི་བདེ་ལས་ཁུངས་ནས་གཞས་དེ་ཕྱིར་བསྡུ་བྱེད་བཞིན་པའི་སྒང་རེད་ཟེར། ཁོང་ནས་བརྗོད་ཚུལ་ལྟར་ན། ད་ནས་བཟུང་ངས་རང་དབང་ཁོ་ནའི་ཆེད་དུ་གཞས་གཏོང་གི་ཡིན་ཟེར་ནས་དམ་བཅས་པ་རེད་ཟེར། གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་མུ་མཐུད་བརྗོད་དོན། སྤྱི་བདེ་མི་སྣས་བརྗོད་གསལ་ལྟར་ན། ད་ཐེངས་ཁོང་ལ་ཁྲིམས་ཆད་ཀྱང་གཅོད་གི་རེད་ཅེས་དང་། གཞས་པ་ད་རུང་སྤྱི་བདེ་མི་སྣའི་ལག་ཏུ་ཚུད་མེད་པར་གནས་ག་ཤེད་ཅིག་ཏུ་ཡིབ་བསྡད་ཡོད་པ་རེད་ཟེར།
གཞས་པ་བཀྲ་ཤིས་དོན་འགྲུབ་ལགས་ནི་་དེ་སྔོན་ ་་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོ་་ ཞེས་པའི་བོད་ཕྱི་ནང་ཀུན་ཏུ་དར་ཤུགས་ཆེན་པོ་བྱུང་བའི་གཞས་དེ་གཏོང་མཁན་ཡང་རེད་འདུག སྔོན་མ་ཁོངབཀག་ཉར་གྱིས་འདྲི་གཅོད་བྱས་རྗེས་བཏང་ཡོད་འདུག དེ་སྔོན་ གོང་གི་གཞས་འདི་གཏོང་མཁན་བཀྲ་ཤིས་དོན་འགྲུབ་ཡིན་པ་ལས་སོག་ཕྲུག་ཤེས་རབ་མིན་པ་ཡང་ཞོར་འཕྲོས་ཀྱི་གསལ་བཤད་ཙམ་ཡིན།
dhatsenpaལགས་ཀྱིས་ཟླ་ཚེས་November 16th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
རྟ་བཤད་རྨིག་བཞི་རླུང་འགྲོས།
https://www.khabdha.org/?p=4866
སྤྱི་བཏང་རྟ་བཤད་ལ་རིགས་མང་པོ་ཞིག་ཡོད་པ་ལས་ ་་རྟ་བཤད་རྨིག་བཞི་རླུང་འགྲོས་་ ཟེར་བ་འདི། ཨ་མདོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས། སྟོན་བཤད་སྐྱིད་གཡང་དགའ་འཁྱིལ་ཟེར་བ་ལས་རྟ་བཤད་ཐུང་ཤོས་ཤིག་བཤུས་ཏེ་བཀོད་པ་ཡིན།
རྟ་རབ་ཅིག་གི་མགོ་བོ་ལ།། སྲོག་ཆགས་བདུན་གྱི་མགོ་བོ་ཚང་།།
ཡ་མགལ་པོ་ཏི་བརྩིགས་འདྲ་ལ།། མ་མགལ་ལོགས་ནས་བཏེགས་འདྲ་དགོས།།
སྦལ་བ་རྒྱ་བོའི་མིག་སྒམ་ལ།། ཨ་བྲ་སྐྱ་མོའི་མིག་འབྲས་དགོས།།
རྣ་རྩེ་བདུད་ཀྱི་སོ་བ་ལ།། སྣ་ཁུང་ཇག་པ་སྐུང་ས་དགོས།།
སོག་པ་མཛོ་རྒན་ཤ་ཤོར་ལ།། དཔུང་བ་ལུག་ཐོང་བཀྱིག་འདྲ་དགོས།།
ལག་ངར་སྤྱང་མོ་འདུར་ཤེས་ལ།། སྐེ་ཞེང་བེར་གྱི་ཕུ་རུང་དགོས།།
འབྲོང་རིས་ད་ཆེན་སྟེང་མ་ལ།། ཚོང་བ་ཚིགས་མལ་བྱེད་ས་དགོས།།
མགོ་སྤྱི་གཙུག་རུས་པའི་མཆོད་རྟེན་ལ།། ཤ་འབྲུ་རྡོག་ཙམ་ཞིག་མེད་ན་བཟང་།།
ཐོད་པའི་མེ་ལོང་སྟེང་མ་ལ།། ནས་བྲེ་གང་ཉི་མར་སྐམ་ས་དགོས།།
སྟོད་ལྷུ་བཞིའི་འཐེན་ཐག་ཟེ་ན་ཡོད།། ཟེ་ལབ་ཙེ་བཞིན་དུ་མཐོ་ན་བཟང་།།
སྨད་ལྷུ་བཞིའི་འཐེན་ཐག་ཉྭ་ན་ཡོད།། ཉྭ་རྒྱ་ཟོར་ཙམ་ཞིག་གུག་ན་བཟང་།།
སྔོན་ནས་བལྟས་ན་ཧད་སེ་ཡོད།། ཤ་ཡུ་མོས་ཁྱི་སྐད་ཉན་པ་འདྲ།།
ཟུར་ནས་བལྟས་ན་མེར་སེ་ཡོད།། འབྲོང་བྲེ་སེར་རྫ་ནས་འགྱིང་བ་འདྲ།།
རྒྱབ་ནས་བལྟས་ན་སྒུར་སེ་ཡོད།། མགོ་སྒུར་ཏེ་རྒུམ་འབུ་འཐུ་བ་འདྲ།།
ལག་རྨིག་པ་ཕུ་ནུ་ནང་འཁོར་དེ།། རི་ཆེན་པོའི་ངོས་ལ་འགོས་ན་བཟང་།།
རྐང་རྨིག་པ་རྒྱ་ཟངས་ཁ་བསྒོར་དེ།། ཐང་ཆེན་པོའི་དཀྱིལ་ནས་རྒྱུག་ན་བཟང་།།
ཐོང་ཞེང་ཐང་དཀར་གཤོག་རྒྱང་དེ།། རྒྱུག་ཡ་ནམ་མཁའི་བྱ་ལས་མེད།།
སྒུར་རུ་རྒོད་པོའི་ཐེར་ཞེང་ཆེ།། སྲིབ་ནས་ཡུ་མོར་འགྲན་ལོ་བྱེད།།
མགོ་བོ་རིལ་ལ་དྲུག་ཤ་སྒུར།། འདོ་བ་གཡག་སུག་ཐེའུ་མགོ་ལ།།
ལག་ཏུ་འབྲེང་བ་བཞི་སྐྱ་བཟུང་།། དེ་ལ་བྲབས་དང་མ་བྲབས་མེད།།
རྐྱང་རིགས་ཨ་བྲ་སྲེ་མོང་མགོ།། སྔ་དྲོ་ཁོ་འགྲོ་ཁོ་འགྲོ་ཟེར།། ཕྱི་དྲོ་ཁོ་འདུག་ཁོ་འདུག་ཟེར།།
བེར་ནག་ཤ་ཁ་ཐུར་ལུག་དེ།། སྟག་ཤར་གཡུལ་ལ་འགྲོ་དུས་བཟང་།།
བེར་དཀར་ལུ་གུའི་གྲོད་པུ་དེ།། བུ་དཔའ་བོའི་དཔུང་བ་གཤིབ་ཉིན་བཟང་།།
ཐོད་གཙུག་ནོར་བུ་པང་ལེབ་དེ།། དཔའ་བོ་བཟང་བོའི་བཅིབས་པ་རེད།།
སྐེ་རྔོག་གཙུག་ཉི་ཟྙ་ཁ་སྤྲོད་དེ།། བླ་མ་བཟང་བོའི་བཅིབས་པ་རེད།།
ལུང་གཙུག་ཏ་ལེན་མགོ་བསྡུ་དེ།། བག་མ་བཟང་བོའི་ཞོན་པ་རེད།།
མཆན་རྩིབ་ཤ་བ་མདའ་འཁུར་དེ།། རྔོན་པ་བཟང་བའོ་བཅིབས་པ་རེད།།
མདོར་བསྡུས་ན་རྟ་རབ་ཅིག་ལ་འཛོམས་དགོས་པ་ནི། གཉིས་རིང་གཅིག་ཐུང་། བཞི་ཕྲ་གཟུགས་ཆེ་ཟེར།
རྣ་རྩེ་གཉིས་རིང་དགོས། སྐེ་ཐུང་དགོས། རྐང་ལག་བཞི་ཕྲ་དགོས། ལུས་བོངས་ཆེ་དགོས།
dhatsenpaལགས་ཀྱིས་ཟླ་ཚེས་October 30th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
རྒྱ་ནག་ལ་དགྱ་ནག་འབྲི་མཁན་ཚོར་རིམ་གྲོ།
https://www.khabdha.org/?p=4801
ན་ནིང་ཞིག་ནས་བཟུང་རྒྱ་ནག་ལ་དགྱ་ནག་འབྲི་མཁན་འགའ་ཤས་ཤིག་བྱུང་། དེ་ཚོ་ལ་སྣང་མེད་བྱས་ནསད་བར་ཁ་བཙུམ་བསྡད་པ་ཡིན། ད་ལོ་ནས་དེ་ལྟར་འབྲི་མཁན་མང་ནས་མང་དུ་འཕེལ་བཞིན་འདུག ད་གཅིག་བྱས་ན་ཁོ་ཚོར་ཁུངས་ཤིག་ཡོད་པ་མིན་ནམ་སྙམ་ནས་ཡིག་རྙིང་དེ་ཚོ་ཀློག་པ་ཡིན། དེ་འདྲ་ཅང་མཐོང་རྒྱུ་མི་འདུག ཏུན་ཧོང་གཏེར་ཡིག་ནང་ཡང་དེ་འདྲ་མཐོང་རྒྱུ་མི་འདུག ཨ་མདོའི་ཁ་སྐད་དུ་བྲིས་པའི་གླུ་དང་ལ་གཞས། སྟོན་བཤད། གཉེན་བཤད། ཆང་བཤད། ཇ་བཤད། མདའ་བཤད། གནས་བསྟོད། རོགས་མཐུན་། བསང་ཡིག་ཚུན་ཆད་ལ་བལྟས་པ་ཡིན། རྒྱ་ནག་ལ་དགྱ་བྲིས་པ་ཤིག་མཐོང་རྒྱུ་མི་འདུག
ད་རྨོངས་འདང་ཞིག་རྒྱབ་ན་ཕལ་ཆེར་སྔོན་མ་པད་མ་འབུམ་གྱིས་རྒྱ་ནག་གི་མིང་ཚིག་ལ་དཔྱད་བརྗོད་ཐུང་ཐུང་ཞིག་བྲིས་པ་དེའི་ནང་། ཨ་མདོའི་སྐད་དུ་རྒྱ་ཡ་ཟེར་ན་དགྲ་ཡའི་དོན་ཡིན་པ་ནས་འཕྲོས་ཏེ་རྒྱ་དེ་དགྲ་ཡི་དོན་ཡིན་དགོས་པའི་སྐོར་ཞིག་བྲིས་ཡོད་པ་རེད། དེ་འདྲ་སེ་ཞིག་ཡོད་པ་རེད། ཨ་མདོ་ནས་རང་མི་འགྲིག་སའི་རྩོད་ཡ། རྒྱ་མའི་རྒྱ་ཡ་ལྟ་བུ་དེ་ལ་རྒྱ་ཡ་ཟེར་གི་རེད། ཡིན་ནཡང་། རྒྱ་ནག་ལ་རྒྱ་ནག་དང་དགྲ་ལ་དགྲ་ཟེར་གི་རེད། ད་དེ་ག་རེ་ཡིན་མིན་དེ་གཙོ་བོ་མ་རེད། ད་ལྟ་ཡིན་ནའང་པད་མ་འབུམ་རང་ཉིད་ཀྱིས་མུ་མཐུད་རྒྱ་ནག་འབྲི་གི་འདུག
མ་བརྟག་གཡམ་རྒྱུགས་ལ་དགའ་ཞིང་རླུང་གང་ནས་གཡུགས་ན་དེ་ཕྱོགས་འཁྱེར་ཆོག་ཆོག་ཡང་མོ་རྩྭ་འདྲ་བ། ཕྱེ་མ་ལེབ་ཙེ་འདྲ་བ་དེ་འདྲ་སྐོར་ཞིག་ནས་དགྲ་ཡི་དོན་ཡིན་མདོག་མདོག་གིས་དགྱ་ཞེས་ཨ་མདོའི་སྐད་དུ་བྲིས་པ་འདྲ། ཨ་མདོའི་སྐད་དུ་གྲི གྲུ་མོ སྒྲོ གྲོ འགྲས འགྲོ སྒྲུང ་སོགས་མིང་གཞི་ག་ཡིག་ལ་ར་བཏགས་ཡོད་པ་མང་པོ་ཞིག་ཁ་སྐད་དུ། གྱི། གྲུ་མོ། སྒྱོ། གྱོ། འགྱས། འགྱོ། སྒྲུང་ཟེར་ནས་ཀློག་གི་རེད། ཡིནའང་ཚང་མ་དེ་འདྲ་མ་རེད། གྲུ་གཟིངས། དགྲ་བོ། སྒྲིལ། སྒྲིམ། སྒྲིག འགྲིགས་སོགས་ཡ་བཏགས་ལྟར་མི་ཀློག་པ་ཡང་མང་པོ་ཞི་ཡོད་པ་རེད།
ཁོ་ཚོ་གཡམ་རྒྱུག་བྱས་པ་དང་ནོར་བ་གཅིག་པོ་མིན་པར་སེམས་ནང་ལ་དགྲ་ཡི་འགོང་པོ་གཅིག་ནས་གཅིག་ལ་མཆེད་འགྲོ་བ་ཞིག་འཛུལ་འདུག་པ་གསལ་བས། དེ་སེལ་བའི་སླད་དུ་རིམ་གྲོའི་སྔགས་འདི་དག་ལྷ་སའི་སྐད་ལྟར་ཉིན་རེར་སྟོང་རེ་སྟོང་རེ་ཐོན། རྒྱ་ནག china རྒྱ་ནག china རྒྱ་ནག china རྒྱ་ནག china
མཐའ་མཇུག་ཁྱེད་རང་གི་ངག་ཏུ་བོད་ཚིག་དབྱིན་ཚིག་གཉིས་ཀྱི་སྒྲ་གདངས་ངོ་བོ་དབྱེར་མེད་དུ་འདྲེས་ཚར་དུས་ཁྱེད་ཀྱི་སེམས་ནང་གི་འགོང་བོ་དེའང་བྲོས་ཚར་ཡོད་པའི་རེ་བ་ཡོད། དགྲར་འཛིན་གྱི་བསམ་བློ་དེ་ཡལ་ཚར་དུས་རང་སེམས་ཀྱང་སྐྱིད་པོ་ཡོང་གི་རེད། ལས་དག་པ་ཚོས་ཚིག་རེ་ཟུང་སྐྱོར་ན་གྲོལ་ཐུབ། ལས་མ་དག་པ་ཚོས་ཟླ་བ་ཁ་ཤས། ཐ་ན་ལོ་མང་པོར་ངག་ལ་སྐྱོར་དགོས་ཆགས་གི་རེད།
dhatsenpaལགས་ཀྱིས་ཟླ་ཚེས་October 23rd, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
འོད་ཟེར་ལ་བཞག་པའི་ལན།
https://www.khabdha.org/?p=4786
འོད་ཟེར་གྱི་དྲ་ཐོག་སུ་ཞིག་ནས་ལན་བཞག་པ་འདི་ལྟར།
འོད་ཟེར་ལགས། བཀྲ་ཤིས་བདེ་ལེགས། སི་ཁྲོན་རྔ་བ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་རྒྱལ་སྤྱིའི་ཁ་པར་སྐུད་ལམ་དང་ཡིག་འཕྲིན་ཚང་མར་བཀག་རྒྱ་བསྡམས་འདུག ང་ཚོས་ཕྱི་ལོགས་སུ་ཁ་པར་གཏོང་དཀའ། མི་མང་པོ་ཞིག་ནས་རང་གི་ནང་མིར་འབྲེལ་བ་འཛིན་ཐུབ་པ་མི་འདུག
ཨ་ལྕག་ལགས་ལ་རེ་བ་ཞུ་རྒྱུར། གནས་ཚུལ་འདི་རྒྱལ་ཕྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་བཤད་ནས་ཁོ་ཚོས་འདིར་དོ་སྣང་གནང་འཇུག་རོགས། ཤ་རུས་སོ་སོར་བྲལ་བ་སྙིང་རྗེའི་ཡུལ་ལས་འདས། ཐ་ན་སྤྱིར་བཏང་གི་གནས་འབྲེལ་རིགས་ཀྱང་མཚམས་བཅད།
ཁོ་ཚོ་ཡང་སྙིང་མི་གཞན་པས་ཅི་ཞིག་མཐོང་བར་སྐྲག་སྣང་སྐྱེ་གི་ཡོད་པ་རེད?ཁོ་ཚོས་ལག་ལེན་འདེབས་བཞིན་པ་དང་དྲིལ་བསྒྲགས་གཉིས་རྦད་དེ་རྒྱབ་འགལ་ཡིན་པ་འཛམ་གླིང་མི་མང་གིས་མཐོང་བར་ཞེད་སྣང་སྐྱེ་གི་ཡོད་པ་རེད་དམ?བོད་མི་རྣམས་ངོ་མ་སྙིང་རྗེ། རེ་བ་ནི་རྒྱལ་ཕྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་དང་ཚོགས་པ་ཁག་ནས་བོད་དོན་མ་གློད་རོགས། དོན་ངོ་མའི་ཞི་བདེ་དེ་མཐའ་མཇུག་ཡོང་གི་རེད།
dhatsenpaལགས་ཀྱིས་ཟླ་ཚེས་October 19th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ང་རྒྱ་མཚོར་ལྟ་བར་དགའ།
https://www.khabdha.org/?p=4621
ང་རྒྱ་མཚོར་ལྟ་བར་དགའ།
རླུང་ཁྲོད་དུ་སྤོབས་ཤུགས་ཀྱིས་འགྱིང་བའི
མོའི་དངུལ་མདོག་གི་མཚོ་འགྲམ་དང་
གཡང་གཟར་གྱི་བྲག་རི་དཀར་པོ་དག
ང་རྒྱ་མཚོར་ལྟ་བར་དགའ།
མོའི་ཟླ་བའི་བྱ་ཚོགས
མོའི་ཆར་སྨུག་གི་རྟ་ཕོ་དག
མོའི་འཕུར་མཆོང་བྱེད་པའི་ཉ་རིགས།
ང་རྒྱ་མཚོར་ལྟ་བར་དགའ
མོ་མེ་ལོང་ཞིག་ཡིན་སྐབས
དེ་རུ་ཕན་ཚུན་ཚོར་མེད་ངང་བསྐྱོད་པའི
བལ་གྱིས་བཟོས་པའི་སྤྲིན་པ་དག
དྲག་ཆར་ལྡང་བའི་མཚན་མོར
ནམ་མཁས་བཞིན་རས་གནག་པའི་སྐབས
ཉ་ཆེན་ཝེལ་གྱིས་རང་གི་དགའ་མར་འབོད་པའི་ངག་ལ་ཉན།
ང་རང་རྒྱ་མཚོར་ལྟ་བར་དགའ།
རང་སྲོག་དམར་པོ་ཐེད་ལ་བོར་བྱས་ནས།
མོ་དང་མཉམ་དུ་ཞབས་བྲོ་འཁྲབ་ན་འདོད།
ང་རང་རྒྱ་མཚོ་ལྟ་བར་དགའ།
རང་སྲོག་དམར་པོ་ཐེད་ལ་བོར་བྱས་ནས
མོ་དང་མཉམ་དུ་ཞབས་བྲོ་འཁྲབ་ན་འདོད།
ང་རང་རྒྱ་མཚོས་གྲུ་གཟིངས་མིད་པ་དང་
དེ་ཡི་གསེར་དང་མེ་སྒྱོགས་ལྟ་བར་དགའ།
ཆུ་ལ་འཇིགས་སྐྲག་ཡེ་བྲལ་ཞིང
འཚོ་བའི་འདུན་པ་ཆེར་བརྟས་པའི
ལག་ལ་དར་ཆ་ཐོགས་མེད་པའི
བྱིས་པ་བྱེ་བའི་དགོད་སྒྲར་ཉན།
ང་རྒྱ་མཚོར་ལྟ་བར་དགའ།
རྟོག་སྣང་གི་མོའི་འདྲེ
མོའི་འཕུར་ཐུབ་པའི་ཌུ་ཆུའི་མི
མོའི་གཡུལ་འགྱེད་ཀྱི་དམག་གྲུ
མོའི་མཚོ་འོག་གི་དུར་ས
དར་གོས་ནང་དུ་ཉལ་བའི
ཤྭར་ཁུ་ཉ་ཡི་བྱུ་རུའི་ཉལ་ཁྲི།
ང་ནི་གྲོང་ཁྱེར་ནང་དུ་ཝུ་སོབ་ཁྲོད་དུ་སྡོད
གདོང་གི་ཁ་དོག་་སྐྱ་བོར་གྱུར་བ་རྣམས་
གོམ་ཁ་ལྗིད་པོ་བཙན་གྱིས་སྒྱུར་བར་བྱེད
མཚམས་རེར་རང་སེམས་ཐལ་མདོག་བཞིན་དུ་གྱུར
སྒེའུ་ཁུང་ལོགས་སུ་ཉོབ་པའི་སྣང་བ་སྐྱེ
འདི་ནས་ཐག་རིང་རླུང་པོ་ལྡང་བ་ནི
གློག་འོད་བཞིན་དུ་སྟོབས་ཤུགས་ཀུན་ལས་ཆེ
མཛའ་མོ་བཞིན་དུ་ལྷག་ཏུ་སྙིང་དུ་སྡུག
མཚོ་མོའི་དར་འཇམ་ངག་གིས་ང་ཡི་མིང་ནས་འབོད
ང་ཡི་གཟུགས་པོ་རང་དབང་མེད་པར་དྲངས
གཡོ་ཞིང་བསྐྱོད
གཡོ་ཞིང་བསྐྱོད་པའི་རྦ་རླབས།
ང་རྒྱ་མཚོ་ལྟ་བར་དགའ
ང་རྒྱ་མཚོ་ལྟ་བར་དགའ
ང་ས་གཞི་བཞིན་དུ་ཆེ་བའི་རིན་པོ་ཆེར་གྱུར་བའི་
ཉི་འོད་ཀྱིས་བརྒྱངས་པའི་རྒྱ་མཚོར་ལྟ་བར་དགའ།
ང་ས་གཞི་བཞིན་དུ་ཆེ་བའི་རིན་པོ་ཆེར་གྱུར་བའི་
ཉི་འོད་ཀྱིས་བརྒྱངས་པའི་རྒྱ་མཚོར་ལྟ་བར་དགའ།
ང་རྒྱ་མཚོ་ལྟ་བར་དགའ།
ང་རྒྱ་མཚོ་ལྟ་བར་དགའ།
མདའ་ཚན་པ་མགོན་པོ་ཚེ་རིང་ནས ༢༠༠༩།༡༠།༢ལ་བོད་བསྒྱུར་ཞུས།
༡༠།༤ལ་སྐྱར་ཞུ་བྱས།
Je voudrais voir la mer
Et ses plages d’argent
Et ses falaises blanches
Fières dans le vent
Je voudrais voir la mer
Et ses oiseaux de lune
Et ses chevaux de brume
Et ses poissons volants
Je voudrais voir la mer
Quand elle est un miroir
Où passent sans se voir
Des nuages de laine
Et les soirs de tempête
Dans la colère du ciel
Entendre une baleine
Appeler son amour
{Refrain:}
Je voudrais voir la mer
Et danser avec elle
Pour défier la mort
Je voudrais voir la mer
Et danser avec elle
Pour défier la mort
Je voudrais voir la mer
Avaler un navire
Son or et ses canons
Pour entendre le rire
De cent millions d’enfants
Qui n’ont pas peur de l’eau
Qui ont envie de vivre
Sans tenir un drapeau
Je voudrais voir la mer
Ses monstres imaginaires
Ses hollandais volants
Et ses bateaux de guerre
Son cimetière marin
Et son lit de corail
Où dorment les requins
Dans des draps de satin
{au Refrain}
Je vis dans une bulle
Au milieu d’une ville
Parfois mon coeur est gris
Et derrière la fenêtre
Je sens tomber l’ennui
Sur les visages blêmes
Et sous les pas pesants
Que traînent les passants
Alors du fond de moi
Se lève un vent du large
Aussi fort que l’orage
Aussi doux qu’un amour
Et l’océan m’appelle
D’une voix de velours
Et dessine en mon corps
Le mouvant
Le mouvant de la vague
Je voudrais voir la mer
Je voudrais voir la mer
Je voudrais voir la mer
Se gonfler de soleil
Devenir un bijou
Aussi gros que la terre
Je voudrais voir la mer
Se gonfler de soleil
Devenir un bijou
Aussi gros que la terre
Je voudrais voir la mer
Je voudrais voir la mer
I’d like to see the ocean
And her silver beaches
And her white escarpments
Proud into the wind
I’d like to see the ocean
And her birds of the moon
And her misty horses
And her flying fishes
I’d like to see the ocean
When she is a mirror
Where clouds made of wool
Pass without noticing each other
And on stormy nights
In the fury of the sky
To listen to a whale
Calling out her lover
(Chorus)
I’d like to see the ocean
Be able to dance with her
To challenge death itself
I’d like to see the ocean
Be able to dance with her
To challenge death itself
I’d like to see the ocean
Swallow up a ship
Its gold and its cannons
To listen to the laughs
From a hundred million children
Fearless of water
Eager to live
Without holding a flag
I’d like to see the ocean
Her imaginary monsters
Her flying Dutchmen
And her warships
Her underwater graveyard
And her bed of coral
Where sharks sleep
In satin sheets
(Chorus)
I live in a bubble
In the middle of a city
Sometimes my heart is grey
And behind the window
I feel boredom fall
On pale faces
And under the heavy steps
That passers-by drag along
Then from within me
A far away wind rises
As strong as a thunderstorm
As sweet as a lover
And the sea calls my name
With her velvet voices
And draws upon my body
The movement
The movement of the wave
I’d like to see the ocean
I’d like to see the ocean
I’d like to see the ocean
Inflate with sunlight
Become a jewel
As big as the earth
I’d like to see the ocean
Inflate with sunlight
Become a jewel
As big as the earth
I’d like to see the ocean
I’d like to see the ocean
dhatsenpaལགས་ཀྱིས་ཟླ་ཚེས་October 5th, 2009 ལ་ འགྱུར་རྩོམ།,སྙན་ངག སྡེ་ཚན་དུ་སྤེལ|
སྤྱི་འཐུས་རྣམ་པ་ཚོར་ཞུ་བར་བྱ་བའི་དོན་ཚན་གསུམ།
https://www.khabdha.org/?p=4567
སྤྱི་འཐུས་རྣམ་པ་ཚོར་ཞུ་བར་བྱ་བའི་དོན་ཚན་གསུམ།
ཡི་གེ་འདི་ནི་བོད་མི་མང་གི་སྤྱི་འཐུས་རྣམ་པ་ཚོར་ཞུ་གི་ཡོད། ད་རེས་གྲོས་ཚོགས་ནང་བྱུང་བའི་རྙོག་དྲ་དེ་ད་རུང་བོད་སྤྱི་ཚོགས་ནང་ཚ་བོ་ཚ་རྐྱང་བྱས་དྲོད་མ་ཡལ་པར་བསྡད་ཡོད་པ་རེད། དྲ་ཐོག་ཏུའང་རང་རང་སོ་སོས་ལངས་ཕྱོགས་རེ་བཟུང་སྟེ་བགྲོ་གླེང་གང་འཚམས་བྱས་སོང་། རྩ་བའི་གྲོས་ཚོགས་ནང་གི་མི་མཐུན་པའི་ལངས་ཕྱོགས་གཉིས་བྱུང་བ་དེ་ལས་འདའ་ཐུབ་མི་འདུག གང་ལྟར་ཀྱང་བྱུང་ཚར་བ་དེ་ཚར་བ་རེད། ཡིན་ནའང་། མ་འོངས་པར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་མགོ་བྱས་ནས་ཁྲིམས་འགལ་གྱི་རིགས་མ་ཡོང་བ་དེ་གལ་ཆེན་པོ་རེད། ད་དེ་རིང་ངས་ཀྱང་འདི་ནས་མར་ཐེངས་རྗེས་མའི་སྤྱི་འཐུས་གྲོས་ཚོགས་ལ་དམིགས་ཏེ་བསམ་ཚུལ་གསུམ་ཞུ་གི་ཡིན།
གཅིག
ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་མ་ཡིན་པའི་ཕྱི་རྒྱལ་དུ་སྡོད་མཁན་རྣམས་གྲོས་ཚོགས་ལ་བཅར་སྐབས་ཀྱི་འགྲོ་གྲོན་ཐད་གྲོས་ཆོད་ཁ་གསལ་ཞིག་འཇོག་དགོས་པ་འདུག
རྩ་བའི་དེའི་སྐོར་གྱི་སྒྲིག་གཞི་ལ་ཚིག་ཟིན་གྱི་ཆ་ནས་གསལ་ཁ་མེད་པ་ཡིན་ནའང་བྱང་ཨ་རི་དང་ཡོ་རོབ་ནས་རང་ཁོངས་ནས་སྤྱི་འཐུས་འདེམས་དགོས་པའི་ཐག་གཅོད་དང་། གཞན་རྒྱ་བོད་འབྲུག་གསུམ་མ་ཡིན་པའི་ཕྱི་རྒྱལ་དུ་སྡོད་མཁན་སྤྱི་འཐུས་གཉིས་ལ་དེ་སྔོན་ལམ་གྲོན་བཏང་མེད་པ་དེ་དང་། ད་བར་ལག་ལེན་བསྟར་ཡོང་བའི་འགྲོ་སྟངས་དེས་གསལ་ཁ་མེད་པའི་སྒྲིག་གཞི་དེ་ལ་གསལ་ཁ་སྟེར་གྱི་ཡོད་པ་རེད། དེ་ཡིན་ནའང་ད་རེས་ཀྱི་རྙོག་དྲ་འབྱུང་གཞི་ནི་དེ་ཡིན་པས་འབྱུང་འགྱུར་ལ་དམིགས་ཏེ་དེའི་སྐོར་ལ་གསལ་ཁ་ཅན་གྱི་གྲོས་ཆོད་ཅིག་ངེས་པར་འཇོག་དགོས་ཀྱི་འདུག གལ་སྲིད་དེའི་སྐོར་གྲོས་ཆོད་མ་བཞག་པ་ཡིན་ན་རྗེས་མ་སྤྱི་འཐུས་མང་པོ་ཞིག་གི་ལམ་གྲོན་གཞུང་གིས་གཏོང་དགོས་འབྱུང་གི་རེད། སྔོན་མ་ལམ་གྲོན་བཏང་མེད་པའི་སྤྱི་འཐུས་དེ་ཚོ་གྲོས་ཚོགས་ལ་བཅར་ཡོད་ན་དེ་ཚོའི་ལམ་གྲོན་དང་བཅར་མེད་ནའང་དགོངས་སེལ་ཞུ་དགོས་པ་ཞིག་རེད།
གཉིས།
དེ་ནས་ད་ཐེངས་ཀྱི་རྙོག་གཞི་གཉིས་པ་ཞིག གྲོས་འཆར་གང་ཞིག་གྲོས་ཚོགས་ནང་མ་སླེབས་སྔོན་ལ་རྒྱབ་སྐྱོར་གྱི་ས་རྟགས་བཀོད་པ་དེ་རེད། དེ་སྔར་མ་བྱུང་བའི་ལམ་སྲོལ་ཞིག་ཡིན་ནའང་སྒྲིག་འགལ་ཡིན་པ་ཅང་མ་མཐོང་། སྒྲིག་གཞི་གང་ལ་འགལ་བ་རེད། རྩ་བའི་ཆ་ནས་གྲོས་འཆར་གང་ཞིག་ལ་སྔོན་ནས་རྒྱབ་སྐྱོར་གྱི་ས་རྟགས་བཀོད་མིན་ལ་མ་ལྟོས་པར་གྲོས་ཚོགས་ནང་རྒྱབ་སྐྱོར་ག་ཚོད་ཐོབ་མིན་ལ་ཁྱད་པར་མེད་པར་འདོད། རྒྱུ་མཚན་ལྡན་པའི་གྲོས་འཆར་ཞིག་ཡིན་ཕྱིན་སྔོན་ནས་ས་རྟགས་མ་བཀོད་ཀྱང་གྲོས་ཚོགས་ནང་རྒྱབ་སྐྱོར་མང་ང་ཐོབ་གི་རེད་ལ། རྒྱུ་མཚན་མེད་པའི་གྲོས་འཆར་ཞིག་ཡིན་ཕྱིན་སྔོན་ནས་ས་རྟགས་བཀོད་མཁན་འགའ་ཤས་བྱུང་ཡང་གྲོས་ཚོགས་ནང་རྒྱབ་སྐྱོར་ཞེ་དྲག་ཐོབ་གི་མ་རེད་འདོད། དེར་བརྟེན་སྔོན་ནས་ས་རྟགས་བཀོད་མ་བཀོད་ལ་ཁྱད་པར་ཆེན་པོ་ངས་བལྟས་ན་མི་མཐོང་། ཡིན་ན་ཡང་། ད་རེས་ཚོགས་ཁང་ནང་ནས་ཐོན་མཁན་ཚོས་དེར་ལག་པ་འབྱིད་ས་ཆགས་པ་རེད། དེ་བས་དེ་སྐོར་ལའང་མ་འོངས་པར་ཅི་བྱས་ན་དགེ་མིན་ལ་གོ་བསྡུར་བྱ་དགོས་ངེས་སུ་མཐོང་།
གསུམ།
གྲོས་འཆར་གང་ཞིག་ལ་མང་མོས་ཐག་གཅོད་བྱེད་པར་བརྩི་མེད་རྡོག་རོལ་བྱས་ཏེ་སྤྱི་འཐུས་སྐོར་ཞིག་ཕྱི་ལོགས་ལ་ཐོན་ཕྱིན་པ་དེ་ནི་ང་ཚོའི་བཅའ་ཁྲིམས་ནང་མང་མོས་ཐག་གཅོད་ཟེར་ནས་གང་སར་མཐོང་རྒྱུ་ཡོད་པ་དེ་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་པས་དེ་ནི་ལག་པ་འབྱིད་ས་ཡོད་མེད་ལ་མ་ལྟོས་པར་ཁྲིམས་འགལ་ཡང་ཡིན་པ་རེད། དེ་ལ་བརྟེན་ནས་ད་རེས་ཀྱི་གྲོས་ཚོགས་མཇུག་བསྡུ་མ་ཐུབ་པར་ལས་གཞི་སྐོར་ཞིག་ལྷག་པ་རེད། རྗེས་སུ་འདི་འདྲའི་དོན་དག་བྱུང་ན་ག་རེ་བྱེད་དགོས་ཀྱི་འདུག དེ་འདྲའི་དམིགས་བསལ་སྐབས་སྤྱི་འཐུས་ལ་དགོས་ངེས་ཀྱི་གྲངས་འབོར་མ་ལོངས་ཡང་གྲོས་ཚོགས་མུ་མཐུད་མཇུག་སྐྱོང་ཆོག་པའི་གྲོས་ཆོད་ཅིག་ཀྱང་ངེས་པར་དགོས་པར་སེམས།
ཞུ་རྒྱུར། ང་རང་བོད་ཀྱི་མི་སེར་ཞིག་ཡིན་པ་དང་། ཁྱེད་ཚོ་སྤྱི་འཐུས་རེ་རེ་བཞིན་ངའི་མགྲིན་ཚབ་པ་ཡིན་པའི་རྒྱུ་མཚན་གྱིས་ངས་འདི་རུ་ཞུ་སྙན་ཐུང་ཙམ་འབུལ་གི་ཡིན་ན་མི་སེར་དཀྱུས་མའི་བསམ་ཚུལ་འདི་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་གླེང་སློང་ཡོང་བའི་རེ་བ་དང་བཅས། མདའ་ཚན་པ་མགོན་པོ་ཚེ་རིང་ནས། ༢༠༠༩།༩།༢༦ ལ་ཕུལ།
dhatsenpaལགས་ཀྱིས་ཟླ་ཚེས་September 26th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
བསམ་བཙུགས་ནས་གྲོས་ཚོགས་ལ་གཏོར་བརླག་བྱས་པ་འདྲ་བོ་འདུག
https://www.khabdha.org/?p=4548
ནོར་འཁྲུལ་ཚབས་ཆེན་གཉིས།
ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བདེ་བླག་གིས་མཇུག་སྒྲིལ་མ་ཐུབ་པ་དང་། ལས་གཞི་འགའ་རེ་ཅམ་འཇོག་བྱེད་དགོས་བྱུང་བ། འབྱུར་འགྱུར་ངེས་པར་དགོས་པའི་སྒྲིག་གཞི་དང་སྒྲིག་གཞིར་གསལ་ཁ་བཏོད་དགོས་པ་དེ་འདྲའི་ཐོག་གྲོས་ཆོད་འཇོག་མ་ཐུབ་པའི་གནས་ཚུལ་འདི་དག་སེམས་ལ་ཤར་ཐེངས་རེར་མར་ཉལ་ན་གཉིད་མི་ཁུག་ཅིང་ཡར་ལངས་ན་སེམས་མི་སྐྱིད་པ་ཞིག་རེད། དེ་བས་འདིར་བར་སེང་གི་གོ་སྐབས་ཕྲན་བུ་བཟུང་ནས་བྱས་ཉེས་ཀྱི་ཕུང་རྒན་སུ་ལ་ཐུག་མིན་སྐོར་ཅུང་ཟད་གླེང་བར་བྱ་བ་ནི་རང་སེམས་རང་གིས་གསོ་ཐབས་ཙམ་ཡིན།
རང་ཉིད་ལ་དུས་ཚོད་ཡོད་མེད་ལ་མ་ལྟོས་པར་གྲོས་ཚོགས་ཀྱི་གནས་ཚུལ་གང་ཐུབ་ཀྱིས་རྒྱུས་ལོན་བྱས་པ་ལྟར་ན། གྲོས་ཚོགས་ནང་སྔ་ཕྱིར་ནོར་འཁྲུལ་ཚབས་ཆེན་གཉིས་བྱས་ཡོད་པ་ངོ་འཕྲོད་ཀྱི་འདུག
གཅིག སྤྱི་འཐུས་རྒྱུན་ལས་ཀྱི་ནོར་འཁྲུལ་ཏེ། ལམ་ལུགས་སྲོལ་དང་སྒྲིག་གཞི་སྣང་མེད་ལ་བཞག་ནས་ཕྱི་རྒྱལ་དུ་སྡོད་པའི་སྤྱི་འཐུས་སྒེར་བ་ཞིག་གི་ལམ་གྲོན་སྤྱི་འཐུས་རྒྱུན་ལས་ནས་བཏང་བ་དེ་རེད།
གཉིས། ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་ནི་ཁྲིམས་སྒྲིགས་གསར་བཟོ་དང་ཁྲིམས་སྒྲིགས་ལ་བཟོ་བཅོས། ཁྲིམས་སྒྲིགས་གསལ་ཁ་མེད་ན་དེར་གསལ་ཁ་བཏོད་དགོས་པ་དེ་ཡིན་ཡང་སྤྱི་འཐུས་འགའ་ཤས་ཤིག་དེ་ལས་ལྡོག་ཏེ་ཚོགས་ཁང་ནས་ཕྱི་ལ་ཐོན་ཏེ་དགོས་ཕན་ལྡན་པའི་གྲོད་ཆོད་འཇོག་པར་བར་ཆད་བཟོས་པ་དེ་རེད།
ང་ཚོས་ད་བར་གྲོས་ཚོགས་ཀྱི་ཕྱི་ཚུལ་ཙམ་གླེང་སྡོད་པ་ལས་ནང་ལོགས་སུ་ཟབ་ཞུགས་ཞེ་དྲག་བྱེད་ཐུབ་ཀྱི་མི་འདུག འགའ་རེས་དེའི་སྐོར་གླེང་ནའང་ཕྱོགས་གང་ལའང་ཕོག་ཐུག་གཏོང་མ་དགོས་པ་གཙོ་བོར་བཟུང་ནས་བར་མ་ལྡིང་དུ་གང་འཇམ་འཇམ་རེ་བཤད་ནས་ནོར་འཁྲུལ་ངོ་མ་དང་ནོར་འཁྲུལ་སྒྲུབ་མཁན་གསལ་འདོན་བྱས་མི་འདུག་པས་གླེན་པ་ང་རང་གདོང་དུ་ལངས་ནས་ཕུགས་ལ་ཉལ་བའི་ཕུང་རྒན་དེ་ཚོ་མཇུབ་མོ་རུ་སྟོན་བྱས་ནས་ཞེ་དུག་ཅན་གྱི་སྦྲུལ་རྒན་རེ་རེ་བྱས་ནས་ཁུང་ནས་འདོན་པར་འདོད།
ཕུང་རྒན་དེ་ཚོ་སུ་སུ་ཡིན་མིན་གསལ་པོ་ཞེ་དྲག་རེད། སྤྱི་འཐུས་རྒྱུན་ལས་ཀྱི་ནང་དུའང་ཡོད་མཁན། ཚོགས་ཁང་ནས་བསམ་ངན་བཅངས་ཏེ་ཕྱི་ལ་ཐོན་མཁན་གྱི་ནང་དུའང་ཡོད་མཁན། མདོར་དེད་ན། ངས་གོང་དུ་ནོར་འཁྲུལ་ཚབས་ཆེན་གཉིས་དྲངས་པ་དེ་གཉིས་ཆར་འབྲེལ་བ་ཡོད་པའི་གཤམ་གསལ་གྱི་སྤྱི་འཐུས་རྒྱུན་ལས་འདི་ཚོ་རེད། དེ་དག་ནི།
༡ དུག་སྦྲུལ་ཀརྨ་ཆོས་འཕེལ།
༢ དུག་ཅན་འཇུ་ཆེན་དཀོན་མཆོག
༣ ལྕེ་གཉིས་སྨོན་ལམ་མཐར་ཕྱིན།
༤ ལྟོ་འགྲོ་བེར་འཇིགས་མེད་དབང་རྒྱལ།
ད་རུང་གཞན་ ༥ བསོན་ནམས་བསྟན་འཕེལ། ༦ བསོད་ནམས་དགྲ་འདུལ། ༧ ཚེ་རིང་པོ་ཟེར་བའི་སྦྲུལ་ཕྲུག་གསུམ་ཡང་འདུག
ཇུས་གཞི་ངན་པ་བཏིང་བ།
སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཡིན་པས་སྤྱི་འཐུས་སུ་ཞིག་ནས་ཁོ་ཚོ་རང་ཉིད་ཀྱིས་བཟོས་པའི་ཁྲིམས་སྒྲིག་གཞི་དེ་ཚོ་སེམས་ནང་གསལ་ཐིང་ཐིང་ཡོད་པ་ནི་ང་ཚོར་ཐེ་ཚོམ་མེད་པ་ཞིག་རེད། རྒྱ་བོད་འབྲུག་གསུམ་གྱི་སྤྱི་འཐུས་སུ་ཞིག་ཕྱི་རྒྱལ་དུ་ཡོད་ན་དེའི་འགྲོ་གྲོན་སྤྱི་འཐུས་ནས་གཏོང་རྒྱུ་མེད་པ་དེ། སྔོན་སྤྱི་འཐུས་ནས་ལམ་གྲོན་གྱི་དཀའ་ངལ་ལས་འཕྲོས་ཏེ་བགྲོ་གླེང་བྱས་འབྲས་སུ་བྱང་ཨ་རི་དང་ཡོ་རོབ་ནས་རང་ཁོངས་ཀྱི་སྤྱི་འཐུས་འདེམས་རྒྱུ་བྱས་པ་འདིས་ཀྱང་གསལ་བཤད་བྱེད་ཐུབ་པ་ཞིག་རེད། དེ་མིན་དེ་སྔོན་ནས་སྤྱི་འཐུས་གཞན་གཉིས་ལ་ལམ་གྲོན་བཏང་མེད་པ་འདིའང་ཆོལ་གསུམ་གྱི་དཀྲུག་ཐུར་ཁྱེད་ཚོས་མ་ཤེས་པ་ཅི་ལ་ཡིན། སྤྱིར་བཏང་སྒྲིག་གཞི་འདི་གསལ་པོ་ཞེ་དྲག་རེད། ད་རུང་འདིའི་ཚིག་ཟིན་ལ་གསལ་ཁ་བཏོད་དགོས་ས་འདུག་ཅེས་སྔོན་མ་སྤྱི་འཐུས་དེ་འདྲས་བཤད་པའི་སྐབས་ཀརྨ་ཆོས་འཕེལ་དང་སྨོན་ལམ་མཐར་ཕྱིན་གཉིས་ནས་གསལ་བཤད་རིང་པོ་ཞིག་བརྒྱབས་འདུག་ག དེས་ན་ད་ཐེངས་ཀྱི་ལམ་གྲོན་གྱི་སྐོར་དེ་བསམ་བཞིན་དུ་ལམ་ལུགས་སྲོལ་དང་སྒྲིགས་གཞི་ལ་འགལ་བ་བྱས་པའི་བྱས་ཉེས་ཤིག་རེད་ལ་འགལ་བ་དེའང་ཚིག་ཟིན་གསལ་པོ་མེད་པའི་སྒྲིག་གཞི་ཞིག་གོ་སྐབས་སུ་བཟུང་ནས་གྲོས་ཚོགས་ལ་གཏོར་བརླག་བྱས་པ་འདི་གཡོ་སྒྱུ་ཅན་གྱི་ཝ་མོ་ནང་བཞིན་གྱི་སྲིད་དོན་པ་ནག་པོ་འདི་ཚོས་དང་པོ་ནས་བཏིང་བའི་འཆར་གཞི་ཡིན་པ་གསལ་པོ་རེད། རྒྱ་མིའི་སོ་བ་ཞིག་ཡིན་ནའང་འདི་ལས་ལྷག་པའི་ལས་ཀ་ཞིག་ཇི་ལྟར་བྱེད་ཐུབ། རྒྱ་མིས་བོད་ནང་ལ་དམར་གསོད་བྱས་ནས་བོད་གཞིས་བྱེས་གཉིས་ཀྱི་མི་མང་སེམས་པ་མ་སྐྱིད་པར་བསྡད་ཡོད་པའི་སྐབས་དེ་འདྲའི་ཐབས་སྡུག་གི་ལས་ཀ་བྱས་པ་ནི་བསམ་བཞིན་བོད་མི་མང་གི་སེམས་ལ་ཕོག་ཐུག་བཏང་བ་དང་བོད་མི་མང་ལ་སྙིང་ཚིམ་བྱས་པ་ཞིག་ཀྱང་རེད།
གཡོལ་ཐབས་མེད་པའི་གྲོས་འཆར།
ནམ་རྒྱུན་ནས་ཁྲིམས་སྒྲིག་གཞི་དང་ལམ་ལུགས་སྲོལ་ལ་འགལ་བའི་དོན་དག་ཚང་མ་སྤྱི་འཐུས་ནང་བགྲོ་གླེང་བྱེད་གི་ཡོད་པ་ལྟར། ཕུང་རྒན་ཁོ་ཚོའི་སྒྲིག་འགལ་གྱི་བྱ་བ་དེའང་ད་ཐེངས་གྲོས་ཚོགས་ནང་གླེང་སློང་བྱེད་རྒྱུ་ཡིན་པ་དེ་ཁོ་པ་ཚོས་སྔོན་ཚུད་ནས་ཤེས་ཀྱི་ཡོད་པ་རེད་ལ་དེ་ནི་ཁོ་ཚོས་བྱུས་ངན་བཏིང་བའི་དགོས་དམིགས་དང་ད་བར་སྒུག་བསྡད་པའི་གོ་སྐབས་ཀྱང་ཡིན་པ་འདྲ་བོ་འདུག
ནོར་འཁྲུལ་བྱས་ཟིན་པ་ནི་བྱས་ཟིན་པ་རེད་དེ་མ་འོང་བར་དེ་འདྲ་སྐྱར་ཟློས་སུ་མ་ཡོང་བའི་ཆེད་གྲོས་ཆོད་ཅིག་འཇོག་དགོས་པ་ནི་་ལྡོག་ཏུ་མེད་པ་ཞིག་རེད། དེ་བས་སྤྱི་འཐུས་སྒྲོལ་མ་མཚོ་མོས་བཏོན་པའི་གྲོས་འཆར་དེ་ནི་འབྱུང་འགྱུར་གྱི་ཕྱག་ལས་གནང་སྟངས་ལ་དམིགས་པའི་གྲོས་འཆར་གལ་ཆེན་པོ་ངེས་པར་འཇོག་དགོས་པ་ཞིག་རེད། ཡིན་ན་ཡང་། དེ་ནི་དེ་འདྲའི་ལས་སླ་པོ་ཞིག་ཀྱང་མིན་པར་ཞེ་ཕུགས་ངན་ཞིང་ལྐོག་བྱུས་འདིང་མཁན་གྱི་མི་ངན་དེ་ཚོས་ཁ་གཏད་གཅོག་རྒྱུ་ཡིན་པ་ནི་མ་བལྟས་ལེབ་མཐོང་ཡིན་པས་ཆོལ་གསུམ་སྤྱི་འཐུས་གཞན་༡༤ ཡིས་ས་རྟགས་བརྒྱབས་ནས་རྒྱབ་སྐྱོར་བྱས་པ་དེ་ནི་གནས་ལུགས་དང་མཐུན་པ་ཞིག་རེད། དངོས་སུ་ན་གྲོས་ཚོགས་ནང་མ་སླེབས་སྔོན་ས་རྟགས་བརྒྱབས་པ་ནི་གྲོས་འཆར་དེ་ལ་རྒྱབ་སྐྱོར་མིན་པར་ཁོ་ཚོ་གྲོས་འཆར་འདོན་མཁན་ཆགས་པ་རེད། མདོར་ན། གྲོས་འཆར་གཅིག་འདོན་མཁན་མི་བཅོ་ལྔ་ཆགས་པ་རེད། སྒྲོལ་མ་མཚོ་མོ་གྲོས་འཆར་ཀློག་མཁན་ཙམ་མ་གཏོགས་མ་རེད་ཅེས་བརྗོད་མ་ཆོག་པ་མི་འདུག གྲོས་འཆར་གཅིག་འདོན་མཁན་མི་བཅོ་ལྔ་ཆགས་པ་དེའི་ཐོག་ནས་གྲོས་འཆར་འདིའི་གལ་ཆེའི་རང་བཞིན་ང་ཚོས་ཤེས་ཐུབ་པ་མ་ཟད་སྒྲིག་འགལ་བྱེད་མཁན་གྱི་རྒྱུན་ལས་ངན་པ་ཁྱུ་གཅིག་གྲོས་འཆར་འདིའི་ཁ་གཏད་དུ་ལངས་ཡོད་པ་དེའང་མཐོང་ཐུབ། ཁ་གཡར་ས་ཞིག་བཙལ་ནས་ཁྲིམས་དང་སྒྲིག་གཞིར་སྣང་མེད་གཏོང་མཁན་གྱི་ཁྱི་སྤྱང་ངན་འབྲེལ་གྱི་དཔུང་ཚོགས་འདི་ཚོས་རང་སྐྱོན་འགེབས་ཐབས་ལྷུར་བླངས་ན། འབྱུང་འགྱུར་དོན་ཕན་ལྡན་པའི་སྒྲིག་གཞི་བཟོ་བའི་ཆེད་དཔུང་བསྒྲིགས་ནས་ངན་པ་ལ་ཁ་གཏད་བཅག་པ་ནི་འོས་ཤིང་འཚམས་པ་ཞིག་རེད། གྲོས་འཆར་དེ་འདྲ་ད་རེས་འཇོག་མ་ཐུབ་ཀྱང་རྗེས་མ་ངེས་པར་དུ་འཇོག་དགོས་པ་དེ་འདྲ་རེད།
ཁྭ་ཏས་མི་གཙང་ཟོས་པའི་མཆུ། ས་གཙང་གཞན་ལ་འབད་ནས་འབྱིད།
དང་པོར་ཁྱི་སྤྱང་ངན་འབྲེལ་གྱིས་ཤེས་བཞིན་སྒྲིག་འགལ་གྱི་བྱ་བ་བྱས། དེ་ནས་མང་མོས་ཐག་གཅོད་ཀྱི་ལམ་ཁ་ཡངས་པོ་དེར་བརྩི་མེད་ཀྱིས་ཚོགས་ཁང་ནས་ཐོན་ཕྱིན་ཏེ་ཐེངས་འདིའི་གྲོས་ཚོགས་ལ་བར་ཆད་བཟོས་པའི་ཉེས་བྱས་རི་འདྲ་བ་དག་འགེབས་སྲུང་གིས་ཁ་གཡར་ས་གཞན་ཞིག་བཙལ་ཏེ་ནོར་འཁྲུལ་གཞན་ལ་དཀྲི་བ་འདི་འདྲ་གོ་ན་གློ་མཆིན་པའི་གཏིང་ལ་ན་ཟུག་སྐྱེ་གི་འདུག
༡ སྒྲིག་གཞི་གསལ་ཁ་མི་འདུག སྐྱག་པ་སྐམ་པོའི་སྒྲིག་གཞི་གསལ་ཁ་མི་འདུག ཁ་གཡར་ས་རང་རེད། ད་བར་དུ་ལག་ལེན་བསྟར་ཡོང་བའི་སྒྲིག་གཞི་དེས་ཁྱེད་ལ་ཅི་ཞིག་གསལ་བཤད་བྱེད། ཚིག་ཟིན་གསལ་མི་གསལ་ཐོག་སྔོན་མ་ནས་ཀརྨ་ཆོས་འཕེལ་དང་སྨོན་ལམ་མཐར་ཕྱིན་གཉིས་ནས་གསལ་བཤད་ཇི་ལྟར་བྱས་པ་དེ་བདེན་དཔང་གསོན་པོ་ཞིག་མ་རེད་དམ།
༢ སྤྱི་འཐུས་སྒེར་ཞིག་ལ་འབྲེལ་འདུག་ཟེར། འདི་ཡང་ཁ་གཡར་ས་རེད། དོན་དག་སྤྱི་འཐུས་སྒེར་ཞིག་དང་འབྲེལ་ནས་བྱུང་ནའང་བྱུང་བ་དེ་བྱུང་ཚར་བ་རེད། གྲོས་འཆར་དེ་གཙོ་བོ་འབྱུང་འགྱུར་དེ་འདྲ་མ་འོངས་པ་དང་འགོག་པའི་ཆེད་ཡིན་པས་སྤྱི་འཐུས་སྒེར་ཞིག་ལ་འབྲེལ་བ་ཇི་ལྟར་ཡོད་པ་རེད།
༣ སྤྱི་འཐུས་ ༡༤ ཡིས་གྲོས་ཚོགས་ནང་མ་སླེབས་སྔོན་ནས་རྒྱབ་སྐྱོར་ས་རྟགས་རྒྱབ་པ་སྒྲིག་སྲོལ་དང་མཐུན་མིན་གྱིས་རྒྱབ་སྐྱོར་བྱེད་ས་འགྲོ་གི་མི་འདུག་ཟེར། སྤྱི་འཐུས་མང་པོ་ཞིག་ནས་རྒྱབ་སྐྱོར་གྱིས་ས་རྟགས་རྒྱབ་པ་དེས་གྲོས་འཆར་གྱི་གལ་ཆེའི་རང་བཞིན་སྟོན་གི་ཡོད་པས་ལྷག་ཏུའང་རྒྱབ་སྐྱོར་བྱ་འོས་པ་ཞིག་རེད། འདི་ཚོ་ཚང་མ་ཁ་གཡར་ས་རེད། འདི་ཚོ་རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་གཞན་མགོར་གཡོགས་པ་ཞིག་རེད།
ཚོགས་ཁང་ནས་ཕྱི་ལ་ཐོན་དགོས་པའི་དམིགས་ཡུལ་ངོ་མ།
ཁྱི་སྤྱང་ངན་པ་དེ་ཚོ་ཚོགས་ཁང་ནས་ཕྱི་ལ་ཐོན་དགོས་པའི་དམིགས་ཡུལ་ངོ་མ་དེ་འབྱུང་འགྱུར་ལ་ཕན་པའི་གྲོས་ཆོད་གསར་པ་དེ་འཇོག་མ་ཐུབ་པའི་ཆེད་རེད། གྲོས་ཆེད་དེ་བཞག་པ་ཡིན་ན། གྲོས་ཚོགས་ནང་རྒྱུན་ལས་ནོར་བ་རེད་ཅེས་དང་། དེ་འདྲ་ཡིན་ན་སྤྱི་འཐུས་རྒྱུན་ལས་ཚང་མས་དགོངས་པ་ཞུ་དགོས་པ་རེད་ཅེས་གླེང་སློང་རིམ་པར་བྱུང་བ་དེ་ལ་འབྲེལ་བ་ཡོད་པ་རེད། ། བོད་ཀྱི་བང་ཆེན་གྱིས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ཟེར་བའི་མགོ་གཉིས་པ་དེར་བཅར་འདྲི་བྱས་པའི་ནང་། ཚིག་དྲིས་ན་མི་ཡོང་ཞོར་དུ་ཡོང་ཟེར་བ་ལྟར། ཁ་སངས་པོ་བྱས་བཤད་པ་ཡིན་ན་ནོར་འཁྲུལ་ལ་ངོས་ལེན་བྱེད་པའི་བློ་ཁོག་མེད་པ་དང་རྒྱུན་ལས་ཀྱི་རྐུབ་སྟེགས་མ་ཤོར་བའི་ཆེད་ཡིན་པ་གསལ་བོ་ཞེ་དྲག་རེད་འདུག་ག དོན་དངོས་སུ་ན། ནོར་འཁྲུལ་ཞིག་བྱས་པ་ཙམ་གྱིས་རྒྱུན་ལས་ཚང་མས་དགོངས་པ་ཞུ་དགོས་པ་ཞིག་ཡིན་མིན་མི་ཤེས་ཀྱང་། ནོར་བ་ལ་ནོར་བར་ཤེས་ནས་གསལ་བསྒྲགས་བསྐྱང་དགོས་པ་དེ་གལ་ཆེན་པོ་རེད།
དོན་དངོས་སུ། གྲོས་འཆར་འདི་དེ་འདྲའི་རྙོག་དྲ་ཚ་བ་ཞིག་མ་རེད། གྲོས་ཆོད་འདི་འཇོག་ཐུབ་ཡོད་ན་ཕན་ཐོགས་ས་དེ་མ་འོངས་པ་ལ་རེད། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལའང་ཐེངས་གཅིག་གི་ལམ་གྲོན་རིན་མེད་རེག་པ་དེ་ཁོ་རང་གི་ཁེ་བཟང་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་ཀྱང་ནོར་བ་ངོས་ལེན་གྱིས་གསལ་བསྒྲགས་བྱས་ཡོད་ན་ཁོང་ཚོ་ལའང་བོད་མི་མང་ནང་ནས་མཐོང་ཞིག་སླེབས་གི་རེད། རྒྱུན་ལས་ནས་དགོངས་པ་ཞུ་དགོས་པའི་དོན་དག་དེ་འདྲ་མ་རེད།
ད་རྙོག་དྲ་ཁོ་ཚོས་བཟོས་ཚར་བ་རེད། རྙོག་དྲ་བཟོ་སྟངས་འདི་ཚོ་རེ་རེ་བྱས་བལྟས་ཡོང་ན་སྤྱི་འཐུས་རྒྱུན་ལས་ཕར་ཞོག སྤྱི་འཐུས་དཀྱུས་མ་ཞིག་གི་གོ་ཡང་ཆོད་ཀྱི་མི་འདུག་པས་ཁྱེད་ཚོས་སྤྱི་འཐུས་ནས་དགོངས་པ་ཞུ་རོགས་ཞེས་ཞུ་གི་ཡིན། རང་སྐྱོན་ངོས་ལེན་བྱེད་མི་ཐུབ་པའི་ཁོག་རྒྱ་དོག་མོ། ཆོལ་ཁའི་ཕྱོགས་ཞེན་ཆེན་པོ། རང་དོན་ལ་ཐུག་ན་སྤྱི་ཚོགས་ནང་གཏོར་བརླག་བྱེད་པའི་བཀྲ་ལག་སྣ་ཀུན་ནས་འཛོམས་བསྡད་ཡོད་པའི་དགྲ་དགའ་གཉེན་སྡུག་འདི་ཚོ་སྐེ་སྒོ་རེ་གཡོགས་ནས་རྒྱངས་ཕུད་ལ་ཐོངས་ཤིག
dhatsenpaལགས་ཀྱིས་ཟླ་ཚེས་September 24th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
སྤྲིན་གྱི་ཕོ་ཉ་ལས་འཕྲོས་པའི་ཁ་བརྡ།
https://www.khabdha.org/?p=4376
ལྷ་རྩེ་བོད་ཀྱི་དཔེ་མཛོད་ཁང་དུ། འཕགས་ཡུལ་གྱི་སྙན་དངགས་མཁན་ནག་མོ་ཁོལ་གྱིས་བརྩམས་གནང་བའི་ ་་དཔྱིད་ཀྱི་ཕོ་ཉ་་ ཀློག་འདོན་དང་དེས་བོད་ཀྱི་རྩོམ་རིག་སྐོར་ཐེབས་པའི་ཤུགས་རྐྱེན་སྐོར་བགྲོ་གླེང་བྱེད་ཀྱི་ཡོད་པར་དོ་སྣང་བྱུང་། གལ་སྲིད་ང་དེར་ཡོད་ན་དྲི་བ་ཡང་མི་ཉུང་བ་ཞིག་ཁྱེར་ནས་ཡོང་ས་རེད་དེ་ད་ཡིན་ན་དེ་འདྲའི་སྐལ་བས་ཕོངས།
དཔྱིད་ཀྱི་ཕོ་ཉ་དེ་དུས་རབས་ལྔ་བའི་ཡར་མར་གྱི་མི་ཞིག་གི་བྲིས་རྩོམ་་ཡིན་ནའང་ད་ལྟའི་སྐབས་འདིར་ད་རུང་བོད་ཙམ་མིན་པར་རྒྱལ་སྤྱིའི་རྩོམ་རིག་ཐོག་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་དེ་ཧ་ལས་པའི་དོན་ཞིག་རེད།
རྩོམ་རིག་ཅིག་གི་སྒྱུ་རྩལ་ལ་མཚོན་ན་སྐད་ཆའི་སྒྱུ་རྩལ་ནི་སེམས་ལྡན་ཞིག་གི་གཟུགས་པོའི་ནང་གི་ཟུངས་ཁྲག་བཞིན་རྩོམ་གཟུགས་ཧྲིལ་བོའི་ལུས་པོ་གང་སར་ཁྱབ་ཡོད་པ་ཞིག་ཡིན་པས་དེ་ནི་རྩོམ་རིག་གང་ཞིག་ཡིན་ཡང་ཆེས་གནད་འགག་ཅན་ཞིག་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།
ཡིན་ན་ཡང་། རྩོམ་གང་ཞིག་སྐད་གཞན་དུ་བསྒྱུར་བའི་སྐབས་རྩོམ་གཞུང་ལ་འགྱུར་བ་ཐེབས་ཀྱི་མེད་ནའང་ཐོག་མའི་མ་སྐད་དང་མི་འདྲ་བར་སྐད་ཆའི་སྒྱུ་རྩལ་གྱི་ངོ་བོར་འགྱུར་བ་གང་འཚམས་ཤིག་འགྲོ་གི་ཡོད་པ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
དེ་ལྟར་ཡང་། དཔྱིད་ཀྱི་ཕོ་ཉའི་བོད་འགྱུར་དེ་རྩ་བའི་ཆ་ནས་ཚིག་དོན་གང་ཅིའི་ཐད་་གསོན་ཤུགས་ལྡན་ཞིང་གང་བྲིས་པ་དེ་རི་མོ་བཞིན་ཡིད་ལ་འཆར་རྒྱུ་ཡོད་པ། ཡིད་སེམས་དབང་མེད་དུ་གཡོ་འགྲོ་བ་ཞིག་འདུག་པ་དེའང་ལོ་ཆེན་བྱང་ཆུབ་རྩེ་མོ་དང་ཁོང་གི་སློབ་མར་གྱུར་བ་ལོ་ཆེན་ནམ་མཁའ་བཟང་པོ། ད་དུང་ཁ་ཆེའི་པཎཌི་ཏ་སུ་མ་ན་ཤྲྰི་བཅས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལ་ཐུག་པ་ལོས་ཡིན།
དཔྱིད་ཀྱི་ཕོ་ཉར་སྔོན་ཐེངས་མ་འགའ་ཤས་ཤིག་ལ་ཀློག་མྱོང་། བོད་ནང་དུ་ཨ་ལགས་དོར་ཞི་ཚང་དང་གཞན་ཞིག་ནས་དེ་ལ་འགྲེལ་བཤད་བྱས་པ་ཞིག་ཀྱང་མཐོང་མྱོང་། ངས་གོ་བ་ལེན་སྟངས་དང་ཁོང་གཉིས་ཀྱིས་འགྲེལ་བཤད་རྒྱགས་སྟངས་ལ་མི་འདྲ་བ་ཡོད་པ་མ་ཟད་མཚམས་རེར་ཁོང་ནོར་བ་མིན་ནམ་བསམ་བསམ་དེ་འདྲར་ཡང་རེ་ཟུང་ཞིག་ལ་ཐུག
ཉེ་སྔོན་ཞིག་ནས་གློ་བུར་ཞིག་ལ་ཆང་འཐུང་འདོད་སྐྱེས་པ་བཞིན་སྤྲིན་གྱི་ཕོ་ཉ་ཀློག་འདོད་སྐྱེས་ཀྱང་བོད་བཙན་བྱོལ་གྱི་སློབ་དེབ་བརྒྱད་པའི་ནང་བཀོད་པའི་སྤྲིན་གྱི་ཕོ་ཉ་དེ་མ་གཏོགས་ང་ལ་མི་འདུག དེ་ཞིབ་ཚགས་པོས་ཚིག་དོན་རེ་རེ་བྱས་ནས་ཐེངས་གཅིག་ཀློག་པ་ཡིན། ནང་དུ་ཡིག་ནོར་ཡོད་པ་མ་ཟད་དེ་ལ་འགྲེལ་ཞིག་རྒྱག་དགོས་བྱུང་ན་སྣ་འཐེན་ནས་ཁ་ནང་དུ་སླེབས་ན་མ་གཏོགས་ཚིག་དོན་སྔ་ཕྱི་འབྲེལ་མ་ཆགས་པ་འདྲ་བོ། གོ་བ་ལེན་ས་མི་འགྲོ་བ་འདྲ་བོ་དེ་འདྲ་ཡང་གང་འཚམས་ཤིག་འདུག
དེ་ནས་ངས་ཡར་བཙལ་མ་བཙལ་བྱས་ནས་དབྱིན་འགྱུར་མི་འདྲ་བ་གཉིས་རེག་སོང་། ད་ལྟ་དུས་ཚོད་ཞེ་དྲག་མེད་ཀྱང་དེ་ཚོ་གསུམ་ཆ་བསྡུར་ནས་ལྟ་ཀློག་བྱེད་བཞིན་པའི་སྒང་ཡིན། དེ་ཚོ་གསུམ་ཆར་མི་འདྲ་སའི་ཁྱད་པར་མང་པོ་འདུག དབྱིན་འགྱུར་གཅིག་དང་བོད་འགྱུར་ཐོ་ཐུག་ན་གཞན་པ་དེ་ཐོ་མ་ཐུག་པ་འདྲ་བོ། དབྱིན་འགྱུར་གཉིས་ཐོ་ཐུག་ན་བོད་འགྱུར་ཐོ་མ་ཐུག་པ་འདྲ་བོ། རྩ་བའི་ཚིག་འགྲོས་མི་གཅིག་ཀྱང་དོན་གྱི་འབབ་ས་དེ་གཅིག་དགོས་པ་རེད། མཚམས་རེར་འགྱུར་གང་རུང་ཞིག་ནས་མ་རྩོམ་གྱི་གོ་བ་ངོ་མ་ལོན་མེད་པ་འདྲ་བསམ་བསམ་དེ་འདྲ་འདུག འདི་འདྲར་ཐུག་སྐབས་ང་སྔོན་མ་ཆུང་བའི་སྐབས་ཤིག་ལ་སྤྲིན་གྱི་ཕོ་ཉ་རྒྱ་བོད་གཉིས་མཉམ་འབྱར་བྱས་ཡོད་པ་ཞིག་ཡོད་པ་དེའང་དྲན་སོང་། ལྷག་པར་དུ་ཝ་ར་ན་སི་ནས་ཐོན་པའི་ཧིན་བོད་གཉིས་ཀྱི་སྐད་ཡག་པོ་ཡོད་པའི་དྷ་སའི་ངོ་ཤེས་དེ་ཚོ་ཡོད་ན་སྐད་ཆ་འདྲི་ས་ཞིག་དང་ཞིབ་བསྡུར་བྱེད་ས་ཞིག་ཡོད་མོད་བསམས་སོང་། མ་གཞི་སྙན་ངག་བྱས་བསྒྱུར་དགོས་ན་ཚིག་དོན་མ་ལྷག་མ་ཆད་པ་ཞིག་བསྒྱུར་ཁག་པོ་ཡིན་རྒྱུ་རེད། བཙན་པོ་བྱས་བསྒྱུར་བ་ཡིན་ནའང་ཚིག་གི་སྡེབས་སྦྱོར་མ་ལེགས་པ། སྔ་ཕྱི་འབྲེལ་མ་ཆགས་པ་དེ་འདྲ་ཡོང་སྲིད་གི་རེད། ལེགས་སྦྱར་ཡག་པོ་ཤེས་མཁན་ཞིག་ནས་བོད་ཡིག་ནང་ཚིག་ལྷུག་གིས་བསྒྱུར་བ་ཡིན་ན་ཚིག་དོན་མ་ལྷག་མ་ཆད་པ། གོ་བདེ་བོ་ཡག་པོ་ཞིག་ཡོང་གི་རེད་སྙམ་པས་ངོ་ཤེས་མི་ཤེས་ཀྱི་གྲོགས་པོ་སུ་ཞིག་ལ་འབོད་སྐུལ་ཡིན།
ད་འདི་ནས་མར་ངས་སྤྲིན་གྱི་ཕོ་ཉའི་བོད་འགྱུར་ནང་གི་དྭོགས་གཞི་ཆུང་ཆུང་དེ་ཚོ་རེ་རེ་བཞིན་འབྲི་གི་མིན། དུས་ཚོད་མང་པོ་ཞིག་དགོས་ས་རེད། དོན་གཅིག་ཀྱང་སྒྱུར་སྟངས་མ་འདྲ་བ་གཉིས་མཉམ་དུ་བཀོད་འདུག་པ་དེ་འདིར་འབྲི་གི་ཡིན།
ལམ་དུ་ཡོངས་སུ་ངལ་ཚེ་ངོས་ལྡན་ཨ་མ་རྩེགས་པའི་རི་རྩེར་གནས་བྱ་སྟེ།།
ཁྱོད་ཀྱིས་ནགས་ནང་ཤིང་སྐམ་རྣམས་ནི་ཆར་གྱིས་བྲན་པར་བྱས་ནས་ལེགས་པར་མཛོད།།
གང་ཕྱིར་ཆེ་བའི་སྐྱེ་བ་དང་པོར་ལེགས་བྱས་རྒྱུ་མཚན་མཐོང་བའི་གྲོགས་བཟང་ལ།།
དེ་ལྟའི་བྱ་བས་གནས་ཆེད་ཅི་ཡང་གྱུར་ལ་ཕྱིར་ཕྱོགས་ངན་པའི་སྐྱེ་བོའང་འབྱུང་མ་ཡིན།།
ཆེ་བའི་སྐྱེ་བ་ཟེར་བ་དག་ཆ་ནོར་བ་འདྲ། ཆེ་བའི་སྐྱེ་བོ་ཡིན་དགོས་པ་འདུག
འདིའི་རྗེས་མ་དེ།
ཀྭ་ཡེ་ཆུ་འཛིན་ཁྱོད་ནི་ལམ་ལ་ངལ་ཚེ་སྣ་ཚོགས་བརྩེགས་པ་ཞེས་པའི་རི་བོ་ནི།།
ངོས་ལྡན་རྩེ་མོ་ཡངས་ལ་བསྡད་ནས་ཕན་ཚུན་སྔོན་དུ་ཕྱོགས་པའི་བསྙུན་ནི་བྱེད་བཞིན་པས།།
ཁྱོད་ཀྱང་དེ་ཡི་སོས་ཀའི་མེ་ནི་བདུད་རྩིས་ཞི་བྱ་དེ་ཡང་ཕན་པའི་དངོས་པོའི་བརྟན་དུ་འགྱུར།།
ཆེན་པོ་རྣམས་ལ་ཕན་བཏགས་ལན་དུ་འཕྲལ་ལ་འབྲས་བུ་དམ་པས་བརླན་པ་ཉིད།།
འདི་གཉིས་ལ་མ་འདྲ་ས་དུ་མ་ཞིག་ཡོད་ཀྱང་རྩ་བའི་འབབ་ས་གཅིག་པ་རེད།
དབྱིན་སྒྱུར་གཉིས་ཀའི་ནང་འདི་འདྲ་གཉིས་མི་འདུག འདི་གཉིས་ཀྱི་ཚབ་ཤོ་ལོ་ཀ་གཅིག་མ་གཏོགས་མི་འདུག
གཞན་སྤྲིན་གྱི་ཕོ་ཉའི་ནང་དྭོགས་སློང་ག་རེ་ཡོད་ན་འདིར་ཕེབས་དང་ང་ཚོས་བགྲོ་གླེང་མཉམ་པོར་བྱེད། གོ་བ་མཉམ་པོར་ལེན།
dhatsenpaལགས་ཀྱིས་ཟླ་ཚེས་September 12th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཁ་མཆུ་འཛུགས་གི་ཡིན།
https://www.khabdha.org/?p=4196
བེ་རི་འཇིགས་མེད་ལགས།
ཉེ་ཆར་ཁྱེད་རང་གིས་དྲ་ཐོག་བཀོད་པའི་རྩོམ་རིག་གི་འཕེལ་རིམ་དང་ཞན་ཆའི་སྐོར་གྱི་རྩོམ་དང་ཆུ་སྒང་གི་ལོ་རྒྱུས་འབྲི་སྟངས་ལ་ངས་མི་མཐུན་པའི་བསམ་ཚུལ་ཅི་ཡོད་དོན་ཚན་རིམ་པ་བྱས་ནས་རྒྱུ་མཚན་དང་བཅས་ཏེ་གསལ་བོར་བཀོད་ཡོད། དེ་ཡང་གང་ཟག་སྒེར་ལ་དགའ་མི་དགའི་ཐོག་ནས་བརྗོད་མེད། ངའི་རེ་བར་ཁྱེད་རང་གིས་ཀྱང་རང་གི་རྩོམ་ལ་འགན་ཞིག་ཁྱེར་ནས་དྲ་ཐོག་གི་མཁས་དླུན་ཚང་མའི་མཉམ་བགྲོ་གླེང་འཁྲུགས་པོ་ཞིག་བྱེད་གི་རེད་བསམས་སོང་ཡང་། ཁྱེད་ཀྱིས་ཁྱི་རྒན་ཚོས་ཁྱི་སྐྱག་བཏང་རྗེས་སྣོམས་ཙམ་བྱས་ནས་འགྲོ་བ་དེ་བཞིན་རང་རྩོམ་ཁྱི་སྐྱག་བཞིན་བདག་མེད་དུ་གཡུགས་སོང་། ངས་ཉིན་འགར་སྒུག་པ་ཡིན་ཏེ་ཁྱེད་རང་ཝ་མོ་ཁུང་དུ་འཛུལ་བ་བཞིན་ཕྱི་ལ་དོན་མ་སོང་། དེ་ཡིན་ན་ངས་ཀྱང་ཝ་མོ་དུད་པས་བདུག་ནས་ཕྱིར་འདོན་དགོས་མ་མཆིས།
བར་སྐབས་རིང་དྲ་ཁང་དུ་འཛུལ་རྒྱུའི་གོ་སྐབས་རེག་མ་སོང་། ཧང་སངས་པ་ཞིག་ལ་ང་མེད་ཤུལ་དུ་ཁྱོད་ཡོང་ནས་ཚིག་གྲུབ་གསུམ་བཞི་ཞིག་བྲིས་ནས་མི་ལ་ཡ་ལ་དཀྲིས་ཏེ་མི་དཀར་དཀར་ལ་ཞྭགནག་པོ་གཡོགས་རྩིས་བྱས་འདུག་ག
གཅིག ་་ མདའ་མཚན་པ་ལྟ་བུའི་ཨ་ མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གི་ལྟེ་གནས་གལ་ཆེ་དེ་ འདྲ་གཏོར་རྒྱུའི་བློ་ཁོག་ཡོད་མཁན་་ ཞེས་པ་དང་། གཉིས། ་་ཉམ་ཆུང་མིའི་དྲ་ཡིག་ནག་བསུབས་གཏོང་ན་ཕན་ཐོགས་གང་ཡང་མེད་་ ཅེས་དང་། གསུམ། ་་དེ་བས་རང་ཉིད་མི་དགའ་ས་དེ་ཚོའི་དྲ་རྩོམ་རེ་གཉིས་སླེབས་ཚེ།་་ལྟ་བུ་རེད།
༡ ཨ་མྱེས་རྨ་ཆེན་ལ་བོད་ཀྱི་རིག་གཞུང་ཡར་རྒྱས་དང་སྲུང་སྐྱོབས་བྱེད་པའི་སླད་ལས་གཞི་རྒྱ་ཆེན་པོ་མང་པོ་ཡོད་པ་རེད། དེ་བས་རང་ཉིད་ནས་ཀྱང་ལྷག་བསམ་རྣམ་དག་དང་གང་ཐུབ་ཅི་ཐུབ་ཀྱིས་དབུ་བླ་ཡར་འདེགས་བྱེད་པར་ནུས་པ་བཏོན་ཡོད། དེ་ནི་འགན་འཛིན་ཚོས་ཀྱང་ལོས་ཀྱང་ཤེས། འགན་འཛིན་རྣམས་ཀྱང་རང་ཉིད་སོ་སོའི་གཤིས་ཀ་མཚུངས་མིན་ལ་མ་ལྟོས་པར་བོད་དོན་ལ་ལྷག་བསམ་ལྡན་ཞིང་ཤེས་འཇོན་གཉིས་ལྡན་རྐྱང་རྐྱང་རེད། ད་ལྟ་ཡིན་ནའང་ད་རུང་ཨ་མྱེས་རྨ་ཆེན་ལ་རྒྱབ་སྐྱོར་ཡོད། རྗེས་སུ་ལས་བྱེད་ཁ་ཤས་ཤིག་ནས་འཕྲོ་རིམ་འཕྲོར་དགོངས་པ་ཞུས་པ་རེད། འགན་འཛིན་རྣམས་ཀྱང་རེ་རེ་བཞིན་ཁ་ཐོར་ཕྱིན་ཏེ་་ད་ལྟ་བཀྲ་ཤིས་ཚེ་རིང་གཅིག་པོ་ལྷག་འདུག དེ་ངས་མ་བཤད་ཀྱང་ཚང་མས་ཤེས་པའི་དོན་དག་ཅིག་རེད། མི་རེ་རེའི་དགོངས་པ་ཞུ་སྟངས་ལ་མི་འདྲ་བའི་རྒྱུ་མཚན་རེ་ཡོད་རྒྱུ་རེད། དེ་ཨ་མྱེས་རྨ་ཆེན་ནང་ཁུལ་གྱི་དོན་དག་ཡིན་པས་ངས་བཤད་དགོས་མ་མཆིས། གལ་སྲིད་ཤེས་འདོད་ཡོད་ན་དཀྲོགས་གཏམ་འདྲ་མི་འདྲར་ཉན་ནས་སྡོད་མི་དགོས་པར་་བཀྲ་ཤིས་དང་ལྷ་བསང་གཉིས་དེ་ག་དྷ་སར་ཡོད་པ་རེད། དེ་ལ་འདྲི་རུ་རྒྱུགས།
རྗེས་སུ་ཨ་རིར་ཡང་ལྷ་རྩེ་བོད་ཀྱི་དཔེ་མཛོད་ཁང་དུ། འཇམ་ནོར། པདྨ་་འབུམ། བསོད་ནམས་དར་རྒྱས་ངེད་ཚོ་ལས་གྲོགས་རྙིང་པ་རྣམས་དགའ་འཛོམས་བྱུང་སྟེ་འཇམ་དབྱངས་ལགས་ཀྱིས་ང་ཚོས་མཉམ་དུ་པར་རྒྱག་དགོས་ཟེར་ནས་ཚང་མའི་གདོང་བ་འཛུམ་གྱི་ལེར་པར་ཡང་ཁ་ཤས་བརྒྱབས་པ་ཡིན། བཀྲ་ཤིས་ལའང་དེ་སྐབས་ཐུག་སོང་། ལྷ་བཟང་ལ་ཐུག་མ་སོང་རུང་ངས་ཡང་ཡང་ཁོང་གི་བདེ་སྡུག་སྐོར་སྐད་ཆ་འདྲི་གི་ཡོད།
༢ ཁྱེད་རང་ཡང་ཁ་བརྡ་ནང་རྩོམ་འབྲི་མཁན་ཞིག་རེད། ང་ཡང་དེ་བཞིན་རེད། ངས་ཁྱེད་རང་གི་རྩོམ་ཇི་ལྟར་ནག་བསུབས་གཏོང་ཐུབ་གི་རེད། དེ་ཐུབ་ན་ཁྱེད་རང་གིས་ཀྱང་ངས་བྲིས་པ་རྣམས་ནག་བསུབས་བཏང་ན་འགྲིགས་གི་རེད།
༣ ང་ལ་མི་དགའ་སའི་མི་དེ་འདྲ་སུ་ཡང་མེད། རྩོམ་པ་པོའི་ནང་ལྷག་ཏུ་མི་དགའ་ས་མེད། ཡིན་ན་ཡང་། མཚམས་རེར་མི་འགའ་རེ་ནས་མི་ཤེས་ཤེས་ཁུལ་གྱིས་མང་པོ་ཞིག་བྲིས་ཡོང་ན་དེ་ལ་ལན་རྣོན་པོ་རེ་ཤོར་འགྲོ་གི་འདུག རྒྱུ་མཚན་བགྲང་རྒྱུ་དེ་ང་ལ་མཚོན་ན་ཨང་དང་པོར་འཛིན་ཁུལ་བྱེད་གི་ཡོད་ནའང་ཞར་དང་ཞོར་ལ་ཁབ་ཚགས་འབིགས་ཚགས་རེ་བྱེད་རྒྱུ་དེ་གོམས་སྲོལ་ལྟ་བུར་ཆགས་འདུག་པས་དེ་ལ་ཕལ་ཆེར་བཅོས་ཐབས་ཤིག་མེད་པ་འདྲ།
ངས་འདི་འབྲི་དགོས་དོན་ནི་ཁྱེད་རང་གིས་ང་ལ་གཞི་མེད་ཉེས་འཛུགས་ཀྱིས་མི་དཀར་ལ་ཞྭ་ནག་གཡོགས་པ་དང་། འགན་འཛོན་དང་ལས་བྱེད་བར་དཀྲུག་ཤིང་རྒྱག་པ། སྦྱི་ཚོགས་ནང་མི་སྒེར་ཞིག་ལ་དམིགས་ཏེ་དཀྲོགས་གཏམ་སྤེལ་བའི་བྱ་སྤྱོད་ངན་པ་དེ་གཅིག་པོར་དམིགས་ནས་བྲིས་པ་མིན་པར། ནམ་རྒྱུན་ནས་ང་ཚོའི་སྤྱི་ཚོགས་ནང་རྩོམ་མཁན་དུ་རློམ་པ་ཉུང་ཤས་ཤིག་ནས་དངོས་ཡོད་གནས་ཚུལ་ཅི་ཡིན་མི་ཤེས་པར་གཞུང་སྒེར་ལ་ཁུངས་མེད་ཀྱི་སྐྱོན་བརྗོད་བྱེད་མཁན་དེ་རིགས་ཚང་མས་ཀྱང་ངེས་པར་གོ་དགོས་པའི་གཏམ་ཡིན།
དེར་མ་ཟད། ཁྱེད་རང་རྩོམ་པ་པོ་ཞིག་ཡིན་པ་མ་ཟད་བོད་མི་མང་གི་སྤྱི་འཐུས་ཤིག་ཀྱང་རེད། དེ་ཡིན་ན་ཁྱེད་རང་ངའི་སྤྱི་འཐུས་ཀྱང་རེད། རྩོམ་པ་པོ་ཞིག་ནས་ཁ་ཡོ་ནས་བཤད་པ་དང་སྨྱུག་རྩེ་དཀྱོག་ནས་འབྲི་བ། སྤྱི་འཐུས་ཤིག་ནས་སྤྱི་འབངས་ཤིག་ལ་ཁུངས་མེད་ཉེས་འཛུགས་བྱེད་པ་འདི་དག་ཁྱེད་རང་རྩོམ་པ་པོ་དང་སྤྱི་འཐུས་སྒེར་ལ་མཚོན་ནའང་རང་གིས་རང་ལ་མཐོང་ཆུང་དང་དམའ་ཕབ་པ་ཞིག་ཀྱང་ཡིན་ན་དེ་ལྟར་མི་བྱེད་པའི་གཞེན་སྐུལ་ཞིག་ཀྱང་ཡིན།
རྩ་བས་ངས་ཁྱེད་རང་ལ་མིན་པརཁྱེད་རང་གི་རྩོམ་ལ་སྐྱོནསེལ་བྱས་པ་དེར་ཁྱེད་རང་དགའ་མི་འདུག དེར་མ་དགའ་ནའང་སྡུག་གྱོང་རེད་ཞུ་ཡ་ཡིན། མུ་མཐུད་དུ་སྐྱོན་སེལ་ཞུ་གི་ཡིན། ང་རང་གིས་གང་ཞིག་བྲིས་ཀྱང་ང་ལ་མིན་པར་ངས་བྲིས་པ་དེ་ལ་དགག་གཞག་དང་ཚིག་ངན་ཆར་བ་འབེབས་འབེབས་བྱསནའང་དེ་ལ་དགའ་བསུ་ཡོད། དེ་ནི་ངས་རེ་སྒུག་དང་ངའི་འཐོབ་བྱའང་དེ་ཡིན། གཞན་མི་མཐུན་པའི་བསམ་ཚུལ་ཁ་ཐུག་ཁ་ཐུག་བཤད་རྒྱུ་དེ་ནི་རང་ཉིད་ལ་ཨ་མས་གནང་བའི་ལེགས་སྐྱེས་ཡིན་པས་ནམ་ཡང་གཅེས་ཉར་བྱེད་གི་ཡིན། སྟེང་ལྷ་ལ་ཕོག་ན་འོག་ཀླུ་ལ་ཕོག་ན། ཨ་མའི་ལེགས་སྐྱེས་དེ་ནི་ངའི་གཅེས་ནོར་ཡིན། ད་རུང་མུ་མཐུད་མི་ལ་ཡ་ལ་བཙུགས་ན་ཁྲིམས་ཁང་ནང་ཁྲིམས་གཏུགས་བྱེད་གི་ཡིན་ད།
dhatsenpaལགས་ཀྱིས་ཟླ་ཚེས་August 30th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
བོད་ཀྱི་ལོ་རྒྱུས་ཐོག་ནུབ་གླིང་བ་དང་ཆང་ས་རྒྱག་མཁན་དང་པོ་དེ་བདེ་ཆེན་ཡིན་ན་ཁྲིག་ཁྲིག་མེད་གི
https://www.khabdha.org/?p=3773
རྒྱ་གར་ཤར་ཕྱོགས་ཚོང་སྡེའི་གཞུང་ཞབས་མི་སྣ་ ཇོར་ཇི་བྷེ་གལ་ཟེར་བ་དེ་བྷེང་ལོར་དང་བོད་བར་ཚོང་འབྲེལ་གྱི་ཆེད་དུ་ ༡༧༧༤ ལོར་གཙང་ལ་སླེབས་ནས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ལ་མཇལ་ཞིང་། བཀྲ་ཤིས་ལྷུན་པོར་བོད་ཡིག་སྦྱངས་ནས་བསྡད་འདུག ཕ་ཁྲི་རིག་ཧྥི་རེན་ཆི་ནས་བྲིས་པའི་བོད། བོད་ཟེར་བའི་དབྱིན་དེབ་དེའི་ནང་བྲིས་པ་ལྟར་ན། བྷེ་གལ་གྱིས་བོད་མོ་བདེ་ཆེན་ལ་ཆང་ས་རྒྱབ་འདུག་པ་དང་། ཁོང་གཉིས་ལ་ བུ་མོ་གཉིས་ཡོད་པ་དང་། བུ་མོ་དེ་གཉིས་སློབ་སྦྱོང་གི་ཆེད་དུ་ཕྱིར་སི་ཁོ་ཊི་ལན་ཊིར་བཏང་ཚུལ་བྲིས་འདུག ཡང་ཝེ་ཀི་ཧྥེ་ཌེས་ཡ་ནང་ཡིག་ཆ་ཞིག་མཐོང་བའི་ནང་། བྷོ་གལ་གྱིས་ཆང་ས་རྩ་ནས་བཀྱོན་ཡོད་པ་མ་རེད། ཡིན་ནའང་། ཁོ་ལ་བུ་ཇོར་ཇི་དང་བུ་མོ་མར་ཐ་དང་མེ་རི་གཉིས་ཡོད་པ་རེད། ཁྱིམ་མིའི་ངག་རྒྱུན་གཞིར་བཟུང་ན་བུ་མོ་རྗེས་མའི་ཨ་མ་བོད་མོ་རེད་ཅེས་བྲིས་འདུག གནས་ཚུལ་འདི་འདྲ་ཡ་ཁ་མ་ཁ་ཐོ་མི་ཐུག་པ་ཞིག་མ་གཏོགས་ལག་ཡོང་བྱུང་མ་སོང་། སུ་གང་ཞིག་ནས་གནས་ཚུལ་ཁུངས་ཐུབ་རེ་རྙེད་ན་འདིར་འགོད་རོགས་གནང་།
dhatsenpaལགས་ཀྱིས་ཟླ་ཚེས་August 8th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཨ་ཕའི་གསོལ་ཕོར་ངོས་འཛིན་སྟངས།
https://www.khabdha.org/?p=3453
མགོན་པོ་ཕྱག་གཉིས་པ།
འཛམ་གླིང་ནང་ཆོས་ལུགས་མང་པོ་ཞིག་ཡོད་པ་རེད། དེའི་ནང་ནང་པ་སངས་རྒྱས་པའི་ཆོས་འདི་རྒྱ་ཆེ་ཤོས། གཏིང་ཟབ་ཤོས། འཐུས་ཚང་ཤོས་ཤིག་གི་གྲས་ཡིན་པ་དེ་ནི་བཤད་མ་དགོས་པ་ཞིག་རེད། དེ་ཡང་ནང་ཆོས་ཟེར་ན་སངས་རྒྱས་ཀྱི་གསུང་གཅིག་པོ་མིན་པར། གནའ་ནས་ད་བར་གྱི་སངས་རྒྱས་ཀྱི་རྗེས་འཇུག་པ་མང་པོ་ཞིག་ནས་ལྗགས་རྩོམ་གནང་བ་དེ་དག་ཀྱང་དེར་འདུས་ཡོད་པ་རེད། དེ་བས་ད་ལྟ་མང་བོ་ཞིག་ནས་ ་་ཚན་རིག་དང་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་ཐུབ་་ ཟེར་གྱི་ཡོད་པ་རེད། ཡིན་ན་ཡང་། གྲ་མ་ཆག་གྲུ་མ་ཞིག་པར་ཁྱོན་ཡོངས་ནས་ཚན་རིག་དང་མཐུན་གྱི་ཡོད་ཟེར་ན་དེ་ནི་ཡོངས་ཐབས་མེད་པ་ཞིག་རེད། ལྟ་བ་མི་མཐུན་པ་ཞིག་བྱུང་བྱུང་ཚང་མར་ཁ་གཏད་གཅོག་དགོས་ན་རྣམ་པ་ཚོར་སྐུ་མཉེལ་བོ་ཡོང་གི་རེད།
ངས་བལྟས་ན་ཁྱེད་ཚོ་འགའ་རེས་རང་གི་ཨ་ཕའི་ཁ་ཕོར་ངོས་ཟིན་གི་མེད་པ་དང་བདག་གཅེས་བྱེད་སྟངས་ཤེས་གི་མི་འདུག རིའི་རྒྱལ་པོ་རི་རབ་རྡུལ་ཕྲན་མཚོན་གྱིས་གཏོར་ནའང་གཏོར་ཆུག རྫུ་འཕྲུལ་གྱིས་མཁའ་ལ་འཕུར་མཁན་ཚོའི་རྐང་པ་རྣོན་པོ་གྲི་ཡིས་བཅད་ནའང་གཅོད་ཆུག དྲག་རྩལ་མཐུ་སྟོབས་ཅན་གྱི་སྲུང་མ་ཚོ་མི་མངོན་དབྱིངས་སུ་འདེད་ནའང་འདེད་ཆུག འཇིག་རྟེན་ཆགས་རབས་ཀྱི་དེབ་ཐེར་མཐུག་པོ་དག་དམར་པོ་མེ་ལ་བསྲེགས་ནའང་སྲེགས་ཆུག དེ་དག་ནི་ཨ་ཕའི་ཁ་ཕོར་དང་འབྲེལ་བ་ཡོད་དུ་ཆུག་དང་ཨ་ཕའི་ཁ་ཕོར་ངོ་མ་དེ་མིན་པ་འདྲ།
དེས་ན་ཨ་ཕའི་ཁ་ཕོར་ངོ་མ་དེ་གང་ཞིག་རེད། ཨ་ཕའི་ཁ་ཕོར་ངོ་མ་དེ་འཛམ་གླིང་གི་ཆོས་རིག་ག་འདྲ་ཞིག་གི་མཉམ་དུ་བཞག་ཀྱང་ཀུན་གྱི་ནང་དུ་མུ་ཏིག་གི་རྡོག་པོ་ཞིག་བཞིན་འོད་ཟེར་ལམ་ལམ་འཕྲོ་བཞིན་པ་དེ་རེད། ཚན་རིག་པ་དང་བཅས་པའི་རྒོལ་བ་སྟོང་གིས་གཙེས་ཀྱང་གཞོམ་མེད་རྡོ་རྗེའི་རི་བོ་བཞིན་དུ་ཚུགས་པར་དཀའ་བ་དེ་རེད། དེ་ནི། མི་རྟག་དུ་ཁ་སྟོང་བ་བདག་མེད་པ་ཟེར་བའི་ཚིག་བཞི་བོ་འདི་ཡིན་ལས་ཆེ། དེ་ནི་བདེན་པ་བཞི། བདེན་པ་གཉིས་ཟེར་བ་འདི་ལོས་ཡིན་སྙམ། དེ་ནི་ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་བ་མེད་པ་ཟེར་བ་འདི་ལོས་ཀྱང་ཡིན། དེ་ནི་ཞིབ་ཚགས་པོ་དང་ལྡན་པར་དབྱེ་བ་ཕྱེ་བའི་སེམས་དང་སེམས་བྱུང་ཉོན་མོངས་དང་བཅས་པ་དང་། དེའི་གཉེན་པོར་གྱུར་པའི་གསུང་གི་བདུད་རྩི་འདི་ཚོ་ཡིན་པ་བཤད་ཅི་ལ་དགོས། ཨོ་ད་རུང་སྟོང་ཉིད་སྙིང་རྗེ་ཟེར་བ་འདི་ཡང་རེད་དོ་ཟེར།
རྩ་ཆེ་བའི་ཡིད་བཞིན་གྱི་གསོལ་ཕོར་འདི་འདྲ་ཞིག་ཡོད་བཞིན་དུ་སུ་གང་ཞིག་ལ་ཁྱེད་ཚོ་དགྲ་བསག་ཏུ་འགྲོ་གི་ཡིན། འདི་འདྲར་ཐུག་ན་མགོན་པོ་ཕྱག་གཉིས་ཀྱི་ཕྱག་ཟུང་ཡང་ཐལ་མོ་མ་སྦྱར་རང་སྦྱར་རེད།
dhatsenpaལགས་ཀྱིས་ཟླ་ཚེས་July 28th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཟམ་གདོང་རིན་པོ་ཆེ་སྐྱར་དུ་བཀའ་ཁྲིར་འདེམས་དགོས་པ་རེད་དམ།
https://www.khabdha.org/?p=3452
ང་ཚོ་ཚང་མས་ཤེས་གསལ་ལྟར། ཟམ་གདོང་རིན་པོ་ཆེ་སྐྱར་དུ་བཀའ་ཁྲིར་འདེམས་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད་པ་དེ་རེད། ད་ག་རེ་བྱེད་དགོས་རེད། དེ་ལ་བྱེད་ཡ་གང་ཡང་ཡོད་མ་རེད། ཡིན་ན་ཡང་། མི་ཉུང་ཤས་ཤིག་ནས་འགུལ་སྐྱོད་བྱས་ཏེ་ཁྲིམས་འགལ་གྱི་བྱ་བ་དེ་ཁྲིམས་མཐུན་ལ་བསྒྱུར་ཐབས་སུ་ཁྲིམས་ཡིག་ལ་བསྒྱུར་བཅོས་བྱེད་པར་འབད་བཞིན་པ་དེ་ནི་ཁྲིམས་འགལ་ཞིག་མིན་ན་ཡང་གད་མོ་ཤོར་དགོས་པ་ཞིག་རེད། མ་གཞི་སྐད་ཆ་འདི། ཐུབ་བསམ་གྱིས་བཀའ་ཁྲི་འཚོལ་བའི་ལས་གཞི་མགོ་འཛུགས་ཞུ་སྐབས་ནས་ངས་གོ་སོང་། ཁོང་ནས་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཡོད་པ་མ་རེད། དྷ་སར་མི་རེ་ཟུང་གིས། ཁྲིམས་ཡིག་ལ་བསྒྱུར་བཅོས་བཏང་ན་ཟམ་གདོང་རིན་པོ་ཆེ་ཡང་སྐྱར་བཀའ་ཁྲིར་སླེབས་པའི་ལམ་ཀ་ཡོད་པ་རེད་ཟེར་གི་འདུག་ཟེར།
དངོས་གནས་ཁེ་ཕན་ཆེན་པོ་ཞིག་ཡོད་པ་ཡིན་ན་དེ་ལྟར་བྱས་ན་ཡང་མ་འགྲིགས་པ་ག་ལ་ཡོད་པ་རེད་དེ། ཡིན་ན་ཡང་། ངས་དེ་ནི་བྱིས་པའི་སྤྱོད་པ་ལྟ་བུ་ཞིག་ལས་མིག་རྒྱངས་རིང་བའི་དོན་ཞིག་ཏུ་རྩ་ནས་མཐོང་གི་མི་འདུག ད་དེར་སྐད་ཆ་མང་པོ་བཤད་འདོད་མེད། ཆེས་ཉུང་ཉུང་ཞིག་བཤད་གི་ཡིན།
གཅིག དེ་ནི་ཁྲིམས་འགལ་རེད། གང་ཟག་སྒེར་བ་རེའི་ཆེད་དུ་ཁྲིམས་ལ་བསྒྱུར་བཅོས་བྱེད་དགོས་ན་མ་འོངས་པར་ཁྲིམས་ལ་བསྒྱུར་བཅོས་ག་ཚོད་ཅིག་བྱེད་དགོས་པ་རེད། གཅིག་བྱས་ན། དེའི་རྗེས་ལ་རྒྱལ་བ་ཀརྨ་པ་བཀའ་ཁྲིར་སླེབས་པའི་ཆེད་ཡང་ཁྲིམས་ལ་བསྒྱུར་བཅོས་ཤིག་བྱེད་དགོས་རྒྱུ་རེད། ང་ཚོའི་ཁྲིམས་ཡིག་དེ་ཕར་ཚུར་གཡུག་ཆོག་ཆོག་སྤོ་ལོ་ནང་བཞིན་ཞིག་ལ་བཟོ་འདོད་ཡོད་པ་མ་རེད་དམ།
གཉིས རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་འགལ། རྒྱལ་བ་རིན་པོ་ཆེས་དགོངས་ལོ་གཞོན་པ་ཞིག་ལ་ཐུགས་རེ་གནང་གི་མི་འདུག་གམ།
གསུམ། ཟམ་གདོང་རིན་པོ་ཆེའི་དགོངས་གཞི་དང་ཡང་འགལ། ཁོང་ནས་ཀྱང་ལོ་གཞོན་ཞིག་བཀའ་ཁྲིར་སླེབས་པའི་ཆེད་དགོངས་པ་ཞུ་རྩིས་བྱས་པ་ལྟར་རེད། རང་ཉིད་རྗེས་མའི་བཀའ་ཁྲིར་སླེབས་པའི་ཆེད་དགོངས་པ་ཞུ་རྩིས་བྱས་པ་ཡིན་རྒྱུ་མ་རེད།
བཞི།ད་དེས་ན་བོད་མི་མང་ཆེ་བའི་བསམ་ཚུལ་དང་ཡང་འགལ་ཡོད་པ་བཤད་མ་དགོས་པ་རེད།
ལྔ། ཟམ་གདོང་རིན་པོ་ཆེས་བྱེད་དགོས་པ་ཚང་མ་བྱས་ཚར་རེད། ཉེ་སྔོན་དང་པོ་ལྟར་བྱ་བ་གསར་པ་དེ་འདྲ་དམིགས་བསལ་བྱ་རྒྱུ་གང་ཡང་མི་འདུག་ག། དེ་འདྲ་ཡིན་ཙང་དགོངས་པ་ཞུ་བའི་ཁ་འཕྲོ་ཐུག་པ་རེད།
དྲུག་པ། མ་གཞི་ལོ་དྲུག་ཅུ་རེ་ལྔ་ནས་རྒན་གསོའི་དུས་ཚོད་ལའང་སླེབས་འདུག་ག ད་སེམས་ཀྱིས་ལྕོགས་རུང་ལུས་ཀྱིས་ལྕོགས་གི་ཨེ་ཡོད་ན།
བདུན་པ། གལ་སྲིད་ལྕོགས་གི་ཡོད་ན་བཀའ་བློན་གནང་ནའང་འགྲིགས་གི་རེད། ཡིན་གཅིག་མིན་གཉིས་ཁྲིམས་ལ་འགྱུར་བ་བཏང་ནས་བཀའ་བློན་ཁྲི་བ་བྱེད་དགོས་པ་ཨེ་ཡོད།
བཀའ་སྤྱི་གཙོས་པའི་བོད་མི་ཚང་མས་འདིའི་སྐོར་ཧོལ་རྒྱུགས་མི་བྱེད་པར་བསམ་ཞིབ་ནན་པོ་གནང་རོགས།
dhatsenpaལགས་ཀྱིས་ཟླ་ཚེས་July 28th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ལྷ་དང་ལྷ་ཡུལ་ལས་འཕྲོས་པའི་གཏམ།
https://www.khabdha.org/?p=3406
མགོན་པོ་ཕྱག་གཉིས་པས།
དེ་རིང་ལྷ་དང་ལྷ་ཡུལ་དང་འབྲེལ་བའི་སྐད་ཆ་ཉུང་ཉུང་ཞིག་བཤད་ན་འདོད་བྱུང་། སྤྱིར་མ་རྙེད་པ་ལ་བརྟེན་ནས་མེད་ཅེས་བཤད་ན་དེ་ནི་ཚན་རིག་དང་མཐུན་པའི་སྐད་ཆ་ཞིག་མ་རེད། སྐད་ཆ་དྲང་མོ་ཞིག་བཤད་ན། ལྷ་དང་ལྷ་ཡུལ་ཡོད་མེད་ངས་མི་ཤེས། ཡིན་ན་ཡང་། ང་ཚོས་ད་བར་ག་རེ་ཤེས་ཡོད་པ་རེད་ཟེར་ན། འཛམ་གླིང་རིལ་རིལ་འདིའི་སྒང་རིག་གཞུང་དང་ཆོས་ལུགས་མི་འདྲ་བ་ལ་བརྟེན་ནས་ལྷ་དང་ལྷ་ཡུལ་ཡང་མི་འདྲ་བ་བྱུང་ཡོད་པ་དེ་ཤེས་ཐུབ་ཡོད་པ་རེད། དེར་མ་ཟད། ལྷ་དང་ལྷ་ཡུལ་དེ་ཚོ་རིག་གཞུང་དེ་དང་དེའི་ཁྱབ་ཁོངས་ཀྱི་མིའི་སྤྱི་ཚོགས་དེའི་སྣོད་བཅུད། འདོད་འདུན གོམས་སྲོལ་ ཆས་གོས ། དགའ་སྡུག་ཆགས་སྡང་ཚུད་ཆད་ནས་རིག་གཞུང་དེ་དང་སྤྱི་ཚོགས་དེས་བཟོས་བཞག་པ་འདྲ་བོ་ཞིག་ཡོད་པ་རེད།
གྷི་རིག་ལ་གྷི་རིག་གི་རིག་གཞུང་ལས་སྐྱེས་པའི་ལྷ་དང་། རྒྱ་གར་ལ་རྒྱ་གར་གྱི་ལྷ་དང་ལྷ་ཡུལ་ཡོད་པ་རེད། ང་ཚོ་བོད་ལ་གཞི་བདག་དེ་ཚོ་མ་གཏོགས་བོད་དྲི་བྲོ་བའི་ལྷ་དང་ལྷ་ཡུལ་ཡོད་པ་མ་རེད། ང་ཚོའི་ལྷ་དང་ལྷ་ཡུལ་དེ་ཚོ་རྒྱ་གར་དང་གཅིག་པ་རེད། ཚ་བའི་ཡུལ་གྱི་ལྷ་དེ་ཚོས་རས་རྐྱང་དང་སོར་གདུབ་རྐང་གདུབ་སོགས་རྒྱན་གོས་གོན་ཏེ་རྒྱ་གར་བ་འདྲ་བོ་ཡོད་པ་ལས་ལྷ་རྩག་གོན་བོད་པ་དང་འདྲ་བ་ཕལ་ཆེར་མེད་པ་འདྲ།
ནང་ཆོས་ཀྱི་ནང་གི་དག་ཞིང་དེ་ཚོའང་ནང་པའི་ཆོས་གཞུང་དང་མཐུན་པའི་དག་ཞིང་རྐྱང་རྐྱང་ཡིན་པ་ལས་ཁ་ཆེའི་ཆོས་དང་ཡེ་ཤེས་ཆོས་སོགས་དང་མཐུན་པའི་དག་ཞིང་ཞིག་མིན་པ་རེད།
ཡང་གཅིག་བཤད་ན། ལོ་རྒྱུས་ཀྱི་བྱུང་རབས་ལ་བརྟེན་ནས་ལྷའི་རྣམ་པ་ལའང་གདོད་མ་ནས་ད་བར་འཕེལ་འགྱུར་གང་འཚམས་བྱུང་ཡོད་པ་དེའང་ང་ཚོས་ཤེས་ཐུབ་པའི་དོན་དག་ཅིག་ཆགས་ཡོད་པ་རེད། དཔེ་བཞག་ན། ཆེས་གདོད་མའི་ལྷ་དེ་ཚོ་སྲོག་ཆགས་འདྲ་མིན་གྱི་རྣམ་པར་བཟུང་ཡོད་པ་དང་། དེ་ནས་རིམ་པས་འགྱུར་ཏེ་ཕྱེད་མི་དང་ཕྱེད་སྲོག་ཆགས་ཀྱི་རྣམ་པ་ཅན། དེ་ནས་མིའི་རྣམ་པ། མི་ལས་འདས་པ་བཅས་རིམ་འགྱུར་བྱུང་བ་རེད། དེར་མ་ཟད་མིའི་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་མཉམ་དུ་ལྷ་ཡུལ་ལ་ཡང་འཕེལ་རྒྱས་བྱུང་སྟེ་རང་བྱུང་ལ་གནས་པའི་ལྷ་ནས་ཁང་ཁྱིམ་སོགས་ལ་གནས་པའི་ལྷ། དེ་ནས་རིམ་པས་འགྱུར་ཏེ་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ལྡན་པའི་མིའི་སྨོན་ཡུལ་གྱི་ལྷ་ཡུལ་ཞིག་བྱུང་བ་རེད།
ལྷ་ཡུལ་གྱི་སྣོད་བཅུད་དེའང་ང་ཚོ་མིས་ནམ་རྒྱུ་ཡིད་སྨོན་བྱེད་པའི་གསེར་དངུལ་མུ་ཏིག་གི་རིགས་དང་། སྐྱེད་མོས་ཚལ་ཡིད་དུ་འོང་བ། རིན་པོ་ཆེས་གྲུབ་པའི་གཞལ་ཡས་ཁང་སོགས་ཀྱིས་གྲུབ་ཡོད་པ་རེད། ཡང་སྟབས་ཉེས་པ་ཞིག་ལ། ང་ཚོ་མིའི་སྤྱི་ཚོགས་བཞིན་འཁྲུག་རྩོད་བྱེད་པ་དང་། བག་མ་གཏོང་ལེན་དང་རྐུ་འཕྲོག་གི་རིགས་དེ་མཚམས་མ་ཆད་པར་ཡོང་གི་ཡོད་པ་རེད། ཕྱོགས་མང་པོ་ཞིག་ནས་ལྷ་དང་ལྷ་ཡུལ་ལ་བལྟས་ཡོང་ན། མིས་བཟོས་བཞག་པ་ལྟ་བུ་ཞིག་མ་གཏོགས་ཡོད་པ་མ་རེད། ད་དཔེ་ཞིག་འཇོག ཁྱེད་རང་ལ་ཕྱི་ལོགས་སུ་བྱིས་པ་ཞིག་རྙེད་པའི་དབང་དུ་བཏང་ན། དེའི་ཤ་མདངས་དང་གཟུགས་དབྱིབས་སོགས་ནས་མི་རིགས་གང་ཞིག་ཡིན་པ་ཤེས་ཀྱི་ཡོད་པ་དང་། དེ་ནས་ཆོས་གོས་རྒྱན་ཆ་སོགས་ལ་བརྟེན་ནས་རྒྱལ་ཁབ་གང་ཞིག་ཡིན་པའང་ཤེས་པ་རེད། དེ་ནས་ཁྲག་སོགས་ལ་བརྟག་དཔྱད་བྱས་ཏེ་ཕ་མའང་ཤེས་པ་རེད། དེ་ལྟ་བུ་རེད། ལྷ་དང་ལྷ་ཡུལ་གྱི་ཕ་ཁུངས་མ་ཁུངས་མིའི་སྤྱི་ཚོགས་ཡིན་པ་དེ་རིགས་པ་དང་རྒྱུ་མཚན་གཅིག་པོ་ལ་བརྟེན་པ་མིན་པར་དཔང་རྟགས་ལའང་བརྟེན་ཡོད་པ་རེད།
ད་ཕྱོགས་གཞན་ཞིག་ནས་བལྟས་ཡོང་ན་ ་་ཚན་རིག་དང་མི་མཐུན་པའི་ཆོས་ལུགས་་ ཚོ་ཨ་ཅང་ཅང་ང་ཚོའི་ ་་ཚན་རིག་དང་དཔུང་བ་མཉམ་གཤིབ་བྱེད་ཐུབ་པ་་ ནང་ཆོས་ཀྱི་གཞུང་དུའང་བདེ་བ་ཅན་གྱི་ཞིང་ཁམས་མང་པོ་ཞིག་ཆགས་སྟངས་དང་། ཁ་ཕྱོགས་སོགས་གསལ་བོ་བཀོད་ཡོད་པས་དེ་ཡོད་པ་མ་རེད་ཟེར་ཅི་ལ་ཐུབ། དམྱལ་བ་མནར་མེད་སོགས་ཀྱང་ས་འོག་རིམ་པ་དཔག་ཚད་ཅིག་ཅིག་ཅིག་ཟེར་ནས་ལོ་ཚད་དང་བཅས་བཤད་ཡོད་པ་རེད། ད་ཚན་རིག་དེ་ཡར་རྒྱས་ཀྱི་རྩེ་མོར་མ་སོན་ན་ཤེས་ཁ་དཀའ་རྒྱུ་རེད་གོ དམྱལ་ཁམས་དེ་གཏིང་རིང་དྲགས། ལྷ་ཡུལ་དེ་མཐོ་དྲགས། རིག་གཞུང་གི་ཁྱབ་ཁོངས་རེར་ལྷ་ཡུལ་རེ་དང་དམྱལ་ཁམས་རེ།
ད་སྙིང་རྗེ། ཚན་རིག་པ་ཚོས་དཀའ་རྒྱུ་རེད་ཡ།
dhatsenpaལགས་ཀྱིས་ཟླ་ཚེས་July 27th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཆུ་སྒང་སྐོར་དྲི་བ་འགའ།
https://www.khabdha.org/?p=3378
ཆུ་བཞི་སྒང་དྲུག་གི་སྐོར་ཕྱོགས་གཉིས་ནས་བལྟ་དགོས་ཀྱི་འདུག ཡག་པོ་་བྱས་པའི་སྐོར་དེ་ཆུ་སྒང་རང་གིས་མང་པོ་ཞིག་བྲིས་ཡོང་གི་འདུག མི་སྒེར་དེ་འདྲས་ཀྱང་འགའ་ཤས་རེ་བྲིས་ཡོང་གི་འདུག ད་ཆུ་སྒང་གི་སྐྱོན་བྲིས་པའི་དེབ་དེ་འདྲ་སུ་གང་གིས་བྲིས་ཡོད་པ་རེད་དམ། དེ་ཡང་གལ་ཆེན་པོ་རེད་འདོད།
ཆུ་བཞི་སྒང་དྲུག་གིས་ནང་ཁུལ་གསོད་རེས་བཏང་བ། གཞན་ལ་ཇག་བཅོམ་བྱས་པ། ལག་པ་གཅིག་ནང་གྲི་བཟུང་སྟེ་ཁྱོད་ལ་འདི་དགོས་ལེ་རེད། འདི་དགོས་ལེ་ལེ་རེད་ཟེར་ནས་གྲི་དང་མཇེ་གཉིས་བསྟན་ནས་བུད་མེད་ལབཙན་གཡེམ་བྱས་པ། གཞན་གྱི་ཆུང་མ་འཕྲོག་པ། བཙན་བྱོལ་སྤྱི་ཚོགས་ནང་ཡང་ཆུ་སྒང་དང་རྗེས་འབྲེལ་གྱིས་རྙོག་དྲ་སྔ་ཕྱིར་བྱུང་བ། རྒྱལ་དབང་རིན་པོ་ཆེར་ཐུགས་ཕམ་གནང་བཅུག་པ་དེ་འདྲ་བློ་ཡིད་ལ་ཤོང་དཀའ་བའི་གནས་ཚུལ་ཡང་མང་པོ་ཞིག་གོ་རྒྱུ་འདུག་ག
ད་མདོར་དེད་ན་ཆུ་བཞི་སྒང་དྲུག་བཙུགས་པའི་ལེགས་ཆ་གཙོ་བོ་དེ་ག་རེ་རེད། ཆུ་སྒང་བཙུགས་མེད་ན་ག་རེ་བྱུང་ཡོད་པ་རེད། བོད་མི་བསད་གྲངས་ཉུང་དུ་ཕྱིན་ཡོད་པ་རེད་མང་དུ་ཕྱིན་ཡོད་པ་རེད། རྒྱལ་བ་རིན་པོ་ཆེས་གཙོས་པའི་བོད་མི་འདི་འདྲ་མང་པོ་ཞིག་བཙན་བྱོལ་དུ་ཡོང་ཐུབ་ཡོད་པ་རེད་ཡོད་པ་མ་རེད། གཞན་གྲུབ་འབྲས་ག་རེ་ཡོད་པ་རེད། དེ་མིན་རྒྱ་མིར་དམག་རྒྱབ་པ་དང་མི་བསད་པ་དེ་ཚོ་གྲུབ་འབྲས་ཤིག་ཐོབ་པའི་ཆེད་དུ་ཡིན་ན་ཡང་དེ་གྲུབ་འབྲས་གང་ཡང་མ་རེད། འདས་ཟིན་པའི་དཔའ་བོ་དེ་ཚོའི་དྲིན་ལ་དམག་གང་འཚམས་རེ་རྒྱབ་ཡོད་ན་ཡང་མཐའ་མཇུག་ལྷག་མ་རྣམས་ཁྱི་རྐུན་གྱི་རྔ་མ་བཅད་པ་བཞིན་གཅིག་བསྐྱུར་གཉིས་བསྐྱུར་བྱས་ནས་རྒྱ་གར་ལ་སླེབས་པ་རེད། རང་ཉིད་ཤི་མ་དགོས་པ་ཡག་པོ་བྱུང་རེད། སྡར་མའི་རང་རྟགས་མངོན་པར་བསྟན་ཟིན་རྗེས་ཕྱི་ལོགས་སུ་སླེབས་པ་དང་དཔའ་སྐད་འཐེན་པ་ནི་ངོ་ཚ་དགོས་པའི་གནས་རེད།
རྒྱ་གར་དུ་སླེབས་ནས་ཀྱང་གློ་སྒྲིག་འཛུགས་བཙུགས་པ་ལ་དགོས་པ་ག་རེ་བྱུང་ཡོད་པ་རེད། གལ་སྲིད་གློ་སྒྲིགས་འཛུགས་མ་བཙུགས་པར་གསར་རྒོད་དེ་ཚང་མ་སློབ་གྲྭར་བཏང་། གཞན་རྣམས་ཀྱིས་བོད་མིའི་སྤྱི་ཚོགས་དང་རང་གི་འཚོ་བ་ཡར་རྒྱས་གཏོང་བར་གཅིག་ཏུ་འབད་ཡོད་ན་ད་ལྟའི་གནས་སྟངས་དེ་གང་འདྲ་ཞིག་ཡོད་པ་རེད། སྡུག་ཏུ་ཕྱིན་ཡོད་པ་རེད། ཡག་ཏུ་ཕྱིན་ཡོད་པ་རེད།
འདས་པ་དེ་འདས་པ་ཡིན་ན་ཡང་འདས་པ་དེ་མ་འོངས་པར་ལྟ་བའི་མེ་ལོང་ཡིན་པས་ལེགས་ཉེས་ཚང་མ་འབྲི་ཐུབ་ན་ཡག་པོ་རེད་འདོད།
སྤྱིར་བཏང་མི་ཚང་མ་ངོ་དགའ་དང་ཕྱེ་གཏོར་ལ་དགའ་བས་མཐུན་ཕྱོགས་རྐྱང་རྐྱང་བཤད་བསྡད་ན་མི་ཡང་དགའ། རང་དོན་ཡང་འགྲུབ་པ་དེ་འདྲ་ཡིན་ན་ཡང་། ང་ཚོས་ཅིག་ཅིག་བྱས་པ་ཡིན། ཉིག་ཉིག་བྱས་པ་ཡིན་ཟེར་ནས་རང་བསྟོད་རྐྱང་རྐྱང་བྱས་བསྡད་ན་རང་མགོ་རང་གིས་གཡོགས་པ་རེད།
dhatsenpaལགས་ཀྱིས་ཟླ་ཚེས་July 26th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
བླ་བྲང་སློབ་ཕྲུག་གི་ངོ་རྒོལ་དང་ཁྲིན་ཅན་ཧྦའི་སྐད་ཆ།
https://www.khabdha.org/?p=2616
བར་ལམ་གསར་གནས་བརྒྱུད་ལམ་ཁག་ཏུ་སླེབས་ཟིན་པ་ལྟར། ཉེ་སྔོན་ཕྱི་ཟླ་ ༤ ཚེས་༢༤ ཉིན་བསང་ཆུ་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་རྒྱུ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་ཡང་ཡེ་རྡོར་ཟེར་བ་ཞིག་ནས་༧གོང་ས་མཆོག་ལ་མཚན་སྨད་བྱས་པ་དང་། རྒྱ་ཕྲུག་གིས་བོད་ཕྲུག་མཐོ་སློབ་ཏུ་འགྲོ་མཁན་ཚོའི་ས་མིག་ལེན་གྱི་ཡོད་པ་ལ་བརྟེན་ནས་ཡིན་འདུག དེ་ལ་རྒྱ་གཞུང་གིས་༤།༢༤ དོན་རྐྱེན་ཞེས་དམ་དྲགས་ཤུགས་ཆེ་བྱས་འདུག་ཀྱང་། དེ་ནས་ཉིན་དྲུག་གི་ ཕྱི་ཟླ༤ཚེས་༣༠ཉིན་བསང་ཆུ་རྫོང་སློབ་ཆུང་གི་སློབ་མ་ཚོས་ཀྱང་ཕྱི་ལ་འགྲོ་བསྐྱོད་བྱེད་མ་ཐུབ་ཀྱང་རང་ཚོའི་སློབ་རའི་ནང་གཞུང་ལ་ངོ་རྒོལ་བྱས་འདུག ད་རུང་དེའི་སྔོན་༤།༠༩ ཉིན་གྱི་དོན་རྐྱེན་ཟེར་བ་ཞིག་ཀྱང་བྱུང་འདུག གནས་ཚུལ་འདི་རིགས་ཆེ་ཆུང་ལ་མ་ལྟོས་པར་བོད་ནང་ལ་ཡང་ཡང་འབྱུང་གི་ཡོད་པའི་སྤྱིར་བཏང་གི་གནས་ཚུལ་ཞིག་རེད་ཅེས་བརྗོད་ཀྱང་མ་ཆོག་པ་མི་འདུག་སྙམ།
ངས་དོ་སྣང་བྱུང་བ་གཙོ་བོ་ནི་ངོ་རྒོལ་གྱི་གནས་ཚུལ་དེ་མིན་པར་དེའི་སྐོར་ལ་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཧྲུའུ་ཅི་ཁྲིན་ཅན་ཧྦས་བཤད་པའི་སྐད་ཆ་འདི་དག་རེད།
བོད་ཡིག་སྦྱོང་ནས་བེད་སྤྱོད་ག་རེ་ཡོད་པ་རེད?
བོད་ཡིག་སྦྱོང་ན་ཐའུ་མིན་འགག་སྒོ་ལས་ཕར་འགྲོ་ཐུབ་གི་རེད་དམ ?(ཨ་མདོ་གཙོས་དང་རྒྱའི་ལིན་ཞ་གཉིས་ཀྱི་ས་མཚམས)
བོད་རིགས་སློབ་གྲྦ་ཆུང་འབྲིང་གིས་སློབ་མ་ཇི་འདྲ་ཞིག་གསོ་སྐྱོང་བྱེད་གི་ཡོད། ?རྗེས་སྐྱོང་བ་གསོ་སྐྱོང་བྱེད་ཀྱི་ཡོད་དམ་ཡང་ན་གྲལ་རིམ་གྱི་དགྲ་བོ་གསོ་སྐྱོང་བྱེད་གི་ཡོད?
འདི་ལས་ང་ཚོས་ཤེས་ཐུབ་པ་ནི་བོད་ཡིག་སྦྱོང་ན་རྒྱ་ནག་གུང་གཞུང་འོག་མདུན་ལམ་མེད་པ་ཆགས་ཡོད་པ་དང་། མདུན་ལམ་མེད་པའི་གནད་འགག་ཐུག་ས་དེའང་ཁྲིན་ཅན་ཧྦ་ལྟ་བུ་བོད་ནང་ལོ་ག་ཚོད་བསྡད་ཀྱང་བོད་མིའི་སྐད་དང་རིག་གཞུང་ལ་མཐོང་ཆུང་གི་འདུ་ཤེས་ལས་མེད་མཁན་གང་མང་མང་ཞིག་གིས་སྔོན་ནས་ད་བར་བོད་ཀྱི་ས་ཕྱོགས་གང་སར་ཁེངས་བསྡད་ཡོད་པས་མ་ཡིན་ནམ། ས་གནས་ཀྱི་འགོ་གཙོར་བོད་ཡིག་ལ་མཐོང་ཆུང་གི་འདུ་ཤེས་མ་གཏོགས་མེད་ཕྱིན་བོད་མི་རྣམས་ལ་བོད་ཡིག་སྦྱོང་སྤྱོད་ཀྱི་གོ་སྐབས་ཡངས་པོ་ཞིག་ཡོད་མི་སྲིད་ལ་དེ་མེད་པ་ཡིན་ན་བོད་ཡིག་གི་མདུན་ལམ་ཟེར་བ་ཞིག་གང་ནས་ཡོང་།
ད་བར་བོད་ནང་བྱུང་དང་འབྱུང་བཞིན་པའི་ལས་འགུལ་ཁག་གི་འབྱུང་རྩ་ཡང་མདོར་དེད་ན་ཀྲུང་དབྱང་ནས་ས་ཁུལ་རིམ་པ་བར་རྒྱ་དཔོན་འདི་འདྲ་བ་རྐྱང་རྐྱང་གིས་ཁེངས་བསྡད་ཡོད་པ་དེ་ལ་ཐུག གལ་སྲིད་ཁ་བྲལ་རིང་ལུགས་པ་ཞིག་ཡོད་པ་ཡིན་ན་མི་འདི་རིགས་ཀྱི་གྲས་ལས་གཞན་ལ་མཛུབ་མོ་འཛུགས་ས་ཞིག་རྙེད་དཀའོ།
རྒྱ་ནག་མི་རིགས་ཕལ་ཆེ་བའི་སྙིང་ཁམས་ཀྱི་ཟབ་སར་ས་འཇགས་རྡོ་འཇགས་སུ་ཆགས་པའི་མི་རིགས་ཆེན་པོའི་རིང་ལུགས་དང་མི་རིགས་གཞན་ལ་མཐོང་ཆུང་གི་འདུ་ཤེས་འཛིན་སྟངས་འདི་རིགས་ལ་འགྱུར་བ་ཞིག་མ་ཕྱིན་པར་བོད་ནང་ངོ་རྒོལ་གྱི་རིགས་མཚམས་ཆད་རྒྱུ་མིན་པ་དང་རྒྱ་བོད་བར་གྱི་དཀའ་ངལ་འདི་རིགས་ཀྱང་མུ་མཐུད་གནས་རྒྱུ་ཡིན་པ་རེད།
dhatsenpaལགས་ཀྱིས་ཟླ་ཚེས་May 10th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
མཚོ་ངོགས་ལ་ལྟ་སྐོར་ཕྱིན་པ།
https://www.khabdha.org/?p=2536
octopusཉེ་བའི་ཆར་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་ངོགས་སུ་ལྟ་སྐོར་ཐེངས་གཅིག་འགྲོ་བའི་གོ་སྐབས་ཐོབ་ཅིང་། མཛེས་སྡུག་ཡིད་དུ་འོང་བའི་ཉ་རིགས་མང་བོ་ཞིག་གིས་འདྲེན་བྱེད་ཟུང་གི་ཉེའུ་ཆུང་གཉིས་ཡང་ཡང་བསླུས་ཤིང་དམ་དུ་བཟུང་ལ། ཁོ་ཚོའི་སྒེག་པའི་ཉམས་དང་མྱུར་ལ་རྐྱེན་པའི་འཁྱུག་འགྲོས་ཀྱིས་ཡིད་ཀྱི་བརྟན་པ་ཅིག་གྱུར་དུ་འཕྲོག དེ་རིང་སྐྱར་དུ་སྙིང་ལ་རྗེ་བའི་ཉ་རིགས་འདི་དག་གི་མི་འདྲ་བའི་ཉམས་དང་ཁྱད་ཆོས་ཡིད་ངོར་འཕོས་ཏེ་སེམས་ནས་བསྐྱུར་ཐབས་མི་འདུག་པས་འདིར་ཉ་རིགས་འགའ་ཤས་ཤིག་ངས་ཁོ་ཚོར་བཅངས་པའི་བརྩེ་བ་མཚོན་བྱེད་དུ་ངོ་སྤྲོད་བསྡུས་ཙམ་རེ་བྱེད་ན་འདོད་བྱུང་། བོད་མིའི་སྤྱི་ཚོགས་ནང་ཉ་འདི་རིགས་མཐོང་མཁན་ང་དང་པོ་དེ་མིན་ན་ཡང་། འདི་རིགས་བོད་ཡིག་ནང་བོད་མིར་ངོ་སྤྲོད་བྱེད་མཁན་གཅིག་བྱས་ན་ང་དང་པོ་ཡིན་ཡང་སྲིད། ད་འདི་ནས་མར་བོད་མིང་རེ་བཏགས་ཏེ་ངོ་སྤྲོད་ཞུ་གི་ཡིན།
ཉ་མཆོངས་རྒྱག(dolphin)
ཉ་མཆོངས་རྒྱག་ནི་རྒྱ་མཚོའི་ངོས་ནས་ཡར་མཁའ་ལ་མཆོངས་ཤར་ཡང་ཡང་རྒྱག་རྒྱུར་དགའ་ལ་ཁོ་ཚོའི་མཛེས་སྡུག་ལྡན་པའི་མཆོངས་ཉམས་ཀྱིས་འཇིག་རྟེན་འདིའི་སྐྱེ་བོ་སུ་ཞིག་གི་ཡི་ག་བཟུང་མ་མྱོང་། ཁོ་ཚོ་ཆུ་ངོས་ནས་ཡར་ཕི་ཊི་ ༢༠ མཆོངས་ཐུབ་པ་དང་། རྐྱལ་རྒྱབ་ནས་རྒྱུག་ཤར་གློད་ན་ཆུ་ཚོད་རེར་མལ་ལེ་ ༢༥ རྒྱུགས་ཐུབ་སྐད། དེ་ནི་འཛམ་གླིང་ཐོག་ཆུ་རྐྱལ་བ་མགྱོགས་ཤོས་ལས་ལྡབ་གསུམ་གྱིས་ལྷག་འདུག
ཉ་རྐང་མང་ལག་མང་། (octopus)
འདི་ནི་ཉ་རིགས་ཤིག་ཡིན་པ་དང་རྐང་རྐ་ལག་མང་པོ་ཡོད་པས་ཉ་རྐང་མང་ལག་མང་ཞེས་འབོད་འདོད་བྱུང་། ཉ་རྐང་མང་ལག་མང་ལ་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི། ཁོ་དགའ་དང་མ་དགའ་བའི་སྐབས་དང་དགྲ་ལ་ཐུག་སྐབས་ཡིབ་པའི་ཆེད་དུ་མདོག་བསྒྱུར་ཐུབ་པ་དང་། རང་གི་གཟུགས་དབྱིབས་དང་ཆ་འདྲ་བའི་གཤེར་ཁུ་གྲིབ་མ་འདྲ་བ་ཞིག་ཤུལ་དུ་བཞག་ནས་མགྱོགས་པོར་ཉེན་གཡོལ་བྱེད་པ་རེད། དེ་བས་ཁོའི་དགྲ་བོ་གང་དེ་མིག་འཁྲུལ་ཏེ་ཁོས་ཤུལ་ཏུ་བསྐྱུར་བའི་གཟུགས་བརྙན་ལ་རྒོལ་བར་ནས་ཁོ་བྲོས་འགྲོ་གི་ཡོད་འདུག
ཉ་མེ་ཏོག་མ།(sea anemone)
ཉ་མེ་ཏོག་མ་ནི་ཁྱེད་རང་གིས་མཐོང་ན་ཆུ་ནང་སྐྱེས་པའི་འདབ་མ་མང་པོ་ཅན་གྱི་མེ་ཏོག་ཅིག་རེད་བསམས་པ་ལས་ཉ་ཞིག་ཡིན་པ་བློ་ཡིད་དུའང་འཆར་དཀའ། དོན་དངོས་སུ་འདི་ནི་ཉ་ཞིག་ཡིན་པ་མ་ཟད་ཉ་ཤ་ཟན་ཞིག་ཡིན་པ་རེད། ཉ་མེ་ཏོག་མ་འདི་རྟག་ཏུ་གནས་གཅིག་ཏུ་འགུལ་མེད་གཏན་འཇགས་སྡོད་པ་ལྟ་བུར་སྣང་ཡང་། མཚམས་རེར་མཚོ་སྡིག་རྺ་ཉའི་(hermit crabs)རྒལ་བར་ཁུར་ཏེ་གནས་སྤོར་གྱི་ཡོད། ཁོས་རང་གི་དུག་ཚེར་བསྣུན་ཏེ་ཉ་འབུ་སོགས་གསོད་ཅིང་བསད་པ་དང་འདབ་མའི་དཀྱིལ་གྱི་ཁ་ནང་དུ་བཅུག་ནས་ཟ་བར་བྱེད།
ཉ་དམར་དུང་འཕྲེང་མ།(clown fish)
ཉ་དམར་དུང་འཕྲེང་མ་ནི་ཉ་ཆུང་དམར་པོ་སྐེ་མཇུག་བར་གསུམ་དུ་ཚོན་མདོག་དཀར་པོ་དུང་འདྲ་བ་་སུམ་དཀྲིས་སུ་ཡོད་པ་ཞིག་རེད། དེ་ནི་ཉ་མེ་ཏོག་མ་དང་མཉམ་དུ་སྡོད་ཀྱི་ཡོད་པ་དང་། འདིས་ཉ་མེ་ཏོག་མར་ཁྲུས་རྒྱག་གི་ཡོད་པས་ཉ་མེ་ཏོག་མས་དུག་ཚེར་གྱི་གནོད་པ་མི་གཏོང་བའི་ཉ་གཅིག་རང་གཅིག་ཡོད་པ་དེ་ཡིན། ཁོ་གཉིས་ལས་ཀྱིས་བསྐོས་པའི་གྲོགས་པོ་ཡིན་འདུག ཚེ་སྔོན་མའི་ལས་ཅི་འདྲ་ཞིག་གི་བསྐོས་ཐང་ཡིན་པ་སུ་ཡིས་ཤེས། གཅིག་བྱས་ན། ང་ཚོའི་སྤྲུལ་སྨྱོན་དེ་ཚོའི་གཅིག་གིས་ཤེས་མི་ཡོང་ངམ།
མཚོ་སྡིག་རྺ་ཉའི་(hermit crabs)
མཚོ་སྡིག་རྺ་ཉ་ནི་སྐམ་ཐོག་གི་སྡིག་པ་རྺ་ཉ་དང་ཆ་འདྲ་སེ་བ་ཞིག་ཡིན་ཞིང་། དེ་ནི་ཉ་ལྕིབས་སོགས་སྲོག་ཆགས་གཞན་གྱི་ཤུན་སྐོགས་ནང་སྡོད་ཀྱི་ཡོད་པ་དང་། གནས་སྤོར་སྐབས་ཤུན་སྐོགས་རྒལ་བར་ཁུར་ནས་འགྲོ། དེ་ཆེན་པོ་ཆགས་ནས་ཤུན་སྐོགས་སྔོན་མའི་ནང་མི་ཤོང་སྐབས་གནས་སྡོད་བྱེད་སའི་ཤུན་སྐོགས་གཞན་ཞིག་འཚོལ། ཤུན་སྐོགས་གསར་པ་དེའི་ནང་མ་ཞུགས་སྔོན་དེ་སྟོང་པ་དང་གཙང་མ་ཡིན་མིན་ཡག་པོ་བརྟག་ནས་གནས་ཚུལ་གསལ་པོར་ཤེས་པ་དང་ལམ་སང་གནས་ཁང་རྙིང་པ་དོར་ཏེ་གསར་པའི་ནང་གཞི་འཛིན་པར་བྱེད། གཟུགས་པོ་ཚང་མ་སྐམ་པ་དང་སྡེར་མོ་འདྲ་བའི་རྐང་ལག་མང་པོ་ཅན་གྱི་སྲིན་པུ་ཆུང་ཆུང་འདིའི་བརྟག་ཅིང་དཔྱད་ནས་མ་གཏོགས་ལས་ལ་མི་འཇུག་པའི་ངང་ཚུལ་འདིས་ང་ཚོ་མ་དཔྱད་མ་བརྟག་པར་བབ་ཅོལ་སྠ་མཁན་གྱི་མཁས་མིང་འཛིན་པ་ཚོར་ཅོ་ཞིག་དྲིས་པ་མ་ཡིན་ནམ།
ཉ་འདག་གམ་ཉ་མགོ་ཐི།(box jellyfish)
ཉ་འདག་འདི་ཉ་ཞིག་རེད་ཟེར་བ་ལས་འདི་སྲོག་ཆགས་རྒྱུས་མེད་ཅིག་གི་མགོ་ཐི་རེད་ཅེས་བཤད་ན་ཕལ་ཆེར་ཡིད་ཆེས་མདོག་ཁ་བོ་རེད། འདི་ནི་རྒྱ་མཚོའི་ནང་གི་སྲོག་ཆགས་ཀུན་ལས་དུག་ནུས་ཆེ་ཤོས་དེ་རེད་ཟེར། འདིས་སུ་ཞིག་ལ་དུག་མདུང་བསྣུན་པ་ཡིན་ན་སྲོག་འཚོ་བའི་རེ་བ་མེད་པ་རེད། འདིས་ཁ་ཟས་ནི་ཉ་དང་མཚོ་སྡིག་རྺ་ཉ་ཡིན་པ་རེད། གལ་སྲིད་ཉིན་གཅིག་ཁྱེད་རང་གིས་འདི་མཐོང་བའི་གོ་སྐབས་རག་པ་ཡིན་ན་ལྐུགས་རྟགས་བསྟན་ནས་ལག་པ་མ་འཆང་མ་གཏོགས་ཕྱི་མ་མ་གཏོགས་འགྲོ་ས་ཡོད་པ་མ་རེད། ཡིན་ན་ཡང་། རྒྱ་མཚོའི་ནང་གི་རུས་སྦལ་ལ་འདིའི་དུག་འགྲོ་གི་མེད་པ་མ་ཟད་རུས་སྤལ་གྱིས་འདི་ཟ་གི་ཡོད་འདུག
མཚོ་རྟ།(sea horese)
མཚོ་རྟ་ནི་ཉ་འདྲ་བོ་ཞིག་མིན་ན་ཡང་འདི་ཉ་ཞིག་རེད། འདི་ལ་མིང་ལན་པོ་ཞིག་འདོགས་རྒྱུ་མི་རྙེད་པས་དབྱིན་སྐད་ཇི་བཞིན་མཚོ་རྟ་ཞེས་བསྒྱུར་བ་ཡིན། འདིས་ཀྱང་རང་ཉིད་སྲུང་བའི་ཆེད་སྐར་ཆ་རེ་ཟུང་ནང་མདོག་བསྒྱུར་ཐུབ་པ་དེར་ཡ་མཚན་རྒྱ་ཅང་མི་འདུག ཡ་མཚན་པ་ནི་ཕོས་མངལ་འཛིན་གྱི་ཡོད་པ་དེ་རེད། མཚོ་རྟ་ཕོ་མོ་གཉིས་འཇིག་རྟེན་ལུགས་ཀྱི་དགའ་མགུར་སྤྱད་པ་དང་མོས་ཕོ་ཡི་གྲོད་ཁོག་གི་ཁུག་མར་་སྒོ་ང་གཏོང་ཞིང་། ཕོས་དེ་་ཕྲུ་གུ་སྐྱེ་སྐྱེ་བརཉར་སྡོད་པ་རེད། སྙིང་རྗེ། ང་ཚོའི་ཨ་མ་ལས་ངན་མ་དེ་ཚོར་ཁྱོ་ག་འདི་འདྲ་བ་རེ་རག་ན་ཅི་མ་རུང་།
ཉ་སྤྲུལ་བསྒྱུར།(puffer fish)
ཉ་སྤྲུལ་བསྒྱུར་ནི་ཉ་མོ་དམར་ཁྲ་ཞིག་ཡིན། ཉ་མོ་འདིའི་སྐྱི་པགས་ཀྱི་ནང་དུ་གྲུབ་ཆ་རྣོན་པོ་མང་པོ་ཡོད་པ་དང་། དགྲ་ལ་ཐུག་པའི་སྐབས་གཟུགས་པོ་དཔག་ནས་ལྒང་བུག་ནང་བཞིན་འགྱུར་ཞིང་། སྐྱི་པགས་ནང་ངོས་ཀྱི་གྲུབ་ཆ་རྣོན་པོ་དེ་ཕྱི་རུ་གཟེངས་ཤིང་དེ་ལུས་པོ་ཡོངས་ལ་ཁྱབ་ཡོད་པས་དགྲ་ཧམ་ཆེན་ཡིན་ཡང་རང་སར་ལུས་འགྲོ་བ་ཞིག་ཡོད། འདིའི་ངང་ཚུལ་འདི་ནིདངོས་གནས་སྤྲུལ་བསྒྱུར་བྱས་པ་ལྟ་བུ་ཞིག་ལས་མ་འདས།
སྐར་ཉའམ་མཚོ་སྐར།( sea star)
སྐར་ཉའམ་མཚོ་སྐར་ནི་གཟུགས་དབྱིབས་ཆེ་ཆུང་དང་སེམས་ལྡན་ཞིག་ཡིན་མིན་ཙམ་ལས་སྐར་མ་ཟུར་ལྔ་ཞིག་དང་ཁྱད་པར་འབྱེད་ཆོས་གཞན་རྙེད་རེ་སྐན། དེ་ནི་ཉ་མ་རེད་ཟེར། རྒྱུ་མཚན་ནི་དེ་ལ་སྒལ་ཚིགས་དང་རུས་ཀྲང་ཡོད་མ་རེད་ཟེར། ངས་དེས་ན་ཉ་རྐང་མང་ལག་མང་ལ་ཡང་སྒལ་ཚིགས་དང་རུས་ཀྲང་མེད་པ་མ་རེད་དམ་ཞེས་དྲིས་པ་ཡིན། ངེད་ཚོའི་སྣེ་ཤན་པ་དེས་ཧེ་ཧེ་ཟེར་ནས་དགོད་པ་ལས་ལན་འདེབས་རྒྱུ་མི་འདུག མཚོ་སྐར་གྱི་ཟུར་གཅིག་བཅད་པ་ཡིན་ན་ཡང་སྐྱར་དུ་སྐྱེས་ཡོང་གི་ཡོད་འདུག མཚོ་སྐར་གྱིས་ཟས་ཟ་ན་ཕྱི་ནང་སློག་ནས་ཟས་ཟ་གི་ཡོད་འདུག
ཉ་ཁ་གདངས། (whale shark)
ཉ་ཁ་གདངས་ནི་འཛམ་གླིང་གི་ཐོག་ཆེས་ཆེ་ཤོས་ཀྱི་ཉ་ཡིན་འདུག དེས་རྟག་པར་ཁ་བྲག་ཕུག་འདྲ་བོ་དེ་གདངས་ནས་ཡང་ཤུད་སེ་བཞུད་སྐབས་ཉ་ཆུང་རིགས་ཁ་ནང་ལ་རང་ཤུགས་ཀྱིས་ཡོང་གི་ཡོད་འདུག
ཉ་ལག་པ་ཅན། (manatees)
ཉ་ལག་པ་ཅན་ནི་ཉ་བཟང་སྤྱོད་དང་ལྡན་པའི་སེམས་ཅན་དལ་མོ་ཞིག་རེད། དེ་ནི་རང་གི་ལག་པ་གཉིས་སམ་དཔུང་གཤོག་ལ་བརྟེན་ནས་ཆུ་སྲབ་སར་འགྲོ་བ་དང་་ཁ་ལག་ཀྱང་ལག་པ་གཉིས་ཀྱིས་ཁ་ནང་ལ་འཇོག་གི་ཡོད་འདུག ཉ་ལག་་པ་ཅན་གྱི་སྐམ་སའི་ཉེ་བོ་ཡོད་ན་མེད་ན་དེ་གླང་ཆེན་རེད་འདུག
ད་འདི་ཙམ་གྱིས་ཆོག་པ་བྱེད། ང་ཡང་གཉིད་རན། ཁྱེད་ཚོ་ཡང་ཡིད་སུན་སྲིད། འདི་ནི་མཚོ་གནས་སེམས་ཆན་ལ་ཆ་རྒྱུས་ཆུང་བའི་རང་རིགས་རྣམས་ལ་ཉ་རིགས་འགའ་རེ་ངོ་སྤྲོད་ཙམ་བྱེད་པའི་ཆེད་དང་། ཐ་སྙད་གསར་བ་འགའ་རེ་སྣོན་པ་རྒྱག་པའི་ཆེད། ཡང་རང་ཉིད་ལ་བཤད་རྒྱུས་ཕོངས་ཏེ་བཤད་མཁན་དང་རྩོམ་མཁན་རེ་བྱུང་ན་་ཚིག་མཚོན་བཏབ་སྡོད་མཁན་ཚོར་ཉི་མ་གཏོང་ས་དང་ཁ་གཏོང་ས་རེ་རྙེད་པའི་ཆེད་དུ་ཁ་དང་ལག་པ་གཉིས་སྡོད་མ་ཚུགས་པར་ཤོར། ཨོ། ཁ་བརྡ་དྲ་ཁང་གིས་ང་ལ་ས་མིག་ཅིག་སྤྲད་པ་འདི་སྟོང་བར་མ་ལུས་པའི་ཆེད་དུའང་ལོས་ཀྱང་ཡིན། ངས་འདིར་པར་བཀོད་ཐུབ་མ་སོང་། དགེ་འདུན་རབ་གསལ་ལགས་ཀྱིས་འདིར་པར་རེ་བཙལ་ནས་བཀོད་ཐུབ་ན་ཀློག་མཁན་རྒྱུས་མེད་རྣམས་ལ་ཕན་ཐོགས་རྒྱུ་ཡིན་པས་དགོངས་འཇགས་ཞུ།
dhatsenpaལགས་ཀྱིས་ཟླ་ཚེས་May 3rd, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཐུབ་བསྟན་བསམ་འགྲུབ་ཀྱི་ངོ་སྤྲོད་མདོར་བསྡུས།
https://www.khabdha.org/?p=2428
ཐུབ་བསྟན་བསམ་འགྲུབ།
ཐུབ་བསྟན་བསམ་འགྲུབ་ལགས་ནི་བོད་མིའི་སྤྱི་ཚོགས་ནང་མིང་གྲགས་གང་འཚམས་ཡོད་པའི་མི་ཞིག་ཡིན་པ་དང་།ཁོང་ནས་ད་བར་བོད་སྤྱི་ཚོགས་ཀྱི་གྲུ་ཁ་འདྲ་མིན་དུ་བོད་དོན་ཕྱག་ལས་གང་འཚམས་གནང་ཡོད་པ་དང་ཤེས་འཇོན་ཉམས་མྱོང་གང་ས་ནས་གཞན་ལ་ངོ་གནོང་མི་དགོས་པའིབོད་མི་གྲགས་ཆེན་ཞིག་ཡིན་ཞེས་བཤད་རིན་ཡོད་པ་ཞིག་རེད། ལྷག་པར་དུ་ཁོང་ཉེ་སྔོན་དབྱིན་ཡུལ་དོན་གཅོད་ལ་བསྐོ་བཞག་གནང་བ་དང་དེའི་སྔོན་ཙམ་བཀའ་བློན་ཁྲི་བའི་འོས་དམིགས་འཚོལ་བའི་ལས་རིམ་ཞིག་མགོ་བཙུགས་པ་ནས་བོད་མིའི་ཤེས་ལྡན་ཁྲོད་དོ་སྣང་དང་གླེང་སློང་ཤུགས་ཆེ་རུ་ཕྱིན།ང་ཚོའི་དྲ་གནས་འདིའི་ཐོག་ཀྱང་ཁོང་གི་སྐོར་གླེང་སློང་རིམ་པར་བྱུང་བ་ལྟར་རེད།ཡིན་ན་ཡང་།ཁོང་གི་སྐོར་གླེང་སློང་བྱེད་སྐབས་དོན་དངོས་དང་འཚམས་མི་འཚམས་གཉིས་ཀ་བྱུང་ཡོད་པ་རེད། དེ་རིང་མོན་ཁྲི་རེལ་གྱི་བོད་མི་ཚོས་ཁོང་ལ་ཕེབས་སྐྱེལ་གྱི་མཛད་སྒོ་སྟབས་བདེ་ཞིག་བསྡུས་པ་དང་མཉམ་དུ་ཡང་སྐྱར་ཁོང་དང་མཇལ་བའི་གོ་སྐབས་ཤིག་རེག ཁོང་གིས་གསུངས་ན། ཉེ་སྔོན་བཀའ་ཤག་གིས་ད་ལྟ་བོད་ཀྱི་གནས་སྟངས་དེ་ཛ་དྲག་ཅན་དུ་འགྱུར་ཡོད་པ་དང་ལྷག་པར་དབྱིན་ཡུལ་དོན་གཅོད་དེ་གནད་འགག་ཆེན་པོ་ཡིན་པ།་ཁོང་གི་ཉམས་མྱོང་སོགས་ལ་གཞིགས་ནས་དེར་བསྐོ་བཞག་བྱས་པའི་གནས་ཚུལ་འབྱོར་བ་དང་ལམ་སང་་དེར་ངོས་ལེན་བྱེད་མ་ཤེས་པ་ཞིག་བྱུང་གསུངས།ག་རེ་རེད་ཟེར་ན།ཁོང་ནས་ལོ་ཤས་ནས་རྒྱ་ནག་སྤྱི་ཚོགས་ནང་འབྲེལ་བ་འཛིན་པའི་ལས་ཁུངས་ཤིག་དྷ་སར་སྒོ་ཕྱེས་ཡོད་པ་དང་།རྒྱ་གར་ལྷོ་ཕྱོགས་ཀྱི་གཞོན་སྐྱེས་རྣམས་ཀྱི་འཚོ་འདུན་དང་གཞིས་ཆགས་ཁ་ཐོར་དུ་མི་འགྲོ་བའི་ལས་གཞི་ཞིག་ཀྱང་མགོ་བཙུགས་ཡོད་པ་རྣམས་མཇུག་སྐྱོང་བའི་ཆེད་དུ་ཡིན་འདུགཁོང་གི་ཕྱག་ལས་དེ་བོད་གཞུང་གི་ཕྱག་ལས་ཡིན་པ་དང་་གོང་གསལ་གྱི་ཕྱག་ལས་དེ་བོད་གཞུང་ལ་འབྲེལ་བ་ཡོད་པས་བར་ཆད་དུ་མི་འགྲོ་བར་མུ་མཐུད་མཇུག་སྐྱོང་བྱེད་ཆོག་པའི་བཀའི་གནང་བ་ཐོབ་པ་ལ་བརྟེན་ནས་ཁོང་ནས་དེ་ལ་མོས་མཐུན་གནང་་འདུག
ཁོང་ནི་ལྷ་སར་སྐྱེས་པ་དང་ཕ་མ་གཉིས་ཁམས་ནས་རེད། ལོ་ ༨ ལ་ཕ་མ་སྤུན་མཆེད་དང་མཉམ་་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་དང་ ༡༩༨༠ལོར་ཀེ་ན་ཏའི་བཟའ་ཟླ་དང་བུ་ཕྲུག་གཉིས་མཉམ་ཀེ་ན་ཊར་གནས་སྤོ་བྱས་འདུག ཁོང་དགུང་ལོ་༡༡ཐོག་གཞན་བྱིས་པ་༡༦དང་མཉམ་བོད་ཀྱི་ཟློས་གར་ཁང་ནང་ཕྱིན་པ་དང་དེ་ནས་རིམ་པས་དགེ་རྒན་དང་མཐར་༡༩༧༨ནས་༡༩༨༠བར་ཟློས་གར་ཁང་གི་འགན་འཛིན་བྱས་་ཏེ་ཡོ་རོབ། སིང་གྷ་པོར། ཨོ་སི་ཊོ་རི་ལི་ཡ། ཨ་རི། ཁེ་ན་ཏ་བཅས་ནང་འཁྲབ་སྟོན་ལ་ཕྱིན དེའི་སྔོན་ཁོང་ནས་བྷི་རོན་སློབ་གྲྭ་ཆེན་མོའི་ནང་འཁྲབ་སྟོན་སྒྱུ་རྩལ་སྐོར་སློབ་སྦྱོང་བྱས་ཏེ་སློབ་མཐར་ཕྱིན་པ་མ་ཟད་འཁྲབ་སྟོན་སྒྱུ་རྩལ་སྐོར་གཟེངས་རྟགས་དེ་འདྲ་ཐོབ་ཡོད་པ་དང་། རྒྱལ་སྤྱིའི་སློབ་ཆེན་གྲགས་ཆེན་དུ་མ་ཞིག་ནང་བོད་ཀྱི་ཟློས་གར་སྒྱུ་རྩལ་སྐོར་གཏམ་བཤད་མགྲོན་འབོད་གནང་འདུག
ཁོང་ཁེ་ན་ཊར་སླེབས་ནས་ཁི་སྦེག་ཁི་བོད་རིགསཚོགས་པའི་ཚོགས་གཙོ་གནང་བ་དང་་།༡༩༩༠ལོར་བྱང་ཨ་རིའི་སྤྱི་འཐུས་སུ་འོས་འདེམས་བྱུང་། ༡༩༨༧ལོར་Canada Tibet Committee བཙུགས་པ་དང་༢༠༠༤བར་ཚོགས་པ་དེའི་ཚོགས་གཙོའི་འགན་བཞེས། དེའི་རིང་ཁེ་ན་ཊའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་དྲ་གནས་སོགས་གསར་འཛུགས་གནང་བ་དང་། རྒྱལ་དབང་རིན་པོ་ཆེའི་ ༡༩༩༠ ལོ་དང་། ༡༩༩༣ལོ། ༢༠༠༤ལོའི་ཁེ་ན་ཊའི་ཆིབས་བསྒྱུར་གོ་སྒྲིག་ཚགས་ཚུད་པོ་གནང་འདུག་པ་བཅས་མདོར་བསྡུས་ཙམ། ངས་ཤེས་པ་ལྟར་ན། ཁོང་ནི་ནམ་རྒྱུན་སྐད་ཆ་སྙན་པོ་ཙམ་བཤད་ནས་སྡོད་མཁན་ཞིག་མིན་པར་ལག་ལེན་་མཁན་ཞིག་ཡིན་པ་མ་ཟད་བསམ་བློ་བཏང་ནས་ལས་ཀ་གསར་བ་ཞིག་བྱེད་པར་འབད་མཁན་ཞིག་ཡིན། ད་རུང་ས་ཁུལ་གཞན་དང་གཞན་དུ་ང་ཁོང་འདྲ་བ་མེད་མི་སྲིད་པས་དེ་རིགས་སྤྱི་ཚོགས་ཐོག་ངོ་སྤྲོད་བྱེད་རྒྱུ་གལ་ཆེ་བར་མཐོང་།
dhatsenpaལགས་ཀྱིས་ཟླ་ཚེས་April 18th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
རྒྱ་ནག་གི་སྒྲ་བཤད་གསར་པ།
https://www.khabdha.org/?p=2117
བཀྲ་ཤིས་བདེ་ལེགས། དྲ་གྲོགས་རྣམ་པ། ང་རང་མི་ལས་ངན་ཅིག་ཡིན་པ་འདྲ། ར་བཟི་བའི་སྐབས་མ་གཏོགས་ཁྱེད་ཚོར་མཇལ་བ་དང་ཁྱེད་ཚོའི་གསུང་གི་སྦྲང་རྩིར་མྱངས་པའི་གོ་སྐབས་ཐོབ་ཐབས་བྲལ། ཡང་ཁྱེད་ཚོ་ཡང་ལས་ངན་ཞེ་ཅིག་རང་སྟེ་ང་ར་བཟི་བའི་སྐད་ཆ་ཁོ་ན་མ་གཏོགས་ཉན་ཐུབ་པའི་གོ་སྐབས་དབེན། ད་དེ་ནི་སྐྱེ་བ་སྔ་མའི་ལས་དབང་རང་སྟེ་མ་དགའ་ན་ཡང་གཅིག་གཅིག་གི་གདོང་ལ་བལྟས་ནས་ཉན་ཙམ་དང་ལྟ་ཙམ་བྱས་སྡོད་པ་ལས་ཐབས་ལམ་གཞན་ཅི།
དེ་རིང་ངས་རྒྱ་ནག་གི་མིང་གི་ཐོགས་དོན་ལ་ཁ་བརྡ་འཁྱུག་ཙམ་བྱེད་བསམ་སོང་། འཁྱུག་ཙམ་ཟེར་ན་དུས་ཡུན་ཐུང་ངུའི་དོན་ལ་འཇུག་པ་མ་ཟད་གློག་དང་འོད་འཁྱུག་པ་ལའང་འཇུག ད་བར་ང་ཚོའི་བསྟན་བཅོས་ཁག་ནང་རྒྱ་ནག་ཟེར་བའི་ཡི་གེ་འདིར་སྒྲ་བཤད་མང་པོ་ཅིག་བྱུང་བ་རེད། དེ་ཚང་མ་ཨ་ལགས་ཞབས་དྲུང་ཚང་གི་ཐོན་མིའི་ཞལ་ལུང་ནང་དྲངས་ཡོད་པས་ངས་ཡང་སྐྱར་ཟློས་ནས་ངལ་བ་བྱེད་དགོས་མ་མཆིས། འགྲེལ་བཤད་དེ་ཚོར་ཁྱད་པར་ཅུང་ཟད་རེ་ཡོད་པ་ལས་རྩ་བའི་ཆ་ནས་དཀར་པོ་དང་ནག་པོ་ལས་མ་འདས་པ།
གཞན་དེ་ལ་བསམ་ཚུལ་ལམ་འགྲེལ་བཤད་མ་འདྲ་བ་ཅིག་བྱུང་བ་ནི་པད་མ་འབུམ་ལགས་ཀྱིས་བྲིས་པའི་དུས་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ནང་། ཨ་མདོའི་སྐད་ལ། རྒྱ་ཡ་ནི་དགྲ་ཡ་གི་དོན་དང་། རྒྱ་ནག་ནི་དགྲ་ནག་པོའི་དོན་ཡིན་པ་ལྟ་བུ་ཅིག་བཤད་པ་དྲན།
དེ་མིན་བསམ་ཚུལ་གཞན་ཅིག་ནི། གུང་ལོ་ཆེན་མགོན་པོ་སྐྱབས་གིས་མཛད་པའི་རྒྱ་ནག་ཆོས་འབྱུང་རེད། དེར་ ་་འཕགས་ཡུལ་པ་རྣམས་མ་ཧྰ་ཙི་ནར་འབོད་པའི་མ་ཧྰ་ནི་ཆེན་པོ་དང་། ཙི་ན་ནི་ཚིན་ཞེས་པའི་རྒྱ་སྐད་ཟུར་ཅུང་ཟད་ཆག་པ་སྟེ་་ ཞེས་དང་། དེ་ནས་མར་ཙམ་ན། ་་ཐོག་མ་ཉིད་ནས་གྲགས་ཆེས་པས་ཚིན་མིང་ཐེར་ཟུག་ཆགས་ཤིང་རྒྱུན་འབྱམས་པར་མངོན་ནོ། སྒྲ་ཟུར་ཆགས་ཐལ་ཆེས་པའམ་གང་ལྟར་བོད་རྣམས་རྒྱ་ནག་ཏུ་འབོད་པ་་ ཞེས་གསལ། དབྱིན་ཡིག་ནང་ china དང་ཧྥ་ཡིག་ནང་ chine ཞེས་འབྲི།
མིང་གི་ཡོང་ཁུངས་འདིའི་ཁུངས་དེད་ན་ཏ་ཟིག་དང་རྒྱ་གར་སྐད་ལ་ཐུག་པར་བཤད། དེས་ན་མདོར་དེད་ན་རྒྱ་གར་གྱིས་རྒྱ་ནག་ལ་ཚིན་ཟེར་བ་འདི་ལ་ཐུག་ཡོད་པ་འདྲ། དེས་ན་ང་ཚོས་རྒྱ་གར་སྐད་འབྲི་སྐབས་ཅ་ཆ་ཇ་གི་གདངས་ཚང་མ་ཙ་ཚ་ཛ་བྲིས་ཡོད་པ་རེད། དཔེར་ན། ཙཀྴུསྟེ་མིག་དང་། ར་ཛ་སྟེ་རྒྱལ་པོའི་དོན་ལ་རྒྱ་གར་སྐད་ལ་ཅཀྴུ་དང་ར་ཇ་ཟེར་ནས་ཤོད་གི་ཡོད་པ་ལྟར། ཚིན་ཟེར་བ་འདི་ཡང་དོན་ངོ་མ་འབབ་ས་དེ་ཆིན་ལ་ཐུག ཆིན་ནི་རྒྱ་ནག་རང་གི་སྐད་དང་། དེ་ནི་རྒྱ་ནག་གི་གཅིག་གྱུར་རྒྱལ་རབས་དང་པོ་དེ་ཡིན།
ང་ཚོས་ལྷ་སའི་སྐད་ལྟར་ཀློག་པ་ཡིན་ན། ཟུར་ཆགས་པའི་སྐད་གི་འགྱུར་བ་དང་འཕེལ་རིམ་ཐོག་ནས་དཔྱད་པ་ཡིན་ན་རྒྱ་ནག་དང་ཆིན་གཉིས་ལ་འབྲེལ་བ་དམ་པོ་འདུག རྒྱ་ནག ཅ་ན། ཆ་ན། ཆིན་འདི་ཚོ་སྒྲ་གདངས་མཆེད་ཁུངས་གཅིག་ཡིན་པར་ངེས་པ་སྟེར། དེས་ན་རྒྱ་ནག་འདི་ཡང་ཆིན་གི་སྒྲ་རིམ་པས་འགྱུར་བ་ལ་བརྟེན་ནས་བྱུང་བ་ཅིག་ཡིན་པ་འདྲ་བོ་འདུག གུང་ལོ་ཆེན་པོས་སྒྲ་ཟུར་ཆགས་པ་ཐལ་ཆེ་བའམ་ཟེར་བ་འདི་ཐེ་ཚོམ་གི་དྲི་བ་ཅིག་ཡིན་ན་ཡང་ད་བར་གི་རྒྱ་ནག་གི་སྒྲ་བཤད་ཚང་མའི་ནང་ནས་ཁུངས་དག་ཤོས་སུ་མཐོང་།
ང་ཚོའི་མི་རིགས་གི་མཆེད་རིམ་དེ་རྒྱ་གར་ལས་རྒྱ་ནག་ལ་འབྲེལ་བ་ཆེ་བས་ཆིནལས་རིམ་པས་སྒྲ་འགྱུར་ཏེ་རྒྱ་ནག་གི་མིང་བྱུང་བ་དང་དེ་ནས་དེའི་ཟླས་དབྱེ་བས་ཕྱེ་སྟེ་རྒྱ་གར་གི་མིང་འདི་རྗེས་སུ་བྱུང་བ་འདྲ།
ཉམས་ཞིབ་ཟེར་ན་ཆེ་དྲགས་ཤིང་།། རྨོངས་འཆར་ཟེར་ན་ཅུང་དྲགས་ཡོད།། གད་ཕྱིས་སྡེར་མ་བཀྲུ་ཞོར་ལ།། བསམ་ཚུལ་ཐ་ཐོར་བྲིས་པ་དགེ།།
dhatsenpaལགས་ཀྱིས་ཟླ་ཚེས་March 13th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
རང་དབང་།
https://www.khabdha.org/?p=1857
བོད་གི་མི་ལ་རང་དབང་མེད།།
བོད་གི་སྐྱེས་མར་རང་དབང་མེད།།
བོད་གི་བྱིས་པར་རང་དབང་མེད།།
བོད་གི་གྲྭ་པར་རང་དབང་མེད།།
བོད་གི་གཡག་ལ་རང་དབང་མེད།།
བོད་གི་ཁྱི་ལ་རང་དབང་མེད།།
བོད་གི་ཕྲད་ལ་རང་དབང་མེད།།
བོད་གི་མི་རྣམས་རྒྱ་གིས་བསྡམས།།
བོད་གི་སྐྱེས་མ་ཁྱོ་གས་བསྡམས།།
བོད་གི་བྱིས་པ་ཕ་མས་བསྡམས།།
བོད་གི་གྲྭ་པ་ཁྲིམས་གིས་བསྡམས།།
བོད་གི་གཡག་རྣམས་སྣ་གཅུས་བསྡམས།།
བོད་གི་ཁྱི་རྣམས་ཐག་པས་བསྡམས།།
བོད་གི་ཕྲད་རྣམས་མཁས་པས་བསྡམས།།
རང་དབང་ཐམས་ཅད་བདེ་སྐྱིད་ཡིན།།
གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།།
dhatsenpaལགས་ཀྱིས་ཟླ་ཚེས་February 19th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཏུན་ཧོང་གཏེར་ཡིག་དང་རྡོ་རིང་སོགས་་ནང་ཕྲད་བཀོལ་སྟངས།
https://www.khabdha.org/?p=1789
ཉེ་ཆར་ངས་ཕྲད་གི་སྐོར་གླེང་སློང་གང་འཚམས་ཅིག་བྱས་ཟིན་ཡང་ད་རུང་མཇུག་སྣེ་ཕྲད་ལ་ཐོགས་ནས་ལས་སླ་པོར་རང་ཉིད་ཕྲད་ལས་ཕྲལ་ཐབས་མི་འདུག དེ་རིང་ཁོམ་ལོང་ཅུང་ཟད་སྤྱད་ནས་ཏུན་ཧོང་གཏེར་ཡིག་ནང་གི་ར་མ་ནའི་རྟོགས་བརྗོད་བསྒྱུར་ཡིག་གི་ཕྱེད་ཙམ ཞོལ་རྡོ་རིང་ཕྱི་མ། ཀོང་མོ་དེ་མོའི་བྲག་བརྐོས་ཡི་གེ་སོགས་གནའ་རྩོམ་འགའ་ཤས་ནང་གི་ཕྲད་གི་སྐོར་རྟགས་རྒྱག་གི་རྒྱག་གི་ཕྱིན་པ་ཡིན།
ཡིག་རྙིང་འདི་ཚང་མ་ཐོན་མིས་ ་་སུམ་རྟགས་གི་གཞུང་མཛད་་ གྲུབ་པའི་རྗེས་ལ་བྱུང་བ་ཡིན་ན་ཡང་དེ་དང་མ་མཐུན་པ་མང་པོ་ཅིག་འདུག འཇུག་ཡུལ་གཅིག་པའི་ཕྲད་མང་པོ་ཅིག་གང་བྱུང་འདོད་རྒུར་བཀོལ་འདུག་པར་བལྟས་ན་ངས་ཁ་སང་དེ་རིང་གི་ཕྲད་བེད་སྤྱོད་གཏོང་སྟངས་དང་འདྲ་སེ་འདུག མི་འདྲ་ས་ནི་ང་ནང་བཞིན་གཏན་ཁེལ་བའི་ཕྲད་སྟབས་བདེ་ཅིག་མིན་པར་འདམ་གསེས་གི་རང་བཞིན་ལྡན་པའི་ཕྲད་མང་དག་ཅིག་རེད། དཔེ་བཞག་ན། ཅིག ཆིག ཞིག ཤིག ཚང་མ་མང་ཉུང་ཅིག་མ་གཏོགས་གངབྱུང་ལ་བེད་སྤྱོད་བཏང་འདུག འདིར་སུམ་ཅུ་བའི་གཞུང་དང་མི་མཐུན་པ་སྐོར་ཅིག་དཔེ་མཚོན་གི་ཆེད་བཀོལ་གི་ཡིན། དཔེར་ན། ཞོལ་རྡོ་རིང་ནང་། རྗེ་བླས་གྱྀ་རྔོ་ཐོག་པའྀ། བཀའ་གྱོད་གྱི་ཚིགས་ཅྀ་ལ་བབ་པ་ལས། རབས་ཆད་ན་རབས་ཆད་གྱི་ཁོལ་ཡུལ་དང། ཕྱི་ནང་གཉྀས་གྱི
ཤ་ཁོན་གྱི་བག་དུ་སྲོག་སྲིད་ལ། མཛད་དོ་ཅོག་དུའང་ལེགས་སྟེ། རྟག་དུ་དཔྱ་དར་ཡུག་ལྔ་ཁྲི་ཕུལ་ཏེ། ལྟ་བུའོ།
ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེའི་ནང་། དཔེར་ན། གནམ་ཀོལ་དུ་གནང་བའང་ཅྀས་བས་ཞྀག ནམ་ཞར་ཀྱང་། ལྟ་བུ། ཞྭ་ལྷ་ཁང་གི་རྡོ་རིང་ནང་། བླ་འོག་ཀུན་ཀྱི་གཟུངས་བྱས་ཏེ། ཀུན་ཀྱིས་ཤེས་པར་བྱ།ངའྀ་ཆབ་སྲིད་འདོན་ཅིང་། ཡུན་ཏུ་བརྟན། ལྟ་བུ།
གྲི་གུམ་བཙན་པོའ་སྐོར་བྲིས་པའི་ནང་། མཚན་ཇྀར་གདགས་ཤེས་མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་ན། མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་སྐམསཤེས་མཆི། དྲྀ་གུམ་བཙན་པོར་མཚན་ཐོག་ཤིག་ཆེས་མཆི་ནས། སོ་སོ་ནས་ཀུན་གྱི་མྱྀ་ཕོད་ཆེས་གསོལ་ཏོ། མྱྀ་འུ་ཆུང་ཁ་མ་ཆེ་ཤིག བརྒྱགས་ཐོག་ཤིག་ཆེས་མཆི་ནས་སོང་ངོ་། གང་པར་འཕྲུན་གྱི་འོག་དུ་པྱིན་ན། ལྟ་བུའོ།
རྰ་མ་ཎའི་རྟོགས་བརྗོད་ནང་། ལྷ་མྱྀ་གཞན་ཀྱིས་ནྀ་མྱི་ཐུབ། འཕེལ་ཅིང་དར་ཏེ། བསྲོབ་བའྀ་རིགས་ཤེས་གསོལ་པ་ལས། ཁྱོད་གྱི་ཕ་ནྀ། སྐྱིད་ཆིང་ལོང་སྤྱོད་ཆེ་བ་ལས། ཤིན་དུ། མྱྀ་ཐུབསྟེ། རབ་དུ་མྱྀ་དགྱེསྟེ།འདྀ་བཞེས་ཤིག་ཆེས་གསོལ་པ་དང་། ཁབ་དུ་བཞེས་པ་གནང་ངོ་། སྤྲེ་འུ་གྱྀས་བརླག་པར་གྱུར་ཆིག་ཆེས་དམོད་པ་བོར་རོ། གྲུབ་པར་གྱུར་ཆིག་ཆེས་བཀའ་སྩལ་ཏོ། བཙན་མོ་ལ་བྱིན་ཆིག་དང་། སྣ་ཚོགས་ལོ་མ་ཡན་ལག་རྒྱས་རྒྱུར་ཆིང་། དུས་གཆིག་དུ། གྲུབ་དུ་ཉེ་བ་ལས། ར་མ་ནས་སོ་ར་དུབ་ཆིག་འཕངས་པས། ཀླང་པོ་མཆོག་དུ་སྤྲུལ་ཏེ། མདའས་མ་འཕགས་སྟེ། ནོན་སྐྱབས་བྱེད་པ་འགའ་ཞིག་ཡོད་པ་འདྲས་སྟེ།སྤྲེ་འུ་གྱི་དམག འདྀ་གསུམ་ཆེ་ཤེས་མཆི་ནས། རབ་དུ་དགྱེསྟེ། སྙུན་ཀྱྀ་ཐན་བས་གདུངས་པར་མ་གྱུར་ཏམ། གོབ་ཤིག་ཆེས་བསྒོ་བ་དང་། དངོས་གྲུབ་དུ། སོགས་ལྟ་བུ་མང་ངོ།
ད་ཁྱེད་ནས་ག་རེ་བསམ། སུམ་ཅུ་བའི་རྩ་བ་བློ་སྐྱོར་གཏོང་མ་ཤེས་པར་ནོར་བ་རེད་དམ། ཡང་ན་འདིའི་སྐབས་ད་རུང་སུམ་ཅུ་བའི་གཞུང་མེད་པ་རེད། ཕྲད་གཅིག་པོ་མིན་པར་མིང་གཞིའི་ཡི་གེ་ཕོ་མོ་མ་ནིང་གསུམ་དང་། སྔོན་རྗེས་སྒྲ་འདྲ་བ་མང་པོ་ཅིག་དབྱེ་བ་མེད་པར་བྲིས་འདུག འདིར་བལྟས་ན་སུམ་ཅུ་བའི་གཞུང་རྗེས་ལ་མཛད་པ་རེད་ཟེར་བ་དེ་ལ་ཡང་རྒྱུ་མཚན་མེད་པ་མ་རེད། ཡིན་ན་ཡང་། ཁ་ཚོན་གཅོད་དཀའ།
འདིའི་སྐོར་བོད་ནང་ལ་མི་ཁ་ཤས་ཅིག་ནས་སྔོན་མ་ནས་ཉམས་ཞིབ་གནང་དེ་རྩོམ་ཡིག་བྲིས་འདུག་ཡང་ད་རུང་ཀློག་རྒྱུའི་གོ་སྐབས་ལྡན་མ་སོང་།
སྨྲས་པ། ཕྲད་གི་ཁ་ཏོན་ཡུན་རིང་བཏོན་པ་དང་།། ཕྲད་ལ་ཉམས་ལེན་ཡང་ཡང་གནང་བའི་མཐུས།། ཕྲད་གི་དངོས་གྲུབ་དམ་པ་ཐོབ་གྱུར་ནས།། ཕྲད་གི་གོ་འཕང་འབད་མེད་ཐོབ་པར་ཤོག བསམ་གཞིགས་ཁྲོད་ན་ཕྲད་རྣམས་རབ་རིབ་རིབ།། རྨི་ལམ་ནང་ན་ཕྲད་རྣམས་སྒོ་རོ་རོ།། ཀླད་པའི་རྩ་ཁམས་ཚང་མ་ཕྲད་གིས་ཁེངས།། ཕྲད་འདི་ལྷ་ཅིག་ཡིན་ནམ་བདུད་ཅིག་ཡིན།།
dhatsenpaལགས་ཀྱིས་ཟླ་ཚེས་February 13th, 2009 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཕྲད་སླ་བཅོས་གི་དགོས་པ་ཡང་སྐྱར་གླེང་བ།
https://www.khabdha.org/?p=1524
བདག་གིས་ཕྲད་སླ་བཅོས་གི་སྐོར་བསམ་ཚུལ་བྲིས་པ་དེར་དྲ་གྲོགས་རེ་ཟུང་གིས་དོ་སྣང་ཆེན་པོ་བྱས་ནས་རང་རང་གི་བསམ་ཚུལ་བརྗོད་པར་དགའ་བོ་བྱུང་། ལྷག་པར་རབ་འབྱོར་ལགས་གིས་ང་ལ་མདའ་ལན་གསུམ་གནང་བྱུང་བ་དེ་ནི་ཕན་ཚུན་ལ་དགའ་མི་དགའི་རྩོད་ལན་བྱེད་གི་ཡོད་པ་ཞིག་མིན་པར་བོད་གི་བརྡ་སྤྲོད་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་པའི་རྟགས་ཡིན་པ་རེད། རྩ་བའི་ངེད་གཉིས་ལ་བསམ་ཚུལ་མི་མཐུན་པ་ཡོད་པ་རེད། ཡིན་ན་ཡང་། ཁོང་གིས་ཡང་་བརྡ་སྤྲོད་གི་འགྲོ་སྟངས་ལ་འགྱུར་བ་ཅིག་གཏོང་དགོས་པའི་དགོངས་ཚུལ་བསྟན་པ་དེ་ངས་གནད་ཆེན་པོར་མཐོང་སོང་། དེ་མིན་བསྟན་འཛིན་ལགས་གིས་ཡང་དུང་དཀར་བློ་བཟང་འཕྲིན་ལས་གི་གསུང་དྲངས་ནས་དུས་ཚོད་གི་འགྱུར་བ་དང་བསྟུན་བོད་གི་བརྡ་སྤྲོད་ལ་ངེས་པར་འགྱུར་བ་གཏོང་དགོས་པའི་དགོངས་ཚུལ་ནན་པོ་བཏོན་སོང་། འདིར་ཁོང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སླར་ཡང་དེའི་སྐོར་གསལ་ཁ་བྱས་ནས་ཚིག་ཉུང་ཉུང་ཅིག་ཞུ་གི་ཡིན།
༡ འདི་ལྟར་བེད་སྤྱོད་བཏང་བ་དེས་ཕྲད་ཇེ་ཉུང་ལ་ཕྱིན་པ་མ་ཟད་རྗེས་འཇུག་གཞན་ལ་ལྟོས་མ་དགོས་པའི་ཕྲད་རང་དབང་ཅན་ཆེས་སྟབས་བདེ་ཅིག་ཆགས་པ་རེད། ༢ ཕྲད་ཇེ་ཉུང་ལ་བཏང་ན་ཡང་བརྗོད་བྱའི་ཚིག་དོན་ལ་འགྱུར་བ་ཕྲ་མོ་ཙམ་ཡང་མི་འགྲོ་བར་དོན་ཇི་བཞིན་སྟོན་ཐུབ་གི་ཡོད་པ་རེད། ༣ བོད་སྐད་གཅིག་གྱུར་ལ་ཡང་གནོད་པ་གང་ཡང་འགྲོ་གི་མེད་པ་མ་ཟད་ཕན་ཐོགས་བྱུང་ཡོད་པ་རེད། རྒྱུ་མཚན་འདི་ཚོ་ངས་སྔོན་མར་བརྗོད་ཡོད་པས་ད་ཡང་སྐྱར་མང་པོ་ཅིག་བརྗོད་དགོས་མ་མཆིས།
དེ་རིང་རྒྱུ་མཚན་གཞན་ཅིག་ཁ་གསབ་བྱ་རྒྱུ་ཡོད་པ་ནི། ང་ཚོར་ཁ་སྐད་ཅིག་དང་ཡིག་སྐད་ཅིག་གཉིས་ཡོད་པ་རེད། དེ་གཉིས་རྦད་དེ་མ་འདྲ་བའི་སྐད་གཉིས་རེད་ཟེར་ནས་བཤད་ན་ཡང་མ་འགྲིགས་པ་མི་འདུག ད་ལྟ་ཁ་སྐད་དང་ཡིག་སྐད་གཉིས་གཅིག་གྱུར་བྱེད་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོང་གི་ཡོད་པ་རེད། འགའ་རེས་སྐད་ཡིག་གཅིག་གྱུར་དེ་ཡིག་སྐད་ཐོག་བྱེད་དགོས་རེད་ཟེར་སྲིད། བཤད་རྒྱུ་དེ་ལས་སླ་ཡང་དོན་ངོ་མ་དེ་ཁག་པོ་ཅིག་ཆགས་ཡོད་པ་རེད། དེ་ལྟར་ཡིན་ན་བོད་གི་བརྡ་སྤྲོད་ལ་ནང་བྱན་ཆུད་པའི་མཁས་དབང་ཅིག་ཡིན་ན་སྐད་ཆའི་ནང་་ཕྲད་ཡོངས་རྗོགས་བེད་སྤྱོད་གཏོང་ཐུབ་པ་ཅིག་དགོས་ཡང་དེ་ལྟར་མིན་པར་ཡང་དང་གི ཅིག་སོགས་ཕྲད་ཉུང་ངུ་ཅིག་མ་གཏོགས་ཕྲད་གཞན་རྣམས་སྐད་ནང་བེད་སྤྱོད་གཏོང་ཐུབ་གི་མེད་པ་དེ་ལྟར་རེད། ངས་བལྟས་ན། སྐད་དང་ཡི་གེ་གཉིས་གཅིག་གྱུར་གི་གོ་རིམ་ནང་ཡིག་སྐད་ཁ་སྐད་ཅན་ལ་བསྒྱུར་བ་དང་། ཁ་སྐད་ཡིག་སྐད་ཅན་ལ་བསྒྱུར་བའི་ཐབས་ལམ་གཉིས་ཟུང་འབྲེལ་བྱས་པ་ཡིན་ན་སྟབས་བདེ་བ་དང་ལས་སླ་བར་སེམས། མ་གཞི་ཕྲད་གི་ནང་ཡིག་སྐད་ཁོ་ནའི་ནང་བེད་སྤྱོད་གཏོང་བའི་ཕྲད་སྐོར་ཅིག་དང་ཁ་སྐད་དང་མཐུན་པའམ་མཐུན་ཚབ་ཆེ་བའི་ཕྲད་སྐོར་ཅིག་ཡོད་པ་རེད། གང་ལྟར་ངའི་འདོད་པ་ལྟར་གི་ཕྲད་སླ་བཅོས་འདི་དག་ཡིག་སྐད་དང་ཡང་མི་མཐུན་པ་མེད་ལ་ཡི་གེ་མི་ཤེས་མཁན་ཅིག་ཡིན་ན་ཡང་ལས་སླ་པོར་ངག་ལ་འབྱོར་བདེ་བ་ཅིག་ཡོད་བསམ་གི་ཡོད།
ངས་འདི་ལྟར་བསམ་ཚུལ་མི་མཐུན་པ་ཅིག་བརྗོད་ཡོང་ན་མི་མང་པོ་ཅིག་གི་སེམས་ལ་ཕོག་ཐུག་འགྲོ་གི་ཡོད་པ་དེ་ངས་གསལ་པོར་ཤེས་གི་ཡོད། ཡིན་ན་ཡང། ངས་བསམ་བཙུགས་ནས་བོད་གི་རིག་གཞུང་ལ་གཏོར་བཤིག་བཏང་བ་ཅིག་མིན་ལ། མ་ཤེས་ཤེས་མདོག་བྱས་པ་ཅིག་ཡང་མིན་ཅེས་གསལ་བཤད་བྱེད་འདོད་བྱུང་། སྔོན་མ་རྒྱ་གར་ནང་གི་བོད་ཡིག་སློབ་དེབ་དྲུག་པ་དང་བདུན་པའི་ནང་གི་སུམ་རྟགས་གི་སྐོར་ཚང་མ་ནང་སྦྱོང་དང་བཅས་པ་ང་རང་གཅིག་པོས་ཟླ་ཤས་ནང་ཚར་བཅུག་པ་ཡིན། དེའི་སྐབས་དེ་ནས་བཟུང་ངས་བོད་གི་བརྡ་སྤྲོད་ཁྲིད་སྟངས་ལ་བསམ་བློ་ཡང་ཡང་གཏོང་དགོས་བྱུང་། བར་སྐབས་ཅིག་ནས་ཕྲད་བྱེ་བྲག་རེའི་སྐོར་གླེང་མོལ་མང་ཙམ་བྱས་པའི་རྐྱེན་བྱས་ནས་ཡང་སྐྱར་བསམ་བློ་ནན་ཙམ་བཏང་ནས་ཁ་སྔོན་གི་བརྡ་སྤྲོད་སྐོར་གི་རྩོམ་དེ་བྲིས་པ་ཡིན། མདོར་ན་ལོ་བཅོ་ལྔར་བསམ་བློ་ནར་མར་བཏང་མཐར་ཕྱིར་སྐྱུག་པ་ཅིག་ཡིན། ཀུན་སློང་གཙང་མ་ཡིན། ཉེ་སྔོན་ནས་་ངས་ཚོད་ལྟའི་ཚུལ་དུ་་ཕྲད་གཞན་དབང་ཅན་ཚོའི་ནང་ནས། ཡང་དང་འང། དེ། གི་དང་འི། གིས། ཅིང་། ཅིག ཅེས་སོགས་ཁོ་ན་མིང་སྔ་མའི་རྗེས་འཇུག་ལ་ལྟོས་མ་དགོས་པར་རང་དབང་ངང་བེད་སྤྱོད་བཏང་བ་ཡིན་ཡང་། སྔོན་མའི་སྐབས་བརྗོད་པ་ལྟར། ཚུལ་དུ། གསལ་དུ། ཤིན་ཏུ། ཡོངས་སུ་ལྟ་བུ་ཕྲད་གཞན་གིས་ཚབ་བྱེད་མི་ཐུབ་པ་རེ་ཟུང་ལས་ཐུག་མ་བྱུང་། ད་རུང་མུ་མཐུད་ནས་ངས་འདི་ལྟར་འབྲི་གི་ཡིན། དགའ་ན་དགའ་བའི་བསྟོད་གླུ་ང་མི་དགོས།། སྡང་ན་སྡང་བའི་ཚིག་མཚོན་འཁུར་ཆོག་ཡིན།། ནོར་བར་རྒྱུ་མཚན་བགྲང་ན་ཉན་རྐྱང་ཡིན།། མི་ཤེས་རྨོངས་བཤད་བྱས་ན་གཤེ་རྐྱང་ཡིན།། མདའ་ཚན་མདའ་མོའི་འཕེན་རྩལ་རྫོགས་ནས་ཡོད།། མདའ་མོའི་ཆར་བ་ཕབ་ཡང་སྐྲག་དགོས་མེད།།
dhatsenpaལགས་ཀྱིས་ཟླ་ཚེས་January 25th, 2009 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
གད་སྙིགས་ནང་གཡུགས་ཟིན་པའི་ནོར་བུ་སྐྱར་དུ་སྔོག་པ།
https://www.khabdha.org/?p=1390
དེ་རིང་དྲ་གྲོགས་ཚོ་དང་མཉམ་དུ་བརྡ་སྥྲོད་གི་སྐོར་གླེང་མོ་ཅིག་བྱེད་པར་སྤྲོ། ཁ་སང་དེ་རིང་དྲ་ཁང་ནང་ཡང་ཡང་ཡོང་མ་ཐུབ་ཡང་དྲ་གྲོགས་ཚོ་གི་སྒྲའི་སྐོར་ལ་འཛིངས་མོ་ཐུག་བསྡད་ཡོད་པ་ལ་དོ་སྣང་བྱུང་།
འདས་པའི་དུས་ལ་གད་སྙིགས་ནང་གཡུགས་ཟིན་པའི་ནོར་བུ་ཞིག་ལོ་བཅོ་ལྔའི་སྔོན་ནས་བཟུང་་སེམས་ལ་ཡང་ཡང་དྲན། ན་ནིང་ཞིག་ནས་ཁྱེད་ཚོས་གི་སྒྲའི་སྐོར་ཤེས་མི་ཤེས་ཚང་མས་མང་པོ་ཞིག་ལབ་ཡོང་གི་འདུག་པས་ནོར་བུ་རིན་པོ་ཆེ་དེ་ཡང་སྐྱར་ངའི་སེམས་ངོར་ཤར། ནོར་བུ་དེ་ནི་གཞན་གང་ཡང་མིན་པར་དེ་ནི་བརྡ་སྤྲོད་སྐོར་གི་སློབ་དེབ་ཅིག་རེད། སློབ་དེབ་དེ་ནི་སྲོལ་རྒྱུན་ཆོས་རིག་གི་སྲོག་ལ་རྒོལ་བཞིན་པའི་དུས་་ངན་དེ་རིག་གནས་གསར་བརྗེའི་སྐབས་བྱུང་བ་ཞིག་ཡིན་པས་རྗེས་སུ་མཁས་བླུན་ཚང་མས་རྣམ་རྟོག་ཟ་ཡུལ་ཅིག་ལ་བཟུང་དེ་རིག་གསར་མཇུག་བསྒྲིལ་བ་དང་ལམ་སང་གད་སྙིགས་ཁྲོད་གཡུགས་དེ་གར་སོང་གི་རྗེས་མགོ་མི་ནོན་པར་གྱུར། དེའི་ནང་ཡང་སྙིང་གང་ཞིག་བྲིས་ཡོད་པ་རེད་ཟེར་ན་ང་ལ་རབ་རིབ་ཅིག་མ་གཏོགས་བཤད་རྒྱུ་ཆེར་མེད་ཡང་། ཕྲད་མང་པོ་ཅིག་ཇེ་ཉུང་ལ་བཏང་དེ་སྟབས་བདེར་བཟོས་ཡོད་པ་དང་ཤད་གི་ཚབ་ལ་དབྱིན་རྒྱ་གཉིས་ནང་བཀོལ་བཞིན་པའི་ཚེག་དེ་ཚོ་བེད་སྤྱོད་བཏང་ཡོད་པ་དྲན། བསམ་བློ་ཅིག་བཏང་ན་དེ་ནི་མི་བླུན་པོ་ཅིག་གིས་གང་བྱུང་ལ་བྲིས་པ་ཅིག་མིན་པར་མི་རྣམ་དཔྱོད་ལྡན་པ་ཅིག་གིས་བསམ་བློ་གང་འཚམས་ཅིག་བཏང་ནས་བྲིས་པ་ཡིན་པ་ལ་ཡིད་ཆེས་སྐྱེ་གི་འདུག
འདི་ནས་མར་་བརྡ་སྤྲོད་སྐོར་ང་རང་གི་བསམ་ཚུལ་ཁ་ཤས་ཞུ་འདོད་བྱུང་། དེ་གོང་གསལ་གི་སློབ་དེབ་དེ་དང་མཐུན་མིན་གཉིས་ཀ་ཡོད་སྲིད། ཡིན་ན་ཡང་ངའི་བསམ་བློའི་འབྱུང་ཁུངས་གོང་གསལ་གི་དཔེ་དེབ་དེ་ཡིན་པས་དཔེ་ཆ་དེ་ལ་ཐོག་མར་དྲན་གསོ་ཅིག་བྱེད་དགོས་བྱུང་། དཔེ་དེབ་དེ་་ག་རེ་བཤད་ན་མ་བཤད་ན་ཕྲད་གཞན་དབང་ཅན་ལས་འདའ་ཐུབ་མེད་སྙམ། ་བརྡ་སྤྲོད་གི་སྐོར་ཁུངས་གཏུགས་ས་ཅིག་ཡོད་པ་ཡིན་ན་དེ་ནི་སི་ཏུ་ཡིན་མིན་སྲིད་ལ་ཐོན་མི་ཡང་ཅི་ལ་ཡིན། དེ་ནི་ད་ལྟ་ང་ཚོས་བཤད་བཞིན་པའི་སྐད་དེ་ཁོ་ན་མ་གཏོགས་མེད། སྐད་འགྱུར་བ་ཕྱིན་པ་ལ་བསྟེན་ནས་བརྡ་སྤྲོད་ལ་ཡང་ངེས་པར་འགྱུར་བ་འགྲོ་དགོས་པ་རེད། བརྡ་སྤྲོད་དེ་མི་རིགས་གང་ཞིག་གི་སྐད་ནང་གཅིག་གྱུར་མིན་ན་དེ་གཅིག་གྱུར་བྱེད་རྒྱུ་དེ་གལ་ཆེ་ཤོས་སུ་མཐོང་།
འགྲོ་བ་མིའི་རིགས་གི་སྐད་ཟེར་བ་འདི་ནི་ཐོག་མར་སྟབས་བདེ་དང་འཐུས་ཚང་མིན་པ་ནས་རིམ་པས་འཐུས་ཚང་དང་གཏིང་ཟབ་རྙོག་འཛིངས་ཅན་ལ་འགྱུར་བ་དང་། དེ་ནས་ཡང་སྐྱར་སྟབས་བདེ་ལ་འཐུས་ཚང་ཅན་ལ་འགྱུར་བ་ནི་སྤྱིར་བཏང་གི་ཡིག་རིགས་མང་ཆེ་བའི་འཕེལ་རིམ་ཅིག་རེད། ཡང་ང་ཚོར་རྒྱུས་ཅུང་ཡོད་པའི་རྒྱ་དབྱིན་ཧྥ་གསུམ་གྱི་སྐད་རྣམས་ལ་་གཅིག་མཚུངས་གི་ཁྱད་ཆོས་ཅིག་ཡོད་པ་ནི་ཕྲད་རང་དབང་ཅན་ཅིག་ལས་ཕྲད་གཞན་དབང་ཅན་ཟེར་བ་ཅིག་མེད་པ་དེ་རེད། དེ་ནས་ཁ་ནང་ལ་འཁོར་ནས་བོད་མི་རང་གིས་ད་ལྟ་ཤོད་བཞིན་པའི་སྐད་ལ་ཉམས་ཅིག་བཞག་པ་ཡིན་ན་དེ་ལ་ཡང་ཕྲད་རང་དབང་ཅན་ཅིག་མ་གཏོགས་ཕྲད་གཞན་དབང་ཅན་ཅིག་མེད། ཕྲད་མང་པོ་ཅིག་རྗེས་འཇུག་རང་འདྲའི་རྗེས་ལ་སྦྱར་དགོས་པ་རྐྱང་རྐྱང་ཡིན། འདི་ལ་འགའ་རེས་ཕྲད་གཞན་དབང་ཅན་རེད་ཟེར་ན་ཐང་ཡང་འདི་ནི་བརྗོད་བདེའི་སྒྲ་མཚུངས་ཙམ་མ་གཏོགས་མིན་ཅེས་བཤད་ན་མ་འགྲིགས་པ་ཨེ་ཡོད་སྙམ། ཕྲད་གཞན་དབང་ཅན་དེ་ཚོ་སྐད་དང་མི་མཐུན་པ་མ་ཟད་བྱིས་པ་ཆུང་ཆུང་ཚོའི་ཀླད་པ་ཉོག་རོགས་དང་རྟག་པར་ངག་སྐྱོར་བཏང་ནས་སུན་པ་སྐུར་རོགས་ལས་མི་འདུག
ཐོན་མི་སམ་བྷོ་ཊས་སྔོན་མ་ནས་ངེས་པར་ཡོད་དགོས་པའི་བོད་ཡིག་ལགཅིག་གྱུར་གི་་བརྡ་སྤྲོད་གི་གཞུང་གསར་པ་མཛད་པ་མ་ཟད་ཡི་གེ་གསར་པ་དྲུག་གསར་གཏོད་གནང་བའི་བཀའ་དྲིན་དེ་ལ་རྗེས་དྲན་བྱེད་པ་དང་ཆབས་ཅིག ཁོང་གིས་སྔོན་དུས་རབས་བདུན་པའི་ནང་མཛད་པའི་གཞུང་ལུགས་འདི་ལ་ང་ཚོས་དུས་དང་མཐུན་པའི་གསར་བཅོས་བྱེད་མ་ཐུབ་པར་ད་རུང་སྲོག་བཞིན་འཇུས་བསྡད་ན་སྐད་དང་ཡང་མི་མཐུན་ལ་དུས་ཚོད་དང་ཡང་མི་མཐུན་པས་བསྒྱུར་བཅོས་བྱེད་དགོས་པའི་དུས་ལ་བབ་འདུག དེའི་སྐོར་འདིར་རང་གི་བསམ་ཚུལ་ཞུ་རྒྱུ་ཡིན་ན་མཁས་བླུན་ཚང་མས་དགག་གཞག་གནང་བར་ཞུ། འདིར་ང་ལ་གོང་གསལ་དཔེ་ཆ་དང་མི་མཐུན་པའི་ཆ་ཞིག་བཤད་རྒྱུ་ཡོད་པ་ནི་ཕྲད་གཞན་དབང་ཅན་རྣམས་རྩ་ནས་དགོས་པ་མེད་པར་སྟོན་རྒྱུ་དེ་ཡིན།
ལ་དོན།
ལ་དོན་ནི་ལའི་དོན་སྟོན་པའི་སུ་རུ་ར་ལ་ཏུ་དུ་ན་བདུན་པོ་འདི་ཡིན། དོན་དངོས་སུ་བཤད་ན། འདིའི་ནང་གི་ཕྲད་རང་དབང་ཅན་ཡིན་པའི་ན་ལ་གཉིས་དང་རྗེས་འཇུག་མེད་པའི་རྗེས་སུ་སྦྱར་བའི་ར་གསུམ་ལས་གཞན་སུ་ཏུ་དུ་རུ་སོགས་རྗེས་འཇུག་གཞན་ལ་ལྟོས་ནས་སྦྱར་དགོས་པའི་ཕྲད་གཞན་དབང་ཅན་འདི་ཚོ་དགོས་མེད་ཐལ་བ་ལྟ་བུར་སྣང་། ན་ར་ལ་་གསུམ་གིས་སྟོན་མི་ཐུབ་པའི་དོན་ཞིག་ཟུར་ལ་སྟོན་གི་ཡོད་ན་ལོས་དགོས་ཡང་དེ་འདྲ་མིན་པ་རེད།
མི་མང་གི་ཁ་སྐད་ལ་གཏུགས་ཡོང་ན་ལ་དོན་ནི་ལའི་འཇུག་པ་ལས་འདས་ཡོད་ས་ཡོད། ༡ རྣམ་དབྱེ་གཉིས་པ་ནི་ལྷ་སར་མཚོན་ན་ཡར་འགྲོ་མར་འགྲོ ནང་ཤོག་ཟེར་ནས་ཕྲད་བསྡུས་ཡོད་པ་དང་། ཨ་མདོར་མཚོན་ན། ཡར་ར་འགྲོ གྱེན་ན་འགྲོ ནང་ང་ཤོག་ཟེར་ནས་རྗེས་འཇུག་རང་འདྲའི་རྗེས་ལ་སྦྱར་དགོས་པ་ཧ་ཅང་གི་སྟབས་བདེ་ཅིག་ཡིན་པས་རྗེས་མ་འདི་ལྟར་སྦྱར་རུང་མི་རུང་ནི་བསམ་གཞི་ཅིག་རེད། ཚེ་སྐབས་ཡང་འདི་དང་མཚུངས། ༢ རྣམ་དབྱེ་བཞི་པ། ཁ་སྐད་ལ་བལྟས་ན། འདི་ནི་ལ་དོན་གི་འཇུལ་ཡུལ་མིན། ལྷ་ས་བས། ཁ་ལག་ཟ་ག་འགྲོ། བལྟ་ག་འགྲོ་ཟེར་ནས་ག་བེད་སྤྱོད་གཏོང་། ཨ་མདོ་བས། ཟ་གི་འགྲོ། འཐུང་གི་འགྲོ་ཟེར་ནས་གི་སྒྲ་བེད་སྤྱོད་བྱེད། ༣ གནས་གཞི་ལ་ན་ལ་གཉིས་སྦྱོར་བ་དེ་ཁ་སྐད་དང་ཡང་མི་མཐུན་པ་ཆེར་མི་འདུག་སྙམ། ༤ དེ་ཉིད་གི་དཔེར་འགྲོ་བའི་ཤིན་ཏུ། རབ་ཏུ། ཡོངས་སུ་། གཏན་དུ་ཟེར་བའི་ཡིག་སྐད་ནས་བྱུང་བ་འདི་འདྲ་ཉུང་ཤས་ཤིག་ཡོད་པ་འདི་ཚོ་ནི། ཡོངས་སུ། དངོས་སུ་ལྟ་བུ་སྒྲ་མཚུངས་ཡིན། གཞན་ད་སྐབས་ཏུ་དང་དུ་གཉིས་གི་ཚབ་དུ་སྒྲ་གཅིག་པོ་རྗེས་འཇུག་ལ་ལྟོས་མ་དགོས་པར་སྦྱར་ན་འོས་པར་མཐོང་།
བྱེད་འབྲེལ།
འབྲེལ་སྒྲ་ལ་འཇུག་པའི་ཕྲད་ནི་གི་གྱི་ཀྱི་འི་ཡི་ལྔ་ཡིན། འདི་ལྔའི་དོན་སྟོན་སྟངས་གཅིག་མཚུངས་ཡིན་ན་ཡང་ཕྲད་གི་སྦྱོར་སྟངས་དེ་གོང་དང་འདྲ་བར་ཡིན་གཅིག་མིན་གཅིག་མིང་སྔ་མའི་རྗེས་འཇུག་ལ་ལྟོས་ནས་སྦྱོར་དགོས་པ། ལོ་ཆུང་བྱིས་པ་རྣམས་ལ་མཚོན་མགོ་རྙོག་ཚ་པོ་ཞིག་ཡོད་པ་རེད། སྟབས་བདེ་ཤོས་ནི་ཕྲད་མང་ཆེ་བ་ཕྱིར་བསྡུ་བྱས་དེ་གི་སྒྲ་དང་འི་སྒྲ་གཉིས་གཅིག་པོ་ཕྲད་རང་དབང་གི་ཚུལ་དུ་བེད་སྤྱོད་བྱས་ན་དེ་ལས་སྟབས་བདེ་བ་ཞིག་གང་ན་ཡོད། མདོ་དབུས་གཉིས་གི་ཁ་སྐད་ལ་ཡང་གི་སྒྲ་བེད་སྤྱོད་བྱེད། འགྲོ་གི་ཡོད། འགྲོ་གི་ཡིན།འགྲོ་གི་འདུག འགྲོ་གི་རེད་ཟེར་བའི་ བདག་གཞན་ད་དུས་ད་ལྟ་བ་་དང་་མ་འོངས་པ་ལ་འཇུག་པ་འདི་དག་ཡང་དེ་ག་ལས་མ་འདས།
རྒྱན་སྡུད།
ཚིག་རྒྱན་དང་སྡུད་པ་ལ་འཇུག་པའི་རྒྱན་སྡུད་གི་སྒྲ་ནི་ཀྱང་འང་ཡང་གསུམ་ཡིན་ཡང་། དོན་ངོ་མ་རྒྱན་སྡུད་གི་དོན་ནི་ཡང་སྒྲ་གཅིག་པོས་སྟོན་ཐུབ་པས་མིང་སྔ་མའི་རྗེས་འཇུག་ལ་བལྟ་མ་དགོས་པར་ཡང་སྒྲ་གཅིག་པོ་ཕྲད་རང་དབང་ངང་བེད་སྤྱོད་བཏང་ན་ཅི་འདྲའི་སྟབས་བདེ་ཅིག་མ་རེད་དམ། སྐབས་རེར་ཚིག་ཐུང་ངུར་གཏོང་བའི་ཆེད་འང་སྒྲ་སྦྱར་ཡང་མ་འཐུས་པ་མི་འདུག ལྷ་ས་བར་མཚོན་ན། རྒྱན་སྡུད་ཀྱི་སྒྲ་འདི་ང་ཡེ་འགྲོ་གི་ཡིན། སྙིང་རྗེ་པོ་ཡིན་ན་ཡེ་སེམས་པ་ཡག་པོ་མི་འདུག་ཟེར་ནས་ཡེ་སྒྲ་སྤྱོད། ཨ་མདོ་བས། ང་ར་འགྲོ་གི་ཡིན། ཡག་ན་ར་སེམས་བཙོག་ཟེར་ནས་ར་སྒྲ་སྤྱོད། ཡང་སྒྲ་དང་འང་སྒྲ་ནི་གཅིག་གྱུར་ཆགས་ཚར་ཡོད་པས་དེས་མ་འཐུས་པ་མི་འདུག སྤྱིར་བཏང་རྒྱན་སྡུད་ནི་ཚིག་སྔ་ཕྱི་མཐུན་མི་མཐུན་གི་བར་སྦྱོར་བའི་ཚིག་རྒྱན་གཅིག་དང་སྡུད་པ་གཉིས་ལས་འཇུག་ཡུལ་གཞནམེད་པ་ལྟ་བུར་སྣང་ཡང་། སུམ་རྟགས་ཀྱི་གཞུང་འགའ་རེར། མཛེས་ཀྱང་མཛེས། གསལ་ཡང་གསལ་ཟེར་བ་ལྟ་བུ་ཧ་ཅང་མི་འབྱོར་བའི་དཔེ་འདི་འདྲ་བཞག་འདུག་ཡང་འདི་འདྲ་བཀའ་དང་དགོངས་འགྲེལ་ཅིག་གི་ནང་ཡོད་ན་ལས་སྤྱིར་བཏང་གི་དཔེ་ཆ་དེ་ཚོའི་ནང་མཐོང་རྒྱུ་མི་འདུག ཀྱང་སོགས་ལས་ཡག་ཅིང་ཡག་ཟེར་ནས་ཅིང་སོགས་མཚམས་སྦྱོར་ལ་འཇུག་པ་ལྟར་སྦྱར་ནས་འོས་པོར་མཐོང་།
ལྷག་བཅས།
མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ་ལ་འཇུག་པའི་ལྷག་བཅས་ཀྱི་ཕྲད་ནི་སྟེ་ཏེ་དེ་གསུམ་ཡིན། འདི་ཚོ་ཡང་དོན་སྟོན་སྟངས་གཅིག་མཚུངས་ཡིན་པས་དོན་གཅིག་སྟོན་པར་ཕྲད་གསུམ་ཆ་དགོས་པ་མི་འདུག་ལ། ལྷག་པར་དུ་ཕྲད་གཞན་དབང་ཅན་དེ་བས་ཀྱང་ཡིན་དགོས་དོན་མི་འདུག དེ་སྒྲ་གཅིག་པོ་རང་དབང་གི་སྒོ་ནས་བེད་སྤྱོད་བཏང་ན་མ་འགྲིགས་པ་གང་ཞིག་ཡོད་པ་རེད། ༡ མཚམས་སྦྱོར་གྱི་སྒྲ་སྟོན་བྱེད་ཀྱི་ཕྲད་ང་ཚོར་མང་མེད་ན་ཉུང་མེད། ཏེ་དེ་ཏེ་གསུམ། ནས་སྒྲ དང་སྒྲ ཅིང་ཞིང་ཤིང་གསུམ་ལྟ་བུའོ། ཨ་མདོ་བར་མཚོན་ན། མར་ལྷུང་ངས་རྐང་པ་ཆག་ལྟ་བུ་རྗེས་འཇུག་རང་འདྲའི་རྗེས་སུའམ་སྒྲ་མཚུངས་སུ་སྦྱོར། ལྷ་ས་བས་ཕལ་ཆེར་བྱས་ལྟ་བུ་ཕྲད་མིན་པ་ཞིག་སྦྱོར་བསམ།
ཚིག་ཕྲད་ཅིང་སོགས།
ཚིག་ཕྲད་ཅིང་ཞིང་ཤིང་གསུམ་དང་ཅིག་ཞིག་ཤིག་གསུམ་ཅེས་ཞེས་ཤེས་གསུམ་འདི་དག་ཀྱང་མིང་སྔ་མའི་རྗེས་འཇུག་ལ་ལྟ་མ་དགོས་པར་མཚམས་སྦྱོར་ལ་འཇུག་པ་ཅིང་ཞིང་ཤིང་གསུམ་ལས་ཅིང་གཅིག་པོ་ཕྲད་རང་དབང་གི་ཚུལ་དུ་བེད་སྤྱོད་གཏོང་བ་དང་གཅིག་ཚིག་དང་སྨོན་ཚིག་ལ་འཇུག་པ་ཅིག་ཞིག་ཤིག་གསུམ་ལས་ཅིག་ཁོ་ན་ཕྲད་རང་དབང་གི་ཚུལ་དུ་བེད་སྤྱོད་། ལུང་འདྲེན་བྱེད་པ་སོགས་གི་རྗེས་ལ་སྦྱོར་བའི་ཅེས་ཞེས་ཤེས་གསུམ་ལས་ཅེས་གཅིག་པོ་བེད་སྤྱོད་བཏང་ན་བཏང་ན་སྟབས་བླ་ལྷག་དུ་བདེ། ཨ་མདོ་བས་ཅིག་ཞིག་ཤིག་གསུམ་གི་ཚབ་ལ་མི་ཟིག ཁྲི་ཟིག་ཟེར་ནས་ཟིག་སྒྲ་སྤྱོད། ལྷ་བ་ས་བས་ཡིག་སྐད་ལྟར་ཅིག་སྒྲ་རང་བེད་སྦྱོད་བྱེད་དོ།
གཞན་དབང་སྟབས་བསྟུན་བྱེད་དགོས་ངས་མ་མཐོང་།།
ལོ་ཆུང་སུན་པ་བསྐུར་འདོད་ང་ལ་མེད།།
སྒྲ་སྦྱོར་ངག་སྐྱོར་གཏོང་བ་དུས་ལས་ཡོལ།།
བསྒྱུར་བཅོས་འདི་ལྟར་བྱས་ན་སྐྱོན་ཅི་ཞིག
dhatsenpaལགས་ཀྱིས་ཟླ་ཚེས་January 11th, 2009 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
འགྱུར་ནོར་བ་རེད་དམ་ང་ནོར་བ་རེད།
ཟླ་ཤས་སྔོན་ངེད་ཚོའི་ཚོགས་པས་གོ་སྒྲིག་གིས་འདི་གའི་འཇམ་དབྱངས་དགོན་ནང་ད་ལོར་བོད་རྒྱལ་ཁབ་ཀྱི་དོན་དུ་སྐུ་སྲོག་ཤོར་བ་ཚོའི་ཆེད་དུ་ཉིན་གང་གསོལ་བསྟོད་སྨོན་ལམ་རིགས་དུ་མ་ཞིག་སྙན་མོའི་དབྱངས་སུ་གྱེར་ནས་བཏོན་པའི་ནང་ ང་ཡང་དགའ་སྤྲོའི་ངང་ཞུགས་པ་ཡིན། ངེད་ཚོའི་དཔེ་ཆ་ཚང་མ་བོད་དབྱིན་ཧྥ་ཝི་སྐད་བཞི་ཤད་སྦྱར་རེད།
དང་ཐོག་རང་གིས་ཀྱང་གཞན་པ་ཚོ་དང་སྐད་ཤུགས་འགྲན་བཞིན་ཐེངས་ཁ་ཤས་བཏོན་ཡང་རིམ་པས་རིམ་པས་ང་ཡང་ཡང་རྗེས་སུ་ལུས་ཤིང་འདོན་མཚམས་ཡང་ཡང་བརླག ཡིན་རྒྱུ་ནི་ངའི་བསམ་བློ་ཚིག་དོན་གྱི་གོ་བ་དང་དབྱིན་འགྱུར་ནང་ཤོར་ཏེ་གཞན་པ་ཚོས་གང་ཞིག་དང་གང་ན་འདོན་གི་ཡོད་པར་རྦད་དེ་འབྲེལ་མེད་དུ་གྱུར། སྒྲོལ་བསྟོད་ཉེར་གཅིག་དབྱིན་ཡིག་ལ་སྒྱུར་མཁན་དེ་ཆོས་ཀྱི་གོ་དོན་ཡག་པོ་ཤེས་མཁན་ཞིག་ཡིན་པ་འདྲ། སྐབས་རེར་བོད་ཡིག་ནང་གོ་བ་གསལ་བོ་མི་ལོན་པའི་ཚིག་དོན་རེ་ཡོད་ན་དབྱིན་འགྱུར་ནང་དེ་ལ་གསལ་ཁ་སྟེར་གྱི་འདུག ཡིན་ན་ཡང་། བརྡ་སྤྲོད་དང་མངོན་བརྗོད་རེའི་གོ་བ་ཡག་པོ་མ་ལོན་པར་འགྱུར་ལ་ནོར་འཁྲུལ་རེ་ཟུང་ཤོར་མེད་དམ་སྙམ། གཅིག་བྱས་ནས་ང་རང་གིས་གོ་བ་ལེན་སྟངས་ནོར་འདུག དེ་བས། དེ་རིང་ངས་དུས་ཚོད་ཕྲན་བུ་བཏང་ནས་དྲ་ཁང་འདིའི་ནང་གི་མཁས་དབང་ཚོར་བཀའ་སློབ་ཞུ་དགོས་བྱུང་སོང་བས་དགོངས་འཆར་འགྲན་བཞིན་གནང་བའི་རེ་བ་ཡོད།
སྒྲོལ་བསྟོད་ཉེར་གཅིག་པ་ལས།
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་བྱེ་བ་ལས་ནི་བྱུང་མ།།
Whose water-born face arises from the blooming lotos, of Avalokiteshvara: protector of the three worlds
༡ ཆུ་སྐྱེས་ཞལ་ལ་water-born face ཞེས་བསྒྱུར་ན་འགྲིག་གི་ཡོད་མེད་དང་། ཚིག་གི་ངོ་གདོང་རང་ནས་གོ་བ་བླངས་ན་ཆུ་སྐྱེས་ཞལ་འདི་འཇིག་རྟེན་གསུམ་མགོན་ལ་སྦྱར་དགོས་པ་འདྲ་ཞིག་མ་ཡིན་ནམ། དོན་གྱི་ཐོག་ནས་སྒྲོལ་མ་དང་འཇིག་རྟེན་གསུམ་མགོན་གཉིས་ཀར་སྦྱར་དགོས་པ་རེད་དམ།
ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི།།པདྨས་ཕྱག་ནི་རྣམ་པར་རྒྱན་མ།།
Homage to you, Tara, born from a golden-blue lotus, whose hands are beautifully adorned with lotos flowers.
༢ གསེར་ནོར་བ་འདྲ། རྒྱན་མ་ནོར་འདུག་གམ འདིར་བལྟས་ན། སེར་སྔོའི་ཆུ་ནས་སྐྱེས་པའི་པདྨས་ཕྱག་རྣམ་པར་བརྒྱན་པ་ཅན་མ་་ཟེར་ནས་གོ་བ་ལེན་དགོས་པ་འདྲ་ཡང་འདིར་སེར་སྔོའི་པད་མ་ལས་སྐྱེས་པའི་སྒློལ་མ་ལྟ་བུར་བསྒྱུར་འདུག་སྙམ།
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།།
Who have attained rtanscendent perfections without exception, and upon whom the sons of the victorious ones relay.
༣ མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི་རྒྱལ་བའི་སྲས་་ཞེས་གོ་བ་ལེན་དགོས་པ་འདྲ་ཡང་འདིར་ཕ་རོལ་ཕྱིན་པ་ཐོབ་པ་དེ་སྒྲོལ་མར་སྦྱར་འདུག་པ་འདི་འགྲིག་གམ། རྒྱལ་བའི་སྲས་ལ་sons of the victorious ཟེར་ནས་བསྒྱུར་ན་དབྱིན་ཡིག་ནང་གོ་དོན་ཇི་བཞིན་སྟོན་ཐུབ་ཀྱི་ཡོད་དམ།
ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ།། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།།
Homeage to you,Tara, rhe great fearful one, whose letter TURE destroys the mighty demons completely.
༤ འདིའི་འཇིགས་པ་ཆེན་མོ་འདི་སྒྲོལ་ལ་ཡང་སྦྱར་དུ་ཡོད་པ་ལྟ་བུ་ཡང་འཇིགས་པ་ཆེན་མོའི་བདུད་ཅེས་བདུད་ལ་ཡང་སྦྱར་དུ་ཡོད་པ་ལྟ་བུ་ཞིག་འདུག དོན་དམ་པས་གང་ལ་སྦྱར་དགོས་པ་རེད།
ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།།
Homeage to you,Tara, with hand on the ground by your side, pressing your heel and stamping your foot on the earth
༥ ཕྱག་གི་མཐིལ་ཞེས་མཐིལ་དེ་ཡར་སྦྱར་དགོས་པ་མ་ཡིན་ནམ།
ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།།དགྲ་ཡི་ལུས་ནི་རྣམ་པར་འགེམས་མ།།
Homeage to you,Tara, surrounded by the joyous ones, you comepletely subdue the bodies of all ennemis
༦ འདིར་ཡང་བསྐོར་རབ་དགའ་བའི་དགྲ་བོ་་ཟེར་དགོས་པ་ལྟ་བུར་གོ་དགོས་པ་མ་ཡིན་ནམ།
དཔེ་ཆ་དཔར་སྐྲུན་ཞུ་མཁན་སེར་སྨད་མཁན་རིན་པོ་ཆེ་བློ་བཟང་འཇམ་དབྱངས་ཀྱི་Manjushri center འཇམ་དབྱངས་དགོན་རེད།
Comeposition of the translation group from Manjushri center, Longgueuil, Quebec, Canada.
partly of the English translation is from Lama Thubten Zopa Rinpoche published work(in FPMT), partly Kristyna paknys.
dhatsenpaལགས་ཀྱིས་ཟླ་ཚེས་December 28th, 2008 ལ་ འགྱུར་རྩོམ། སྡེ་ཚན་དུ་སྤེལ|
ལོ་རྒྱུས་ཁྲོད་རྩ་ནས་ཁ་ཐོར་བྱུང་མ་མྱོང་བའི་བོད།
https://www.khabdha.org/?p=996
ད་ང་ཅུང་ཟད་ར་བཟི་འདུག གྲོགས་པོ་ཚོ། ཡིན་ན་ཡང་ངས་གསལ་པོར་དྲན་གྱི་འདུག ཀླུ་སྨྱོན་གྱིས་སྔོན་མ་ཞིག་ལ་མདོ་ཁམས་ཀྱི་ས་ཆ་དེ་རྒྱ་ཁོངས་ཡིན་པ་ལྟ་བུ་ཞིག་བཤད་པ་དེ་ལོས་དྲན། ངས་ཀྱང་དེའི་སྐབས་དེ་ནི་དངོས་ཡོད་ལོ་རྒྱུས་དང་ཐག་ཉེ་སེ་ཡོད་པ་ལྟ་བུ་ཞིག་བཤད་ཡོད། ད་ལྟ་ཡང་དེ་ག་རང་ཡིན། རྒྱལ་སྤྱིའི་ལོ་རྒྱུས་དང་ལྷག་པར་དུ་ཆབ་སྲིད་རྐྱང་བའི་ལོ་རྒྱུས་བཤད་ཡོང་ན་ཁོའི་སྐད་ཆ་དེར་བདེན་པ་ཡོད་པ་ལྟ་བུ་ཞིག་ཡོད་པ་རེད། ཡོངས་གྲགས་ལྟར་ན། མདོ་ཁམས་འདི་ཆོས་རྒྱལ་མེས་དབོན་ཚོའི་སྐབས་བོད་ཁོངས་ཡིན་པ་ལྟ་བུ། དེ་ནས་འ་ཞ། དེ་ནས་སོག་པོ། དེ་ནས་བར་གནས་ཀྱི་རྒྱལ་ཕྲན་ཁག་ཅིག་གམ་རྒྱ་ཁོངས་ཡང་ན་བོད་ཁོངས། བོད་དེའང་རང་བཙན་ནམ་རྒྱ་ཁོངས་ཡིན་པ་ལྟ་བུའི་སྲིད་དོན་ལོ་རྒྱུས་རབ་རིབ་ཅིག་ཡོད་པ་རེད། འདི་ནི་ཡོངས་གྲགས་ཀྱི་ལོ་རྒྱུས་ལྟ་སྟངས་ཤིག་རེད།
ཡིད་ངོར་ཆབ་སྲིད་དང་ལངས་ཕྱོགས་གང་ཞིག་གིས་ཀྱང་སླད་མ་ཞུགས་པའི་མི་མང་ཕལ་བ་ཚོས་སྟོད་དབུས་གཙང་ནས་བོད་རང་བཙན་ཡིན་ལབ་ན་སྨད་རྒྱ་བོད་འདྲེས་མཚམས་སུ་ཡང་བོད་རང་བཙན་ཡིན་ཞེས་སྐད་འབོད་བྱེད་ཀྱི་འདུག རྒྱལ་སྤྱིའི་ལོ་རྒྱུས་ཀྱིས་ཤུགས་རྐྱེན་ཐེབས་པ་ཞིག་དང་ཡང་ན་རྒྱ་ནག་གི་ལོ་རྒྱུས་ཀྱིས་ཡིད་ངོར་ལྷད་ཞུགས་པ་ཞིག་ཡིན་ན་འདི་ནི་ཕལ་ཆེར་བློ་ངོར་འབབ་དཀའ་བའི་དོན་དག་ཅིག་ཡིན་པ་བཤད་མ་དགོས་པ་ཞིག་ལོས་ཡིན།
དེ་བས་ངས་དམིགས་བསལ་གྱིས་ཅིའི་ཕྱིར་བོད་ཀྱི་ལོ་རྒྱུས་མཁན་པོ་རྣམས་བོད་རང་བཙན་སྐོར་ལ་གོམ་པ་འཁྱར་འཁྱོར་དང་ཐེ་ཚོམ་ཅན་དུ་གྱུར་བ་དང་་ཅིའི་ཕྱིར་རྒྱལ་མཚམས་ཀྱི་མི་མང་ཕལ་བ་རྣམས་རང་བཙན་སྐོར་ཡིད་གཉིས་ཐེ་ཚོམ་སྤུ་ཅམ་ཡང་མེད་པའི་སྐོར་བསམ་ཞིབ་ཅིག་མ་བྱས་རང་བྱས་རེད།
གཅིག། ད་བོད་རང་གི་ལོ་རྒྱུས་ལ་ལྟོས་ཏེ་བཤད་ན། རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ལོགས་སུ་རེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་གང་ཞིག་ན་ཡང་བོད་ཀྱི་ཆ་ཤས་ཙམ་ཞིག་རྒྱ་ཁོངས་སུ་ཕྱིན་པའི་ལོ་རྒྱུས་མེད་པ་རེད། དབུས་གཙང་པ་ཞིག་ཡིན་ན་ཡང་འདྲ། ཨ་མདོ་བ་ཞིག་ཡིན་ན་ཡང་འདྲ། སུས་བྲིས་པ་ཡིན་ན་ཡང་བོད་ཀྱི་རྒྱལ་རབས་གཅིག་མ་གཏོགས་གཉིས་ཡོད་མ་རེད། བོད་སིལ་བུར་ཐོར་བའི་ལོ་རྒྱུས་ཤིག་ཡོད་ན་ཡང་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཁྱབ་ཁོངས་ལས་གཞན་གང་ཡང་མིན། གཉིས། མདོ་ཁམས་འདི་ཡར་གྱི་ཁོངས་ཕྱིན་པ། མར་གྱི་ཁོངས་ཕྱིན་པ། རང་མགོ་རང་སྐྱོང་ཡིན་པ་སོགས་མགོ་ཐུག་ལ་མ་ཐུག་པའི་ལོ་རྒྱུས་ཞིག་ཡོད་ཀྱང་དམངས་ཁྲོད་དུ་ཞིབ་འཇུག་ཅིག་བྱས་པ་ཡིན་ན་གཞན་དབང་དུ་ཚུད་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཙམ་ཡང་རྙེད་རྒྱུ་མི་འདུག ཁོ་ཚོར་མཚོན་ན་གནའ་ནས་་ད་བར་བོད་ཀྱི་འདུ་ཤེས་འཛིན་སྟངས་འདིར་འགྱུར་བ་རྩ་ནས་ཕྱིན་མི་འདུག གསུམ། མ་མཐའ་རྒྱ་བོད་ས་མཚམས་སུ་གནས་པའི་བོད་མི་ཞིག་ཡིན་ན་ཡང་ང་བོད་མི་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཟེར་བ་འདི་ཁ་ནས་གླེང་རྒྱུར་གནའ་ནས་ད་བར་ཕལ་ཆེར་འགྱུར་བ་བྱུང་མེད་པ་འདྲ་། ཕྱི་རྒྱལ་གྱི་མཁས་དབང་རེ་ཟུང་གིས་ཀྱང་འདིར་དོ་སྣང་བྱུང་འདུག
མདོ་ཁམས་ཀྱི་མི་མང་ཚོས་བོད་རང་བཙན་ནམ་བོད་རྒྱལ་ཁབ་ཀྱི་འདུ་ཤེས་འདི་ད་བར་ཅི་ལྟར་སེམས་ནང་ཉར་ནས་ཡོང་བར་བསམ་བློ་ཅུང་ཟད་བཏང་ན་རང་ཉིད་ཀྱང་སྐྱེ་ས་མདོ་ཁམས་ཡིན་པའི་ཆ་ནས་འདིའི་འབྱུང་རྩ་ལས་སླ་པོར་རྙེད་ཀྱི་འདུག དེ་ནི་གཙོ་བོ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་རིག་གཅིག་གྱུར་ལ་ཐུག་ཡོད་པ་ནི་རྩོད་གཞི་དང་བྲལ་བ་ཞིག་རེད། ཞིབ་ཙམ་བཤད་ན། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དེ་ཀ་ངོ་ཡིག་ངོ་མི་ཆོད་པ་ཚོས་ཀྱང་གཉེན་བཤད་དང་སྟོན་བཤད་ཚུན་བརྒྱུད་ནས་ད་བར་བརྒྱུད་འཛིན་བྱས་ཡོང་ཐུབ་པས་ཁོ་ཚོའི་སེམས་ནང་བོད་དེ་ནམ་ཡང་རྒྱལ་ཁབ་ཅིག་གི་ངོ་བོར་གནས་འདུག དེ་མིན་ལྷ་བསང་ཀླུ་བསང་སྐབས་ཀྱི་བསང་ཡིག་གམ་བསང་འབོད་དེ་ཚོས་བོད་མི་ཕྱོགས་མཐའ་ཚང་མའི་བསམ་བློ་གཞི་གཅིག་ཏུ་སྦྲེལ་བར་ནུས་པ་ཐོན་ཡོད་པ་འདྲ། གཞན་ཡང་གླུ་དང་ལ་གཞས། གཏམ་དཔེ་ཚུན་ཆད་ནང་སྟོད་རྒྱ་གར། སྨད་རྒྱ་ནག། བོད་གངས་ཅན་ཟེར་ནས་ཁོ་ཚོའི་སེམས་ནང་བོད་འདི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད་པ་རེད།
གཞན་གོ་མིན་ཏང་གི་དམག་ཤེད་ཅན་དེ་འདྲས་བོད་ཀྱི་ས་མཚམས་རེ་ཟུང་ལ་བཙན་འཛུལ་རེ་བྱས་པ་དང་། རྒྱ་དང་ཁ་ཆེའི་ཚོང་པ་ཉུང་ཤས་རེ་བོད་ཀྱི་ས་མཚམས་ཀྱི་ཚོང་འདུས་དེ་འདྲར་ཚོང་རྒྱག་ཏུ་ཡོང་བ་ལས་གཞན་བོད་ས་མང་ཆེ་བ་ཁེ་གཙང་རང་བྱས་ནས་བསྡད་པས་བོད་ནམ་ཡིན་ན་ཡང་རང་བཙན་ཡིན་བསམ་པའི་བློ་ཞིག་རང་བཞིན་གྱིས་ཡོད་པ་རེད། མདོར་དེད་ན། རྒྱལ་སྤྱི་དང་རྒྱ་བོད་ཀྱི་ལོ་རྒྱུས་ཤེས་མཁན་གྱི་ཤེས་ལྡན་པ་མང་པོ་ཞིག་བོད་རང་བཙན་ཡིན་མིན་སྐོར་གླེང་ན་བློ་ཐེ་ཚོམ་ཅན་དུ་འགྱུར་གྱི་ཡོད་ཀྱང་མི་མང་ཕལ་བ་རྣམས་དེ་ལ་བློ་དྭོགས་ཙམ་ཡང་མི་འདུག་པ་འདི་ཡང་ཤེས་དགོས་པའི་གནད་ཅིག་ཏུ་མཐོང་།
རྒྱ་བོད་ས་མཚམས་སུ་ཞིང་འབྲོག་གི་མི་མང་ཤེས་རྨོངས་རྐྱང་རྐྱང་གིས་བོད་རང་བཙན་གཙང་མ་ཡིན་ཞེས་ལབ་ཡོང་ན་མི་འགའ་རེའི་སེམས་ངོར་འདི་ག་འདྲ་ཞིག་ཡིན་ནམ། ཁོ་ཚོའི་བློ་རྒྱུད་མི་གཞན་གྱིས་བསྒྱུར་བ་མིན་འགྲོ་དེ་འདྲ་བསམ་གྱི་ཡོད་ཚོད་རེད་དེ། དོན་དངོས་སུ་འདི་ནི་གནའ་ནས་ད་བར་གྱི་ཁོ་ཚོའི་མ་བཅོས་པའི་བསམ་བློ་རྣལ་མ་དེ་ཡིན་པ་ཤེས་དགོས་པའི་གནས་སོ། ཡང་ཞོར་འཕྲོས་སུ་བཤད་འདོད་པ་ཞིག་ནི། མཐའ་ཁུལ་གྱི་བོད་མི་འདི་ཚོས་སྟོད་ཉི་མ་ལྷ་ས། སྟོད་ཀྱི་རྒྱལ་བ་པཎ་ཆེན་། སྒང་པ་བོད་ཟེར་ནས་བསམ་བློ་གཅིག་མ་གཏོགས་ཡོད་པ་མ་རེད་དེ། དབུས་པ་འགའ་རེའི་སེམས་ལ་ཁོ་ཚོ་བོད་གཞུང་ཁོངས་མིན་པར་རྒྱ་ཁོངས་ཡིན་པ་ལྟ་བུ་ཞིག་བསམ་གྱི་འདུག དེར་མ་ཟད། ཤེས་ལྡན་དུ་རློམ་པ་ཞིག་ནས། ཁོ་ཚོ་རྒྱ་མགོ་མཐོ་དུས་རྒྱ་མགོ། བོད་མགོ་མཐོ་དུས་བོད་མགོ་རེད་ཟེར་ནས་མི་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག དོན་དངོས་སུ་མདོ་ཁམས་ཀྱི་ལོ་རྒྱུས་ནང་རྒྱ་མགོ་མཐོ་དུས་རྒྱ་མགོ་བྱས་པའི་ལོ་རྒྱུས་ཤིག་ཁྱེད་ཚོར་བཤད་རྒྱུ་ཡོད་དམ། བོད་སིལ་བུར་འཐོར་ནས་ད་བར་རེས་འགའ་རྒྱ་ནག་དང་གཉེན། རེས་འགའ་རྒྱ་ནག་དང་དགྲ་བྱས་དམག་བརྒྱབས་ནས་ཡོང་བ་མ་ཡིན་ནམ། ལུང་ཚན་དབྱེ་འབྱེད་ཀྱི་སྐད་ཆ་འདི་འདྲ་བཤད་འདོད་མེད་ཀྱང་དོན་དངོས་དེ་འདྲ་ངེས་པར་བཤད་དགོས་པར་འདུག
dhatsenpaལགས་ཀྱིས་ཟླ་ཚེས་December 7th, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
བོད་ཀྱི་རྩ་དོན་ཆེད་རང་གི་བསམ་ཚུལ།
https://www.khabdha.org/?p=827
དགེ་འདུན་དཀོན་མཆོག་ལ་ཕྱག་འཚལ་ལོ།
དགེ་འདུན་དཀོན་མཆོག་ལ་ཕྱག་གསུམ་འཚལ་ནས་བོད་ཀྱི་རྩ་དོན་སྐོར་བསམ་ཚུལ་ཅུང་ཟད་ཞུ་ན་འདོད་བྱུང་། ང་ཚོས་ད་བར་བོད་ཀྱི་རྩ་དོན་སྐོར་མང་པོ་གླེང་ཞིང་རྒྱབ་འདྲེ་མང་པོ་བརྒྱབས་ཚར་བས་ངའི་བསམ་ཚུལ་དེ་ཁྱེད་ཚོས་ཤེས་ཀྱི་རེད་ལ་ཁྱེད་ཚོའི་བསམ་ཚུལ་ངས་ཀྱང་ཤེས་ཀྱི་འདུག ་ཀྱང་ད་དམིགས་བསལ་གྱི་བོད་དོན་ཚོགས་ཆེན་སླེབས་ལ་ཉེ་བས་ཡང་སྐྱར་རང་གི་བསམ་ཚུལ་ཁ་གསལ་གྱིས་ཞུ་དགོས་བསམ་བྱུང་།
རང་བཙན།
གལ་སྲིད་ང་ཚོས་རང་བཙན་བརྩད་པ་ཡིན་ན་ངས་དེར་ལམ་ཁ་གཉིས་མཐོང་གི་འདུག གཅིག་ང་ཚོར་དམག་ཤུགས་དང་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱ་ནག་ལས་ཆེ་བ་ཡོད་ན་ང་ཚོས་དམག་བརྒྱབ་ཏེ་རང་ས་ལེན་ཆོག་ཀྱང་དེ་མེད་པ་མ་ཟད་སྐྱབས་བཅོལ་གྱི་གནས་སྟངས་སྐྱོ་བོ་རང་གི་རྐང་པའི་ཐོག་ལངས་མ་ཐུབ་པར་བསྡད་ཡོད་པ་རེད། ངས་རང་བཙན་དགོས་ཟེར་མཁན་རྣམས་ལ་དམིགས་བསལ་གྱི་སེམས་ཤུགས་ཚ་བོ་ཞིག་ཡོད་པ་མཐོང་གི་འདུག ཡིན་ན་ཡང་རང་བཙན་འདི་སེམས་ཤུགས་གཅིག་པོས་ཡོང་ཐབས་མེད་པ་དེའང་མཐོང་གི་འདུག
ད་ལམ་ཁ་གཞན་ཞིག་ནི་རྒྱལ་སྤྱིའི་ཐོག་ནས་བོད་རང་བཙན་ཡིན་པ་ངོས་ལེན་དང་དེ་ལ་རྒྱབ་སྐྱོར་ཐོབ་པ། རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་རང་བཙན་མ་སྤྲད་རང་སྤྲད་བྱ་འཇུག་རྒྱུ་དེ་རེད། དེ་འདྲ་ཞིག་ཡོང་རྒྱུར་ཐོག་མར་བཙན་བྱོལ་བོད་གཞུང་འདི་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡིན་པ་རྒྱལ་སྤྱིའི་ཐོག་ངོས་ལེན་ཡོང་དགོས་པ་རེད། བོད་འདི་ལོ་རྒྱུས་ཐོག་རང་བཙན་ཡིན་པ་ངོས་ལེན་ཡོང་དགོས་པ་རེད། ང་ཚོས་བཙན་བྱོལ་བོད་གཞུང་བོད་མིའ་ཁྲིམས་མཐུན་གྱི་གཞུང་ཡིན། བོད་རང་བཙན་ཡིན་ཞེས་བཤད་རྒྱུ་དེ་ལས་སླ་པོ་ཞིག་རེད། ཡིན་ན་ཡང་། ཤེས་དགོས་པ་ཞིག་ལ་ང་ཚོ་ལ་ཁ་གཏད་ཅིག་ཡོད་པ་དང་ང་ཚོའི་ཁ་གཏད་དེས་བོད་རང་བཙན་མིན་པའི་ཁུངས་སྐྱེལ་དང་སྒྲུབ་བྱེད་བཀོད་རྒྱུ་ཡིན་པ་རེད། བཙན་བྱོལ་བོད་གཞུང་བོད་མིའི་ཁྲིམས་མཐུན་གྱི་གཞུང་མིན་པར་སྒྲུབ་བྱེད་བཀོད་རྒྱུ་ཡིན་པ་དང་། དེ་ཡང་བོད་ནང་གི་བོད་མི་དེ་འདྲ་མདུན་དུ་ཁྱེར་ཡོང་གི་རེད། བོད་མི་སྐོར་ཞིག་ལ་ས་རྟགས་རྒྱག་བཅུག་ནས་ངེད་ཚོར་རང་བཙན་དགོས་ཀྱི་མེད་ཅེས་བཤད་བཅུག་པ་ཡིན་ན་ད་ཁྲིམས་ཐོག་ནས་ང་ཚོར་ཐོབ་པའི་རེ་བ་ག་ཚོད་ཅིག་ཡོད་པ་རེད། རྒྱལ་སྤྱིའི་ཐོག་བཙན་བྱོལ་བོད་གཞུང་བོད་མིའི་ཁྲིམས་མཐུན་གྱི་གཞུང་ལ་ངོས་ལེན་བྱ་རྒྱུ་གཅིག་པོའི་ཐོག་ནས་ཁེག་འགྲོ་གི་རེད།
ད་གལ་སྲིད་རྒྱལ་སྤྱིའི་ཐོག་ནས་བོད་རང་བཙན་ལ་ངོས་ལེན་རྒྱབ་སྐྱོར་ཐོབ་པའི་དབང་དུ་བཏང་ནའང་མཐར་ཐུག་ས་དེ་རྒྱ་མི་ལ་ཐུག་པ་རེད། རྒྱ་མི་དང་མཉམ་སྐད་ཆ་བཤད་དགོས་པ་རེད། རྒྱ་མིས་བོད་རང་བཙན་སྤྲད་གི་རེད་དམ། དེ་མ་སྤྲད་ན་རྒྱལ་ཁབ་སུ་ཞིག་་གིས་བོད་ལ་རྒྱབ་རོགས་ཀྱིས་རྒྱ་ནག་ལ་དམག་རྒྱག་གི་རེད།
རང་བཙན་རྩོད་མཁན།
རང་བཙན་རྩོད་མཁན་ནི་གཙོ་བོ་ལྷ་བཟང་ཚེ་རིང་། འཇམ་དབྱངས་ནོར་བུ། གཞོན་ནུའི་ཚོགས་པ། བོད་ནས་གསར་དུ་འབྱོར་བའི་་ནང་ཨ་ཚོགས་ཀླུ་མཁར་བྱམས་སོགས་དང་ང་ཚོའི་དྲ་ཁང་འདིའི་ནང་ཡང་སྐོར་ཞིག་ཡོད་པ་རེད། ཁོ་ཚོས་རང་བཙན་གྱི་གཞི་འཛིན་ས་གཙོ་བོ་ནི་བོད་ལོ་རྒྱུས་ཐོག་རང་བཙནཡིན། རང་བཙན་དགོས་ཟེར་བ་ཙམ་རེད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་རང་བཙན་གྱི་ཐོབ་ཐང་ཡོད་པ་ཞིག་མཐོང་གི་ཡོད་པ་རེད། དེ་ཙམ་གྱིས་རང་བཙན་ཐོབ་ཀྱི་ཡོད་མེད། ལོ་ག་ཚོད་ཅིག་དགོས་ཀྱི་ཡོད་མེད་ལ་ཞིབ་ཚགས་པོ་ཞིག་གང་ཡང་ཡོད་པ་མ་རེད། ཁོང་ཚོའི་རང་གཤིས་ལ་བསམ་བློ་ཞིག་བཏང་ན་ཡང་།
ལྷ་བཟང་ཚེ་རིང་ལ་མཚོན་ན་རྒྱ་ནག་ལ་སྡང་ཟུག་ཡོད་པ་དང་། བོད་དོན་ལ་སེམས་ཤུགས་ཚ་བོ་དང་ཞེན་ཕྱོགས་ཡོད་པ་རེད། ནམ་རྒྱུན་བོད་དོན་སྐོར་བསམ་བློ་འཁོར་བ་ཙམ་ནས་ཁོང་ཁྲོ་ཟ་བསྡད་ཡོད་པ་རེད། འདི་འདྲའི་སེམས་ཁམས་ཤིག་གི་ཐོག་ནས་བདེན་པའི་གནས་ཚུལ་དང་དངོས་ཡོད་གནས་ཚུལ་ཞིག་ཅི་ལྟར་རྙེད་ཐུབ།
འཇམ་དབྱངས་ལ་མཚོན་ན་ཡང་མ་གཞི་ནས་རྒྱ་ནག་ལ་དགའ་མ་དགའ་དེ་ཡོད་ཡོད་པ་རེད། སྔོན་མ་ཞིག་ལ་དམངས་གཙོ་ཚགས་པར་ཐོག་རྒྱ་མི་ཀླ་ཀློ་ཡིན་པའི་རྩོམ་ཞིག་ཀྱང་བྲིས་པ་དྲན་གྱི་འདུག ཁོའི་རྩོམ་ཡིག་གི་འབྲི་རྩལ་དེ་ཚད་མཐོན་པོར་སླེབས་ཡོད་ན་ཡང་བསམ་བློའི་གནས་སྟངས་དེ་རྒྱལ་སྤྱིའི་ཐོག་གི་མཁས་པ་ཚད་ལྡན་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་འབྱེད་ལས་རྦད་དེ་གྲོལ་ཚར་བ་དག་དང་བསྡུར་ན་ད་རུང་ཕྱོགས་ཞེན་ཞིག་གི་ཁུག་པ་ན་ལྷུང་བསྡད་ཡོད་པར་འདོད། ད་རུང་དེའི་ཁོའི་འཆར་ཡན་གྱི་སྣང་བ་ཡངས་པོ་དེའི་ཐོག་ནས་རང་བཙན་ཤོད་ཀྱི་ཡོད་པ་རེད། ངས་ཁོ་ལ་དྲི་བ་དྲིས་མྱོང་། མཐར་དེད་ན་ཁོ་ལ་རྒྱུ་མཚན་གོ་རིམ་ཡོད་པ་ཞིག་བཤད་རྒྱུ་མི་འདུག བར་ར་ནས་སྒེའུ་ཁུང་འདྲ་པོ་དེ་འདྲ་གོ་སྐབས་རེག་མ་སྲིད་པ་མ་རེད་ཟེར་གྱི་འདུག
ད་ཚོགས་པ་ཞིག་གི་ངོས་ནས་བཤད་ན་གཞོན་ནུ་ཚོགས་པ་རེད། ཚང་མ་སེམས་ཤུགས་མེ་འབར་འབར་རེད། སེམས་ཁམས་ལྷོད་ལྷོད་དང་སྙོམས་པོ་མིན་པའི་སྐབས་གཏམ་སྤྱོད་གང་ལ་ཡང་ཐལ་ཆ་ཡོང་གི་ཡོད་པ་ནི་ཆོས་ཉིད་རེད། རང་བཙན་དེ་སྔོན་མ་ནས་གཞོན་ནུའི་དམིགས་ཡུལ་ཡིན་པས་ད་རུང་དེ་བཟུང་ཡོང་གི་ཡོད་པ་རེད། ཁོ་ཚོས་ད་བར་རང་བཙན་གླེང་ནས་ལོ་མང་པོ་ཕྱིན་པ་རེད། ད་དངོས་གནས་ཡིན་ན། རང་བཙན་ལེན་ཐབས་ཀྱི་འཆར་གཞི་ཞིབ་ཚགས་ཤིག་ཡོད་དགོས་ཚོད་རེད་དེ་དེ་འདྲ་གང་ཡང་མཐོང་མ་སོང་། དེས་ན་རང་བཙན་ཟེར་བ་འདི་ནི་གང་ཞིག་ལ་སླེབས་དང་གང་ཞིག་ཐོབ་ཡོང་མིན་ཚོད་དཔག་བྱེད་དཀའ་བ་ཞིག་རེད།
རང་ཐག་རང་གཅོད།
རང་ཐག་རང་གཅོད་ཟེར་བ་འདི་ང་ཚོའི་ཁྲིམས་མཐུན་གྱི་ཐོབ་ཐང་ངོ་མ་དེ་རེད་སྙམ། ཡིན་ན་ཡང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་འདི་ཅི་ལྟར་ལེན་དགོས་པ་རེད། བོད་མི་མང་ཚང་མས་འོས་འདེམས་ཀྱི་ལམ་ནས་རང་གི་མདུན་ལམ་ཐག་བཅད་པ་ཡིན་ན་དེ་ལ་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་ཏན་ཏན་བྱ་རྒྱུ་ཡིན་པ་རེད། བཙན་བྱོལ་སྤྱི་ཚོསག་གཅིག་པོའི་ནང་འོས་འདེམས་བྱས་ནས་ལམ་ཁ་ཞིག་འདེམས་པ་ཡིན་ན་དེ་ལ་རྒྱལ་སྤྱིའི་ཐོག་ངོས་ལེན་བྱ་གི་མ་རེད་འདོད། བོད་ནང་དུ་འོས་འདེམས་བྱེད་དགོས་ན་ཡང་ཨ་ཕོ་རྒྱ་ནག་ལ་ཐུག་བསྡད་ཡོད་པ་རེད། མི་མང་གིས་འོས་འདེམས་ཀྱིས་རང་གི་མདུན་ལམ་ཐག་གཅོད་བྱ་རྒྱུ་དེ་རྒྱ་ནག་ལ་མཚོན་ན་དབུ་མའི་ལམ་ལས་ཀྱང་ཞེད་དགོས་པ་ཞིག་ཡིན་པ་དེ་བཤད་མ་དགོས་པ་རེད། དེ་ཡིན་ན་འདི་ཡང་ཁ་ཐག་རིང་པོ་རེད།
དབུ་མའི་ལམ།
དབུ་མའི་ལམ་འདི་བོད་དོན་གྱི་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཡག་པོ་ཞིག་ཏུ་མཐོང་གི་འདུག འདི་ནི་རྒྱ་ནག་དང་གྲོས་མོལ་གྱིས་གཞིས་ལུས་ཀྱི་བོད་མི་རྣམས་འཇིགས་ཉེན་ལས་སྐྱོབས་ཐབས་ཀྱི་ཐབས་ཤེས་ཤིག་ཏུ་མཐོང་། མི་ཞིག་ཤི་གསོན་ལ་ཐུག་པའི་སྐབས་དེའི་སྲོག་སྐྱོབས་ཐབས་ལ་འབད་རྒྱུ་ནི་གོམ་པ་དང་པོ་དེ་ཡིན། འཆི་བ་ལ་ཉེ་བའི་སྐབས་སུ་དེ་སྐྱོབས་ཐབས་མི་བྱེད་པར་འབྱུང་འགྱུར་མི་དེའི་ཁྱིམ་གཞི་འཛིན་སྟངས་སོགས་ཀྱི་སྐོར་ལབ་བསྡད་ན་མི་དེ་ཤི་ལམ་ལ་བསྐྱལ་བ་མ་ཡིན་ནམ།
ད་དུང་དབུ་མའི་ལམ་འདིའི་ནང་བོད་མི་མང་གི་ཐོབ་ཐང་ལ་རྡོག་རོལ་དང་གཅིག་གཅོད་ཀྱི་དབང་དུ་མ་ཕྱིན་པར་བོད་མིའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་བརྩི་འཇོག་བྱས་ཡོད་པ་རེད། དེ་ནི་རྒྱལ་བ་རིན་པོ་ཆེས་མཐའ་མཇུག་གི་ཐག་གཅོད་བོད་མི་མང་ལ་ཡོད་ཅེས་གསུངས་པ་འདི་རེད། ཁྱེད་རང་ལ་རང་བཙན་དགོས་ན་རང་བཙན་འདིའི་ནང་ཡོད་པ་རེད་ལ། རང་སྐྱོང་དགོས་ན་རང་སྐྱོང་ཡང་འདིའི་ནང་ཡོད་པ་རེད། ད་རང་བཙན་ཟེར་བ་དང་རང་ཐག་རང་གཅོད་ཟེར་བ་འདི་ཚོ་ད་རུང་དུས་སུ་བབས་མེད་པ་གསལ་པོ་རེད་ལ་གཅིག་བྱས་ན་ང་ཚོའི་མི་ཐོག་འདིའི་སྐབས་སུ་བབ་པའི་ལས་འགན་མ་རེད་ཅེས་བརྗོད་ན་ཡང་མ་འགྲིགས་པ་མི་འདུ་ག་སྙམ།
ང་ཚོའི་ལས་འགན་ག་རེ་རེད་ཟེར་ན། པན་ཆེན་རིན་པོ་ཆེས་གསུངས་པ་ལྟར། འབྲེལ་བ་ཐེངས་བརྒྱར་ཆད་ན་ཐེངས་བརྒྱར་མཐུད་དེ། ད་ལྟ་རྒྱ་ནག་གིས་ཁྲིམས་འགལ་ཟེར་བའི་རང་བཙན་དང་རང་བཙན་ཕྱེད་ཀ རྣམ་པ་འགྱུར་བའི་རང་བཙན་ཟེར་བ་དེ་ཚོ་མ་གླེང་པར་མི་རིགས་ས་ཁོངས་རང་སྐྱོང་ནང་གི་ཁྲིམས་ཐོག་ཁོ་ན་ལས་ལག་ལེན་མེད་པ་དེ་ཚོ་ནས་ཁེ་ཅི་ལོན་བྱེད་རྒྱུ་ལས་གཞན་ཅི་ཞིག་ཡོད། ཚད་མཐོའི་རང་སྐྱོང་ཟེར་བ་དེ་ཚོའང་ཡོང་ན་ཡོང་བ་རེད་མ་ཡོང་ན་གཡུག་ཞོག བོད་ནང་གི་རང་སྐྱོང་ལྗོངས། རང་སྐྱོང་ཁུལ། རང་སྐྱོང་རྫོང་དེ་ཚོའི་ནང་བོད་ཡིག་གམ་ཡང་ན་སྐད་གཉིས་ལག་ལེན་ཡོང་བ་ཞིག་དང་རྒྱ་ནག་གི་མི་གྲངས་གནས་སྤོ་དེ་ཚོ་འགོག་ཐུབ་པ་ཞིག་བྱུང་ན་བོད་འདི་འཇིགས་ཉེན་ལས་བསྐྱབས་ཐུབ་པ་རེད། ལས་ཀ་བྱས་ནས་སྐྱབས་མ་ཐུབ་ན་ཐབས་ཤེས་ཡོད་མ་རེད། ལས་ཀ་མ་བྱས་ན་ང་ཚོའི་ནོར་འཁྲུལ་རེད།
རྒྱ་ནག་འདི་ཡང་འགྱུར་མེད་ཕ་བོང་ལྟ་བུ་ཞིག་མིན་པར་འགྱུར་བའི་རང་བཞིན་ཡིན་པས་ལོ་རེ་རེ་བཞིན་འགྱུར་བཞིན་ཡོད་པ་རེད། ང་ཚོས་ཐོབ་ཐང་ཆུང་ཙག་ནས་མགོ་བཙུགས་ཏེ་གོམ་པ་རེ་རེ་བཞིན་ཕྱིན་པ་ཡིན་ན། རྒྱ་གུང་ཁྲན་གྱི་འོག་ནས་ཀྱང་ད་ལྟའི་རང་སྐྱོང་གི་གནས་བབ་འདི་འཐུས་སྒོ་ཚང་བ་ཞིག་ཡོང་རྒྱུའི་རེ་བ་མེད་པ་མ་ཡོད། དེ་ནས་རིམ་པས་རྒྱ་ནག་ལ་དམངས་གཙོ་འདྲ་ཞིག་ཐོབ་པ་ཡིན་ན་ཚད་མཐོའི་རང་སྐྱོང་ཡང་རེག་རྒྱུ་ཡིན་པ་རེད།
དེ་ནས་མི་རབས་རྗེས་མ་རྣམས་ཀྱི་སྐབས། གཅིག་བྱས་ན་རྒྱལ་སྤྱིའི་གནས་བབ་ཀྱང་འགྱུར། མིའི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་ཡང་འགྱུར་ཡོད་པ་རེད། དེའི་སྐབས་བོད་མི་རྗེས་རབས་པ་རྣམས་ལ་རང་བཙན་གྱི་འདོད་པ་ཡོད་སྲིད་ལ་མེད་ཀྱང་སྲིད། གལ་སྲིད་རང་བཙན་གྱི་འདོད་པ་ཡོད་ན་དེ་ཡང་ཐོབ་མ་སྲིད་པ་མ་རེད། ང་ཚོས་ང་ཚོའི་སྐབས་ཀྱི་དཀའ་ངལ་སེལ་ཐུབ་ན་དེས་འཐུས་སྙམ། མ་འོངས་པའི་དོན་སུས་ཤེས། གཅིག་བྱས་ན་འཛམ་བུ་གླིང་ཚང་མ་གཞུང་གཅིག་གི་འོག་ཏུ་འདུ་གི་རེད།
ད་དེ་ཙམ་ཡིན། ཀླད་པ་དཀྲུགས་དཀྲུགས་བཏང་ནས་བསམ་བློ་མང་པོ་གཏོང་མཁན་ཚང་མར་གུས་བརྩི་ཡོད། ང་རང་ཡང་རང་གི་འགན་ཁྱེར་ནས་བསམ་ཚུལ་ཞིག་ཞུས་པ་ཙམ་ཡིན། ཞུ་དག་གཏོང་རྒྱུ་མ་བྱུང་བས་ནོར་བ་ཡོད་ན་དགོངས་འགལ་མེད་པ་ཞུ། གཟིམས་འཇགས་གནང་གོ
dhatsenpaལགས་ཀྱིས་ཟླ་ཚེས་November 13th, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
རྨི་ལམ་མངོན་དུ་འགྱུར་ངེས།
https://www.khabdha.org/?p=785
ཁ་སང་ཨ་རིའི་མི་མང་ཚོས་མི་རིགས་ཀྱི་བཀག་རྒྱ་ཞིག་ཡོངས་སུ་གཏོར་ཏེ་རང་དབང་དང་བློ་དཀྱེལ་ཆེན་པོའི་ངང་འོས་འཕེན་གྱིས་ཤ་མདོག་ནག་པོ་ཡིན་པའི་ཨོ་བྷ་མ་སྲིད་འཛིན་གྱི་སྟེགས་བུར་བཀུར་བའི་བར་སྐབས་འདི་ནི་མི་སུ་ཞིག་ལ་མཚོན་ན་ཡང་སེམས་འགུལ་གཏིང་ནས་འཆོར་བའི་གནས་ཚུལ་ཞིག་ཅི་ལ་མིན། འདི་ནི་ཡུན་རིང་བོའི་རྨི་ལམ་ཞིག་མངོན་དུ་གྱུར་བའི་བར་སྐབས་ཡིན་པ་དང་། འདི་ནི་རྨི་ལམ་ཞིག་ཡོད་ཕྱིན་རྨི་ལམ་དེ་མངོན་དུ་འགྱུར་ངེས་པའི་དཔེ་སྟོན་ཞིག་ཀྱང་ལོས་ཡིན།
རླབས་ཆེ་བའི་ཨ་རིའི་སྲིད་འཛིན་ལིན་ཁོན་གྱིས་རང་དབང་གི་བསྒྲགས་གཏམ་ལ་མཚན་རྟགས་བཀོད་ཅིང་བྲན་གཡོག་ལམ་ལུགས་མེད་པར་བཟོས་པའི་རྗེས་སུ་ཡང་། ལོ་བརྒྱ་ཡི་རིང་ཤ་མདོག་ནག་པོའི་མི་རིགས་ཚོས་འདྲ་མཉམ་ཟེར་བ་རྣ་བས་མ་གོ་ཞིང་། མི་རིགས་དབྱེ་འབྱེད་ཀྱི་ཁྱད་གསོད་མཐོང་ཆུང་ནི་ཉིན་རེའི་ཉམས་སུ་མྱང་ཡུལ་དུ་གྱུར། ལོ་བརྒྱ་ཡི་རིང་གི་ངུ་སྐད་ཀྱིས་ཁོང་ཚོ་ཕན་ཚུན་གཅིག་གཅིག་གཉིད་ལས་དཀྲོགས་པར་གྱུར། དེ་ནས་བཟུང་ཁོང་ཚོ་ལ་འོད་སྣང་གི་རྨི་ལམ་ཞིག་རྨི་མགོ་ཚུགས། དེ་ནས་བཟུང་ཁོང་ཚོས་འཐབ་རྩོད་ཅིག་གི་མགོ་བཟུང་།
དེ་ནི་ ༡༩༦༣།༨།༢༨ ཉིན་ཏེ་མར་ཀྲིན་ལུའུ་ཐར་གྱིས་རྒྱལ་ས་ཝ་ཤིང་ཀྲོན་གྱི་མི་མང་ཐང་ཆེན་དུ་མི་གྲངས་འབུམ་གཉིས་ལྷག་གི་མདུན་དུ་འགྲེངས་ནས། སྤོབས་པ་ཆེན་པོ་དང་སྐད་གསེང་མཐོན་པོའི་ངང་མཛུབ་མོ་གཅིག་གནམ་ལ་ཀེར་ནས་ ་་ང་ལ་རྨི་ལམ་ཞིག་ཡོད་་ ཅེས་བསྒྲགས་པའི་ཉི་མ་དེ་རེད། དེ་ནས་མི་ལོ་བཞི་བཅུ་ཞེ་ལྔའི་རྗེས་ཀྱི་དེ་རིང་ལོ་ན་གཞོན་ཞིང་འཇེམ་ཐང་ཅན། ཡིད་ཆེས་དང་སྟོབས་ཤུགས་ཀྱིས་ཁེངས་པའི་མི་ནག་པོ་ཞིག་ལ་སྲིད་འཛིན་གྱི་འོས་ཤོག་ཐོབ་སྟེ་ཨ་རིའི་མི་སེར་གྱིས་གཙོས་པའི་མི་མང་པོ་ཞིག་ནས་དགའ་འབོད་སྒྲོགས་བཞིན་པའི་ཚུལ་གསར་གནས་ཀྱི་བརྒྱུད་ལམ་ཁག་ཏུ་སྤེལ་བཞིན་པ་དང་ཆབས་ཅིག ལོ་ཞེ་ལྔའི་སྔོན་དུ་མར་ཀྲིན་ལོའུ་ཐར་གྱིས་ ་་ང་ལ་རྨི་ལམ་ཞིག་ཡོད་་ ཅེས་སྒྲོགས་བཞིན་པ་དེ་ཡང་བརྙན་འཕྲིན་ནང་འཁྱུག་ཙམ་འཁྱུག་སྟོན་བཞིན་པ་འདི་ནི། ཨ་རིའི་མི་མང་ཚོས་མར་ཀྲིན་ལོའུ་ཐར་ལ་ཁྱེད་ཀྱི་རྨི་ལམ་དེ་ངེད་ཚོས་མངོན་གྱུར་བྱས་ཡོད་ཅེས་ཕྱི་མའི་ཡུལ་དུ་སྐད་བསྐུར་བཞིན་པ་དང་འདྲ།
དགའ་བ་འཕེལ་བའི་སྐབས་འདིར། ཡིད་སེམས་འགུལ་བའི་སྐབས་འདིར། ང་ཚོ་མགོ་ནག་རྩམ་ཟན་ཚོ་ལ་ཡང་ཡུན་རིང་པོ་ནས་རྨིས་པའི་རྨི་ལམ་ཞིག་ཡོད་པ་དེ་རང་བཞིན་གྱིས་སེམས་ལ་འཁོར་ཡོང་། ཁོང་ཚོའི་མངོན་དུ་གྱུར་པའི་རྨི་ལམ་འདིས་ང་ཚོའི་རྨི་ལམ་དེ་ཡང་ནམ་ཞིག་མངོན་དུ་འགྱུར་རྒྱུ་ཡིན་པར་ང་ཚོར་གོ་བརྡ་ཞིག་སྤྲད་པ་མ་ཡིན་ནམ། འདི་ལ་དྲི་བ་མང་པོ་ཞིག་འདྲི་མི་དགོས་ལ། ཐེ་ཚོམ་མང་པོ་ཞིག་ཀྱང་ཟ་མི་དགོས་པའི་བདེན་དཔང་གསོན་པོ་ཞིག་ཡིན་པའི་ཡིད་ཆེས་ཅི་ལ་མི་སྐྱེ།
ང་ཚོའི་རྨི་ལམ་འདི་ཅིས་ཀྱང་མངོན་དུ་འགྱུར་ངེས། ང་ཚོའི་རྨི་ལམ་འདིའི་ཆེད་དུ་མི་གྲངས་ཀྱིས་མི་ལངས་པ་ཞིག་གིས་གཅེས་སྲོག་ཕུལ་ཡོད། གཅེས་སྲོག་ཕུལ་བ་རང་འབྲས་བུ་ཡིན། ང་ཚོའི་རྨི་ལམ་འདིའི་ཆེད་དུ་མི་གྲངས་ཀྱིས་མི་ལངས་པ་ཞིག་གིས་ཁྲག་གི་ས་བོནབཏབ་ཡོད། དེ་ལ་འབྲས་བུ་ཞིག་སྨིན་རྒྱུ་ལོས་ཡོད། དེང་སང་གི་དམངས་གཙོ་དང་ཞི་བདེའི་རྒྱལ་ཁབ་འདི་ཚོ་ཡང་རྒྱལ་གཅེས་དབའ་བོ་དཔའ་མོ་མང་པོ་ཞིག་གི་ཚེ་སྲོག་གིས་ཉོས་ཡོང་བ་མ་ཡིན་ནམ། ང་ཚོས་འོད་སྟོང་ལྡན་པའི་རྨི་ལམ་འདི་ཁྱེར་ནས་མུ་མཐུད་མདུན་དུ་འགྲོ།
dhatsenpaལགས་ཀྱིས་ཟླ་ཚེས་November 5th, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
“དགེ་འདུན་དཀོན་མཆོག་ཡག་པོ་མི་འདུག”
ཁ་སང་དེ་རིང་ཁ་བརྡ་གྲྭ་ཁང་འདིའི་ནང་ཡང་སྐྱར་སེར་དམག་བླུགས་འདུག་པ་མ་ཟད་མི་ནག་ཆང་སྐྱ་ཚོ་དང་མཉམ་དུ་ཚིག་ངན་བརྗོད་རེས་བྱེད་ཀྱི་འདུག དེ་ཡང་སྐྱོནཆེར་མི་འདུག ཟུར་ནས་ལྟ་མཁན་རྣམས་ལ་མཚོན་ན་ལྟད་མོ་གང་འཚམས་ཤིག་ལྟ་ཐུབ་ངེས་རེད། ཡིན་ན་ཡང། ད་ལྟ་ཅུང་ཟད་ཐལ་དྲགས་ཀྱི་ཡོད་པ་འདྲ། དེ་བས་ངས་ཁྱེད་ཚོར་སྒྲུང་སྙན་མི་ཞིག་དང་དེ་ལས་འཕྲོས་པའི་བསམ་གཞིགས་ཐུང་ཙམ་ཞུ་གི་ཡིན་ན་ཨམ་ཅོགཅོར་ཅོར་གཉིས་ཀྲོང་ཀྲོང་བྱས་ཏེ་ཉན་རོགས།
བོད་ཀྱི་ས་ཆ་ག་ཤེད་ཅིག་དུ་མི་ཞིག་ཡོད་འདུག ཁོས་ནང་པ་སངས་རྒྱས་ཀྱི་སྐྱབས་འགྲོ་ཚིག་གསུམ་དེའི་སྐོར་བསམ་བློ་མང་པོ་ཞིག་བཏང་ནས་སྐད་ཆ་ཚིག་ཁ་ཤས་ཀྱི་སྡོམ་ཞིག་བརྒྱབས་འདུག ཁོས་བརྗོད་པར། ་་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་གཉིས་ཡག་པོ་འདུག་་ ཅེས་མིག་གིས་ཉན་མཁན་རྣམས་ལ་སྐོར་ལྟ་ཞིག་བྱས་ནས། ་་ག་ཚོད་ཕུལ་བ་ཡིན་ན་རང་འཇགས་སྡོད་ཀྱི་འདུག་་ ཅེས་བཤད། དེ་ནས་ཅུང་ཟད་བསྡད་དེ་ཡི་མ་རང་བའི་རྣམ་པས་ཡང་སྐྱར་བརྗོད་པར ་་ དགེ་འདུན་དཀོན་མཆོག་ཡག་པོ་མི་འདུག་་ ཅེས་ལག་པའི་རྣམ་འགྱུར་དང་བཅས་མུ་མཐུད། ་་ག་ཚོད་ཕུལ་བ་ཡིན་ན་མེད་ཐག་ཐག་མེད་ཐག་་ཐག་་ ཅེས་བརྗོད་འདུག མི་རིང་བར་སྒྲུང་འདི་བོད་སྤྱི་ཚོགས་ཀྱི་གྲུ་ཁུག་གང་སར་ཁྱབ་ཕྱིན། ཉུང་ཤས་ཤིག་ནས་ཁོའི་བཤད་པ་དེ་འདྲ་བོ་འདུག་ག་ཟེར། འགའ་ཤས་ཤིག་གིས་དེ་འདྲ་བཤད་ན་སྡིག་པ་ཡོད་པ་རེད་ཟེར། མང་ཆེ་བ་ཞིག་གིས་གཟབ་གཟབ་བྱས་ནས་དེའི་སྐོར་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་བཟུང་། སྒྲུང་བཤད་ཚར།
ངས་ཀྱང་སྒྲུང་འདི་གོ་ནས་བཟུང་རང་གི་བསམ་ཚུལ་ཞིག་བཤད་དགོས་བསམ་ནས་ཆོས་དཔེ་སྣ་རིང་དེ་ཚོ་ཡང་ཡང་ཀློག་ཁ་བྱས་པ་ཡིན། ཆོས་ཟེར་བ་དེ་སྐྱབས་དངོས་ཡིན་ཟེར་གྱི་འདུག དེ་ལ་ཚན་རིག་དང་མཐུན་པའི་རྒྱུ་མཚན་ཡང་མང་པོ་ཞིག་བཀོད་འདུག དེ་མ་རེད་ཟེར་བའི་རྒྱུ་མཚན་ཞིག་བཙལ་བ་ཡིན་ཡང་གང་ཡང་རྙེད་མ་སོང་། ད་སངས་རྒྱས་སྐྱབས་སྟོན་པ་པོ་རེད་ཟེར། དེ་ཡིན་པར་གླན་ཀ་བྱེད་དགོས་དོན་མི་འདུག དེ་ནས་དགེ་འདུན་དཀོན་མཆོག་སྐྱབས་སྒྲུབ་པའི་ཟླ་གྲོགས་རེད་ཟེར། ནད་པ་ཞིག་ལ་མཚོན་ན་ནད་རོགས་སམ་སྨན་རོགས་ལྟ་བུ་ཞིག་ཡིན་པ་བརྗོད་འདུག དེ་ནས་ང་རྦད་དེ་འཐོམས་པར་གྱུར་ནས་གྲུང་རིག་རིག་གི་མིག་ཕྲ་ཆུང་གཉིས་ཀྱང་ཀླད་ལ་འཁོར། ངས་ད་ལྟའི་སྤྱི་ཚོགས་ནང་བསམ་བློ་ཡང་ཡང་བཏང་བ་ཡིན་ཡང་། དགེ་འདུན་པ་ཚོས་མི་མང་ནང་སྐྱབས་སྒྲུབ་པའི་ཟླ་གྲོགས་ག་འདྲ་ཞིག་བྱེད་ཀྱི་ཡོད་མེད་རྩ་ནས་ཤེས་ཀྱི་མི་འདུག དེ་བས་མི་མང་རྣམས་དགེ་འདུན་པའི་སྐྱབས་སྒྲུབ་པའི་ཟླ་གྲོགས་རེད་ལབ་ན་རྒྱུ་མཚན་ལས་སླ་པོར་རྙེད་ཐུབ་ཀྱི་འདུག དགེ་འདུན་པ་ཚོས་དཔེ་ཆ་ཀློག རྒྱགས་པ་ཆགས་བཅུག་ནས་བསྡད་པ་ཡིན་ན། མི་མང་གིས་ཁོ་ཚོར་ཁ་ལག་སྤྲད། དངུལ་སྤྲད། ཞབས་ཞུ་བྱས་དེ་འདྲ་བྱེད་པར་བལྟས་ན་དངོས་གནས་སྐྱབས་སྒྲུབ་པའི་ཟླ་གྲོགས་འདྲ་སེ་འདུག དེ་བས་གོང་གི་སྒྲུང་དེ་ཡང་མ་བདེན་པ་མི་འདུག་སྙམ་པ་འདུག
དེ་ལྟར་བསམ་བློ་བཏང་ཡོང་ན་སྐྱབས་འགྲོ་ཚིག་གསུམ་འདིའི་ནང་ནས་ ་་དགེ་འདུན་ལ་སྐྱབས་སུ་མཆི་་ ཟེར་བ་དེ་ལེན་དགོས་པ་འདྲ་པོ་འདུག ད་དེས་ན། དེའི་ཚབ་ལ་ག་རེ་བཅུག་དགོས་རེད། བསམ་བློ་ག་ཚོད་བཏང་ན་ཡང་དེའི་ཚབ་ལ་འོས་པ་གཅིག་རང་གཅིག་ཡོད་པ་ནི་ ་་རང་ཉིད་ལ་སྐྱབས་སུ་མཆི་་ ཟེར་བ་འདི་ལས་ལྷག་ཅིག་མི་འདུག
རང་ཉིད་ཀྱི་རྒྱུད་ན་སངས་རྒྱས་ཀྱི་ས་བོན་ཡོདཔ། ཆོས་གསུང་མཁན་སངས་རྒྱས་ཡིན་ན་ཡང་དེ་དངོས་སུ་ཉམས་ལེན་བྱེད་མཁན་རང་ཉིད་ཡིན་པ། རང་ཉིད་ཀྱི་ཤེས་བརྩོན་ལ་མ་ལྟོས་པར་སངས་རྒྱས་ཐབས་མེད་པ། ཉམས་ལེན་གྱི་ནང་དུ་ཡང་རང་ཉིད་ལྷར་བསྐྱེད་དགོས་པ་དེ་འདྲ་འདུག འབྲེལ་བའི་བྱུང་རིམ་ལ་བལྟས་ཡོང་ན་ཡང་། ཆོས་གསུང་པ་པོ་སངས་རྒྱས། དེས་གསུངས་པའི་ཆོས། དེ་ཉམས་སུ་ལེན་མཁན་རང་ཉིད། འདི་ཏག་ཏག་འབྲེལ་གྱི་མི་འདུག་གམ། ད་དེ་ནས་ཁྱེད་ཚོས་ཨུ་ཚུགས་རྒྱག་ན་བླ་མ་ལ་སྐྱབས་སུ་མཆིའོ་ཟེར་བ་འདི་བཅུག་པ་ཡིན་ན་ཡང་མ་འགྲིགས་པ་མི་འདུག
ད་འདིར་འཕྲོས་བཤད་བྱེད་འདོད་པ་གཞན་ཞིག་ནི། ད་བར་རྒྱན་དྲུག་མཆོག་གཉིས་ཟེར་བ། གྲུབ་ཆེན་བརྒྱད་ཅུ་ཟེར་བ། པན་ཊི་ཏ། མཁས་པ་ཟེར་བ་མང་པོ་ཞིག་བྱུང་ནས་སངས་རྒྱས་ཀྱི་བཀའ་ལ་འགྲེལ་བརྒྱབ། ཡང་འགྲེལ་བརྒྱབ། ཁོ་རང་ཚོ་ཁོ་རང་ཚོ་ཡང་འགྲེལ་རྒྱག་སྟངས་ལ་ལྟ་བ་མ་འདྲ་བ། གྲུབ་མཐའ་མ་འདྲ་བ་མང་པོ་ཞིག་བྱུང་ནས་སངས་རྒྱས་ཀྱི་གསུང་གསེར་ལྟ་བུ་དེ་ཚོ་ལྷད་ཅན་དུ་བཏང་འདུག་པ་འདིའི་སྙིང་ནད་ནམ་བསམ་ཡང་སངས་ཐབས་བྲལ།
བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། རང་ཉིད་ལ་སྐྱབས་སུ་མཆིའོ།
ད་ནས་བཟུང་སྐྱབས་འགྲོ་འདི་ཡིན་ད། ཁྱེད་ཚོ་དགའ་ན་མ་དགའ་ན་ང་ལ་སངས་རྒྱས་ཀྱི་བཀའི་གནང་བ་ཐོབ་ཡོད།
dhatsenpaལགས་ཀྱིས་ཟླ་ཚེས་October 27th, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
གཏམ་དཔེ་ཞིག་གི་གོ་དོན་འཚོལ་བ།
https://www.khabdha.org/?p=628
དཔོན་པོ་ཁྱི་ལས་ལོད་ཀྱང་། ཁྱི་རྔ་མགོ་ལ་ཁུར།།
འདི་ནི་ངའི་ཕ་ཡུལ་གྱི་གཏམ་དཔེ་ཞིག་རེད། གཏམ་དཔེ་འདི་ཁྱེད་རང་གིས་མཐོང་མ་ཐག་སེམས་ལ་གནའ་སྔ་མོའི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཟེར་བའི་འདྲ་རིས་ཤིག་ཁྱེད་ཀྱི་སེམས་ངོར་འཆར་ཡོང་སྲིད། ཁྱེད་ཀྱི་ཁ་ནས་བརྗོད་བཞིན་པའི་དམངས་གཙོ་ཟེར་བའི་ཚིག་ལས་འགལ་ཟླར་ཕྱིན་ཡོད་སྲིད། ཁྱེད་ཀྱི་དེང་རབས་ཀྱི་བསམ་བློ་དེ་དང་མཐུན་ཐབས་མེད་པ་ཞིག་ཡིན་སྲིད།
ངས་གཏམ་དཔེ་འདིར་བསམ་བློ་ཅུང་ཞིག་བཏང་བ་ཡིན། འདི་དམག་འཁྲུག་དང་དཀའ་ངལ་གྱི་ལོ་ཟླ་མང་བོའི་བརྒྱུད་རིམ་ཁྲོད་ནས་ཡོང་བའི་ཉམས་མྱོང་གི་ཕྱོགས་སྡོམ་ཞིག་ཡིན་པའི་ངེས་ཤེས་སྐྱེ་གི་འདུག འདི་གནད་འགག་ཅན་གྱི་གཡུལ་འཁྲུག་ཅིག་གི་སྐབས་དམག་དཔོན་དང་དམག་མི་བྱིངས་ཀྱི་འབྲེལ་བར་སྐུལ་སྤེལ་གཏོང་བྱེད་ཅིག་ཡིན་པ་མ་ཟད་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་དམག་དོན་གྱི་ཚིག་གལ་ཆེན་པོ་ཞིག་ཡིན་ངེས་རེད། དེ་མ་ཟད་གཏམ་དཔེ་འདི་ད་ལྟ་དམངས་གཙོའི་དུས་སྐབས་སུའང་གནད་འགག་སྐབས་མཁོ་ངེས་ཆེན་པོ་ཡིན་པར་འདོད།
ཡང་གོང་གི་གཏམ་དཔེ་འདི་དང་རྗེས་འབྲེལ་གྱིས་ངས་ཁྱེད་ཚོར་ ་་ལེ་བདའ་་ ཟེར་བའི་ཕ་སྐད་འདི་ངོ་སྤྲོད་བྱེད་ན་འདོད་བྱུང་། ལེ་བདའ་ནི་དོན་དག་ཅིག་མ་བྱུང་བའི་རྗེས་གཅིག་ཁག་གཅིག་ལ་དཀྲི་བ་ལ་ཟེར། མང་པོ་ཞིག་མཉམ་རུབ་ཀྱིས་དོན་ཆེན་གང་ཞིག་སྒྲུབ་པར་འབད་ནས་དོན་དག་དེ་མ་འགྲུབ་པའི་སྐབས་ཕན་ཚུན་ལེ་བདའ་བྱེད་པ་དེ་ཆེས་ཐ་ཆད་དུ་བརྩི། དེ་ནི་དོན་དག་རྗེས་མ་དེའང་མི་འགྲུབ་པའི་སྔ་ལྟས་ལྟ་བུ་བཀྲ་མི་ཤིས་པ་ཞིག་ཏུ་བརྕི་བས་ངའི་ཕ་ཡུལ་དུ་དམག་ཕམ་ནའང་ཕན་ཚུན་ལ་ལེ་བདའ་བྱེད་པའི་སྲོལ་ཆེར་མེད། གཅིག་བྱས་ན་ང་ཚོ་ཚང་མའི་ཕ་ཡུལ་གཅིག་པ་ཡིན་རྒྱུ་རེད།
ཁ་སང་དེ་རིང་ང་ཚོའི་སྤྱི་ཚོགས་ནང་དང་། ལྷག་པར་དུ་ཤེས་ལྡན་མི་སྣའི་ཁྲོད། གཞན་བཀའ་ཟུར་རྣམ་པའི་ཁྲོད་བཅས་ཕྱོགས་གང་སར་ལེ་བདའ་བྱེད་པའི་ཆམས་ནད་ཅིག་ཁྱབ་ཡོང་གི་ཡོད་པ་མ་ཟད་ཁ་བརྡ་དྲ་ཚང་དུའང་མི་ཁ་ཤས་ལ་ཆམས་ནད་དེ་འགོས་ཡོད་པའི་མངོན་རྟགས་གསལ་པོ་འདུག ད་ཁྱེད་ཚོས་ཨ་ཁུ་འབྲོག་པའི་གཤིས་ཀ་དེ་སྲིད་དོན་ནང་ཁྱེར་ཡོང་གི་འདུག་དགོངས་སྲིད། ཡིན་ན་ཡང་ལེ་མདའ་དང་གཏམ་བརྗོད་རང་དབང་གཉིས་ལ་གོ་བ་ལོགས་སུ་དགར་ནས་ལེན་རོགས་ཞུ།
ང་ཚོས་མི་མང་གིས་འདེམས་པའི་མི་མང་གི་གཞུང་དང་མི་མང་གིས་འདེམས་པའི་མི་མང་གི་སྤྱི་འཐུས་ཞྭ་བཞིན་བཀུར་བར་བྱ། དཔོན་པོ་ཁྱི་ལས་ལོད་ཀྱང་། ཁྱི་རྔ་མགོ་ལ་ཁུར། མ་འདེམས་སྔོན་གཟབ་གཟབ་ཀྱིས་བརྟག་པར་བྱ། ནམ་རྒྱུན་ནས་སྐྱོན་དང་ནོར་འཁྲུལ་ཡོད་ན་ཁ་སངས་པོས་བསྲང་བར་བྱ། ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་བས་དོན་དག་གང་ཞིག་མ་སྒྲུབ་སྔོན་རྣམ་དཔྱོད་དང་ལྡན་པའི་ངང་བགྲོ་གླེང་ལྷུག་པོར་བྱ། རྗེས་སུ་ལེ་བདའ་མེད་པར་བྱ། བསམ་བློ་སྔོན་ལ་ཐོངས་ན་མཁས་པ་ཡིན། འགྱོད་པ་རྗེས་སུ་སྐྱེས་ན་གླེན་པ་ཡིན།
dhatsenpaལགས་ཀྱིས་ཟླ་ཚེས་October 1st, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
རོང་པོ་ཤར་ཚང་གི་གསང་རྣམ་ཡ་ཡི་མ།
https://www.khabdha.org/?p=593
རོང་པོ་ཤར་ཚང་འདི། ཡ་རེ་ཡ་རེ་ཡ་རེ་ལེན་ཟེར་ནས་གླུ་ལེན་གར་རྩེད་བྱེད་སའི་མིའི་སྤྱི་ཚོགས་ལས་རིང་དུ་གྱེས་ཏེ་མི་མེད་ལུང་སྟོང་དང་འབྲོག་དགོན་མང་པོ་འགྲིམས་ནས་སྒོམ་སྒྲུབ་ཉམས་ལེན་ལ་གཅིག་ཏུ་གཞོལ་ནས་སྡོད་སྐབས། མཚམས་རེར་དངོས་གནས་བྱ་བྱེའུ་འབའ་འབུ་དང་ཤིག་སོ་ལྗི་བ་ལས་གླུ་ལེན་ས་ལེན་རོགས་མེད་པར་མིའི་སྤྱི་ཚོགས་དང་འབྲེལ་ཐག་ཡོངས་སུ་ཆོད་པ་་ལྟ་བུ་ཞིག་ཡོད། ཡིན་ན་ཡང་། དོན་དངོས་སུ་དེ་ལྟར་མིན་ཏེ་རི་མགོ་རྫ་མགོའི་ཕྱུགས་རྫི་རྣམས་དང་རི་ཁུག་ལུང་ཁུག་གི་ཤིང་འཐུ་བ་དང་རྔོན་པ་རེ་ཟུང་གིས་ཐག་རིང་པོ་ནས་སྐད་སྙན་མོའི་ངག་གི་དབྱངས་རྟ་ལ་དྲངས་ནས་ལ་ཡས་ལེན་པ་དེས་ཁོང་ད་རུང་འཇིག་རྟེན་མི་ཡུལ་དུ་ཡོད་པའི་གོ་བརྡ་ཞིག་སྟེར་གྱི་ཡོད་པ་མ་ཟད་ཁོང་གི་ཐུགས་ཡིད་དབང་མེད་དུ་འཕྲོག་གི་ཡོད་པ་རེད།
ཁོང་ནས་སྒོམ་སྒྲུབ་བྱེད་ཀྱིན་བྱེད་ཀྱིན་ཕྱིན་ཏེ་སྐབས་ཤིག་ད་ལྟའི་རྨ་ལྷོ་སོག་པོའི་ཁོངས་ཀྱི་སངས་རྒྱས་སྟོང་གི་བླ་རི། ཅི་གིན་སྒམ་བྲག་མཐོན་པོའི་ཁོངས་གསེང་ཞིག་ཏུའང་གང་མཚམས་ཤིག་བཞུགས་པ་མ་ཟད་ལྷ་མོའི་བླ་མཚོར་གནས་བསྟོད་ཅིག་ཀྱང་གནང་། དེའི་སྐབས་དེ་ནས་ལུང་མདོར་བབས་ཏེ་མར་ལྷ་མོའི་བླ་མཚོ་ཡོད་སའི་ཐང་གི་ཕར་ཕྱོགས་སུ་བསོད་ནམས་སྣ་སྒུར་ཚང་གི་རི་བབས་ཡོད་འདུག དེ་ཚང་ལ་མགོན་པོ་ལྟག་ཁྱ་ཟེར་བ་རང་ལོ་བཅོ་ལྔ་ལོན་པ་ལོ་གཞོན་སྐད་སྙན་མོ་ཅན་ཞིག་ཡོད་པ་དེ་དང་ཁོང་གཉིས་གྲོགས་པོ་ཆགསའདུག
ཐེངས་ཤིག་ཉི་མ་ཐང་སྟེ་གནམ་སྔོ་ཐང་ཡུག་ཐང་ཆོད་ཡོད་པའི་ཉིན་ཞིག་ཁོང་ཁམས་སངས་ཀྱི་ཆེད་དུ་ཡར་ཤུག་ལུང་གི་རྫ་རྒྱུད་དེད་དེ་རི་རྩེ་མཐོ་ས་ཞིག་ཏུ་བུད་ནས་ཕར་བྱང་ཕྱོགས་སུ་ཁ་འཁོར་ཏེ་རང་གི་ཕ་ཡུལ་རེབ་ཀོང་ཕྱོགས་རྒྱང་ལྟ་བྱེད་བཞིན་རི་དྭགས་ཕོ་མོའི་རྩེད་འཇོ་དང་། བྱ་བྱེའུས་ཅིར་ཅིར་འབྱིན་པའི་སྙན་དབྱངས། ཁ་དོག་འདྲ་མིན་གྱི་ཕྱེ་མ་ལེབ་ཀྱིས་གཤོག་འགྱུར་རྒྱག་བཞིན་རང་དབང་དགའ་བདེའི་དཔལ་ལ་རོལ་བའི་ངང་ཚུལ། བུང་བ་སེར་ཆུང་རྣམས་གཤོག་གླུ་ལེན་བཞིན་ཡོང་སྟེ་མེ་ཏོག་སྣ་བརྒྱས་མགོ་ལྕོག་ལྡེམ་བཞིན་བསུང་ཞིམ་ཀུན་ཏུ་གཏོར་བཞིན་པའི་ནང་ལྡིང་སྐོར་རྒྱག་བཞིན་པ་སོགས་རང་བྱུང་གི་སྣང་ཚུལ་གྱིས་ཐུགས་ཡིད་དབང་མེད་འཕྲོག་སྟེ་བཞུགས་ཡོད་སྐབས། གློ་བུར་དུ་ཕར་ཕྱོགས་ཀྱི་ཤྭ་ལུང་དང་གནའ་ལུང་གཉིས་བར་གྱི་སྒང་མགོ་ནས་མགོན་པོ་ལྟག་ཁྱའི་གླུ་སྐད་སྙན་མོ་ཞིག་གིས་ཁོང་གི་ཐུགས་ཡིད་རང་བྱུང་མཛེས་སྡུག་གི་ཞིང་ཁམས་ནས་སླར་མི་ཡུལ་དུ་དྲངས།
ཡེ་ཡེ་ཡེ་ཡེའི་གོ ལ་ཡ་ལ ཡ་ཡའི དགུང་ཨ་སྔོན་གོས་སྔོན་རས་སྔོན་རེད་ཡ་ཡའི། གོན་འདོད་ན་གོང་ང་འདོགས་རན་རེད་ཡ་ཡའི།
ཡེ་ཡེ་ཡེ་ཡེའི་གོ་ལ་ཡ་ལ་ཡ་ཡའི། རྟ་འདོ་བ་ན་སོ་གསུམ་པ་རེད་ཡ་ཡའི། རྒྱུག་འདོད་ན་སྒ་སྲབ་བསྒྲིགས་རན་རེད་ཡ་ཡའི།
ཡེ་ཡེ་ཡེ་ཡེའི་གོ་ལ་ཡ་ལ་ཡ་ཡའི། རོགས་ཆུང་ལོ་ལྔ་གསུམ་བཅོ་ལྔ་རེད་ཡ་ཡའི། འགྲོགས་འདོད་ན་ཚིག་གསུམ་བཤད་རན་རེད་ཡ་ཡའི་ཟེར་ནས་བླངས་པའི་མགོན་པོ་ལྟག་ཁྱའི་ལ་རིང་དེས་ཁུ་སིམ་གྱི་རི་ལུང་རྫ་ལུང་རྣམས་ཡོངས་སུ་བཀང་ཞིང་རང་བྱུང་གི་རི་བྲག་རྫ་ལུང་རྣམས་སུ་རང་སྒྲ་འཁྲོལ་བཞིན་མཆིས་ལ། དེ་བྲག་ཆ་ནས་བྲག་ཆ་བརྒྱུད་དེ་ཅི་གིན་རྫ་བྲག་གི་རི་རྒྱུད་ཧྲིལ་བོ་ཁོའི་གླུ་སྐད་ཀྱིས་ཡོངས་སུ་ཁེངས། ཡ་ཡའི་ ཡ་ཡའི་ཟེར་བའི་ཁོའི་གླུ་སྐད་དེ་ཁོང་གི་སྒོམ་ཁང་གི་བྲག་ཆའི་ནང་ལྷང་ལྷང་གྲག་བཞིན་འདུག་ལ་ཁོང་གི་ཐུགས་ནང་གི་གཏིང་ཟབ་ས་ན་ཡང་སང་སང་གྲག་བཞིན་ཡོད་འདུག དེར་མ་ཟད་ཁོང་ནས་མགུར་ཞིག་གསུངས་ན་དེའི་ནང་དུའང་ཡ་ཡི་ཟེར་ནས་གྲག་བཞིན་ཡོད་འདུག དུས་ད་ལྟ་བར་དུ་ད་རུང་ཡ་ཡེ་ཡ་ཡེའི་ཟེར་བའི་ལ་སྐས་དེ་མཚམས་ཆད་ཡོད་མི་འདུག
dhatsenpaལགས་ཀྱིས་ཟླ་ཚེས་September 17th, 2008 ལ་ གླུ་གཞས།,རྩོམ་རིག སྡེ་ཚན་དུ་སྤེལ|
དེ་རིང་ངས་ཁྱེད་ཚོར་གླུ་ཞིག་འབུལ།
https://www.khabdha.org/?p=589
དེ་རིང་གཟའ་ཉི་མ་རེད། ང་ཚོར་ཁ་རྩོད་མེད་པ་བྱེད། ངས་ཁྱེད་ཚོར་ཁམས་སངས་ཀྱི་ཆེད་དུ་གླུ་ཞིག་འབུལ།
ཡ་རེ་ཡ་རེ་ཡ་རེ་ལེན།། ཞང་ཡ་རེ་ཟེར་རའི་གླུ་ཞིག་ལེན།།
གླུ་ད་ལོངས་ད་ལོངས་མ་ཟེར་རོགས།།
ངའི་གངས་དཀར་སེམས་ལ་འཆར་ཟིག་དགོས།།
སེམས་ཟཆར་སྣང་འབབ་ས་ཡོད་ལེ་དགོས།།
ཡ་རེ་ཡ་རེ་ཡ་རེ་ལེན།། ཞང་ཡ་རེ་ཟེར་རའི་གླུ་ཞིག་ལེན།།
གླུ་ད་ལོངས་ད་ལོངས་མ་ཟེར་རོགས།།
ངའི་ལྕེ་སྣེ་དམར་པོ་མདུད་ཅིག་དགོས།།
མདུད་ལ་དམ་ལྷོད་རན་པ་དགོས།།
ཡ་རེ་ཡ་རེ་ཡ་རེ་ལེན།། ཞང་ཡ་རེ་ཟེར་རའི་གླུ་ཞིག་ལེན།།
གླུ་ད་ལོངས་ད་ལོངས་མ་ཟེར་རོགས།།
ངའི་མིད་ཐག་ཕྲ་མོ་འགུག་ཅིག་དགོས།།
བཀུག་དང་ན་ཁྲོམ་ཆེན་ཁུག་པ་དགོས།།
dhatsenpaལགས་ཀྱིས་ཟླ་ཚེས་September 14th, 2008 ལ་ གསར་འགྱུར།,གླུ་གཞས། སྡེ་ཚན་དུ་སྤེལ|
གོར་མོ་རྔ་འདྲའི་གྲོས་ཤིག་བྱེད།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
གླུ་ཐ་ལ་ལ་མོ་ཐ་ལ་ལེན།།
གླུ་ཨ་ལ་ཨ་ཕའིལེན་ལུགས་རེད།།
གླུ་ཐ་ལ་ཨ་མའི་འགུགས་ལུགས་རེད།།
ས་འདི་དང་ས་ངོ་མ་ཤེས་ན།།
བྱང་ཨ་མེ་རི་ཀའི་ས་ཆ་རེད།།་
མི་ང་དང་ང་ངོ་ཤེས་མ་ཤེས།།
མི་ང་དང་ང་ངོ་ཤེས་དགོས་མེད།།
ཚིག་དོན་ཅན་ཤེས་ན་ང་ངོ་རེད།།
དུས་དེང་སང་ཁ་སང་དེ་རིང་ལ།།
དགྲ་ནག་པོ་མགོ་་འཕང་ཇེ་མཐོ་རེད།།
བོད་རྩམ་གཟན་དབུ་འཕང་ཇེ་དམའ་རེད།།
ཕོ་ཐ་མ་རེ་བ་མེད་དུས་རེད།།
ཕོ་འབྲིང་བོ་ཐེ་ཚོམ་ཆེ་དུས་རེད།།
ཕོ་རྒོད་པོ་གདེང་ཚོད་ཡོད་དུས་རེད།།
དཔའ་ཞུམ་དགོས་ཨེ་ཡོད་བོད་མི་ཚོ།།
དེ་རིང་ང་ཚོས་གྲོས་ཤིག་བྱེད།།
གོར་མོ་རྔ་འདྲའི་གྲོས་ཤིག་བྱེད།།
གྲུ་བཞི་ཤོ་འདྲའི་གྲོས་ཤིག་བྱེད།།
གྲོས་ཡོད་ཉི་མ་ཤར་ཤར་བྱེད།།
གྲོས་མེད་མུན་པ་འཐིབས་འཐིབས་བྱེད།།
མི་སུམ་ཅུར་བསམ་པ་སུམ་ཅུ་རེད།།
མཛོ་སུམ་ཅུར་ར་ཁ་དྲུག་ཅུ་རེད།།
མི་རེ་རེར་རང་གི་བསམ་བློ་རེ།།
དེ་རེ་རེར་རྒྱབ་ཀྱི་རྒྱུ་མཚན་རེ།།
ད་རྒྱུ་མཚན་བཤད་པའི་དུས་ཚོད་རེད།།
བུ་འགའ་རེས་རང་བཙན་རང་བཙན་ཟེར།།
དེ་ལོས་ཟེར་རང་གི་ལོ་རྒྱུས་རེད།།
གཏམ་ཅི་བཤད་དོན་དག་ངོ་མ་རེད།།
དེ་ལེན་པར་ལོ་ངོ་ཆི་འདྲ་དགོས།།
སེམས་ནང་ན་འཆར་གཞི་ཅི་འདྲ་ཡོད།།
དགྲ་འཐབ་སྟངས་རྒོད་སྟངས་ཅི་འདྲ་ཡོད།།
སེམས་གདེང་ཚོད་ཡོད་ན་བདེན་པ་རེད།།
དགྲ་རྒྱག་གཅིགམཆོངས་གཅིག་དེ་ལ་བྱེད།།
སེམས་གྲོས་ཁ་གཅིག་ལ་མཐུན་པ་བྱེད།།
དེ་མེད་ན་མུན་ནག་སྦར་སྙོབས་རེད།།
དེ་མེད་ན་མདའ་མོ་སྟོང་འཕེན་རེད།།
མདའ་ལི་མ་འཕྲོ་བརླག་གཏོང་རྒྱུ་མེད།།
ཕོ་འགའ་རེས་ཚད་མཐོའི་རང་སྐྱོང་ཟེར།།
དེ་ལོས་ཟེར་རྒྱལ་བ་ཡབ་སྲས་གཉིས།།
ཐུགས་དགོངས་པ་གཅིག་ཏུ་བབས་པ་རེད།།
དམངས་ཡོངས་ཀྱིས་ངོས་ལེན་བྱས་པ་རེད།།
མཐོ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་རེད།།
དམའ་རྒྱ་མིའི་ཁྲིམས་དང་མཐུན་པ་རེད།།
དོན་ངོ་མ་རེ་བ་ཡོད་དགོས་རེད།།
དགོས་ཟེར་ཡང་འབྲས་བུ་མེད་ནས་གདའ།།
རྒྱ་ནག་པོ་ཁྲིམས་ཁ་བཙན་དང་གཅིག།
བོད་རྩམ་གཟན་ངང་རྒྱུད་ཐུང་དང་གཉིས།།
དེའི་བར་ན་བཤད་རྒྱུ་རྒོད་དང་གསུམ།།
བགེགས་ནག་པོའི་བར་ཆད་ཡོང་ནས་གདའ།།
ད་ཅི་བྱེད་གདོང་དམར་ཤ་གཟན་རྣམས།།
བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས།།
བློ་རྩེ་ཉི་ཤུ་རྩ་རྔ་ཁོལ།།
དམིགས་ཡུལ་ག་འདྲ་འཛིན་དགོས་རེད།།
ཧམ་པ་རི་ཙམ་བཤད་པ་ན།།
བདེན་པ་ཤིག་ཙམ་ཨེ་ཐོབ་བ།།
ཡང་ན་དམིགས་ཡུལ་ཆུང་དགོས་རེད།།
གོམ་པ་རེ་རེ་སྤོ་དགོས་རེད།།
ལྷ་དང་མི་ཡི་ཐེམ་སྐས་ལ།།
འཛེགས་ན་ཐར་བ་ཨེ་ཐོབ་བ།།
དགའ་དང་མི་དགའི་གཏམ་མ་བཤད།།
གཞན་རྗེས་འབྲང་པའི་གཏམ་མ་གཏོང་།།
བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས།།
བློ་རྩེ་ཉི་ཤུ་རྩ་ལྔ་ཁོལ།།
བརྒྱ་བཤད་ཚིག་ལ་རྩ་བ་དགོས།།
སྟོང་བཤིག་འོ་མ་མར་ལོ་དགོས
གྲོས་རྔ་གྲུ་གུ་སྒྲིལ་སྒྲིལ་བྱེད།།
གྲོས་གཞུག་གོས་ཆེན་ལྟེབ་ལྟེབ་བྱེད།།
མདའ་ཚན་མདའ་མོ་འཕངས་ནས་ཡོད།།
མདའ་ཕོག་ས་མེད་ན་སྟོང་མདའ་རེད།།
དུས་དོ་དགོང་སྐད་ཆ་དེ་ཙམ་ཡིན།།
སང་ནངས་མོ་གྲོས་ཁ་སྔར་བཞིན་སྐོར།།
གླུ་གོ་ན་རྣ་བའི་བདུད་རྩི་གྱིས།།
མ་གོ་གླུ་ལ་འབྲེལ་བ་མེད།།
ཁྱེད་དྲ་གྲོགས་ཐུགས་ལ་དེ་ལྟར་ཞོག།
གླུ་ཐལ་བ་ཕྱིན་ན་མཐོ་ལོ་བཤགས།།
གཏམ་བདེན་པ་མེད་ན་མཐོ་ལོ་བཤགས།།
dhatsenpaལགས་ཀྱིས་ཟླ་ཚེས་September 13th, 2008 ལ་ གླུ་གཞས། སྡེ་ཚན་དུ་སྤེལ|
ཨ་ཕའི་ཁ་ཆེམས།
མདའ་ཚན་པ།
དེ་རིང་གཟའ་ཉི་མའི་ཞོགས་པར། ཨ་ཕ་དང་བཟའ་ཟླ། ཁོ་རང་གི་ལོ་བཅུ་གསུམ་དང་ལོ་གསུམ་ལོན་པའི་བུ་གཉིས་བཅས་ཀྱིས་ནམ་རྒྱུན་བཞིན་ཅོགཙེའི་མཐའ་བསྐོར་ཏེ་ཞོགས་ཇ་ཟ་བཞིན་ཁ་བརྡ་བྱེད་བཞིན་འདུག དེ་རིང་གི་ཁ་རྡ་ནི་ནམ་རྒྱུན་དང་མི་འདྲ་བར་ཨ་ཕ་ཤི་རྗེས་དུར་ལས་ཇི་ལྟར་བྱེད་རྒྱུའི་སྐོར་རེད། ཨ་ཕས་བཤད་རྒྱུར།
ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་ན་རོ་མེ་ལ་བསྲེག་མི་དགོས།
ཨ་ཕ་ལ་གནམ་རྒན་མའི་ཞལ་ངོར་དུ་བས་བདུག་འདོད་མེད།
ཨ་ཕ་ལ་རང་བྱུང་གི་མཁའ་རླུང་རྗས་ཀྱིས་སྦག་འདོད་མེད།
ཨ་ཕ་ལ་མི་མངོན་པའི་རྣམ་ཤེས་ཚོགས་གསུར་དྲིས་བསུན་པ་བསྐུར་འདོད་མེད།
ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་ན་རོ་དུར་ལ་སྦས་མི་དགོས།
ཨ་ཕ་ལ་མ་ཡུམ་ས་གཞིའི་ཕང་བར་བརྐོ་བསྔོག་བྱེད་རྒྱུའི་འདོད་པ་མེད།
འདི་ལྟར་བྱས་ཡོང་ན། ནམ་ཞིག་ང་ཚོའི་མཛེས་སྡུག་ལྡན་པའི་ས་གཞི་འདི་དུར་བྱང་གིས་ཁེངས་ངེས།
ལྷག་པར་དུ་ཨ་ཕའི་རོ་གོག་དེ་མི་ཡུལ་ཞིག་ཏུ་འཇོག་པར་མི་དགའ།
ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ད་ལྟ་ཨ་ཕ་གསོན་ཡོད་པའི་སྐབས་སུའང།
རང་གི་སྐྱེས་ས་འཚར་ཡུལ། རྩེད་ཡུལ་དགོད་ཡུལ།
ཕ་ས་ལུག་གི་བྲང་མགོ་འདྲ་བ་དེར་འགྲོ་བའི་རང་དབང་མི་འདུག
ད་ཕལ་ཆེར་ཤི་དུས་སུ་རོ་ཡང་ཕ་ཡུལ་དུ་འཁྱེར་ཐུབ་རྒྱུ་མ་རེད།
ཉིན་ཞིག་ལ་ཨ་ཕ་ཤི་འགྲོ་གི་རེད།
ནམ་ཞིག་ལ་ཤི་རྒྱུ་ཡིན་པ་སུས་ཀྱང་ཤེས་དཀའ།
ཨ་ཕ་ཤི་དུས་སུ།
ཨ་ཕའི་རོ་ཁྱེར་ལ། ལ་དྭགས། འབྲས་ལྗོངས། ཡང་ན་འབྲུག་ཁོངས་ཀྱི་བོད་ཀྱི་ས་མཚམས་ཤིག་ཏུ་ཁྱེར་ལ།
ཨ་ཕའི་རོ་བྱ་རྒོད་ལ་ཟ་ཆུག
ཨ་ཕའི་རོ་ཤ་དུ་ཁ་དང་ཀོ་དུ་ཁ་བྱོས་ལ་བྱ་རྒོད་ལ་ཟ་ཆུག
ཨ་ཕའི་རུས་གོག་རྡོ་བར་ལ་བརྡུང་སྟེ་ཞིབ་ཞིབ་བཟོས་ནས་བྱ་རྒོད་ལ་ཟ་ཆུག
ཁྱེད་ཚོས་གདོང་པར་ཁྲག་མི་འཐོར་བའི་ཆེད།
ཕྱེ་སྐྱ་ཐོབས་ཀྱི་ཐོབས་ཀྱི་རྡོ་བར་ལ་རྡུངས།
སྙིང་རྗེ། བྱ་རྒོད་ལྟོགས་པ་དེ་ཚོས་ཨ་ཕ་ཟོས་ནས་ཁོ་ཚོའི་གྲོད་ཁོག་བརྒྱག་སོང་།
ཨ་ཕ་ཤི་རྗེས་ཀྱི་རྣམ་ཤེས་ལ་ཕན་ནི་རེད།
ཁྱེད་ཚོ་དེ་ལ་ཞེད་སྣང་བྱེད་དགོས་དོན་ཡོད་པ་མ་རེད།
ཨ་ཕའི་རྣམ་ཤེས་ཀྱི་འགྲུལ་བཞུད་རིང་མོའི་ཁྲོད།
ཨ་ཕའི་ལུས་པོ་འདི་ནི་དགོང་མ་གཅིག་ལ་ཞག་སྡོད་བྱེད་སའི་སྤྱིལ་ཁང་ཧྲལ་ཧྲུལ་ཞིག་ལས་ཅི་ཡང་མིན།
ཤི་ཚར་དུས་ཤི་ཚར་བ་རེད།
རོ་ངན་གོས་ཆེན་གྱིས་གཡོགས་པ་དང་རོ་སྒམ་རྩ་ཆེན་ཉོ་བ་དེ་འདྲ་བྱས་ནས་ལྐུགས་རྟགས་མ་སྟོན།
དེ་ནི་མགྲོན་པོ་ཕྱིནཚར་རྗེས་སྤྱིལ་ཁང་ལ་མཛེས་རྒྱན་སྤྲས་པ་ལྟ་བུ་རེད།
དུར་ལས་བྱེད་སྟངས་འདི་ཨ་ཕའི་ཕ་ཡུལ་གྱི་དུར་ལས་བྱེད་སྟངས་རེད།
འདི་ནི་ཨ་ཕ་ཆེས་དགའ་བའི་དུར་ལས་བྱེད་སྟངས་ཤིག་ཀྱང་རེད།
འདི་ནི་ཆེས་གདོད་མའི་དུས་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་རང་བྱུང་གི་དུར་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་སྟབས་བདེ་ཡིན་པའི་དུར་ལས་བྱེད་སྟངས་ཤིག་རེད།
འདི་ནི་ཆེས་རྗེས་གཙང་གི་དུར་ལས་བྱེད་སྟངས་ཤིག་རེད།
ཨ་ཕས་ཁ་ཆེམས་བཞག་ཚར་རྗེས།
མིག་གཅིག་གི་ནང་ནས་དྭངས་ཤིང་གཙང་བའི་མིག་ཆུ་ར་ཡའི་མ་ཞིག་མར་དྲུད་ཡོང་།
དེ་ནས། ཨ་ཕ་ཁ་རྡ་དྲ་ཚིགས་ནང་འཛུལ་ཏེ་གང་ཞིག་འབྲི་བཞིན་འདུག
འབྲི་བཞིན་འབྲི་བཞིན་ཨ་ཕ་དངོས་གནས་ཤི་སོང་།
ཨ་ཕ་ལ་བོད་ཀྱི་ས་མཚམས་ཤིག་ཏུ་རོ་ལས་བྱེད་བཞིན་འདུག
ཨ་ཕའི་ངོ་ཤེས་གྲོགས་པོ་ཚང་མས་ཨ་ཕའི་ཆེད་དུ་བོད་ཕྱི་ནང་ཀུན་ཏུ་མ་ཎི་འདོན་བཞིན་འདུག
ཨ་ཕའི་རོ་ལས་བྱེད་ས་ན་གྲྭ་བ་ཁ་ཤས་ཀྱིས།
མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་
ཅེས་ངག་གི་དབྱངས་རྟ་ལ་དྲངས་ནས་ཨ་ཕས་འདོན་མི་ཤེས་པ་མང་པོ་ཞིག་འདོད་བཞིན་འདུག
དར་ཅིག་གི་རིང་ལ། ནམ་མཁའི་སྤྲིན་རུམ་ནས་བྱ་རྒོད་མང་པོ་གཤོག་འགྱུར་རྒྱག་བཞིན་ཡོང་སྟེ
ཨ་ཕ་ཟོས་ཚར་། ཨ་ཕའི་ཀླད་ཞོ་ཡང་མཆུ་ཚགས་རྒྱག་བཞིན་རྒྱག་བཞིན་ཟོས་ཚར།
ཨ་ཕའི་ཐོད་པུར་གཅིག་པོ་ལས་ཤུལ་དུ་ཅི་ཡང་ལྷག་མི་འདུག
བྱ་རྒོད་རྣམས་གྲོད་ཁོག་བརྒྱགས་རྗེས་ཁ་བོད་ཕྱོགས་སུ་འཁོར་ནས་འཕུར་མགོ་བརྩམས།
ཨ་ཕའི་ཤ་རུས་ཁྲག་གསུམ་བྱ་རྒོད་ཚོས་ཁྱེར་ཏེ་ནམ་མཁའི་དབྱིངས་སུ་ལྡིང་།
ནག་རིབ་རིབ། ནག་རིབ་རིབ་བོད་ཕྱོགས་སུ་འཕུར་ཏེ་རྒྱང་རིང་རྒྱང་རིང་དུ་ཡལ།
ཨ་ཕའི་རྣམ་ཤེས་ཀྱང་བྱ་རྒོད་ཀྱི་ཁྱུ་རུ་འདྲེས་ཏེ་བོད་ཕྱོགས་སུ་འཕུར།
མཚམས་རེ་མཐོང་ལ་མཚམས་རེ་མི་མཐོང་། མཚམས་རེར་དངོས་སུ་བྱ་རྒོད་ཅིག་འདྲ།
ཨ་ཕ་ཤི་རྗེས་ཀྱི་ལོ་གཅིག་གི་རྗེས།
བོད་ནང་གི་འབྲོག་ཁུལ་ཞིག་ཏུ་བྱིས་པ་ཞིག་སྐྱེས་འདུག
བྱིས་པ་དེའི་བྲང་ངོས་སུ།
རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་ཡིག་འབྲུ་གསལ་ལ་མ་གསལ་བ་ཞིག་ཡོད་འདུག།
མི་ཚང་མ་ཡ་མཚན་པར་གྱུར།
གཅིག་གིས་འདི་བླ་མ་ཞིག་གི་རྣམ་ཤེས་མིན་ན་ཟེར་བ་དང་།
ཏག་ཏག་བྱིས་པ་དེས་མིག་ཕྱེས་པར་གྱུར།
མིག་གིས་དཀར་ལོག་ཅིག་བྱས་ཏེ་ངུ་མགོ་བཙུགས།
ཨ་ཕའི་ལོ་གསུམ་ཅན་གྱི་བྱིས་པ་དེས་ངུ་ངག་ཅིག་གིས་ཨ་ཕ་ཤི་བ་ལས་སླར་སོས་པར་གྱུར།
ཨ་ཕས་འབྲི་མཚམས་འཇོག་དགོས་བྱུང་། ཨ་ཕའི་མིག་མཐར་ཡང་སྐྱར་མཆི་མ་ཞིག་འཁོར་འདུག
་
dhatsenpaལགས་ཀྱིས་ཟླ་ཚེས་September 7th, 2008 ལ་ གསར་འགྱུར།,སྙན་ངག སྡེ་ཚན་དུ་སྤེལ|
དེང་རབས་བོད་སྐད་ཟེར་བ་དེ་བཀླགས་རྗེས།
https://www.khabdha.org/?p=559
ད་ཡང་གྲྭ་ལོག་བན་ལོག་འདི་ཚོས་མི་རང་འདུག་རང་ང་འདུག་གི་མི་འཇུག་གི འདིར་ལན་ཞིག་མ་བྲིས་ན་འགྲིགས་མ་ཐེ།
མི་རིགས་གཞན་པ་མང་པོ་ཞིག་གི་སྐད་དེ་ཡི་གེའི་ནང་ཇི་མ་ཇི་བཞིན་འབྲི་རྒྱུ་ཡོད་པར་མཐོང་། དེའི་རྒྱུ་མཚན་ཡང་ཁོ་ཚོའི་ཡི་གེ་དེ་དུས་རིང་མོ་ཞིག་ནས་བཟུང་ཡོངས་ཁྱབ་ཀྱིས་སྤྱི་ཚོགས་ནང་བཀོལ་སྤྱོད་བྱས་ནས་ཡོང་བས་རེད། སྤྱིར་ཡི་གེ་ཟེར་བ་འདིའི་ཕ་ཁུངས་མ་ཁུངས་དེད་ན་ཁ་སྐད་ལ་ཐུག་བསྡད་ཡོད་པ་རེད། དེས་ན་ཁ་སྐད་ཟེར་བ་འདི་འགངས་ཆེན་པོ་ཞེ་དྲག་ཡིན་པ་རེད། ཁ་སྐད་དང་ཡིག་སྐད་ཀྱི་ཁྱད་པར་ཡང་གཅིག་ཁ་ནས་བརྗོད་རྒྱུ་ཞིག་དང་། ཅིག་ཤོས་དེ་ཁ་ནས་བརྗོད་པ་དེ་རི་མོའི་ལམ་དུ་བཀོད་པའི་ཁྱད་པར་ཙམ་རེད། ད་བར་ཁ་ནས་བཤད་པ་ཚང་མ་ཡི་གེའི་ལམ་བཀོད་ཐུབ་པ་བྱུང་ཡོད་ན་ད་ལྟའི་ཁ་སྐད་དང་ཡིག་སྐད་ཟེར་བ་འདི་བྱུང་མེད་པ་རེད།
ང་ཚོའི་ཡི་གེ་དེ་ད་བར་གཙོ་ཆེ་བ་ཆོས་ལུགས་ཤིག་གི་ཁྱབ་ཁོངས་ནང་བཀོལ་སྤྱོད་རྒྱ་ཆེན་པོ་དང་གཏིང་ཟབ་པོའི་ངང་བྱས་ཡོང་བ་ལས་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་མ་ཐུབ་པར་བརྟེན་ཁ་སྐད་ཅིག་དང་ཡིག་སྐད་ཅིག་གཉིས་བྱུང་བ་རེད། ཡང་ཆོས་ལུགས་ཁོ་ནའི་ཁྱབ་ཁོངས་མ་གཏོགས་བེད་སྤྱོད་བཏང་མེད་ཟེར་ན་ཅུང་མ་འགྲིགས་པ་རེད། གེ་སར་གྱི་སྒྲུང་། ངག་རྒྱུན་གྱི་སྒྲུང་ཡི་གེར་བཀོད་པ། གཏམ་དཔེ། དམངས་གཞས་དེ་འདྲ་ཁ་སྐད་དང་མཐུན་པའམ། ཡང་ན་ཁ་སྐད་དང་མཐུན་ཅི་ཐུབ་ཀྱིས་བྲིས་འདུག གཞན་ཆོས་ཀྱི་ནང་དུའང་ཁ་སྐད་དང་མཐུན་ཅི་ཐུབ་ཀྱིས་བྲིས་ཡོད་པ་དེ་འདྲ་མཇལ་རྒྱུ་འདུག
ད་ལྟ་བར་གཙོ་ཆེ་བ་ཆོས་ཀྱི་ནང་བེད་སྤྱོད་བཏང་ཡོང་བའི་ཡི་གེ་འདི་ཉེ་རབས་ཤིག་ནས་སྤྱི་ཚོགས་ནང་བེད་སྤྱོད་གཏོང་རྒྱུར་རྒྱ་ཆེ་རུ་ཆགས་པ་དང་བསྟུན་ང་ཚོར་དཀའ་ངལ་གསར་པ་མང་པོ་ཞིག་ལ་འཕྲད་ཡོང་པ་རེད།
དེ་ལས་གཅིག་ནི་རང་སྐད་དུ་ཡོད་པའི་བྱ་ཚིག་དང་མིང་ཚིག་སོགས་ནང་དོན་ཕུན་སུམ་ཚོགས་ལ་ལྗིད་ཁོག་ལྡན་པ་མང་པོ་ཞིག་ཡི་གེའི་ནང་འབྲི་རྒྱུན་མེད་པ་དེ་རེད། སྙན་ངག་པ་ཞིག་ཡིན་ན་ཡང་ཡིག་སྐད་གྱོང་པོ་རེ་དང་མངོན་བརྗོད་དང་བརྡ་རྙིང་སོགས་གང་མཁྲེགས་མཁྲེགས་རེ་ལ་འཇུས་ནས། སྐད་ཆའི་སྒྱུ་རྩལ་གྱི་བང་མཛོད་དེ་ཁ་སྐད་མར་དཀར་གྱི་སྤོ་ལོ་ལྟ་བུ་དེ་ཚོ་སྣང་མེད་དུ་བཞག་པས་སྙན་ངག་སྐལ་ངན་དུ་བྱས་པ་ཡང་ཡང་མཐོང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དེ་ཡང་ལྷ་སའི་དམངས་གཞས་དང་མཐུན་པར་བྲིས་པའི་ཆ་ནས་དེ་ལ་རོ་ཉམས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད། དེའི་རོ་ཉམས་དེའང་གཙོ་བོ་སྐད་ཆའི་སྒྱུ་རྩལ་ལ་ཐུག་ཡོད་པ་རེད། གལ་སྲིད་དེའི་ནང་གི་བརྗོད་བྱ་དེ་ཚོ་དོན་རྒྱན་གྱིས་སྤྲས་ཏེ་བྲིས་ཡོད་ན་ཚིག་སྦྱོར་སྙན་པོ་ཙམ་ཡོང་ཡོད་ན་ལས་རོ་ཉམས་དེ་ལྟ་བུ་ཞིག་ཐོན་མེད་པ་རེད།
ཡང་ངས་ཡིག་སྐད་ཟེར་ན་འདོར་དགོས་པ་རེད་ཟེར་གྱི་མེད། ད་ལྟའི་ཡིག་སྐད་འདི་ཐོག་མར་ཁ་སྐད་ཀྱི་རྨང་གཞིའི་ཐོག་ནས་བཟོས་པ་དང་། དེ་ཡང་ལུང་སྐད་མི་འདྲ་བ་དུ་མ་ཡོད་པ་རྣམས་གཅིག་གྱུར་བྱེད་པའི་གཞི་འཛིན་ས་ལྟ་བུ་ཞིག་ཆགས་ཡོད་པ་རེད། དེ་བས་ཡིག་སྐད་འདི་གཞི་རྕར་བཟུང་ནས་ཁ་སྐད་ནང་ལྷག་བསྡད་ཡོད་པ་དག་ཡི་གེའི་ནང་འབྲི་དགོས་རྒྱུ་དེ་གལ་ཆེན་པོར་མཐོང་། དེ་ལྟར་བྱས་ཡོང་ན་ཁ་སྐད་དང་ཡིག་སྐད་ཀྱི་སྟོང་ཆ་ཆུང་དུ་འགྲོ་རྒྱུ་ཡིན་པ་རེད། ཡི་གེ་ཁ་སྐད་ལྟར་འབྲི་དགོས་པ་རེད་ཟེར་བའི་སྐད་ཆ་དེར་ང་ལ་རྒྱབ་སྐྱོར་ཡོད། ཡིན་ན་ཡང་། ད་ལྟ་ལུང་ཚན་གྱི་སྐད་ཆ་མི་འདྲ་བ་རྣམས་གཅིག་གྱུར་བྱེད་པའི་གཞི་འཛིན་སར་གྱུར་བའི་ཡིག་སྐད་ལ་སྣང་མེད་ཀྱིས་ཁ་སང་ལ་ཁ་ས། དེ་རིང་ལ་ད་རིང་། འགྲོ་ལ་འགྱོ། གྲི་ལ་གྱི། དེ་འདྲ་ལ་དེ་འདྲས་ཞེས་བྲིས་ཡོང་ན་སྐད་ཡིག་གཅིག་གྱུར་ལ་གཏོར་བརླག་ཐེབས་ཀྱི་ཡོད་པ་རེད། དེ་ལན་པོ་ཞིག་ཏུ་མཐོང་གི་མི་འདུག
ཡང་དཀའ་ངལ་གཞན་པ་ཞིག་ནི། མི་རིགས་གཞན་པ་ཞིག་ལ་བོད་སྐད་ཁྲིད་རྒྱུ་དེ་རེད། བོད་སྤྱི་ཚོགས་ནང་ལ་མཚོན་ན་སྐད་ཤེས་མཁན་ཞིག་ནས་ཡི་གེ་སློབ་རྒྱུ་ཙམ་རེད། དེ་བས་དེ་ལ་དམིགས་བསལ་གྱི་དཀའ་ངལ་ཆེན་པོ་ཡོད་པ་མི་མཐོང་། མི་རིགས་གཞན་པ་ཞིག་ནས་བོད་སྐད་སྦྱོང་གི་ཡིན་ལབ་དུས། འགའ་རེ་ནས་ཁ་སྐད་ཇི་མ་ཇི་བཞིན་གྲ་མ་ཆག གྲུ་མ་ཉམས་པར་སྦྱོང་དགོས་ཀྱི་ཡོད་རེད། དེ་འདྲའི་སྐབས་སུ་ཡང་དགེ་རྒན་རེ་རེས་དག་ཆ་མི་འདྲ་བ་རེ་བྲིས་ཡོང་གི་ཡོད་པ་རེད། དེ་འདྲས། དེ་འདྲའི། ཨེ་ནས། ཨིན་ནས། ག་རེ་ལབ་པས། ག་རེ་ལབ་པ ལྟ་བུ། ཡང་སྐད་ཆ་འགའ་རེ་ཡིག་ལམ་དུ་་འབྲི་མི་ཤེས་པ་དེ་འདྲ་ཡང་སེ་ཡོང་གི་འདུག ཁ་སྐད་རང་སློབ་ཁྲིད་བྱས་ཡོང་ན་གཅིག་གྱུར་གྱི་སྐད་དང་མི་མཐུན་པ་ཡོང་གི་ཡོད་ན་ཡང་དེ་འདྲའི་སྐབས་དམིགས་བསལ་རེད་སྙམ། སྐད་སློབ་སྦྱོང་བྱེད་སྟངས་ལ་བརྟེན་ནས། ཨམ་སྐད་དྭངས་མ། ཁམས་སྐད་དྭངས་མ། ལྷ་སའི་སྐད་དྭངས་མ་ཤོད་མཁན་གྱི་ཕྱི་རྒྱལ་བ་དེ་འདྲ་ཐུག་རྒྱུ་འདུག རྣ་བར་སྙན་ཞིང་ཡིད་ལ་དང་བ་སྟེར་བ་ཞིག་རེད། ཡང་དགེ་རྒན་འགའ་རེས་ཡིག་སྐད་རང་གཞིར་བཞག་གིས་སློབ་ཁྲིད་བྱས་པར་བརྟེན། ང་ཇོ་ཁང་ལ་འགྲོ་གི་ཡིན་ཟེར་བ་ལྟ་བུ་སྐད་ཀྱི་འགྲོས་དང་མི་མཐུན་པའི་ཡིག་སྐད་རང་རྒྱབ་ཡོང་ན། ར་མ་ལུག་ཁྱུར་མ་ཚུད་པ་ལྟ་བུའི་ཁྱད་མཚར་པོ་ཞིག་འདུག ཁོ་རང་ཚོས་ཀྱང་གཞན་གྱིས་ཁ་ནས་རྗོད་བཞིན་པའི་སྐད་ཆ་དང་མི་མཐུན་པ་ཤེས་ནས་དེ་ལ་དགའ་བོ་བྱེད་ཀྱི་མི་འདུག
བོད་ཀྱི་དེང་རབས་སྐད་དང་སྲོལ་རྒྱུན་སྐད་ཟེར་བ་དེ་དབྱིན་ཡིག་ནང་འབྲི་བཞིན་པའི་ཚིག་ཅིག་ཡིན་པས་དེ་ལ་ང་ཚོས་བྱུས་གཏོགས་བྱེད་དགོས་དོན་མེད་པ་ལྟ་བུ་ཞིག་ཏུ་མཐོང་ཡང་། ཡང་བོད་སྐད་དང་འབྲེལ་བ་ཡོད་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་རང་གི་བསམ་ཚུལ་བརྗོད་ན་མ་འགྲིགས་པ་ཇི་ལ་ཡོད། དེང་རབས་བོད་སྐད་ཟེར་བ་དེ་ལྷ་སའི་ཁ་སྐད་དང་། སྲོལ་རྒྱུན་བོད་སྐད་ཟེར་བ་དེ་བོད་ཀྱི་ཡིག་སྐད་ལ་གོ་ཡི་ཡོད་པ་འདྲ། གལ་སྲིད་ངས་ཁ་སྐད་སྦྱོང་དེབ་དེ་དག་ལ་མིང་ཞིག་འདོགས་དགོས་ན། ལྷ་སའི་ཁ་སྐད། ཨ་མདོའི་ཁ་སྐད། ཁམས་ཀྱི་ཁ་སྐད་ཅེས་པའམ་ཡང་ན་དེ་དང་འདྲ་མཚུངས་ཤིག་འདོགས་ས་རེད།
མདོར་དེད་ན། སྲོལ་རྒྱུན་སྲོལ་རྒྱུན་ཟེར་བ་དེ་བོད་སྐད་གཙང་མ་དེ་མིན་པར་ཡིག་སྐད་དེ་བོད་སྐད་ཆ་མི་ཚང་བ་དེ་རེད། ཡང་ཅིག་ཤོས་དེ་བོད་སྐད་ཡ་མ་ཟུང་དེ་མིན་པར་ལུང་ཚན་བྱེགབྲག་པ་ཞིག་གི་སྐད་དྭངས་མ་དེ་རེད།
dhatsenpaལགས་ཀྱིས་ཟླ་ཚེས་September 4th, 2008 ལ་ དཔྱད་རྩོམ། སྡེ་ཚན་དུ་སྤེལ|
གསེར་གྱི་རྟགས་མའི་རྒྱབ་ཀྱི་གྲིབ་མ།
https://www.khabdha.org/?p=473
ཉིན་འདི་འགའི་རིང་ང་ཚོ་མང་ཆེ་བས་ཨོ་ལིམ་ཕིག་གི་རྩེད་འགྲན་ལ་ལྟ་གི་ཡོད་རྒྱུ་རེད། ད་གསེར་གྱི་རྟགས་མ་ཚང་མ་རྒྱ་ནག་གིས་རྟ་རྒྱུག་ཞོར་དང་མེ་ཏོག་འཐུ་ཞོར་བྱེད་ཀྱི་འདུག ཁྱེད་ཚོ་དེར་དགའ་བ་སྐྱེའམ་ཡང་ན་ཕྲག་དོག་སྐྱེ། འོད་ལམ་ལམ་གྱི་གསེར་གྱི་རྟགས་མ་རེ་རེའི་རྒྱབ་ལོགས་སུ་ལོ་རྒྱུས་ཀྱི་གྲིབ་ནག་རིང་མོ་རེ་ཡོད་པ་དེར་ཁྱེད་ཚོས་བསམ་བློ་ཨེ་བཏང་། དེའི་སྐོར་ལ་ཁྱེད་ཚོས་ཆི་བསམ། མྱི་སུམ་ཅུར་བསམ་བློ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཡིནཔས་ང་ཁྱེད་ཚོའི་བསམ་ཚུལ་ལ་ཉན་འདོད་ཡོད།
ཚང་མས་ཤེས་གསལ་ལྟར། རྒྱ་ནག་ལ་ཨོ་རྩེད་ཀྱི་གོ་སྐབས་ཐོབ་པ་ནས་བཟུང་། རྟགས་མ་མང་ཆེ་བ་ལེན་རྒྱུའི་འཆར་གཞི་བཏིང་སྟེ་རྒྱ་ནག་རྒྱལ་ཡོངས་སུ་བྱིས་པ་ལོ་ཆུང་གཟུགས་གཞི་ཚད་ལྡན་སྟོང་ཕྲག་མང་པོ་འདེམས་ཡོང་ནས་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་འབྲས་བུར་དེ་རིང་གི་རྟགས་མ་འདི་ཚོ་རེ་རེ་བྱས་འཁྱེར་འགྲོ་བའི་གོ་སྐབས་འདི་བྱུང་བ་མ་རེད་དམ། དེ་ཡང་ལོས་ཡིན་ཏེ། ངས་འདིར་བརྗོད་འདོད་པ་ནི། སྔོན་ཚུད་ནས་འཆར་གཞི་བཏིང་སྟེ་གྲ་སྒྲིག་བྱས་པ་ཁོ་ནས་རྟགས་མ་འདི་འདྲ་མང་པོ་ཞིག་ཅི་ལ་ཐོབ། དྲི་བ་འདིའི་ལན་ངས་གོང་དུ་བརྗོད་པའི་ལོ་རྒྱུས་ཀྱི་གྲིབ་ནག་རིང་པོ་ཟེར་བ་དེར་འགྲེལ་བཤད་ཐུང་ངུ་ཞིག་རྒྱབ་ན་དེས་འཐུས་སྙམ། དེ་ནི་རྒྱ་གཞུང་གིས་ལོ་ཆུང་བྱིས་པ་སྟོང་ཕྲག་དུ་མ་ཕ་མའི་རྩ་ནས་འདོད་པ་ཡོད་མེད་ལ་མ་ལྟོས་པར་འཁྱེར་ཕྱིན་པ་དེ་རེད། དེ་ཚོ་ཚང་མ་བཙོན་མ་ནང་བཞིན་ཕྱོགས་གཅིག་ཏུ་ཉར་ཏེ་ཕྱི་མིའི་འབྲེལ་ལམ་བཅད་པ་རེད། ཕ་མ་ཚོ་ལའང་དུས་ཚོད་བཟོས་ནས་མ་གཏོགས་གང་འདོད་འདོད་ཐུག་ཐབས་མེད་པ་རེད། དེ་ནས་ཉི་མ་རེ་རེའི་སྦྱོང་བརྡར་རེ་རེ་རྔུལ་ནག་དང་མིག་ཆུས་བྱས་ཡོང་པ་རེད། ཡང་དེ་དང་མཉམ་དུ་དཀའ་ངལ་སྣ་དགུ་བརྒྱུད་ཡོང་བ་འདིར་གདོང་ལེན་བྱེད་པའི་སེམས་ཤུགས་ཤིག་ཀྱང་ཕ་མ་གཉིས་དང་བུ་ཕྲུག་དང་བཅས་པར་ཡོད་པ་རེད། དེ་ནི་རིང་མོ་ཞིག་ནས་རྒྱ་གཞུང་གིས་རང་གི་མེས་རྒྱལ་གྱིཆེད་དུ། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་ཟེར་ནས་ཡིད་སེམས་འགུལ་བའི་དྲིལ་བསྒྲགས་ཀྱིས་དེ་མི་རེ་རེའི་ཤ་རུས་ཀྱི་གཏིང་དུ་ཟུག་བཅུག་ཡོད་པས་རེད།
མདོར་དེད་ན། བཙན་དབང་། དཀའ་ངལ། སེམས་ཤུགས་བཅས་ལ་བརྟེན་ནས་གསེར་དངུལ་གྱི་རྟགས་མ་རེ་རེ་འོད་ལམ་ལམ་ཁྱེར་འགྲོ་གི་ཡོད་པ་མ་རེད་དམ།
ད་ཁྱེད་ཀྱིས་ཅི་བསམ། གཟི་བརྗིད་ལྡན་པའི་རྟགས་མ་འདི་ཚོའི་ཆེད་དུ། རྒྱལ་ཁབ་ཅིག་གི་ལར་ཞེན་གྱི་ཆེད་དུ་གཞུང་གང་ཞིག་ནས་ངེས་པར་དུ་འདི་འདྲ་བྱེད་དགོས་ངེས་སུ་མཐོང་ངམ། ཡང་ན། རྟགས་མ་འདི་ཚོ་རང་དང་རྒྱལ་ཁབ་གཉིས་ལ་ཇི་འདྲའི་རིན་ཐང་ཆེན་པོ་ཡིན་ན་ཡང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་བྱ་དགོས་རྒྱུ་དེ་དེ་ལས་ལྡབ་བརྒྱ་ཕྲག་གིས་ལྷག་པའི་རིན་ཐང་ལྡན་ཡོད་པར་བསམ།
dhatsenpaལགས་ཀྱིས་ཟླ་ཚེས་August 14th, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
བསམ་འཆར།
https://www.khabdha.org/?p=471
འདིར་ང་ཚོས་མཆན་འདེབས་སྟངས་སྐོར་ལ་བསམ་འཆར་ཐུང་བསྡུས་ཤིག་བཤད་འདོད་བྱུང་། མི་འགའ་རེས་མཆན་འདེབས་སྐབས། མཆན་འདེབས་ས་གཅིག་གི་ནང་ལ་ཐིག་ཕྲེང་གཅིག དེ་ནས་གཞན་ཞིག་གི་ནང་ཐིག་ཕྲེང་གཉིས། དེ་ནས་ཡང་ཐིག་ཕྲེང་གཅིག་གམ་གཉིས། དེ་འདྲ་བྱས་པང་བསྒྲིགས་ནས་མཆན་འདེབས་ས་ལྔ་དྲུག་རེ་མི་གཅིག་གིས་བཟུང་འགྲོ་བ་དེ་ཡག་པོ་མི་འདུག ཕན་ཚུན་ལ་ལན་འདེབས་རེས་བྱས་ན་གནས་ཚུལ་མ་འདྲ་བ་རེད། ངོས་གཅིག་ལ་རྩོམ་གཅིག་གི་མཆན་གྱིས་བཀང་བ་ཡིན་ན་ང་ཚོས་རྩོམ་གཅིག་དང་མཆན་གཅིག་ལས་མཐོང་རྒྱུ་མི་འདུག མི་མང་པོ་ཞིག་འདིར་མཆན་རྒྱག་དུ་དང་ཀློག་ཏུ་ཡོང་གི་ཡོད་པ་རེད། མི་འགའ་རེ་དམིགས་བསལ་གྱིས་མི་ཆེ་གེ་མོ་རེའི་མཆན་ལ་དགའ་མོས་ཀྱིས་དེ་ཀློག་ཏུ་ཡོང་གི་ཡོད་པ་རེད། དྲ་ངོས་སུ་རྩོམ་འགའ་རེའི་མཆན་མཐོང་རྒྱུ་ཡོད་ན་ཡག་པོ་འདུག་སྙམ། དཔེ་བཞག་ན། ཡེ་ཤེས་ལ་མཚོན་ན། རང་རྩོམ་ག་རེ་དྲི་ཟའི་བུ་མོའི་རྣ་ལུང་ཡིན་ནམ་དེ་ལ། མཆན་དགུ བཅུ། བཅུ་གཅིག དེ་ནས་ཡང་སྐྱར་བཅུ་དྲུག བཅུ་བདུན། ཀླུ་སྨྱོན་ལ་མཚོན་ན། ཉི་ཤུ། ཉི་ཤུ་རྩ་གཅིག ཉི་ཤུ་རྩ་གཉིས། ཉི་ཤུ་རྩ་གསུམ བཅས་པང་སྒྲིགས་ནས་བཟུང་བ་ལྟ་བུའོ། མཆན་རེའི་ནང་ཡིག་འབྲུ་ཉུང་ཉུང་རེ་ལས་མི་འདུག མི་གཞན་ལ་རང་རྩོམ་གཅིག་པོ་ཀློག་འཇུག་རྒྱུར་ཐབས་ཤེས་འཐེན་གྱི་ཡོད་པ་འདྲ་པོ་ཞིག་ཏུ་མཐོང་།
སྤྱིར་བཏང་འདི་རིགས་དོན་དག་ཆུང་ཆུང་ཞིག་ཡིན་ན་ཡང་། སེམས་ཁམས་ཀྱི་ཐོག་ནས་བལྟས་ཡོང་ན་དེའི་རྒྱབ་ལོགས་ཀྱི་ཡིད་ལྗོངས་ཆ་ཚང་གི་ངོས་རོབ་ཙམ་རྟོགས་ཐུབ། ནུབ་ཕྱོགས་པ་ཚོས་ཚོང་རྫས་ཁྱབ་བསྒྲགས་ཀྱི་རྣམ་པ་དེ་དྲན་ཡོང་། ཕ་ཡུལ་དུ་རླངས་འཁོར་ལ་སྡོད་སྐབས་དང་། ལྟད་མོ་ལྟ་བ། ཡང་ན་བླ་མར་མཇལ་བ་བཅས་ཀྱི་སྐབས་ཧམ་པ་ཚད་ནས་འཚང་ཁ་རྒྱག་པའི་ངང་ཚུལ་བཅས་དྲན་ཡོང་། རྒྱལ་ཁབ་ཧམ་པ་ཅན་ཚོས་རྒྱལ་ཁབ་གཞན་གྱི་ས་ཆ་རང་ལ་དབང་འདོད་ཀྱིས་དམག་འཁྲུག་རྒྱག་པ་དེ་ཚོའང་དྲན་ཡོང་། འདི་ཡང་སྦྱོར་བའི་ཆེ་ཆུང་ཞིག་མ་གཏོགས་རྩ་བའི་བསམ་བློ་གཏོང་སྟངས་གཅིག་པ་རེད། མི་ཚང་མས་རང་གི་རྩོམ་ཀློག་ན་མི་འདོད་མཁན་སུ་གང་ཡང་ཡོད་མ་རེད།
མི་ཚོགས་འཛོམས་སའི་གྲོང་ཁྱེར་ཆེན་པོའི་དཀྱིལ་ལ་སླེབས་ན་ནུབ་གླིང་གི་བྱིས་པ་ཆུང་ངུ་ཞིག་ཡིན་ན་ཡང་སྤྱི་ལ་བསམ་བློ་བཏང་ནས་སྒྲིག་རང་འཁུར་གྱིས་འགྲོ་བ་བཞིན་དུ་ང་ཚོའང་དེ་བཞིན་དུ་འགྲོ། དེ་མིན་དགེ་བསྐོས་བཙན་པོ་སླེབས་ནས་རྐུབ་ལ་རྒྱུག་པ་གཞུ་དགོས་བྱུང་ན་ཐབས་རྡུགས་ཀྱི་བྱ་བ་རེད།
dhatsenpaལགས་ཀྱིས་ཟླ་ཚེས་August 14th, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
༄༅།།བསམ་ཚུལ་ལྟ་བུའི་འཇིག་རྟེན་བཀླགས་པའི་མྱོང་ཚོར།
https://www.khabdha.org/?p=404
བསམ་བློ་འདི་ལྟར་གཏོང་འོས། བསམ་ཚུལ་ཡང་འདི་ལྟར་བརྗོད་འོས། རྗེས་སུ་ཡི་རང་ཡོད།
ང་ཚོའི་འཇིག་རྟེན་འདིར། ད་བར་ལྟ་གྲུབ་མང་པོ་ཞིག་བྱུང་ལ་ད་བར་གཞུང་ལུགས་ཀྱང་མང་པོ་ཞིག་བྱུང་། དེ་ལ་བརྟེན་ནས་ད་བར་རྙོག་དྲའང་མང་པོ་ཞིག་བྱུང་། དེ་ལ་བརྟེན་ནས་ད་བར་གྲུབ་འབྲས་ཀྱང་མང་པོ་ཞིག་ཐོབ།
འདིར་བསམ་བློ་ཞིག་བཏང་ན། ང་ཚོར་ད་རུང་བསམ་བློ་བའི་མ་འདང་བའི་དཀའ་ངལ་འདུག་པ་ལས་བསམ་བློ་བ་གང་ཞིག་ལ་རྗེས་འཇུག་པས་མ་འདང་བའི་དཀའ་ངལ་དང་བསམ་བློ་གང་ཞིག་ལག་ལེན་ལ་འདེབས་མཁན་གྱིས་མ་འདང་བའི་དཀའ་ངལ་རྩ་ནས་བྱུང་མི་འདུག་སྙམ།
ང་ཚོའི་ལྟ་གྲུབ་གང་ཞིག་ལ་གདེང་འཇོག་བྱས་ཡོང་དུས་དེ་འཇིག་རྟེན་གྱི་རང་བཞིན་དང་མཐུན་མི་མཐུན་ཐོག་ནས་བཤད་ཡོང་ན་དེ་བདེན་ཤས་ཆེ་བར་མཐོང་། ཡིན་ན་ཡང་། ངས་བལྟས་ན་དེ་ཅུང་ཟད་རྙོག་རྫོབ་ཆེ་བ་ཞིག་རེད། སྟབས་བདེ་ཞིག་བརྗོད་ན། ང་ཟེར་བའི་ཚིག་འདི་དང་མཐུན་མི་མཐུན་གྱི་ཐོག་ནས་བལྟས་ན་དེས་འཐུས། ང་ཚོའི་འཇིག་རྟེན་འདི་ང་མང་པོ་ཞིག་ལས་གྲུབ་པའི་རྒྱུ་མཚན་གྱིས།
ཐ་ན་དམངས་གཙོ་ཟེར་བ་དེའི་གོ་དོན་ཡང་ང་གཙོ་ལས་གཞན་གང་ཡང་མིན། ང་གཙོ་བོ་འཛིན་མཁན་མང་བོ་ཞིག་བྱུང་བ་ལ་བརྟེན་ནས། ང་བྱེ་བྲག་པ་རེའི་དབང་བསྒྱུར་དང་། ང་མང་པོ་ཞིག་དང་མི་མཐུན་པའི་ལྟ་གྲུབ་ཚང་མ་འཇིག་རྟེན་འདིའི་ཐོག་དང་ལེན་མ་བྱུང་བ་རེད། དེས་ན་ང་གཙོ་བོ་འཛིན་མཁན་གང་དུ་མང་བ་བྱུང་ན་དེ་རུ་ང་གཙོའམ་དམངས་གཙོ་ཡོད་པ་དང་། དེ་ན་ང་ལ་འདྲ་མཉམ་ཡོད་པ་རེད། འདི་ལྟར་བསམས་ཡོང་ན། ང་ཚོའི་ ་་བདག་འཛིན་་ ཟེར་བ་འདིའང་ཕྱོགས་གཅིག་ནས་ཇི་འདྲའི་གལ་ཆེན་ཡིན་པ་དང་འདི་ལ་ཇི་འདྲའི་རིན་ཐང་ཡོད་པའང་ཤེས་ཐུབ། འདི་ལ་བསམ་ཡོང་ན་ང་དངོས་གནས་སྤྲོ་སྣང་གིས་མྱོས་པར་བྱེད།
ཡང་ཕྱོགས་གཞན་ཞིག་ནས་བལྟས་ཡོང་ན། བདག་ལས་གཞན་གཅེས་ཀྱི་སྐད་འབོད་མང་ས་དང་བཟོད་སྒོམ་གྱི་ཁ་ཏོན་མང་ས་འགའ་རེ་ན་ང་བྱེ་བྲག་བ་རེ་ལ་དབང་སྒྱུར་གྱི་གོ་སྐབས་ཐོབ་སྟེ་ང་མང་པོ་ཞིག་ཏིལ་བཞིན་བཙིར་བའི་ངང་ཚུལ་མཐོང་ན་ཡ་ཆུང་སེམས་པ་སྐྱོ་བས་ཁེངས།
dhatsenpaལགས་ཀྱིས་ཟླ་ཚེས་August 5th, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
ཁ་བརྡ་གྲུ་ཁང་གི་རྩོད་རྙོག
https://www.khabdha.org/?p=383
བླུན་པོ་གཡག་གི་སྙིང་རྩ་ཅན་རྣམས་གཡག་བཞིན་ངུར།།
གླེན་པ་ལུག་གི་མགོ་བོ་ཅན་རྣམས་ལུག་བཞིན་འབའ།།
མ་བརྟག་ཧོལ་རྒྱུག་བྱེད་ལ་གོམས་རྣམས་ཁྱི་བཞིནཟུག།
ཚིག་གཅིག་ཡང་ཡང་སྐྱར་ཟློས་བྱེད་རྣམས་ནེ་ཙོ་བཞིན།།
གྲྭ་བའི་སྙན་ངག་ཡིན་ཟེར་ཁ་ཕོ་འབྲུག་གྲགས་གྲགས།།
ཚིག་གི་སྦྱོར་བར་བལྟས་ན་བྱིས་པས་རྡོ་བསྒྲིགས་བསྒྲིགས།།
དཔྱད་ན་སྒྱུ་རྩལ་གྱིས་ཕོངས་མྱ་ངམ་ཐང་སླེབས་སླེབས།།
མྱངས་ན་ཕྱུར་ཁུ་བཞིན་དུ་བྲོ་བ་སྐྱུར་སིལ་སིལ།།
སྟག་སྨྱོན་སྟག་གིས་སོ་གཅིག་བརྒྱབས་པས།།
ཀླུ་སྨྱོན་ད་བར་སྨྱོན་པ་ཆགས་འདུག།
སྨྱོན་པའི་ཆིག་ལབ་རྫོགས་རྒྱུ་མེད་གི།
སྨྱོན་པའི་སྐྱར་ཟློས་ཚར་རྒྱུ་མེད་གི།།
མགོན་པོ་ཕྱག་གཉིས་ཕྱག་གཅིག་གཡུགས་ཏེ།།
སྨྱོན་པའི་སྨྱོ་དེ་ཇེ་ཐུར་ཕྱིན་འདུག།
མདའ་ཚན་དེ་རིང་སྙིང་རྗེ་སྐྱེས་ཏེ།།
སྨན་ཕྱེ་བྲེ་གང་བཟུང་ནས་ཡོང་ཡོད།།
dhatsenpaལགས་ཀྱིས་ཟླ་ཚེས་August 4th, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
དགེ་བསྐོས་བཙན་པོའི་སྒྲུང་།
https://www.khabdha.org/?p=370
འདི་དགེ་བསྐོས་བཙན་པོའི་སྒྲུང་མིན་པར་དེ་ལྟ་བུའི་སྒྲུང་གཞན་ཞིག་ཡིན། ངའི་སྲིང་ཆུང་མས་ལས་ཀ་ལས་ཀྱིན་ལས་ཀྱིན་སྒྲུང་འདི་བཤད་བྱུང་། མོས་བཤད་རྒྱུར། ་་ཉིན་ཞིག ས་ཆ་ཚང་མ་གངས་ཀྱིས་བཟུང་ནས་དཀར་སྒྭག་སེ་བྱེད་པའི་སྔ་དྲོ་ཞིག་ལ། ཕ་གི་བླ་རི་མགུལ་དང་ང་ཚོའི་ས་མཚམས་ཕྱོགས་ནས་ཚུར་ཅིག་ནག་ཡོར་ཡོར་ཡོང་གི་འདུག ་་ མཚམས་འདིར་མོས་ང་ལ་དཀར་ཡོ་འབྲུག་མ་ཞིག་གི་ནང་འོ་་ཇ་གང་བླུགས་ནས་སྤྲོད་ཞོར་དུ། ་་ ཨ་ཀ། ཇ་འཐུང་། ཤ་བརྒྱགས་ཚད་ཟོས། ཁྱོད་ཕྱི་རྒྱལ་ནས་ཤ་བཟའ་རྒྱུ་རག་ཡོད་རྒྱུ་མ་རེད་་ ཟེར་ནས་ཡང་མུ་མཐུད་དུ་་སྒྲུང་བཤད་བྱུང་།
་་འགུལ་གྱི་ཡོད་པ་མ་གཏོགས་ཚུར་ཡོང་གི་ཡོད་པ་འདྲ་ཞིག་མི་འདུག སླེབས་ན་སླེབས་རྒྱུ་ཞིག་མེད་གི རིམ་པཞིན་རིམ་བཞིན་མི་ཞིག་ཡིན་པ་ཤེས། དེ་ཡང་བུ་མོ་ཞིག་ཡིན་པ་འདྲ་བོ་འདུག་་ ཟེར་ཞོར་་མོས་བུ་མོར་ ་་སྒོ་ནས་ཨོང་ང་ཁྱེར་ཞོག་ག་ཁྱོས་མྱེ་ཐོབ་ར་་་ ཟེར་ནས་སྒྲུང་གི་མུ་མཐུད། ་་ ཚུར་སླེབས་དུས་བུ་མོ་ཞིགརེད། རྐང་མགོ་ན་ལྷམ་གོན་མེད་གི། རྣ་མཆོག་གཉིས་ཀྱི་ནང་ནས་ཁྲག་འཛར་གྱིན་འདུག་་ ཟེར། དེའི་སྐབས་དེར་མོའི་མིག་ནང་ནས་མིག་ཆུ་ཞིག་ཀྱང་ཐོན་གྲབས་ཐོན་གྲབས་བྱེད། མིག་ཆུ་ཞིག་ཕྱིས་ནས། ་་ངེད་ཚོས་མོ་ནང་ལ་བསུས་ནས་མེ་བཏབ་། ཇ་བསྐོལ། སྐད་ཆ་འདྲ་མི་འདྲ་མང་པོ་དྲིས་པ་ཡིན།་་ ཟེར་བའི་མཚམས། མོའི་ཁྱོ་གས་སྐད་ལོག་བརྒྱབ་ཏེ་ ་་ཨ་ཡེ་འདི་ཚོས་མིག་ཆུ་གཏོང་མི་དགོས་ས་མིག་ཆུ་བཏང་་ནས།་་ ཟེར་ཞོར་གཙོད་རའི་ར་ཚེ་ཞིག་ནང་ཐ་མ་འཐུང་བཞིན་སྣང་མེད་ཀྱིས་སྡོད།
ངས་ཇ་ཧུབ་གང་འཐུང་སྟེ། དེ་ནས་ཟེར་ནས་མོ་ལ་སྒྲུང་མུ་མཐུད་དུ་བཤད་བཅུག མོས། ་་ཞི་མི་དེ་མོ་མནའ་མ་འགྲོ་ས་ཚང་ནས། ཕ་བུ་གཉིས་ནས་གཉོག་གཉོག་ནས་བདའ་དང་ཟིག་་ ཟེར་ནས་ཅུང་ཟད་ཅིག་བསྡད་སོང་། ་་ཨ་ཧ་ཨ་ཧ། དེ་ནས་་་ ངས་མུ་མཐུད་ཉན་འདོད་སྐྱེས། མོས།་ཡང་སྐྱར་འཕྲོ་མཐུད ་་མོས་གློ་བུར་དུ་ཨ་མ་ཟེར་ནས་ཨག་སྐད་རེ་བརྒྱབ་དུས་གདོང་པ་ཡང་སེར་པོར་ལོག་ཡོང་གི མོས་མོ་རང་གི་ཨ་མ་ལ་ངོ་མ་ཐུག་པར་ཤི་ས་རེད་ཟེར་གི ངས་ཀྱང་དངོས་གནས་མོ་ཤི་ས་རེད་བསམ་ནས། བཀྲ་དེ་ལ། ཁྱེད་རང་གིས་མོ་སྦག་སྦག་གི་འཕོང་ལ་ཁྱེར་ནས་མོ་ནང་ལ་སྐྱེལ་ཞོག་མ་གཏོགས་མོ་ཨ་མར་ངོ་མ་ཐུག་པར་ཤི་ས་རེད་ཅེས་བཤད་ནས་བཀྲ་དེས་མོ་ནང་ལ་བསྐྱལ་རེད་་ ཟེར། དེ་ནས་ངའི་སྲིང་མོའི་མག་པས་ར་ཚེ་རུམ་ལ་བཅུག་ཞོར་འཕྲོ་མཐུད་བྱུང་། ་་ མོ་བདའ་ཁ་དེ་ཚང་ནས་གཉོག་ནས་ཤི་མིན་རོ་མིན་ཞིག་ཏུ་བཟོས་པ་མ་ཟད། རྐང་མགོའི་ལྷམ་འཕྲོག རྣ་ནང་གི་རྣ་ཐོག་གཉིས་ངེད་ཚང་གི་རེད་ཟེར་ནས་ཤེད་ཚད་ནས་བཀོག་དང་ཟིག རྣ་མཆོག་གཉིས་ཤོ་བསྡད་ཡོད་ཀི ་་་ ཟེར།
དེ་ནས་ངེད་ཚང་གི་མག་པས་མོ་ལམ་སང་སྦག་སྦག་འཕོང་ལ་བཞག་སྟེ་ནང་ལ་བསྐྱལ་འདུག མོ་ཨ་མ་ལ་ཡང་ངོ་ཐུག་ཤི་ཡང་མ་ཤི་བར་ད་ལྟ་གསོན་པོ་ཡོད་འདུག
དེ་ནས་ངས་ཕྱི་རྒྱལ་གྱི་སྒྲུང་ཁོ་ཚར་བཤད། ངས ་་ ཕྱི་རྒྱལ་ནས་ཨ་ཡེ་ལ་གཉོག་ཆོག་གི་མ་རེད། ཞ་ཡས་ལ་ཡང་གཉོག་ཆོག་གི་མ་རེད་་་ ཅེས་མང་པོ་ཞིག་བཤད་པར། ཁོ་ཚོས་ཁུ་སུམ་མེར་རྣམ་ཤེས་གཏད་དེ་ཉན་སྡོད་པའི་ཚུལ་ལ་བལྟས་ན། གཏམ་རྒྱུད་དེ་ལྟ་བུ་ཞིག་དེ་སྔ་ཕལ་ཆེར་རྣ་བས་གོ་མེད་པ་འདྲ་བོ་འདུག བར་མཚམས་ཤིག་ནས་བཀྲ་དེ་ཡིས ་་ཨ་ཧ་ཨ་ཧ། ཨ་ཡས་དང་ཞ་ཡས་ལ་གཉོག་མ་ཆོག་ན་དེ་དཀའ་ག་་ ཟེར་ནས་བཅོས་མ་མིན་པའི་རང་བཞིན་གྱི་སྐད་ཆ་ཞིག་ཁ་ནས་ཤོར། ་་ དེ་མུར་མི་ཚང་མ་བགད་སོང་།
འདི་སྒྲུང་ངོ་མ་ཞིག་ཡིན། ངས་སྒྲུང་འདི་ཤར་རྒྱག་འདིར་བྲིས་པ་ཡིན། དུས་ཚོད་ཀྱི་དབང་གིས་འདི་ལ་ཁོར་ཡུག་དང་མི་ཡི་རྣམ་པ་ཞིབ་འབྲི་སོགས་སྒྱུ་རྩལ་གྱི་གཙོར་བཟུང་མ་བྱས་པར་སྟབས་གང་བདེ་དང་གང་ཐུང་ཐུང་བྱས་ནས་མོའི་ཁ་བརྡ་ཇི་མ་ཇི་བཞིན་བྲིས་པ་ཡིན་པས། དྲ་གྲོགས་རྣམས་ནས་འདི་ལ་རྩོམ་རིག་གི་རིན་ཐང་མི་འདུག་ཟེར་ནས་དགག་པ་ཆར་བ་འབེབས་འབེབས་བྱེད་རོགས། ངས་བྲང་སྒོ་ཕྱེ་ནས་དགག་པ་དང་བསྟོད་པ་གཉིས་ལ་ཁྱད་མེད་པར་སྒུག་བསྡད་ཡོད། ད་རུང་དྲང་པོ་བཤད་ན་ང་དགག་པ་ལ་དགའ། ད་དུང་ཅུང་ཞིབ་འབྲི་བྱས་ན་ཁོར་ཡུག་དང་མིའི་རྣམ་པ་ཞིབ་འབྲི་བྱེད་ཞོར་དུའང་གནས་ཚུལ་འགའ་རེ་ཞོར་དུ་སྟོན་ཐུབ་པ་འདུག་ཀྱང་དེ་ཚེགས་ཀྱིས་ཡོང་གི་མི་འདུག ང་མི་ལེ་ལོ་ཅན་ཞིག་ཡིན། དེ་བས་ང་གང་ཐུང་ཐུང་འབྲི་རྒྱུར་དགའ།
dhatsenpaལགས་ཀྱིས་ཟླ་ཚེས་August 3rd, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
རྨི་ལམ་ལ་བརྟག་པ།
https://www.khabdha.org/?p=360
རྨི་ལམ་ནི་བསམ་བློ་ཞིག་ལས་གཞན་གང་ཡང་མིན། ཡང་ན་དེ་བསམ་བློ་དང་འཚོ་བ་གཉིས་གདོང་ཐུག་རྒྱབ་པ་ལས་འཕྲོས་པའི་མེ་སྟག་ཅིག་ཡིན་ཞེས་བཤད་ན་ཡང་མ་འགྲིགས་པ་ཅི་ལ་ཡོད། རྨི་ལམ་ནི་བསམ་བློ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཁྱེད་ཀྱི་མི་ཚེ་དང་ནམ་ཡང་འབྲེལ་བསྡད་ཡོད་པར་མཐོང་།
རྨི་ལམ་ནི་རེ་བ་ཡིན་ཞེས་ཀྱང་བརྗོད་པར་འདོད། རྨི་ལམ་གྱིས་ནམ་ཡང་ཁྱེད་རང་སྔོན་དུ་ཁྲིད་ནས། ཁྱེད་རང་མངོན་འགྱུར་གྱི་ཞིང་ལ་ཁྲིད་ནས། ཁྱེད་ལ་སྔོ་ལྗང་གི་འཇིག་རྟེན་དེ་སྟོན་ངེས། གལ་སྲིད་རྨི་ལམ་ལ་བདག་ཉར་ཡག་པོ་བྱས་ན།
དེ་བས་རང་གི་བྱིས་པ་བཞིན་རྨི་ལམ་ལ་བདག་སྐྱོང་ཡག་པོ་གྱིས། གལ་སྲིད་རྨི་ལམ་ནི་དགོས་མེད་ཀྱི་དངོས་པོ་ཞིག་བཞིན་གཡུག་བཞག་ན་དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་ཞེས་ཀྱང་ཡིན་སྲིད།
རྨི་ལམ་ནི་གསང་བ་ཞིག་ཀྱང་ཡིན། དེ་ནི་རྨི་ལམ་གྱི་གསང་བ་མ་ཡིན་པར་བསམ་བློའི་གསང་བ་ཡིན།
ཨོ་རྨི་ལམ་ནི་སྦྱང་གཞིའི་རིག་པ་ཞིག་ཡིན། རྨི་ལམ་ནི་སེམས་ཁམས་རིག་པ་ཡིན།
dhatsenpaལགས་ཀྱིས་ཟླ་ཚེས་August 2nd, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
བརྩི་བཀུར་བྱ་འོས་པའི་འགྲོ་བ་མིའི་རང་བྱུང་གི་གཤིས་ཀ།
https://www.khabdha.org/?p=355
ཆེས་བརྩི་བཀུར་བྱ་འོས་པ་ནི་འགྲོ་བ་མིའི་གཤིས་ཀ་ཡིན་པ་རེད། འགྲོ་བ་མིའི་གཤིས་ཀ་ཟེར་བ་ནི་གང་ཟང་སྒེར་བ་རེ་རེའི་གཤིས་ཀ་ལ་ཟེར་གྱི་ཡོད། མི་རེ་རེའི་ཐོག་ནས་ང་ཚོས་ཆེས་རིན་ཐང་་ལྡན་པའི་དངོས་པོ་ཞིག་བཙལ་དགོས་ན། གཅིག་བྱས་ན་ཁྱེད་རང་ནས་མི་དེ་ལ་ཡོད་པའི་དམིགས་བསལ་གྱི་སྦྱངས་པ་དེ་དང་ཡང་ན་དེ་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཉམས་མྱོང་དེ་འདེམས་སྲིད། ཡིན་ན་ཡང་། དམིགས་བསལ་གྱི་སྦྱངས་བ་དེའི་རྒྱབ་ལོགས་སུ་་མིའི་ལྷན་སྐྱེས་ཀྱི་་གཤིས་ཀ་དེ་ཡོད་པ་ངེས་པར་ཤེས་དགོས་པར་འདུག དེ་ནི་མི་རེ་རེའི་ཆེས་རིན་ཐང་ལྡན་པའི་དངོས་པོ་དེའང་ཡིན་པ་རེད།
ང་ཚོའི་མིའི་སྤྱི་ཚོགས་འདི་འདི་ལྟར་ཕུན་སུམ་ཚོགས་པ་དང་། འདིར་འདི་ལྟར་ལས་རིགས་ཀྱི་རྣམ་གྲངས་མང་བ། འདིར་འདི་ལྟར་སྦྱང་བྱའི་སྡེ་ཚན་མ་འདྲ་བ་མང་བ་བཅས་མ་འདྲ་བ་མང་པོ་ཞིག་ཡོད་པ་དེ་དག་ཚང་མ་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་མ་འདྲ་བ་ལ་བརྟེན་ནས་བྱུང་བ་རེད། སྦལ་བ་ལ་སྦལ་བའི་ཁྱད་ཆོས། སྟག་ལ་སྟག་གི་ཁྱད་ཆོས། ཁྲ་ལ་ཁྲ་ཡི་ཁྱད་ཆོས་ཡོད་པ་རེད། འགའ་ཤས་འབྲི་ལ་དགའ། འགའ་ཤས་ཀློག་ལ་དགའ། འགའ་ཤས་བཤད་ལ་དགའ། འགའ་ཤས་བཟོ་ལ་དགའ། འགའ་ཤས་ཇ་འཐུང་རྒྱུར་དགའ། འགའ་ཤས་ཆང་འཐུང་རྒྱུར་དགའ།
སྤྱིར་བཏང་་། འདི་ནི་མི་ཚང་མས་ཤེས་ཡ་ཡིན་ཡིན་པའི་དོན་དག་ཕལ་བ་ཞིག་རེད།
dhatsenpaལགས་ཀྱིས་ཟླ་ཚེས་August 2nd, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
སྙན་ངག་གི་མེ་ཕུང་། དམར་ལྷབ་ལྷབ་སྦར་བར་བྱ།
https://www.khabdha.org/?p=341
རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ། འགྲོ་བ་མིའི་སེམས་ནས་བྱུང་བའི་སྙན་ངག་ལྟ་བུའི་མེ་དཔུང་ཆེན་པོ་ཞིག འཛམ་གླིང་གི་ས་ཕྱོགས་གང་སར་་རི་མཐོ་དམན་ཀུན་གྱི་རྩེ་རུ་དམར་ལྷབ་ལྷབ་འགྲོ་བ་མིའི་རང་དབང་གི་ཆེད་དུ་སྦར་གྱི་རེད།
རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ། འགྲོ་བ་མིའི་སེམས་ནས་བྱུང་བའི་སྨོན་ལམ་གྱི་ལྰ་སྒྲོན་གྲངས་མེད་ཅིག འཛམ་གླིང་གང་སར་གྲོང་ཁྱེར་ཆེ་ཆུང་ཀུན་གྱི་མདོ་རུ་དམར་འཁྱིལ་ལེར་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རིན་ཐང་ཆེད་དུ་སྦར་གྱི་རེད། དེ་ཁྱོད་ཚོས་ཀྱང་ལོས་ཤེས། ཁྱེད་ཚོས་ཀྱང་དེ་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རེ་བ་ཡོད། འདི་ངས་ཁྱེད་ཚོར་བརྗོད་ཀྱི་མེད། ངས་ཁྱེད་ཚོས་ང་ལ་རོགས་བྱས་ནས་གནས་ཚུལ་འདི་གངས་རིའི་ཁོངས་སུ་འཁྱོལ་བར་བྱ་རྒྱུ་འབོད་སྐུལ་བྱ་ཡི་ཡོད།
རྒྱ་ནག་ཏུ་ཨོ་ལིམ་ཕིག་མ་འཚོགས་པའི་སྔ་ནུབ་ཏུ། གངས་རིའི་ཁོངས་གསེང་ཀུན་དུའང་བསངས་མཆོད་ཀྱི་མེ་ལྕེ་སྦར་བར་བྱ། ནག་ཁུང་གི་ཁང་མིག་རེ་རེའང་མཆོད་མེ་ཡི་འོད་ཀྱིས་དགང་བར་བྱ། ང་ཚོའི་མིའི་རིགས་ཡོངས་ཀྱི་ཞི་བདེ། རང་དབང་། ཐོབ་ཐང་བཅས་ཀྱི་ཆེད་དུ།
ངའི་འབོད་སྐུལ་གྱི་མེ་ལྕེ་འདིའང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྦར་བཞིན་པའི་མེ་ལྕེ་དེ་བཞིན་གཅིག་ནས་གཅིག་ལ་བརྒྱུད་དེ་གངས་རིའི་ཁོང་གསེང་དུ་འཁྱོལ་བར་བྱ། དྲ་གནས་ནས་དྲ་གནས། ཁ་པར་ནས་ཁ་པར། མི་ནས་མི་བརྒྱུད་དེ་གངས་རིའི་ཁོངས་གསེང་དུ་འཁྱོལ་བར་བྱ། གངས་རི་ཡི་ལྗོངས་ཀུན་གསལ་བར་བྱ། མུན་ནག་གི་ཞིང་ཀུན་བསྲེག་པར་བྱ། ཉིན་འདི་ནས་བཟུང་། ཨ་དྲིན་ཆེན་དགའ་ལྡན་རིགས་པ། ང་ལ་རོགས་བྱས་ནས་འབོད་སྐུལ་འདི་ཕྱོགས་ཀུན་ལ་སྒྲོགས་ཤིག སྒྲོགས་ཤིག སྒྲོགས་ཤིག
dhatsenpaལགས་ཀྱིས་ཟླ་ཚེས་July 31st, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ནམ་ཡང་སེམས་ནས་བརྗེད་ཐབས་མེད་པའི་གླུ་ཞིག
https://www.khabdha.org/?p=326
འདིར་སྔོན་མ་ཞིག་ནས་ད་བར་ངའི་ཕ་ཡུལ་དུ་བླངས་དང་ལེན་བཞིན་པའི་གླུ་ཞིག་དང་དེ་ལས་འཕྲོས་པའི་བསམ་གཞིགས་འགའ་ཞུ་འདོད་བྱུང་། གླུ་འདི་ང་རང་ཆུང་བའི་སྐབས་སུའང་ཡང་ཡང་ལེན་མྱོང་། ལོ་འགའ་ཤས་ཀྱི་སྔོན་དུ་ཕ་ཡུལ་ལ་ལྟ་སྐོར་ཕྱིན་པ་ཡིན། དེ་སྐབས་བཟའ་གོ་ར་གང་བོ་ངོ་འཛོམས་པས་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་གླུ་ལེན་གར་རྩེད་ལ་རོལ་བ་ཡིན། གླུ་ལེན་གར་རྩེད་ཀྱི་མཇུག་ཏུ། ཡུལ་གྱི་གོམས་སྲོལ་ལྟར་ངའི་ཚ་མོ་ཆུང་ཆུང་ཞིག་གིས་ལག་པར་ཁ་བཏགས་ཤིག་བཟུང་ཞིང་། ལག་གཡས་པས་འགྲམ་པ་གཡས་པ་སྐྱོར་ཙམ་བྱས་ནས་། རྟ་ལྷས་གོར་མོ་རྟ་གིས་གང་།། རྟ་སྔོན་མ་གཤར་ནས་རྐྱང་ལ་འདྲེས།། རྟ་རྗེས་མ་ད་རུང་ཤུལ་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོག། ཟོག་ལྷས་གོར་མོ་ཟོག་གིས་གང་།། ཟོག་སྔོན་མ་གཤར་ནས་འབྲོང་ལ་འདྲེས།། ཟོག་གཞུག་མ་ད་རུང་ལྷས་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོག། ལུག་ལྷས་གོར་མོ་ལུག་གིས་གང་།། ལུག་སྔོན་མ་གཤར་ནས་དགོ་ལ་འདྲེས།། ལུག་གཞུག་མ་ད་རུང་ལྷས་ན་ཡོད།། གཡང་འདི་ཚོ་མི་འབྲལ་བཀྲ་ཤིས་འཇོགཅེས་བཀྲ་ཤིས་འཇོག་པའི་གླུ་འདི་ངག་གི་དབྱངས་རྟ་ལ་གྱེར་བྱུང་བས། ངའི་མིག་ཀོང་གཉིས་ནས་རང་བཞིན་གྱིས་མཆི་མ་རྡོག་པོ་འགའ་འགྲམ་པའི་མཁུར་མགོ་བརྒྱུད་ནས་མར་ས་ལ་འགྲིལ་བཅུག་པ་མ་ཟད་ངླུ་འདིས་ང་དར་ཅིག་ལ་བསམ་གཞིགས་ཤིག་ནང་གཡུགས།
གླུ་འདི་ཐོག་མ་ཞིག་ནས་དར་ཡོང་བ་ཡིན་པ་གདོན་མི་ཟ། དེ་ཡང་དངོས་ཡོད་འཚོ་བ་ཞིག་གི་འདྲ་བཤུས་ཡིན་ངེས། དེ་ཡང་སྒོ་ཕྱུགས་དང་རི་དྭགས་འདྲེས་བསྡད་ཡོད་པའི་གནའ་སྔ་མོའི་རང་བྱུང་གི་མཛེས་སྡུག་ཅིག་ནས་བརྒྱུད་ཡོང་བ་འདྲ། དེ་ཡང་མི་དང་རང་བྱུང་ལ་དབྱེ་བ་མེད་པར་འདྲེས་བསྡད་ཡོད་པའི་སྐབས་ཤིག་ནས་བྱུང་བར་སེམས། ཡིན་ན་ཡང་། ད་ལྟ་འདི་ཅི་འདྲའི་དངོས་ཡོད་དང་མི་འཚམས་པ་ཞིག
ང་ལ་དུངས་སྣང་ལྷང་ལྷང་བ་ཞིག་གིས་བསྐུལ་ནས་་ལམ་སང་སྒོ་ལ་བུད་པ་ཡིན། ཡར་བཙན་མགོན་ནོར་བུ་དགྲ་འདུལ་གྱི་་རི་ངོས་་སུ་ཅུང་ཟད་ཕྱིན་ནས་ཕྱོགས་བཞིར་རྒྱང་ལྟ་ཞིག་བྱས་པས་གང་སར་་ལྕགས་ཀྱི་དྲ་བས་སྦྲེལ་འདུག གླུ་ཚིག་ནང་གི་རྐྱང་དང་འབྲོང་དགོ་བ་ཟེར་བ་དེ་ཚོ་མཐོང་ཡུལ་ན་མེད་པ་དེ་ཕལ་ཆེར་བཤད་མ་དགོས་པ་རེད། ངའི་སེམས་ལ་་རི་དྭགས་དེ་དག་ལྷ་སྒྲུང་གང་ཞིག་གི་ནང་གི་ཡིན་པ་ལྟ་བུའི་ཚོར་སྣང་་ཞིག་བྱུང་ལ་སེམས་པ་ཡང་སྟོང་སངས་སེ་ཕྱིན། གཤམ་འོག་ཏུ་ཁུང་བུ་ཁ་ཤས་ཡོད་པ་དེ་ལས་འཕྱི་བ་ཁ་ཤས་ཁུང་སྒོ་ནས་ཀེག་གིས་ལངས་ཏེ་ ཀུ་ལོག ཀུ་ལོག་ཅེས་སྐད་རྒྱག་བཞིན་པ་དེས། ངེད་ཚོ་འཕྱི་བ་ཚོ་ད་རུང་ཤུལ་ཆད་མེད། ངེད་ཚོ་བསོས་ནམས་ཆེན་པོ་རེད་ཟེར་ནས་་ངོམ་སོ་བྱེད་པ་དང་གཉིས་སུ་མ་མཆིས།
ངས་གཡས་གཡོན་མདུན་རྒྱབ་ཀྱི་ཡུལ་ལྗོངས་ལ་མུ་མཐུད་ཞིབ་ལྟ་བྱས། ཕར་ཕྱོགས་སྤང་ངོས་སུ་གཡང་དཀར་གྱི་ལུག་ཁྱུ་རྩྭ་ལ་རོལ་བཞིན་པ་ནི་རྡེའུ་དཀར་ས་ལ་བཀྲམ་པ་འདྲ་ཞིང་། ཚུར་ཕྱོགས་རྫ་ངོགས་སུ་ཅི་བདེར་གནས་པའི་ནོར་ནག་གི་ཁྱུ་ཡང་ཕལ་ཆེར་རི་ངོས་སུ་འབྱར་ཡོད་པ་དང་ཀུན་ནས་མཚུངས་པ་དེའི་མཛེས་ཉམས་ཀྱིས་ང་ལ་དགའ་སྣང་ཞིག་རང་བཞིན་གྱིས་སླེབས་ཤིང་ཆུང་བྱིས་པའི་དུས་ལ་དྲན་གསོ་ཐེངས་ཤིག་བཏང་། དེ་ནས་ངའི་དོ་སྣང་གློ་བུར་དུ་མར་དྲངས། མར་ལུང་མདོ་ནས་ཡར་ལམ་ཀ་མཐོང་ལ་མ་མཐོང་བ་ཞིག་སྐྱ་ཤར་རེ་བྱེད་པ་དེའི་སྣེ་ནས་ཡར་མའོ་ཊོར་སྦག་སྦག་ཞོན་པ་འགའ་གཅིག་འཕྲོ་གཅིག་གིས་དེད་ནས་ས་རྡུལ་རྗེས་སུ་བསླངས་ཤིང་དུད་ནག་གནམ་ལ་གཏོར་བཞིན་ཡར་ངེད་ཚང་གཟས་ནས་རྒྱུག་ཡོང་གི་ཡོད་པ་མཐོང་བ་དང་ངའི་ཉེ་འཁྲིས་སུ་རྟ་རྒོད་མ་མ་བུ་གསུམ་ད་ཅི་ནས་གྲོད་ཁོག་བརྒྱགས་པ་ཡིན་ནམ་ཡང་ན་སུན་སྣང་གིས་མནར་བ་གང་ཡིན་མི་ཤེས་པར་གཟར་བསྡད་ཡོད་པ་དེ་ཚོའི་གྲངས་འབོར་དང་མ་གི་སྦག་སྦག་བར་འབྲེལ་བ་ཞིག་ཡོད་པ་གཞི་ནས་ཤེས།
ཡང་མཐོང་བར། ཕར་ཕྱོགས་ཀྱི་ནོར་འཛིན་བུ་མོའི་ཕང་བར་ས་གཤགས་རྡོ་གཤགས་བྱས་འདུག་པ་དེས་ཉིན་འདི་འགའི་རིང་གི་ངའི་འདོད་པའི་རྩེད་མོ་རྩེད་རོགས་ཀྱི་ཨ་ཅེ་རྒྱ་མོ་དེ་ཚོའི་བུ་གུ་གཤགས་ལེན་བྱས་པའི་གྲོད་ཁོག་གི་རྨ་ཤུལ་དག་མིག་ལ་ཤར་བཅུག ཡུལ་ལྗོངས་ཧྲལ་ཧྲིལ་འདིར་ངས་མུ་མཐུད་ལྟ་འདོད་མ་བྱུང་ལ། མཁའ་དབུགས་ལྗན་ལྗིན་དག་ངས་མུ་མཐུད་རྔུབ་འདོད་མ་སྐྱེས། དེ་ནས་ང་ནང་དུ་ཕྱིན།
ནང་དུ་སླེབས་རྗེས་ངེད་ཚོས་རི་དྭགས་ཀྱི་སྐོར་ཁ་བརྡ་བྱས་པ་ཡིན། ཁོང་ཚོས་བརྗོད་ན། ད་གང་ས་གང་ལ་ལྕགས་ར་བརྒྱབས་ནས་རི་དྭགས་གཅིག་ཀྱང་ཡོད་མ་རེད་ཟེར། སྤྱང་ཀི་མང་པོ་ཡོད་རེད། དེ་ཚོ་ལྕགས་རས་ཀྱང་མི་ཁོག་གི་ཟེར། དེ་ནས་ད་ཅི་གླུ་ལེན་མཁན་གྱི་ངའི་ཚ་མོ་ཆུང་ཆུང་དེར་ཁ་བརྡ་བྱས་པ་ཡིན། མོས་་རྐྱང་དང་འབྲོང་། དགོ་བ་གཞན་པའི་རི་དྭགས་མང་པོ་ཞིག་རྩ་ནས་མཐོང་མྱོང་མི་འདུག ཡིན་ན་ཡང་དངོས་ཡོད་དང་རྒྱང་ཐག་རིང་བོར་ཕྱིན་པའི་གླུ་འདི་་ད་རུང་འབྲོག་ཁུལ་དུ་ལེན་བཞིན་འདུག གླུ་འདི་ང་ཕ་ཡུལ་དང་བྲལ་ཁར་ཡང་ངའི་རྣ་ལམ་ན་ལྷང་ལྷང་གྲག་བཞིན་འདུག ང་ཚུར་སླེབས་ནས་ཀྱང་ད་རུང་ངའི་རྣ་ལམ་ན་ལྷང་ལྷང་གྲག་བཞིན་འདུག
ང་ཡི་རྣ་བ་དང་དགོ་བ། རྐྱང་ཆུ་དང་འབྲོང་ཆུ་རྣམས་གང་ཞིག་ལ་ཞོག་སོང་། ང་ཡི་རི་བོ་དང་ཆུ་བོ་ས་གཞི་རྣམས་ལ་ཅི་ཞིག་བྱས་སོང་བ་རེད། ངའི་མགོ་ཐོག་གི་གནམ་འདི་འདི་འདྲ་འཐིབས་དོན་དང་། ངའི་མགོ་ཐོག་གི་སྤྲིན་འདི་འདི་འདྲ་ལྗིད་དོན་ཅི།
dhatsenpaལགས་ཀྱིས་ཟླ་ཚེས་July 30th, 2008 ལ་ བརྩམས་སྒྲུང་། སྡེ་ཚན་དུ་སྤེལ|
ཀློག་མི་ཤེས་པའི་ཡི་གེ
https://www.khabdha.org/?p=320
ད་ལྟ་བོད་ཡིག་ནང་ཕྱི་རྒྱལ་གྱི་མི་མིང་ས་མིང་སོགས་འབྲི་སྐབས། མི་ཁ་ཤས་ཤིག་ནས་བརྩེགས་ཡི་གམ་སྔགས་ཡིག་སྟེ རིཁལིཕྷ་རྗི། ཕརིནས྄་ཊོན། ཕྷེ་ནིཀ ཨཻནས྄་ཊན ལྟ་བུ་མང་པོ་ཞིག་བྲིས་ཡོང་ནས་རྩ་ནས་ཀློག་ཤེས་ཀྱི་མི་འདུག འདི་ལ་བོད་མི་ཡོངས་ཀྱིས་ཀློག་བདེ་བའི་འབྲི་ཐབས་ཤིག་རྩ་ནས་མེད་སོང་བ་ཡིན་ནམ། ཉེ་ཆར་བོད་གཞུང་ནས་རྒྱ་གཞུང་ལ་ལན་འདེབས་རིམ་པ་ཞིག་འབྲི་བཞིན་པ་དེ་ཚོའི་ནང་ཡང་འདི་ལྟ་བུ་མང་པོ་མཐོང་རྒྱུ་འདུག ང་ཚོས་བོད་ཡིག་འདི་ལས་སླ་རུ་གཏོང་མ་ཐུབ་ན་ཡང་ཁག་ཏུ་ཁག་ཏུ་གཏོང་དགོས་པའི་རྒྱུ་མཚན་ཅི་ཡིན་མཐོང་དཀའ། བོད་ཡིག་ལ་བསམ་བཙུགས་ནས་འགལ་རྐྱེན་བཟོ་གི་ཡོད་པ་ཡིན་རྒྱུ་མ་རེད།
འདི་འདྲ་བྲིས་ཡོང་མཁན་དེ་ཚོ་ལྐུགས་པ་རྐྱང་རྐྱང་རེད་ཅེས་ལབ་ན་ཅུང་ཟད་འགྲིགས་གི་ཡོད་རྒྱུ་མ་རེད། མ་མཐའ་ཡང་འདི་ཚོས་རྒྱ་གར་དུ་ལེགས་སྦྱར་སྐད་གང་འཚམས་སྦྱངས་ཡོད་རྒྱུ་རེད་སྙམ། དེ་མིན་ན་ཡང་བོད་དུ་སྒྲ་སྦྱངས་ཡོད་རྒྱུ་རེད། ཡང་འདི་ཚོ་མཁས་པ་རེད་ཟེར་ན། བོད་མི་སྤྱི་བྱིངས་ལ་ལྟ་བའི་མིག་དེ་གཞུང་ལུགས་རྐྱང་བ་ཞིག་གམ། ཡང་ན་རྒྱུ་མཚན་ཡན་གར་བ་ཞིག ཡང་ན་རང་མཐོང་ལྟ་བུ་ཞིག་གིས་ཡོངས་སུ་སྒྲིབ་འདུག
རྒྱ་གར་དུ་བོད་མི་ལེགས་སྦྱར་གྱི་སྐད་ཤེས་མཁན་དང་བོད་ནང་དུ་སྒྲ་ཤེས་མཁན་གཉིས་ཀྱི་ཀློག་ལའང་ཁྱད་པར་ཡོད་པ་མཐོང་། དཔེ་བཞག་ན། བཛྲ འདིར་མཚོན་ན། རྒྱ་གར་དུ། བ་ཇི་ར་ལྟ་བུ་ཞིག་ཏུ་ཀློག་པ་དང་། བོད་ནང་དུ། འབའ་འཛར་ཞེས་ཀློག མ་གཞི་བོད་ནང་གི་སྔགས་ཀློག་ཐབས་དེ་ཚོར་ཤན་ཞུགས་ཡོད་སྲིད།
མདོར་དེད་ན་ཡི་གེ་བརྩེགས་རིམ་མང་པོ་ཅན་འདི་ཚོ་ཀློག་ཤེས་མཁན་བོད་མི་ག་ཚོད་ཅིག་ཡོད་པ་རེད་དམ། བོད་མི་ས་ཡ་དྲུག་ནང་བརྒྱ་ཆ་ 0.000001 ཡོད་པ་རེད་དམ།
ངས་ཀྱང་སྒྲ་སྦྱངས་མྱོང་། ཡིན་ན་ཡང་། དྲང་མོར་བཤད་ན། གོང་གསལ་གྱི་དེ་ཚོ་འཁྲིས་སུ་དབྱིན་ཡིག་བྲིས་མེད་ན་ངས་སྒྲ་ཇི་བཞིན་ཀློག་ཐུབ་པ་མི་འདུལ། དཔེར་ན། ས་སྲོག་མེད་ se སི་ཡི་སྒྲ་ལྟར་ཀློག་དགོས་པ་གང་ཞིག་ཏུ་བསྟན་ཡོད་པ་རེད།
ངས་བལྟས་ན། གསལ་བྱེད་སུམ་ཅུའི་སྟེང་ལོག་ཡིག་དྲུག་དང་མཐུག་པོ་ལྔས་མ་འགྲིགས་པ་ཡོད་མ་རེད་སྙམ། ང་ཚོར་གསལ་བྱེད་རྐྱང་བས་མཚོན་མི་ཐུབ་པའི་སྒྲ་ fa va ལྟ་བུ་རེ་ཟུང་ཡོད་པ་ལས་གཞན་དཀའ་ངལ་ཆེན་པོ་མེད་པར་མཐོང་། དང་པོ་དེའི་སྒྲ་དོད་རྒྱལ་དབང་ལྔ་བའི་སྐབས་ནས་ཧྥ་ཞེས་བཟོས་གྲུབ་པས་ཡང་སྐྱར་སྒྲ་གསར་པ་ཞིག་བཟོ་བའི་ངལ་བ་བསྟེན་ཨེ་དགོས། གཉིས་པ་དེར་དོད་ཐུབ་ཀྱི་སྒྲ་ཞིག་གལ་སྲིད་དགོས་ན་བཟོ་རྒྱུར་ལྷག་བསྡད་ཡོད་པ་རེད། གཞན་པ་ངས་དཀའ་ངལ་ཆེན་པོ་མཐོང་གི་མི་འདུག ཡང་ལུང་ཚན་བྱེ་བྲག་པ་རེར་དཀའ་ངལ་དམིགས་བསལ་བ་དེ་འདྲར་འཕྲད་ཀྱི་ཡོད་པ་ང་ཚོས་མཐོང་གི་ཡོད། དེ་བོད་ས་གཞན་པ་དང་བསྟུན་པ་ལས་གཞན་མེད།
རང་རང་སོ་སོས་གང་ཞིག་འབྲི་མིན་དེ་རང་རང་གི་རང་དབང་རེད། ཡིན་ན་ཡང་། སྙིང་རྗེ་དགོས་པ་ནི་ང་ཚོའི་བྱིས་པ་ཚོ་རེད། འཛིན་གྲྭ་རྗེས་མ་བོད་ཡིག་རེད་ཟེར་ནས་བྲོས་འགྲོ་བ་ཁོ་ཚོར་ཅི་ཁག་སྙམ། ལྷག་པར་དུ་སློབ་དེབ་དང་དུས་དེབ་སོགས་སྤྱི་ཚོགས་ནང་ཁྱབམཆེ་བའི་དཔེ་དེབ་རིགས་ནང་སྔགས་ཡིག་ལྟ་བུ་བརྩེགས་མ་མང་པོ་འབྲོག་པའི་ཁལ་བཀལ་བ་ལྟ་བུ་འདི་འདྲ་འབྲི་རྒྱུ་མི་འདུག གཅིག་བྱས་ན་འདི་ཚོ་མཁའ་འགྲོའི་བརྡ་ཡིག་ཟེར་བ་དེ་ཡིན་རྒྱུ་རེད། དེ་ཡིན་ན་ཁ་ཁ་རོགས་འདུག་གི་ཡིན། ཉེས་པ་བསགས་ནས་ཅི་བྱེད། ཨོམཎིཔདྨེཧྰུ།
dhatsenpaལགས་ཀྱིས་ཟླ་ཚེས་July 28th, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
དགའ་ཤོས་ཀྱི་གནས་ཚུལ།
https://www.khabdha.org/?p=309
བདུན་ཕྲག་འདིའི་ནང་ང་དགའ་ཤོས་ཀྱི་གནས་ཚུལ་ནི། རྒྱལ་བ་རིན་པོ་ཆེའི་ཨ་རིའི་ནང་གི་མཛད་འཕྲིན་མ་ཡིན་ལ། གཞོན་ནུ་ཚོགས་པའི་གསར་དུ་མགོ་འཛུགས་བཞིན་པའི་བོད་དོན་ལས་འགུལ་ཆེན་པོ་དེའང་མ་ཡིན། ཨ་རིའི་ནང་གི་བོད་དོན་གོམ་བགྲོད་དེ་ཡང་ཅི་ལ་ཡིན། བོད་དོན་རྒྱབ་སྐྱོར་ཆེད་ཕྱི་རྒྱལ་བ་རེ་ཟུང་གིས་ལྕགས་རྟ་ཞོན་ནས་སྐྱོད་བཞིན་པ་དེའང་མ་ཡིན། དེས་ན་གང་རེད་ཟེར་ན། མཛངས་མ་ཚེ་རིང་འོད་ཟེར་ལགས་ནས་རྒྱ་གཞུང་ལ་ཁྲིམས་གཏུགས་སམ་ཡང་ན་རྒྱ་གཞུང་ཁྲིམས་ལ་གཏུག་གི་ཡོད་པ་དེ་རེད། སྤྱིར་བཏང་རྒྱ་གཞུང་ལ་མཚོན་ན་ཁྱད་མཚར་པོ་ཞིག་རེད། ཁྲིམས་ལ་གཏུག་བྱ་ཁོ་ཚོ་རེད་ལ་གཏུག་སའང་ཁོ་ཚོ་རེད། གང་ཡིན་ནའང་ཁྱད་པར་མི་འདུག ངས་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་། འོད་ཟེར་ལ་ཐོབ་ཤོར་ག་རེ་བྱུང་ནའང་དེ་རྒྱ་གཞུང་ལ་མཚོན་ན་གནད་འགག་ཅན་གྱི་དྲི་བ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་སྙམ།
གལ་སྲིད་འོད་ཟེར་ལ་བདེན་ཁ་སྤྲད་ནས་རྒྱལ་ཁ་ཐོབ་པ་ཡིན་ན། ད་བར་རྒྱ་གཞུང་ནས་བོད་མི་དམངས་ཐོག་ཁྲིམས་འགལ་གྱི་བྱ་སྤྱོད་མང་པོ་ཞིག་སྤེལ་དང་སྤེལ་བཞིན་པ་དེ་ཡོངས་སུ་ངོས་ལེན་བྱས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། གལ་སྲིད་འོད་ཟེར་གྱི་བདེན་པ་ཆ་ཚང་ཡོད་པའི་ཁྲིམས་གཏུགས་དེ་ཤོར་བཅུག་པ་ཡིན་ནའང་། རྒྱ་གཞུང་གི་ཁྲིམས་རྫིག་པོ་དེ་ཚོར་ལག་ལེན་མེད་པར་ཡིག་ཐོག་ཙམ་ཡིན་པ་དེ་འཛམ་་གླིང་མི་དམངས་ཀྱི་མིག་མདུན་གསལ་སྟོན་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་ཆགས་ཀྱི་འདུག ཁྱེད་ཚོས་བལྟས་ན་རྒྱ་ནག་གིས་ལམ་ཁ་གང་འདེམས་ཀྱི་རེད་བསམ།
ད་རེས་ཀྱི་ཁྲིམས་གཏུགས་དེ་ལས་གལ་གནད་ཆེན་པོ་གཞན་ཞིག་ཀྱང་མཐོང་སྟེ། རྒྱ་ནག་གི་ཡིག་ཐོག་གི་ཁྲིམས་དེ་ཚོ་དངོས་སུ་ལག་ལེན་འཁེལ་བར་ཤེས་ལྡན་པ་ཚང་མར་འོས་འགན་ཡོད་པ་དང་དེ་ལ་ཚང་མས་བརྩོན་ལེན་བྱེད་དགོས་པའི་གོ་བརྡ་སྤྲད་པ་ལྟ་བུ་ཞིག་ཏུའང་མི་འགྲོའམ། མཐར་ངས་བོད་ནང་གི་ཤེས་ལྡན་པ་ཚང་མར་འབོད་སྐུལ་ཞུ་རྒྱུ་ཞིག་ནི། ཁྲིམས་མཐུན་གྱི་བྱ་བ་ཞིག་ཡིན་ཕྱིན་ཆད་དོན་དག་ཆུང་ཙག་ཅིག་ཡིན་ནའང་དེ་དོན་ཁྲིམས་གཏུགས་བྱ་རྒྱུ་དེ་གལ་་ཆེན་པོར་མཐོང་། ང་ཚོས་བཟོད་སྒོམ་མང་པོ་ཞིག་བྱས་བསྡད་པ་དེ་ཡིས་དབང་འཛིན་པ་རྣམས་སྐྱག་ལང་ལ་གཏོང་གི་ཡོད་པ་མ་ཟད་ཁོ་ཚོར་མུ་མཐུད་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བར་གོ་སྐབས་སྤྲོད་ཀྱི་འདུག ཡིན་ན་ཡང་འདི་ནི་ལས་སླ་པོ་ཞིག་མིན་པ་དེའང་ང་ཚོས་ལོས་ཀྱང་ཤེས། ང་ཚོའི་བོད་དོན་གྱི་ལས་འགུལ་འདི་རྒྱལ་སྤྱིའི་ནང་ཁྲིམས་མཐུན་ཡིན་པ་མ་ཟད་རྒྱ་ནག་གི་ཁྲིམས་དང་ཡང་མཐུན་གྱི་ཡོད་པ་དེའང་ངེས་པར་ཤེས་དགོས་ངེས་མཐོང་། ད་ལས་འགུལ་ཐེངས་གཉིས་པ་དེ་གང་ས་གང་དུ་ཁྲིམས་གཏུགས་བྱེད་པའི་ངོ་བོར་བསྒྱུར་ན་མི་ལེགས་སམ། དེ་ནི་ང་རང་གི་བསམ་ཚུལ་ཙམ་ཡིན། ཁྱེད་རྣམ་པའི་བསམ་ཚུལ་ཅི་འདྲ་ཡིན། ཤོད་དང་།
dhatsenpaལགས་ཀྱིས་ཟླ་ཚེས་July 25th, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
མི་རབས་གསུམ་པའི་སྐོར་མང་ཙམ་ཤེས།
https://www.khabdha.org/?p=303
ང་ཁོ་ཚོ་དང་ཐུག་ནས་ཁ་བརྡ་བྱས་པ་ཡིན། ཁོ་ཚོ་གླག་འཁེལ་བ་མི་འདུག ཁོ་ཚོ་ལ་གཞུང་ལུགས་ཀྱི་རྒྱབ་རྩ་མཐུག་པོ་འདུག ཁོ་ཚོར་རིག་གཞུང་འདྲ་མི་འདྲ་མང་པོའི་རྒྱབ་རྩ་ཡོད་པ་མ་ཟད་ནང་པའི་ཆོས་གཞུང་གི་རྒྱབ་རྩའང་འདུག མ་གཞི་ཁོ་ཚོས་དོན་དག་རྒྱ་ཆེན་པོ་མང་པོ་ཞིག་འབྲི་བཞིན་པ་ལས་གཅེར་བུ་དང་། ཕོ་མཚན་མོ་མཚན་ཟེར་བ་ནི་དེའི་ནང་གི་ཆ་ཤས་ཀྱི་ཆ་ཤས་ཤིག་ཏུའང་མི་འགྲོ་བར་འདུག
གཅེར་བུ་ཁོ་ནའི་སྐོར་ཁོ་ཚོར་མང་པོ་ལབ་རྒྱུ་འདུག དང་པོར་བསྐལ་བ་ཡ་ཐོག་གི་མི་གཅེར་བུ། ཅིའི་ཕྱིར་ཁོང་ཚོ་གཅེར་བུ་ཡིན་པ། ཅིའི་ཕྱིར་གོན་པ་གོན་པ། དེ་ནས་གཅེར་བུ་པའི་གྲུབ་མཐའི་གཞུང་ལུགས། དེའི་རྒྱབ་ལྗོངས་ཀྱི་མཚན་ཉིད། དེ་ནས་མི་ལ་རས་པ། དེ་ནས་འབྲུག་པ་ཀུན་ལེགས། དེ་ནས་བོད་ཀྱི་རྣལ་འབྱོར་བ་ཞིག་པོ་ཞིག་མོ་སོགས་ནས་འཕྲོས་པའི་ལུང་པ་གང་བཤད་རྒྱུ་འདུག གཞུང་ལུགས་ཀྱི་རྒྱབ་རྩ། མཚན་ཉིད་ཀྱི་རྒྱབ་རྩ། བསམ་བློའི་རྒྱབ་རྩ་སོགས།
ངས་ཆང་འཐུང་གི་འཐུང་གི་བསམ་བློ་ཞིག་བཏང་བ་ཡིན། ང་གཅེར་བུར་ཕྱི་ལ་ཕྱིན། ཡར་ལྟ་མར་ལྟ་ཡར་ཞིབ་མར་ཞིབ་ཡག་པོ་བྱས། དེ་ནས་ནང་ལ་ཡོང། ཡར་འདང་མར་འདང་མང་པོ་རྒྱབ་པ་ཡིན། ཁོ་ཚོ་འཛིན་པ་ཞིག་ལས་གྲོལ་འདྲ། ཁོ་ཚོ་བཅིངས་པ་ཞིག་ལས་ཐར་བ་འདྲ། ཁོང་ཚོ་སྒྲིག་གཞི་ཞིག་དང་གོམས་སྲོལ་ཞིག་ལས་ཐག་རིང་པོར་ཕྱིན་ཡོད་པ་འདྲ། ཁོང་ཚོའི་ནང་གི་རང་རྟགས་ཕྱི་རུ་ཤར་ཡོད་པ་འདྲ། ངས་འདི་ལྟར་བསམ། ཁ་བའི་ལྗོངས་ན་སེང་གེ་སྲབ་མེད་དུ་འཕྱོ་བའི་ཟེར་བ་དེ་ཁོ་ཚོ་རེད། བྱེའུ་རྙི་ལས་ཐར་ཟེར་བ་དེ་ཁོ་ཚོ་རེད་ལ་རྟ་ཕོ་སྒྲོག་ལས་ཐར་ཟེར་བ་དེའང་ཁོ་ཚོ་རེད།
གཅིག་བྱས་ན། ཁོང་ཚོ་རང་ཉིད་གྲོལ་ཙམ་ལས་གཞན་གང་ཡང་ཡོད་པ་མ་རེད་ཅེས་ང་ཚོས་ནམ་ཡང་བཤད་མི་ཐུབ། ཁོང་ཚོར་དམིགས་ཡུལ་ཞིག་ཀྱང་ཡོད་པ་འདྲ། ཁོང་ཚོས། བཅོས་མ། སྤམ་རྫུ། ཚུལ་འཆོས། ཡིན་མདོག ཡག་མདོག་མང་པོ་ཞིག་གཏོར་འདོད་པ་མ་རེད་ཅེས་ངས་བཤད་མི་ཐུབ། ཁོ་ཚོ་ལས་སླ་པོ་རེད་ཅེས་ངས་ནམ་ཡང་བཤད་མི་ཐུབ།
ཁོ་ཚོ་ཉལ་ན་རྨི་ལམ་དང་བཅས་ཉལ་གྱི་ཡོད་པ་དང་། ཁོ་ཚོ་ལངས་ན་རེ་བ་དང་བཅས་ལངས་ཀྱི་ཡོད། ང་ཚོའི་བཟོད་སྒོམ་དེ་ཁོ་ཚོའི་བཟོད་སྒོམ་མིན། ང་ཚོའི་བག་འཁུམ་དེ་ཁོ་ཚོའི་བག་འཁུམ་མིན། ཁོ་ཚོར་སྐྱི་བཤུ་ཞིག་བྱས་ནའང་ཁོ་ཚོར་ཚུར་སྣང་ཡོད། དེ་ང་ཚོའི་རེ་བ་རེད། དེ་ཁོ་ཚོའི་རེ་བའང་རེད། ངས་མུ་མཐུད་དུ་འབྲི་འདོད་ཡོད། ཡིན་ན་ཡང་ད་ང་བཟི་འདུག ངས་འབྲི་ཐུབ་ཀྱི་མི་འདུག དགོངས་འགལ་མེད་ཞུ།
dhatsenpaལགས་ཀྱིས་ཟླ་ཚེས་July 24th, 2008 ལ་ མཚར་གཏམ། སྡེ་ཚན་དུ་སྤེལ|
མི་རབས་གསུམ་པ།
https://www.khabdha.org/?p=300
ངས་རྣ་བས་གོ་ཚོད་ལ། བོད་ནང་དུ་མི་རབས་གསུམ་པ་ཟེར་བའི་གསར་བུ་སྐོར་ཞིག་འཚར་བཞིན་ཡོད་པ་རེད་ཟེར།
ཁོང་ཚོས་མང་པོ་མང་པོ་ཞིག་འབྲི་བཞིན་ཡོད་པ་རེད་ཟེར།
ཁོང་ཚོས་མཇེ་དང་སྟུ་དང་རླིག་པ་སོགས་འཛེམས་བག་མེད་པར་འབྲི་གི་ཡོད་པ་རེད་ཟེར།
ཁོང་ཚོའི་ནང་གི་གཅིག་གཅེར་བུར་མི་ཚོགས་ནང་ཕྱིན་པ་རེད་ཟེར།
ཁོང་ཚོ་ལ་གཤེ་གཤེ་དང་དམོད་མོ། སྐྱོན་མཚང་འདྲུ་མཁན་མང་པོ་ཞོག་ཡོད་པ་རེད་ཟེར།
ཡང་ཁོང་ཚོ་ལ་བསྟོད་པ་གཏོང་མཁན་ཡང་ཡོད་པ་རེད་ཟེར།
ད་ཆི་གོ། འདི་བཟང་རྟགས་ཤིག་ཡིན་ནམ་ངན་རྟགས་ཤིག་ཡིན།
ཁྱེད་རྣམ་པས་ཁོང་ཚོའི་སྐོར་ཅང་ཤེས་ཀྱི་ཡོད་ན་མེད་ན།
dhatsenpaལགས་ཀྱིས་ཟླ་ཚེས་July 23rd, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཨེན་སི་ཌན་ལ་ཕུལ་བ།
https://www.khabdha.org/?p=280
ཨེན་སི་ཌན་ལ་ཕུལ་བ།
གྲོགས་པོ་ལགས། ཁྱེད་རང་བཞུད་ཟིན། ཁྱེད་རང་ལོ་ལྔ་བཅུ་ལྷག་གི་གོང་རོལ་ནས་བཞུད་ཟིན། ཁྱེད་རང་བཞུད་ཟིན་ནའང་གཏམ་ས་སྟེང་འདིར་ལྷག་འདུག
དེ་རིང་འདྲེ་རིག་ལྡན་གྱིས། ཁྱེད་རང་གིས་བཤད་མྱོང་བའི་སྐད་ཆ་ཞིག་བོད་སྐད་དུ་དམར་རྗེན་དུ་ང་ལ་གླེང་བྱུང་། ཁྱེད་རང་གི་རང་བྱུང་ལྷུག་པར་གྲོལ་བའི་སྐད་ཆ་དེ་ཇི་འདྲའི་སྙན་ཞིང་། ཁྱེད་རང་གི་ཞི་བདེ་དང་དྲང་བདེན་ལ་མོས་པའི་ཡིད་སེམས་དེས་ང་ལ་བསིལ་བ་སྟེར། ད་རུང་རྒྱལ་ཁབ་དང་ཁྱིམ་ཚང་གྲོགས་པོ་སུ་ལའང་མ་བདག་པའི་ཁྱེད་རང་གི་རང་དབང་གི་འཚོ་བ། དེར་མ་ཟད། ཁྱེད་ཀྱི་བྱམས་བརྩེ། མཛེས་པ། སྒྱུ་རྩལ། མི་གཤིས། འབྱོར་ཕྱུག་སོགས་ལ་བཟུང་བའི་ལྟ་བ་བཅས་ནི་ཆེས་ངོ་མཚར་ལྡན་པ་ལ་ཨང་།
ཁྱེད་རང་གི་སྙིང་གཏམ་བདུད་རྩི་འབབ་འབབ། ངས་མི་མཐུད་དུ་ཁྱེད་རང་གི་སྐད་ངག་ལ་ཉན། ང་ལ་ཆུང་ཆུང་བྱིས་པའི་དུས་སྐབས་དེ་དྲན་གསོས་སོང་། དགུང་མོ་མར་ཉལ་ནས་གུར་གྱི་ཁ་ཚུབ་བརྒྱུད་ནམ་མཁའ་ལ་ལྟ་བཞིན། ནམ་མཁའི་སྐར་ཚོགས་ཀྱི་ཞིང་ཁམས་ལ་ལྟ་བཞིན་ཨ་མྱེས་ཀྱིས་བཤད་པའི་སྒྲུང་ལ་ཉན་བཞིན་པ་དེ་དྲན། ཕ་མ་གཉིས་ཀྱིས་རེས་མོས་ཀྱིས་སྒྟུང་བཤད་པའི་ངང་ཚུལ་དག་དྲན། སྤུན་མཆེད་རྣམས་རེས་མོས་ཀྱིས་ཁེད་བཤད་རེས་བྱས་པའི་གནས་སྐབས་རྣམས་དྲན ད་རུང་། གཟའ་གོ་ར་གང་བོས་མེ་ལྕེ་དམར་ལྷབ་ལྷབ་མཆེད་བཞིན་པའི་མཐའ་བསྐོར་ནས་མཉམ་གཅིག་ཏུ་ཞལ་འདོན་སྐྱོར་བའི་དྲོད་ཁོལ་ལྡན་པའི་དུས་ཚོད་དེ་དྲན་བཅུག་སོང་། ཁྱེད་རང་གི་སྐད་ཆ་དང་ངའི་ཕྱིར་དྲན་གྱི་བར་ན་མི་གཤིས་སམ་ཡང་ན་སྒྱུ་རྩལ་གྱི་སྦྲེལ་ཐག་ཅིག་ཡོད་པ་འདྲ།
ད་རུང་དེས་ག་ལ་ཚད། གནས་ཚུལ་འདི་དག་ཀྱང་ང་ལ་དྲན་གསོས་སོང་། ད་ལྟ་སྔོན་མ་བཞིན་སྒྲུང་བཤད་མཁན་མི་འདུག ཉན་མཁན་ཡང་མི་འདུག ཡར་ནམ་མཁའ་ལ་བལྟས་ན། ནམ་མཁའི་སྐར་ཚོགས་རྣམས། ལྗིད་ཏིག་ཏིག་གི་སྤྲིན་གསེང་བརྒྱུད། བར་མེད་དུ་འཚང་བའི་ལྗན་ལྗིན་གྱི་མཁའ་རླུང་བརྒྱུད། འོད་ཟ་མ་ཟི་ཞིག་སྤྲོ་བཞིན་མཆིས། དེ་ནི་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་ཡང་ཡང་མཐོང་རྒྱུ་ཡོད་པའི་བཟི་བོ་རྣམས་ཀྱིས་བཟི་གཏམ་ཤོད་པ་དང་ཀུན་ནས་འདྲ། ངོ་མཚར་བའི་ལྷ་སྒྲུང་གི་ཞིང་ཁམས་ཤིག་འཇིག་བཞིན་འདུག ཁྱེད་རང་གི་རྨ་ལམ་དུ་འཁོར་བའི་དབེན་འཇགས་ཀྱི་ཞིང་ཁམས་དེ་ཚོའང་འཇིགས་བཞིན་མཆིས། ད་དུང་། མི་གཤིས་ལ་སོགས་པའང་།
གྲོགས་པོ་ལགས། ཁྱེད་རང་བཞུད་ཟིན། ཁྱེད་རང་བཞུད་ནས་ལོ་ལྔ་བཅུ་ལྷག་ཕྱིན། ཁྱེད་རང་དགའ་ས་དེ་ཚོར་ང་ད་དུང་ཡང་དགའ་ལ། ཁྱེད་རང་དུངས་ས་དེ་ཚོར་ང་ད་དུང་ཡང་དུངས། དེར་མ་ཟད་ཁྱེད་རང་ཞེན་པ་ལོག་མྱོང་ས་དེ་ཚོ་ཡང་ང་དགའ་ས་མིན་ན་ཡང་ང་དགའ་དགོས་པར་མཐོང་། ཚོང་འདུས་ཀྱི་འཚོ་བ། དམག་དཔུང་གི་སྒྲིག་འཛུགས། དྲག་སྤྱོད། དམག་འཁྲུག་སོགས་ལའང་ང་ངེས་པར་དགའ་དགོས་པར་མཐོང་། རྒྱུ་མཚན་ནི་དེ་ཚོ་ཞི་བ་དང་དྲང་བདེན་སོགས་སྐྱེད་པར་བྱེད་མཁན་གྱི་མ་ཡུམ་ཡིན་པས་ཕྱིར། ང་ཚོར་དམག་འཁྲུག་ཅིག་མ་བྱུང་ན་ཞི་བ་དེ་ཇི་ལྟར་ཞི་བར་ངོས་ཟིན། དྲང་བདེན་མིན་པ་ཞིག་མེད་ན། ང་ཚོ་དྲང་བདེན་ལ་དགའ་བའི་སེམས་ཚོར་དེའང་མེད་ལ། དམ་པ་གོང་མ་མང་པོ་ཞིག་བྱུང་ནས་ང་ཚོར་བསླབ་འདོམས་གནང་བའི་རིག་པ་དེ་ཚོའང་ག་ལ་ཡོད། དེ་བས་ན། ང་ཚོ་སེམས་བྱུང་དང་བྲལ་བའི་དངོས་གཟུགས་རེངས་པོ་ཞེ་ཅིག་ཏུ་ཆགས་རྒྱུར་ངེས། དམག་འཁྲུག་ལ་ཕྱག་འཚལ་ལོ། ང་ཚོར་ཞི་བདེ་སྩལ་བའི་ཕྱིར། ཞི་བདེ་ལ་ཕྱག་འཚལ་ལོ། ང་ཚོར་བདེ་སྐྱིད་དགོས་པའི་ཕྱིར།
dhatsenpaལགས་ཀྱིས་ཟླ་ཚེས་July 17th, 2008 ལ་ བརྩམས་སྒྲུང་། སྡེ་ཚན་དུ་སྤེལ|
རྨ་ལྷོ་དགེ་ཐོན་སློབ་གྲྭའི་རྒྱབ་འདྲེ།
https://www.khabdha.org/?p=234
བོད་ནང་གི་དྲ་གནས་ཞིག་ཐོག་བཀོད་པ་ལྟར་ན། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་རྨ་ལྷོ་སོག་རྫོང་གི་སློབ་མ་རྣམས་དང་རེབ་ཀོང་གི་སློབ་མ་སྐོར་ཅིག་བར་རྒྱབ་འདྲེ་ཤོར་འདུག དེ་ཡང་རྨ་ལྷོའི་སློབ་མ་ཚོས་ཇིང་ཀིར་རྒྱལ་པོའི་བརྒྱུད་པ་ཡིན་པའི་དཔའ་བཤད་དང་། རེབ་ཀོང་གི་སློབ་མ་ཚོས་སྲོང་བཙན་སྒམ་པོའི་བརྒྱུད་པ་ཡིན་པའི་དཔའ་གཏམ་བརྗོད་དེ་ཐུག་པ་ཞིག་ཡིན་འདུག མི་སྐོར་ཅིག་མགོ་བཅག་སྟེ་ཁྲག་དམར་འཛར་འཛར་བཞུར་གྱི་ཡོད་འདུག སློབ་གྲྭས་གཏེ་བོ་གཉིས་ཏེ་སོག་རྫོང་གི་སློབ་མ་གཉིས་ཕྱིར་འབུད་བྱས་པས་གཞན་པ་ཚོས་ཀྱང་ཕྱོགས་རེས་བྱས་སོང་ཟེར་ནས་སློབ་གྲྭ་ནས་ཐོན་ཡོད་ཚུལ་བཀོད་འདུག ངས་རྩོམ་ཆ་ཚང་འདིར་ཕབ་བཤུས་བྱས་པ་ཡིན་ཡང་རྒྱ་ཡིག་མ་གཏོགས་འཆར་གྱི་མི་འདུག་པས་གནས་ཚུལ་གྱི་སྙིང་པོ་བཀོད་པ་ཡིན། བོད་ཀྱི་སྐད་ཡིག་ནང་འཛུལ། འདིས་ང་ལ་སྔོན་སྦིར་སློབ་གྲྭར་ཁམས་དང་ཨ་མདོ་གཉིས་ཐུག་པའི་དམག་འཁྲུག་ཆུང་ཆུང་དེ་དྲན་སོས་བཅུག་སོང་། ཡིན་ན་ཡང་དེ་གཉིས་མ་འདྲ་བ་ནི། སྔོན་གྱི་དེ་ཆོལ་ཁའི་ཕྱོགས་ཞེན་དང་། ད་རེས་ཀྱི་འདི་མི་རིགས་ཀྱི་ཕྱོགས་ཞེན་ཡིན་པ་རེད། སྔོན་མ་རྒྱ་མིས་མི་རིགས་ཆེན་པོ་ལྔ་ཟེར་བ་དེ་གུང་ཁྲན་གྱི་རིང་མི་རིགས་༥༥ ཆགས་པ་རེད།
ད་ལྟ་རྒྱ་མིས་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཟེར་བ་འདིར་བོད་ཀྱི་ནང་དུའང་སྔོན་མ་ནས་སོག་པོའམ་ཡང་ན་སོག་པོའི་སྡེ་ཤོག་ཆེན་པོ་གཅིག་གི་མིང་ལས་དྲས་ཏེ་སོག་པོ་མདའ་བཅུ་གཅིག་ཟེར་གྱི་འདུག ཕལ་ཆེར་ཨ་མདོའི་ཡུལ་དབུས་ལྟ་བུར་ཡོད། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་བུ་རབས་ཚ་རྒྱུད་ཀྱིས་བཟུང་བའི་མངའ་ཁོངས་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་དགོན་བདག་གཙོ་བོ་ཡང་ཡིན། ཁོ་ཚོའི་སྐད་དང་ཡི་གེ། གོམས་སྲོལ། བསམ་བློའི་འདུ་ཤེས་འཁྱེར་སྟངས་བཅས་རིག་གཞུང་གི་ཐོག་ནས་བོད་པ་ཡིན་པ་རེད། ཡིན་ན་ཡང་རྒྱ་མིས་དབང་བསྒྱུར་བྱས་ཏེ་ལོ་ལྔ་བཅུ་ལྷག་ཕྱིན་པའི་རིང་་ཐོག་མར་བོད་ཡིན་ཟེར་བ་ནས་རིམ་པས་རིམ་པས་འགྱུར་ཏེ་ད་ལྟ་མང་པོ་ཞིག་གིས་སོག་པོ་ཡིན་བོད་མིན་ཟེར་བའི་ཚད་དུ་སླེབས། སོག་པོ་ཞིག་གིས་བོད་མིན་ལབ་ན་དེར་སུ་གང་ཡང་ཁོང་ཁྲོ་ཟ་གི་མ་རེད་བསམ། ཡིན་ན་ཡང་རྨ་ལྷོ་སོག་པོའི་མི་ཞིག་ནས་བོད་མིན་ལབ་ན་མཐའ་སྐོར་གྱི་བོད་མི་རྣམས་ཁོང་ཁྲོ་ཟ་སྲིད་པ་ཞིག་རེད། མི་རིགས་ཀྱི་དབྱེ་བ་མང་པོ་ཞིག་བྱས་པ་དེས་ཉམས་ཚར་བའི་མི་རིགས་ཤིག་ལ་མཚོན་ནའང་སྲོག་དབུགས་གསར་པ་ཞིག་སྟེར་གྱི་ཡོད་རེད། མི་རིགས་ཆུང་ཆུང་དེ་ཚོས་རང་ཉིད་ལ་མི་རིགས་ཅིག་གི་མིང་ཐོབ་པ་ནི་གཟེངས་རྟགས་ཀྱི་ཆོ་ལོ་ཐོབ་པ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་ཀྱང་། དོན་དངོས་སུ་རྒྱ་ནག་གཞུང་ལ་མཚོན་ན་འདི་ནི་མི་རིགས་ཆེན་པོ་རྣམས་ཀྱི་གཅིག་སྒྲིལ་གྱི་ནུས་པ་གཅོག་པའི་སླད་དུ་སྲིད་བྱུས་དུ་མ་ཞིག་ལག་ལེན་བསྟར་བཞིན་པ་དེ་ཚོའི་ཆ་ཤས་ཤིག་ཡིན་པ་རེད།
ཁོང་ཚོས་སོག་པོ་མི་རིགས་ཡིན་ཟེར་བའི་འདུ་ཤེས་འདི་གློ་བུར་ཐོལ་བྱུང་དུ་བྱུང་བ་ཞིག་མིན་པར་རིམ་པས་བྱུང་བ་ཞིག་ཡིན། ཐོག་མར་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཟེར་བས་མིང་བཏགས་པས་ཁོ་ཚོར་བསམ་བློ་གསར་པ་ཞིག་གཏོང་བའི་མགོ་ཚུགས་པ་དང། དེ་ནས་གཞུང་གི་ལསགཁུངས་ཁག་གི་སྒོ་བྱང་རྒྱ་བོད་སོག་གསུམ་གྱིས་བྲིས་ཡོད་པ་འདིས་ཁོ་ཚོས་བསམ་བློ་གསར་པ་དེ་ཡང་ཡང་གཏོང་རྒྱུར་དྲན་སྐུལ་བྱེད་ཀྱི་ཡོད། རྗེས་ཤིག་ནས་གཞུང་གི་ལས་བྱེད་ཚང་མས་དུས་དྲན་སོགས་ཀྱི་སྐབས་སོག་ལྭ་གོན་དགོས་པ་དང་དུས་སྟོན་སོགས་ལའང་སོག་པོའི་ངོ་བོ་སྟོན་དགོས་པ་འདི་ཚོས་ཀྱང་སོགཔོའི་སྲོག་དབུགས་ཤིག་ཐོབ་པར་རོགས་རམ་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་། སོག་པོའི་འདུ་ཤེས་སླེབས་འཇུག་པར་སྒུལ་ཤུགས་གཞན་ཞིག་ཀྱང་ཡོད་དེ། དེ་ནི་རྒྱ་གཞུང་གི་འགེངས་ཤོག་ཆུང་ཚགས་ཚུན་ཆད་ནང་མིང་། ལོ། མི་རིགས་ཅི་་ཡིན་ནམ་ཡིན་ན་ཡོད་ཡོད་པ་རེད། གོང་གསལ་འདི་དག་གིས་ཁོ་ཚོར་རྟག་པར་ཁྱོད་ཚོ་བོད་མ་རེད་སོག་པོ་རེད་ཅེས་དྲན་སྐུལ་གཏོང་བཞིན་པ་རེད། རྒྱ་ནག་ལ་སྲིད་ཇུས་ནག་པོ་མང་པོ་ཡོད་པའི་ནང་ནས་འདི་ནི་གཅིག་ཡིན་པ་རེད། ། འདིའི་རྙོག་དྲ་འདི་རིགས་རྒྱ་གཞུང་ནས་དང་པོ་ནས་བསམ་བློ་བཏང་སྟེ་བཟོས་བཞག་པའི་གཡོ་སྒྱུ་ཞིག་ཡིན་ཡང་ཁོ་ཚོ་ད་རུང་རྨོངས་གཉིད་ལས་སད་མེད་པ་རེད། གཅིག་བྱས་ན་རྩ་ནས་སད་རྒྱུ་ཡོད་མ་རེད།
dhatsenpaལགས་ཀྱིས་ཟླ་ཚེས་July 10th, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
ཉིན་འདི་འགའི་གནས་ཚུལ་ཐར་ཐོར།
https://www.khabdha.org/?p=230
ཉེ་བོ་ཞིག་འདས་གྲོངས།
༡
ཕ་ཡུལ་དུ་ངའི་ཨ་ཞང་ཞིག་གི་བཟའ་ཟླ་ལོ་༧༨ཅན་དེ་ཕྱི་མའི་ཡུལ་ལ་གཤེགས་འདུག དེའི་དོན་དུ་ མ་ཎི་པདྨེ་།
༢
ཕ་རེ་སི་ནས་ངའི་ཕ་སྤུན་གྱི་སྤུན་མཆེད་ཅིག་ནས་ཁ་པར་བཏང་ཡོང་སྟེ་ཁོང་རྒྱ་གར་ལ་ཨ་མའི་ཆེད་འདས་མཆོད་བྱེད་དུ་འགྲོ་གི་ཡིན་ཟེར། ངས་ཁྱེད་རང་འགྲོ་དགོས་ཀྱི་ཨེ་ཡོད། སྒོར་མོ་བསྐུར་པ་ཡིན་ན་འགྲིག་གི་མ་རེད་དམ་ཞེས་ལབ་པ་ཡིན་ཡང་། ཁོང་ནས་ངེས་པར་འགྲོ་གི་ཡིན་སེམས་པ་སྐྱིད་པོ་མི་འདུག་ཟེར། ང་ཚོའི་བོད་ཀྱི་གོམས་སྲོལ་ལ་མིའི་གྲོང་ཚར་བའི་རྗེས་སུ་འདས་མཆོད་རྒྱ་ཆེན་པོ་བྱེད་པ་དེ་འདས་པོའི་དགེ་རྩར་དམིགས་པའི་བྱ་བ་ཡག་པོ་ཞིག་ཡིན་པ་བཤད་མ་དགོས་པ་ཞིག་རེད། ཡིན་ན་ཡང་། ཤི་ཚར་བའི་རྗེས་ཀྱི་དགེ་རྩ་དེས་དོན་དངོས་སུ་ཤི་བོའི་རྣམ་ཤེས་ལ་ཕན་ཐོགས་ཀྱི་ཡོད་དམ། ཕན་ཐོགས་ཀྱི་ཡོད་ན་ཇི་ལྟར་ཕན་ཐོགས་ཀྱི་ཡོད། དེའི་འབྲེལ་བ་དེ་རྒྱས་བཤད་ཅིག་གནང་རོགས་གནང་། མྱི་སྙིང་རྗེ་ཅན་ཞིག་ནས།
༣
གལ་སྲིད་ང་ཤི་བ་ཡིན་ན་ང་ལ་འདས་མཆོད་ཅི་ཡང་བྱེད་མི་དགོས། ང་མ་ཤི་སྔོན་ལ་རྟེན་འབྲེལ་བསྟོད་པའམ་ཤེས་རབ་སྙིང་པོ་གཉིས་ལས་གཅིག་ངའི་རྣ་ལམ་དུ་སྒྲོགས་ཞེས་ངའི་བཟའ་ཟླར་བཤད་པ་ཡིན་ཡང་། མོ་དེའི་སྐོར་ཁ྄་ཏ་མདའ་རེད། གང་ཡང་ཤེས་ཀྱི་མི་འདུག ཁྱེད་རང་གིས་དེ་ཚོ་སྒྲ་ལེན་ཤོག་དང་ངས་གཏོང་ཆོག་ཟེར།
༤
གཟའ་ཉི་མར་ངའི་ཕ་ཡུལ་ལ་ཁ་པར་འགའ་ཤས་པཏང་བ་ཡིན། སྔོན་མ་རྣམས་དང་མི་འདྲ་བར་ད་ཐེངས་ཁ་པར་གཉིས་ལ་མཐུད་ཐུབ་སོང་། རྗེས་མ་དེ་ངའི་སྤུན་མཆེད་དང་མཉམ་དུ་ཡང་སྐྱར་ཤི་བོའི་སྐོར་གླེང་། ངས་ས་བསལ་ཡོད་པ་རེད་དམ་དྲིས་པར། ས་ད་རུང་བསལ་མེད། ཉིན་བརྒྱད་ཀྱི་རྗེས་ནས་མིན་གི་སྐར་མ་ཡག་པོ་མེད་ཀི་ཟེར། ངས་ཨ་ཧ་ཨ་ཧ། ད་ཕུང་བོ་ཇི་ལྟར་གཙང་མ་ཉར་གི་ཡོད་རེད་དྲིས་པར། ཆུ་སོགས་གཏོར་གི་ཡོད་རེད་ཟེར། ཡང་ང་ལ་སེམས་ཁྲལ་འཕར་མ་ཞིལ་ལངས་སོང་། སྐར་མར་ལྟ་བའི་ང་ཚོའི་ཐུན་མོང་མ་ཡིན་པའི་གོམས་སྲོལ་འདིའི་རྒྱབ་ལོགས་སུ་མདོར་དེད་ན་གནས་ལུགས་དང་རྒྱུ་མཚན་ལོ་རགྱུས་གང་འདྲ་ཞིག་ཡོད་དམ།
༥
དེ་ནས་ངས། ཨ་སྐྱེས་སྨན། རྗེས་མ་ང་ཤི་དུས་སྐར་མ་དེ་འདྲ་བལྟ་མི་དགོས ནམ་ཤི་ན་ནམ་རོ་བསྲེག་ཤོག ལབ་པ་ཡིན།
གྲངས་ཉུང་མི་རིགས་ཀྱི་སློབ་མ་པེ་ཅིང་དུ་སྡོད་མ་བཅུག་པ།
ངའི་སྤུན་མཆེད་ལ་ཁ་བརྡ་བྱས་ཚར་རྗེས་ད་ལྟ་པེ་ཅིང་ལ་ཁྲིམས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་ཁོའི་བུ་མོར་ཁ་བརྡ་བྱས་པ་ཡིན། ངས་སྔོན་ཞིག་ལ་མོའི་སློབ་གྲ྄་ནང་གི་སློབ་མ་ཚང་མ་ཨོ་ལིམ་ཕིག་སྐབས་དེར་སྡོད་ཀྱི་ཡོད་པའི་གནས་ཚུལ་གོ་བས། ཁྱེད་རང་ཕ་ཡུལ་ལ་ཅིའི་ཕྱིར་ཡོང་པ་ཡིན་ཞེས་དྲིས་པར། མོས་ངེད་ཚོ་གྲངས་ཉུང་མི་རིགས་ཀྱི་སློབ་མ་གཅིག་ཀྱང་བསྡད་བཅུག་མ་སོང་ཟེར།
དུས་བབ་གསར་ཤོག
ཁ་སང། ཕ་ཡུལ་གྱི་བོད་ཁུག་དུ་མ་ཞིག་ནང་འཆམ་ཕྱིན་པ་ཡིན། དེའི་རྗེས་ཁ་བརྡ་ཚང་ལ་ཕྱིན། ཨ་རོགས་ཚང་། ཨ་རོགས་ཚང་ཟེར་ནས་ཐེངས་ཁ་ཤས་བོས་ཀྱང་སུ་གང་བསྡད་མི་འདུག དེ་ནས་དུས་བབ་ཚང་ལ་གཅིག་ལྟ་བར་ཕྱིན་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་ཚོས་ཁང་པ་ཆེན་པོ་ཞིག་གསར་རྒྱག་བྱས་འདུག ནང་དུ་ཁང་མིག་ཡང་མང་པོ་འདུག བཟོ་བཀོད་ཀྱང་མཛེས། ཡིན་ཡང་ནང་གི་རྩིག་པར་འགྱུར་བ་ཆེན་པོ་ཕྱིན་མི་འདུག མགྲོན་ཁང་ཐལ་བ་ཞིག་ཀྱང་འདུག་པས་མ་འོངས་པར་མགྲོན་པོ་མང་པོ་ཡོང་ས་རེད་བསམ། ང་ནང་ལ་ཕྱིན་མེད། ཕྱི་ནས་གཅིག་བལྟས་པ་ཙམ་ཡིན།
dhatsenpaལགས་ཀྱིས་ཟླ་ཚེས་July 8th, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
དོགས་སློང་། ༣
https://www.khabdha.org/?p=219
གོང་མ་མཆོད་ཡོན་ལས་འཕྲོས་ཏེ་ངས་ཀྱང་དོགས་སློང་གི་ཡི་གེ་གསུམ་ཙམ་ཁྱེད་ལ་འབྲི་དགོས་བྱུང་། ད་འདིར་གནས་ཚུལ་མི་མཐུན་པ་གསར་པ་དེ་འདྲ་མང་པོ་མེད། མི་མཐུན་པ་ཁ་ཤས་ཅིག་ཡོད་པ་འདིར་ཡང་སྐྱར་བྲིས་ཡོད། སྤྱིར་བཏང་འབྲེལ་བ་དེའི་རིགས་ལ་ཕན་གནོད་གཉིས་ཀ་ཡོད་རྒྱུ་རེད། ད་མང་པོ་འབྲི་འདོད་མེད། ཐང་ཡང་ཅུང་ཆད་སོང་། ཁྱེད་རང་གིས་ག་རེ་བྲིས་མ་བྲིས་རང་གི་འདོད་པ་རེད། མ་གཞི་གང་ཞིག་འབྲི་ནའང་ཕྱོགས་ཡོང་ནས་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། ངས་ཁྱེད་ལ་ལྡོག་ཕྱོགས་ཁོ་ན་ནས་དཔེ་མཚོན་ཁ་ཤས་དྲངས་པ་ཙམ་ཡིན།
༡ སོག་པོས་ཨི་རན་ནང་དགོན་པ་བཞེངས་པའི་སྐོར། ཇོན་མན་གྱིས་བརྩམས་པའི་ཀུབ་ལི་ཁན་ཞེས་པ་དེར་ལྟ་རོགས་གནང་།
༢ རྒྱལ་པོ་ཡིན་ན་མི་སེར་ citizen ཡང་ཡིན་པ་རེད། བོད་ཀྱི་ལོ་རྒྱུས་ཐོག་ཏྰ་ལའི་བླ་མའི་དགོངས་ཚུལ་ཟེར་བ་དེར་ལྟོས།
༣ གུ་ཤྲི་ཁང་དགེ་ལུགས་པའི་བཀའ་སྐུལ་དང་དུ་བླང་སྟེ་རོགས་རམ་བྱེད་དུ་ཡོང་བ་ལས་བཙན་འཛུལ་བྱེད་དུ་ཡོང་བ་མིན་པ་གསལ་པོ་རེད། དེ་མདོ་སྨད་ཆོས་འབྱུང་སོགས་མང་པོ་ཞིག་ན་གསལ་པོ་བཀོད་ཡོད་པ་ལྟར་རེད།
༤ གོང་མ་འཇམ་པའི་དབྱངས་ཟེར་བ་བླ་ཆེན་གཅིག་པོས་འུད་སྒྲོགས་མིན་པར་མི་མང་ནང་གཏམ་དཔེ་ཚུན་གྱི་ནང་ཁྱབ་བསྡད་ཡོད་པ་ཞིག་རེད།
༥ བོད་གཅིག་གྱུར་ཟེར་བ་དེ་ས་སྐྱ་པས་ཧོར་ལ་མགོ་འདོགས་མ་བྱས་སྔོན་དུ་བྱུང་མེད། ཇིང་གིར་རྒྱལ་པོ་མ་ཤི་སྔོན་ནས་ཨ་མདོ་དང་ཁམས། པེ་ཅིང་ཚུད་པའི་རྒྱ་ནག་གི་བྱང་ཤར་ས་ཆ་ཡོངས་རྫོགས་སོག་པོས་དབང་འོག་བསྡུས་ཚར་གྲུབ་པ་རེད། འདིའང་གོང་གི་དེབ་ཀུབ་ལི་ཁན་ལ་ལྟོས། དེའི་ནང་ས་ཁྲའང་གསལ་པོ་བཀོད་འདུག
༦ ས་སྐྱ་བའི་སྐབས་དེར་བོད་པ་རང་གི་ནང་ནས་རྒྱལ་ཁབ་འཛུགས་ཐུབ་པའི་ཆ་རྐྱེན་ལེགས་པོ་ཞིག་ཡོད་པ་ངས་མཐོང་གི་མི་འདུག དེའི་སྐབས་དབུས་གཙང་ཡང་དཔོན་མགོ་དུ་མར་ཆད་ཡོད། ས་སྐྱ་པཎ་ཆེན་དཔོན་པོ་རེད་ཟེར་ནས་གདན་འདྲེན་ཞུས་པ་མ་རེད། སོག་པོས་བོད་ལ་དབང་སྒྱུར་བྱེད་རྒྱུ་གཏན་ཁེལ་གྲུབ་ནས། བོད་ནང་བརྟག་དཔྱད་བྱས་ཏེ་སུ་ལ་སྟོབས་འབྱོར་དང་མངའ་ཐང་ཆེ། སུ་ལ་གཟི་བརྗིད་ཆེ། སུ་ཆོས་ལ་མཁས། དེ་ཚོར་བརྟག་ནས་མཐར་ཆོས་ལ་མཁས་པ་ས་པཎ་གདན་དྲངས།
dhatsenpaལགས་ཀྱིས་ཟླ་ཚེས་July 3rd, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་མི་སྲིད།
https://www.khabdha.org/?p=214
དེ་རིང་ངས་གནའ་བོའི་གྷི་རིག་ཁོངས་ཨ་ཐིན་གྱི་མཚན་ཉིད་རིག་པ་བ་རྣམས་ཀྱི་སྐོར་ཅུང་ཟད་ཅིག་ཀློག་པ་ཡིན།། ཕི་ལ་ཐུ་ཡིས་དངོས་པོ་ཚང་མ་འགྱུར་བའི་རང་བཞིན་ནམ་འགུལ་སྐྱོད་ཅན་གྱི་རང་བཞིན་ཡིན་པ་བརྗོད་འདུག ཕལ་ཆེར་ཕི་ལ་ཐུ་ཡི་སྔ་ཙམ་མིན་ནམ་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པས་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་གསུངས། དེ་ཚན་རིག་པ་མང་པོ་ཞིག་གིས་གླེང་བཞིན་པའི་ impermanant དང་གཅིག་མཚུངས་སུ་འགྱུར། ཡིན་ན་ཡང་འགྲེལ་ཚུལ་ལ་ཅུང་མི་འདྲ་བ་ཡོད་སྲིད། དེ་མི་ཤེས།
འདིར་ང་ལ་དྲི་བ་འདྲ་མིན་ཞིག་འཁོར་བྱུང་བས་ཁྱེད་ཚོ་དང་མཉམ་དུ་གླེང་མོའམ་བློ་འདྲི་བར་སྤྲོ། ལྷག་པར་དུ་མཚན་ཉིད་རིག་པ་བ་དང་གྲ་བ་དང་གྲ་ལོག་དེ་འདྲ་ཡོད་ན། ཐམས་ཅད་མི་རྟག་པའི་ཀློང་ན་འཁོར་བཞིན་པའི་མི་རྟག་པའི་ཁམས་འདིར་ངེས་པར་དུ་རྟག་པའི་དངོས་པོ་གཅིག་ཡོད་དགོས་པར་འདུག དེ་ཡང་དང་པོར་ང་ཚོའི་འཇིག་རྟེན་འདི་ཇི་ལྟར་གྲུབ་པ་ལ་བསམ་བློ་ཞིག་ཐོང་། རྒྱུ་གང་གིས་བསྐྱེད་པ་རེད། རྒྱུ་དེ་འདུས་བྱས་ཡིན་ནམ་མིན། དེ་དྲི་བ་ཞིག་རེད། དེ་ནས་ང་ཚོའི་འཇིག་རྟེནའདི་འཇིག་པའི་རྗེས་ལ་བསམ་བློ་ཞིག་ཐོང་། ཉི་ཟླ་སྐར་གསུམ་གྱིས་མཚོན་དངོས་པོ་ཚང་མ་འཇིག་པའི་ཆོས་ཅན་ཡིན་པས་འཇིག་པའི་དབང་དུ་ཐོང་། ད་ཤུལ་དུ་གང་ཞིག་ལྷག་ཡོད་པ་རེད། ནམ་མཁའ་སྟོང་པ་ལས་གཞན། རླུང་གི་རྒྱུ་བ་དེ་ད་རུང་ནམ་མཁའ་སྟོང་བའི་དབྱིངས་སུ་ལྷག་ཡོད་པ་མ་ཡིན་ནམ། དེ་རྟག་པ་རེད་དམ་མ་རེད། དེའི་ནང་ད་རུང་འཇིག་རྟེན་ཕྱི་མ་འགྲུབ་བྱེད་ཀྱི་རྒྱུ་སྟེ་ས་ཆུ་མེ་ཡི་རྡུལ་ཕྲ་ཤོས གལ་སྲིད་རྣམ་ཤེས་འཇིག་པ་མེད་པར་ངོས་འཛིན་མཁན་ཞིག་ཡིན་ན་རྣམ་ཤེས་ཀྱི་རྒྱུའམ་རྡུལ་ཕྲ་མོ་དག་ད་རུང་མའཇིག་པར་རླུང་གི་ནང་གཡོ་བཞིན་པ་མ་ཡིན་ནམ། མྱི་བརྒྱགས་དྲགས་ན་སངས་རྒྱས་ལའང་རྩོད་སློང་། དུས་རྙིགས་མ་ཟེར་ན་འདི་འདྲ་རེད། ཨ་སྐྱེས་སྨན། མང་ཟིག་ཁྱེར་ཤོག ད་ངས་འབྲི་དགོས་པ་དེ་རྫོགས་སོང་། དྲ་གྲོགས་རྣམས། གལ་སྲིད་ལྐུགས་པའི་དྲི་བ་ཡིན་ན་དགོངས་འགལ་མེད་པ་ཞུ།
dhatsenpaལགས་ཀྱིས་ཟླ་ཚེས་July 2nd, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
བོད་རྒྱ་ཞི་མོལ།
https://www.khabdha.org/?p=208
ངས་བལྟས་ན་དེ་བོད་རྒྱ་ཞི་མོལ་མ་རེད་ཞུ་མོལ་རེད། སྐུ་སྐྱིད། སྐུ་སྐྱིད་ཅེས་ཞུ་བ་འཐེན། སྐེ་བསྟན། ལྕེ་ལེ་གནར། ཕྱག་འཚལ་དེ་འདྲ་བྱས་ན་དེ་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཏུ་འགྲོ་གི་ཡོད་རྒྱུ་རེད། གྲུབ་འབྲས་ཅུང་ཟད་རེ་ཐོབ་མ་སྲིད་པ་མ་རེད། རྒྱ་ནག་གིས་སྲིད་དོན་འཁྲབ་ཀྱི་ཡོད་རེད། མགོ་སྐོར་གཏོང་གི་ཡོད་རེད་ཅེས་བསྡད་བསྡད་ན་དོན་ག་ལ་འགྲུབ། མགོ་སྐོར་ག་ཚོད་གཏོང་ན་གཏོང་ཆུག དེ་ང་ཚོའི་རྒྱལ་ཁ་ལས་ཕམ་ཁ་ཅི་ལ་ཡིན། ཁྱེད་ཚོ་སྐྲག་དགོས་གི་མ་རེད། འཛམ་གླིང་མི་མང་གིས་བལྟས་བསྡད་ཡོད་རེད། མགོ་སྐོར་ག་ཚོད་ཀྱིས་མང་ང་བཏང་ན་ང་ཚོའི་བདེན་པའི་རྒྱབ་རྩར་ལངས་མཁན་མང་དུ་འགྲོ་གི་རེད། མང་པོ་བཤད་རྒྱུ་མེད། ཁྱོད་ཚོས་ངའི་ཚིག་རྡོག་འདི་ཚོར་སློབ་སྦྱོང་ཡག་པོ་གྱིས། གཅིག་ནས་གཅིག་བརྒྱུད་ཁྱབ་སྤེལ་ཡག་པོ་གྱིས། བརྙན་འཕྲིན། རླུང་འཕྲིན། དུས་དེབ། ཚགས་པར། དྲ་གནས་སོགས་བརྒྱུད།
གཞན་སྐུ་ཚབ་ཚོགས་པ་ཚོར་སྐེ་སྟོན་སྟངས། ལྕེ་གནར་སྟངས། ཕྱག་འཚལ་སྟངས་སོགས་ལ་སྦྱོང་བརྡར་ཡང་སྤྲོད། རྒྱལ་སྤྱིའི་ཐོག་ལའང་དེ་བཞིན་དུ་ལས་འགུལ་སྤེལ། ནུབ་ཕྱོགས་པའི་མིག་ལྗང་ཁུ་ཅན་གྱི་སྲིད་འཛིན་པ་དེ་ཚོ་སེམས་འགུལ་ཐེབས་སླ་པོ་ཡོད་རེད། ཀུ་རེ་ཡིན་ལ་དངོས་གནས་ཀྱང་ཡིན།
dhatsenpaལགས་ཀྱིས་ཟླ་ཚེས་July 2nd, 2008 ལ་ གསར་འགྱུར། སྡེ་ཚན་དུ་སྤེལ|
དོགས་སློང་༢
https://www.khabdha.org/?p=204
གླུ་སྙན་མོ་ལ་ཁའི་ལུག་རྫིས་ཀྱང་ལེན། གཏམ་སྙན་མོ་གོ་ཁའི་རྒད་མོས་ཀྱང་བཤད།
༡ ས་པཎ་སོག་པོར་མ་ཕེབས་ཀྱང་སོག་པོས་བོད་དབང་དུ་བསྒྱུར་ཡོད་པ་རེད། ཀྲུང་གོས་གཞི་འཛིན་ས་མེད་ནའང་གསར་པ་བཟོ་གི་རེད། ས་པཎ་སོག་པོར་ཕེབས་པ་དེས་ཕན་ག་རེ་ཐོགས་པ་རེད་ཟེར་ན། རྒྱལ་ཁབ་གཞན་པ་ཚོར་བསྡུར་ན་བོད་ནང་ཅུང་ཟད་དྲག་ག་བྱུང་ཡོད་པ་མ་ཟད་བོད་ཀྱི་ནང་ཆོས་དེ་སོག་པོ་ལ་དར་ཁྱབ་ཕྱིན། ཐ་ན་ད་ལྟའི་ཨི་རན་ནང་དུའང་དེ་སྐབས་བོད་བརྒྱུད་ནང་ཆོས་ཀྱི་དགོན་པ་བཞེངས་མྱོང་པ་རེད། དེར་མ་ཟད། རྒྱའི་མི་ཡུར་ཆེན་པོ་མཚམས་འཇོག་བཅུག་ཐུབ་སྟེ་སྐྱེ་བོ་གྲངས་ཀྱིས་མི་ལང་བ་ཚེ་སྲོག་གི་འཇིགས་པ་ལས་བསྐྱབས་ཐུབ་ཡོད་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་མཛད་པ་མ་རེད་དམ། མ་གཞི་ག་རེ་བཤད་ན་མ་བཤད་ན་བོད་ལ་གཞན་ལ་མེད་པའི་མཚོན་ཆའམ་ལག་ཆ་ཡང་ན་སྟོབས་ཤུགས་ཤིག་ཡོད་པ་ནི་ནང་ཆོས་ཡིན་པ་རེད། དོན་དངོས་སུ་ང་ཚོའི་སྟོབས་ཤུགས་དེས་སོག་པོ་ཕར་དབང་དུ་བསྒྱུར་ཡོད། རྒྱ་ནག་གོང་མ་རིམ་བྱོན་ཡང་དབང་དུ་བསྒྱུར་ཡོད་ཅེས་བཤད་ན་མ་འགྲིགས་པ་ཆེར་མེད་སྙམ།
༢ བོད་ཀྱི་བླ་ཆེན་སུ་ཞིག་ཡིན་ན་ཡང་རྒྱ་སོག་གི་རྒྱལ་པོ། ཡང་ན་བོད་ཀྱི་རྒྱལ་པོ། ཡང་ན་ནེ་པ་ལིའི་རྒྱལ་པོ་སུའུ་ལག་འོག་ཏུའང་ལས་ཀ་བྱས་ཀྱང་དེ་ནི་ཁོ་ཚོའི་རང་དབང་རེད། ང་ཚོས་ཁོང་ཚོར་རྗེས་སུ་ཡི་རང་བྱ་འོས་པ་ཞིག་ཡོད་པ་ནི་ཁོང་ཚོར་ཆབ་སྲིད་ཀྱི་རྣམ་རྟོག་མང་པོ་མེད་པ་མ་ཟད་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་འབྱེད་ཀྱི་བསམ་བློ་ཡང་ཉུང་བར་མཐོང་བ་དེ་རེད། ཁྱེད་རང་ནས་གུང་ཁྲན་གྱི་འཁྱོག་བརྗོད་དང་སྲིད་ཇུས་མ་རུང་བ་དེ་ཚོར་ཁག་དཀྲི་སའི་བདེན་པའི་རྒྱབ་རྩ་ཞིག་འདས་ཟིན་པ་ནས་འཚོལ་ཡོང་གི་འདུག བདེན་པ་ལྟར་སྣང་བ་རེ་འགའ་རྙེད་དུ་ཆུག་ཀྱང་དེ་དག་གཙོ་བོ་གུང་ཁྲན་ཏང་དང་། མཐར་གཏུགས་ན་གུང་ཁྲན་ཏང་གི་ཏང་གཤིས་ལས་གཞན་ཁག་འཇོག་ས་མང་དུ་མ་མཆིས་སོ།
༣ མང་པོ་བཤད་རྒྱུ་ཅང་མེད། ཚིག་ཟློས་ལྟ་བུར་ཡང་འགྲོ་གི་འདུག མདོར་བསྡུས་ན། སྔོན་མའི་དུས་སུ་ཕྱིའི་སྟོབས་ཤུགས་ཤིག་ལ་རྒྱབ་རྟེན་མ་བཅོལ་བར་བོད་གཅིག་པུར་གནས་ཐུབ་བམ། དྲི་བ་གཙོ་བོ་དེ་རེད། རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱང་རྒྱབ་རྟེནབཅོལ་ས་བཙལ་རེད་དེ་བརྟན་པོ་ཞིག་མ་རྙེད་པ་རེད།
༤ རྒྱལ་པོ་ལྷ་བཟང་དང་སྡེ་སྲིད་ཀྱི་རྙོག་དྲ་དེ་ཁ་སང་ངས་བཤད་འདོད་བྱུང་ཡང་མང་དོགས་ནས་མ་བྲིས། དེ་གུ་ཤྲི་དང་རྗེས་འབྲེལ་གྱི་རྙོག་དྲ་ཞིག་ཡིན་པ་བདེན་པ་རེད། དེ་ཡང་གུ་ཤྲི་ལ་རྒྱལ་པོའི་མཚན་ཡོད་པ་དེ་དང་འབྲེལ་བ་ཡོད་རྒྱུ་རེད། མ་གཞི་དེའི་སྐབས་ཆོལ་ཁ་དང་གྲུབ་མཐའ་ཚུད་པའི་ཕྱོགས་རིས་འཐེན་འཁྱེར་མང་པོ་ཞིག་རུ་འཛིངས་བསྡད་ཡོད་པ་རེད་སྙམ། རྒྱལ་དབང་ལྔ་བ་གྲོངས་པའི་གསང་གནས། ལོ་མང་ཞིག་རྗེས་ཚངས་དབྱངས་རྒྱ་མཚོ་རྒྱལ་བའི་ཁྲི་ཁར་བཀོད་པ། འཇམ་དབྱངས་བཞད་པས་པད་དཀར་འཆང་བ་ཡེ་ཤེས་རྒྱ་མཚོ་རྒྱལ་བའི་ཡང་སྲིད་དུ་ངོས་འཛིན་གནང་བ་བཅས་རྐྱེན་མང་པོ་ཚོགས་ཡོང་ཡོད་པ་རེད་སྙམ། ག་རེ་ཡིན་ན་མིན་ན་གུ་ཤྲི་དང་ལྷ་བཟང་གཉིས་རྒྱལ་བ་རིན་པོ་ཆེའི་དགོངས་ཚུལ་ལྟར་ན་བོད་ཀྱི་མི་སེར་རེད། དེས་ན་དེ་ནང་ཁུལ་གྱི་རྙོག་དྲ་ཞིག་རེད། འདས་པའི་དུས་གང་ལྟར་ཡང་རྗེས་སུ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་རྒྱལ་ཁབ་ཀྱི་ངོ་བོ་ཚང་བསྡད་ཡོད། ཡིན་ན་ཡང་ར་སྟག་གཉིས་ཀྱི་དོན་རྐྱེན་བྱུང་རེད། དེ་ལ་ཁྱེད་ནས་འགྲེལ་བཤད་ཇི་ལྟར་རྒྱག རྒྱལ་ཁབ་ཀྱི་ངོ་བོ་ཚང་བསྡད་ཡོད་པའི་དགའ་འོས་པའི་དུས་ཚོད་དེར་ཨ་མདོ་དང་ཁམས་ཀྱི་ས་ཁོངས་མང་པོ་ཞིག་བོད་གཞུང་འོག་ཚུད་མེད།
༥ གསེར་བུམ་དང་ཡང་སྲིད་སྐོར་མི་འདྲ་ས་ཁ་ཤས་བརྗོད་ན། ཀ སྔོན་མ་གསེར་བུམ་གནང་མཁན་དེ་གོང་མ་འཇམ་འཐམ་པའིདབྱངས་ཡིན། ད་ལྟ་ཡང་སྲིད་ལ་ཁྲིམས་གཞི་བཟོ་མཁན་དེ་ཆོས་ལ་དད་པ་མེད་པའི་གུང་ཁྲན་ཏང་ཡིན་པ་རེད། གཅིག་ཆོས་ལ་དད་པ་ཡོད་པ་མ་ཟད་འཇམ་པའི་དབྱངས་རེད། གཅིག་ཆོས་ལ་དད་པ་མེད་པ་མ་ཟད་ཆོས་དུག་ལ་བརྩི། དེ་མི་འདྲ་བ་ཞིག་ཏུ་མི་མཐོང་ངམ།
ཁ གསེར་བུམ་གནང་དགོས་པའི་རྒྱུ་མཚན་ནི། སྐབས་དེའི་བོད་ནང་གི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་རུལ་བསུང་ཅན་དུ་གྱུར་ཏེ་བླ་མ་གྲགས་ཅན་མང་ཆེ་བ་བླ་ཆེན་གཅིག་གི་འཁོར་དུ་སྐྱེས་པས་དེ་དག་མེད་པ་བཟོ་བའི་ཕྱིར་ཡིན་པས་ཀུན་སློང་ཡང་དག་ཡིན་པ་རེད། གུང་ཁྲན་གྱིས་ཡང་སྲིད་སྐོར་ཁྲིམས་གཞི་བཟོས་པའི་རྒྱུ་མཚན་ནི། ཁོང་ཚོའི་དབང་སྒྱུར་སྲ་བརྟན་དང་སྟབས་བདེ་ཡོང་བའི་ཆེད་ཁོ་ན་ལས་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པས་མ་འདྲ་བ་རེད།
ག གསེར་བུམ་གནང་མཁན་གོང་མ་ཡིན་ན་ཡང་གསེར་བུམ་དཀྲུགས་འདོན་བོད་མི་རྣམས་ཀྱིས་རང་དབང་ངང་བྱས་འདུག མཚམས་རེར་དཀྲུགས་པ་དང་མཚམས་རེར་མ་དཀྲུགས་པའང་བྱུང་འདུག རང་ལ་རང་དབང་ཡོ་པ་རེད། གུང་ཁྲན་གྱི་སྒྲིག་གཞི་དེ་ཚོ་མི་མང་ལ་འདོད་མོས་མེད་བཞིན་དུ་བཙན་པོའི་དབང་ཡོད་གཏོང་གིཡོད་པས་རང་དབང་མེད་པ་རེད། གཅིག་ལ་རང་དབང་ཡོད་པ་དང་གཅིག་ལ་རང་དབང་མེད་པས་མ་འདྲ་བ་རེད།
ང་། གཅིག་གི་མགོ་ཐོག་ན་བཙན་པོ་དབང་ཡོད་བྱེད་མཁན་ཞིག་ཡོད་པ་དང་གཅིག་གི་མགོ་ཐོག་ན་དེ་མེད་པ་དེའང་མ་འདྲ་ས་ཞིག་རེད།
༦ ང་ལུམ་སྦྱར་གསུམ་དམར་གསོད་གཏོང་སྟངས་དེ་རྒྱ་ནག་གོང་མ་ལ་སྦྱར་དུ་ཡོད་ན་ལུང་ཤར་གྱི་མིག་འབྲས་བཏོན་པའི་མཚོན་སྡེ་བ་གཞུང་གི་ཁྲིམས་གཅོད་ངན་པ་དེ་ཚོ་རྒྱལ་བ་རིན་པོ་ཆེར་སྦྱར་ཆོག་པ་རེད།
༧ སིལ་བུར་འཐོར་བའི་རྒྱལ་ཁབ་དེ་རང་ཉིད་ཀྱིས་ནང་ནས་རྒྱལ་ཁབ་འཛུགས་ཐུབ་ན་ཡག་པོ་རེད་དེ་མ་ཐུབ་པ་རེད། དེ་བས་གཞན་ལ་རྒྱབ་རྟེན་བཅོལ་བ་རེད། ཁ་སང་བཤད་པ་བཞིན་སོག་པོས་ཐེངས་གཅིག་མིན་དུ་བོད་ཆོལ་ཁ་གསུམ་གཅིག་གྱུར་བཟོས་ནས་བྱིན་ཡང་ཡང་སྐྱར་ཁ་འཐོར་ཕྱིན། སྤྱིར་བཏང་ཁོ་ཚོ་རྒྱལ་ཁོངས་དཔོན་ཁོངས་སོ་སོ་བྱས་ཁ་ཐོར་ངང་བསྡད་ན་སྐྱིད་པོ་དང་རང་དབང་ཡང་ཆེ། མ་གཞི་གཅིག་གྱུར་ཟེར་བ་དེ་རྗེས་ཀྱི་སྐད་ཆ་ཞིག་རེད། གཞན་ཞིག་གིས་བཙན་འཛུལ་བྱུང་བའི་སྐབས་གཞི་ནས་གཅིག་གྱུར་གྱི་བསམ་བློ་ཞིག་འཁོར་གྱི་ཡོད།
༨ སྔོན་མའི་སྐབས་བྱུང་བའི་དོན་དག་དེ་ཚོ་ཐག་གཅོད་པར་དེའི་སྐབས་ཀྱི་མི་དེ་ཚོ་མཁས་ཤོས་ཡིན་པ་རེད། ང་ཚོས་ད་ལྟ་ཕྱིར་བལྟས་སློག་ནས་འདི་འགྲིགས་ཤག་འདི་འགྲིགས་མི་འདུག་ཟེར་རྒྱུ་དེ་ལས་སླ་པོ་ཡིན་ཡང་། དེའི་སྐབས་ཀྱི་གནས་སྟངས་དེ་ཁག་པོ་ཞིག་ནང་ཚུད་བསྡད་ཡོད་པ་དང་། དེའི་སྐབས་ཀྱི་མིའི་བསམ་བློ་གཏོང་སྟངས་དང་ད་ལྟའི་མིའི་བསམ་བློ་གཏོང་སྟངས་གཉིས་རྦད་དེ་ལོགས་སུ་ཡོད་པ་རེད། དུས་ཚོད་དང་། ཆབ་སྲིད། ཁོར་ཡུག མི་རིགས་དང་རྒྱལ་ཁབ་དབྱེ་འབྱེད་མང་པོ་ཞིག་གིས་འབག་བཙོག་ཏུ་གྱུར་པའི་ང་ཚོའི་ད་ལྟའི་བསམ་བློ་གཞིར་བཟུང་ནས་སྔོན་གྱི་དོན་ཞིག་ལ་ཁ་ཚོན་མང་པོ་གཅོད་རྒྱུ་དེ་ཁག་པོར་མཐོང་། དེའི་སྐབས་ཀྱི་མིའི་བསམ་བློ་གཏོང་སྟངས་ཤེས་དགོས་རྒྱུ་དེ་གལ་ཆེན་པོར་མཐོང་།
གསལ་བཤད།
ང་རང་ལོ་རྒྱུས་པ་དེ་འདྲ་གང་ཡང་མིན། ཡིན་ན་ཡང་། སྐབས་རེར་ལོ་རྒྱུས་མཁན་དུ་རློམ་པ་དེ་འདྲས་སྤོབས་པ་ཆེན་པོས་གང་བྱུང་མང་བྱུང་ཞིག་མ་བརྟག་མ་དཔྱད་པར་ཡིན་མདོག་ཁ་པོའི་ངང་བཤད་ཡོང་དུས་ངས་ཡིན་གཅིག་མིན་གཅིག་ལྡོག་ཕྱོགས་ནས་ལན་སློག་དགོས་ཀྱི་འདུག དེ་ངའི་གཤིས་ཀ་རེད། དེ་མ་མ་གཏོགས་ངས་འདི་ཚོ་བདེན་པ་ཡིན་བསམ་ནས་བྲིས་མེད། ང་ཚོར་དོན་སྙིང་ལྡན་པའི་སྐད་ཆ་ཞིག་བརྗོད་རྒྱུར་ཁག་པོ་ཡོད་པ་ནང་བཞིན་དོན་མེད་ཀྱི་སྐད་ཆ་ཞིག་འགོག་རྒྱུར་ཡང་ཁག་པོ་མི་འདུག་གམ།
ལོ་རྒྱུས་འབྲི་བར་ཞིབ་ཚགས་དགོས། །
སྙན་ངག་འབྲི་བར་བག་ཡངས་དགོས།།
དཔྱད་པ་འབྲི་བར་རྣམ་དཔྱོད་དགོས།།
གང་བྱུང་འབྲི་བར་སྤོབས་པ་དགོས།།
ལོ་རྒྱུས་འབྲི་ན་ཕྱོགས་རིས་སྤོངས།།
སྙན་ངག་འབྲི་ན་གུ་དོག་སྤོངས།།
དཔྱད་པ་འབྲི་ན་ཡིད་ཚོད་སྤོངས།།
གང་བྱུང་འབྲི་ན་གང་དགར་མཛོད།།
ཅི་འབྲི་རང་གི་རང་དབང་རེད།།
སྐེ་ཐིའི་དཔོན་པོ་མགོ་ཐི་རེད།།
dhatsenpaལགས་ཀྱིས་ཟླ་ཚེས་July 1st, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
རྒྱ་བོད་མཆོད་ཡོན་སྐོར་ལ་དོགས་སློང་།
https://www.khabdha.org/?p=198
༡ རྒྱ་དམར་གཞུང་གིས་བོད་ཀྱི་སྤྲུལ་སྐུ་ཚོའི་ཡང་སྲིད་འཚོལ་སྟངས་སྐོར་ལ་ཁྲིམས་གཞི་གསར་པ་ཞིག་བཟོས་པ་དེ་སྔོན་གྱི ་་བོད་ཀྱི་བླ་ཆེན་དུ་གྲགས་པའི་མི་དྲགས་འགས་རྒྱ་སོག་གི་སྡིག་རྒྱལ་ཚོ་སྐྱག་ལངས་ལ་བཏང་བའི་ནད་རྒྱུན་ཞིག་་་ ཇི་ལྟར་ཡིན། འགྲེལ་བཤད་ཅིག་གནང་རོགས།
༢ དྲི་བ་དང་པོའི་དཔེ་མཚོན་དུ། ་་དཔེར་ན། ཧོ་ཐོག་ཐུ་དང་ཐུའུ་བཀན་ལྟ་བུ་་་ ཞེས་བཀོད་པ་དེ་ཡང་སྲིད་བཙལ་འཚོལ་གྱི་དཔེར་ཇི་ལ་འགྲོ
༣ ཆོ་ལོ་དང་འཇའ་ས་སོགས་མིང་གི་གཟེངས་བསྟོད་སྣ་ཚོགས་ཤིག་ཡོད་པ་དག་ནི་རྒྱ་ནག་གོང་མ་ཆེན་པོས་བླ་མ་སུ་དང་སུ་མཁས་ལ་མར་གཟེངས་བསྟོད་དུ་གནང་བ་ཞིག་ཡིན་ནམ་ཡང་ན་བླ་མ་དེ་དག་གོང་མའི་རྩར་བཅར་ཏེ་ཚུར་ཞུས་པ་ཞིག་ཡིན།
༤ དེའི་སྐབས་གོང་མ་གནམ་གྱི་བདག་པོ་དང་འཇམ་པའི་དབྱངས་ཡིན་པས་ཁོང་ནས་གནང་བའི་གཟེངས་རྟགས་ཡང་ན་ཆེ་བསྟོད་དེ་དག་ངོམ་རིན་ཡོད་པ་ཞིག་དང་བོད་སྤྱི་ཚོགས་ནས་ཡོངས་སུ་ངོས་ལེན་བྱེད་ཀྱི་ཡོད་པས་ངོམ་ས་ཡོད་པ་ཞིག་ཀྱང་ཡིན་སྟབས་ངོམ་ཆོག་པ་ཞིག་ཡིན་ན་ངོ་ཅི་ལ་གནང་དགོས་པ་ཡིན།
༥ ས་སྐྱ་པཎ་ཆེན་ནས་བཟུང་སྔོན་གྱི་བླ་དཔོན་མང་པོ་ཞིག་གིས་སྐབས་དེའི་གནས་དུས་དང་བསྟུན་ནས་གང་ལ་གང་འདུལ་གྱི་ཐབས་ཚུལ་ལྷུར་བཞེས་ཏེ་རྒྱ་བོད་གཉིས་བར་མཆོད་ཡོན་གྱི་འབྲེལ་བ་བཟང་བོ་ཞིག་ཚུགས་ཐུབ་མེད་ན་ད་ལྟའི་བོད་ཀྱི་གནས་སྟངས་འདིའང་ཞིན་ཅང་དང་ནང་སོག་ལས་ལྷག་པ་གང་ཡང་མིན་ཞེས་བརྗོད་ན་ཁྱོད་ཀྱིས་ཅི་ལྟར་ཟེར།
༦ རྒྱ་སོག་གི་རྒྱལ་པོ་གཉིས་ཇི་ལྟར་གཅིག་ཏུ་སྦྲེལ་ནས་བརྗོད་ཐུབ། སོག་པོའི་སྟོབས་ཤུགས་དེ་ཤར་གླིང་གི་རྒྱལ་ཁབ་ཕལ་ཆེ་བ་བརྒལ་ཏེ་ཤར་ཡོ་རོབ་ཀྱི་མཐའ་ལ་ཐུག་ཐུག་བར་ཕྱིན་ཡོད་ན་ང་ཚོས་དེ་བཟློག་ཐུབ་བམ།
༧ སོག་པོའི་དབང་བསྒྱུར་འོག་བོད་ཆོལ་ཁ་གསུམ་ཡང་སྐྱར་གཅིག་གྱུར་གྱི་གོ་སྐབས་ཤིག་བྱུང་བས་ད་ལྟའང་ཆོལ་ཁ་གསུམ་ཞེས་བརྗོད་རྒྱུ་ཡོད་པ་འདི་བྱུང་པ་མ་རེད་དམ། དེ་གོང་ཨ་མདོ་ས་ཆ་ཕལ་ཆེ་བ་དང་ཁམས་ཀྱི་ཆ་ཤས་ཤིག་མི་ཉག་གི་དབང་འོག་ཚུད་ཡོད།
༨ སོག་པོའི་གཅིག་གྱུར་གྱི་སྟོབས་ཤུགས་ཉམས་རྗེས་རིམ་བཞིན་བོད་ཆོལ་ཁ་གསུམ་ཡང་སྔར་ལྟར་རྒྱལ་ཁོངས་དང་དཔོན་ཁོངས་དུ་མར་གྱེས་ཏེ་གཅིག་གྱུར་གྱི་རྒྱལ་པོ་ཞིག་མེད་པ་རེད། ཡིན་ན་ཡང་སོག་པོའི་རྒྱལ་ཕྲན་དག་བོད་ཀྱི་མཐའ་སྲུང་གི་ལྕགས་རི་བཞིན་ཡོད་པས་མན་ཇི་དང་རྒྱའི་བཙན་འཛུལ་མ་སླེབས་པར་བོད་ཀྱི་ཚེ་བསྲིངས་པར་ཕན་ཐོགས་འདུག ཡིན་ན་ཡང་ཆོས་བརྒྱུད་གྲུབ་མཐའ་དང་སྡེ་དཔོན་མི་དཔོན་རྣམས་ཕྱོགས་ཞེན་ཆགས་སྡང་གི་རིས་སུ་ཤོར་ཏེ་གཅིག་གིས་གཅིག་ལ་དབང་བསྒྱུར་འདོད་འགྲན་པ་ལྟར་བྱས་ཏེ་ཕན་ཚུན་རྒྱབ་དཔུང་འཚོལ་རེས་བྱེད་བཞིན་པའི་སྐབས་འདིར། དགེ་ལུགས་པའི་ཕྱོགས་ནས་གདན་འདྲེན་ཞུས་པ་ལྟར་བསྟན་ལ་དད་པ་རྩེ་གཅིག་པ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ནུབ་སོག་ཅུང་གར་གཤོངས་ས་ནས་རང་གི་སྡེ་དང་བཅས་པའི་ཁྲི་དམག་ཉི་ཤུ་གཞི་བཏེགས་ཏེ་ཡོང་ཞིང་། ཐོག་མར་མཚོ་སྔོན་གྱི་རྒྱལ་པོ་ཆོག་ཐུ་དཔོན་དང་ཁམས་བེ་རི་དོན་ཡོད་རྒྱལ་པོ་གཉིས་དེ་ནས་ཀརྨ་བསྟན་སྐྱོང་དབང་པོ་བཅས་རྩ་མེད་བཟོས་ཏེ་དབང་དུ་བསྡུས་རྗེས་རང་གི་མངའ་འབངས་སྡེ་དང་བཅས་པའི་བོད་ས་ཡོངས་རྫོགས་རྒྱལ་དབང་ལྔ་བ་ཆེན་མོའི་ཕྱག་ཏུ་ཕུལ་ཏེ་རང་ཉིད་ཟུར་བཞུགས་གནང་། སླར་ཡང་བྱང་ཕྱོགས་ཀྱི་ཤ་ཟན་སོག་རྒྱལ་ཞིག་ནས་བོད་ཡོངས་གཅིག་གྱུར་བྱེད་པར་ཕན་ཆེན་པོ་བཏགས། དེ་མིན་མདོ་སྟོད་སྨད་ཀྱི་བྱང་ཤར་ཕྱོགས་སྔོན་མ་ཞིག་ནས་རྒྱ་དང་མན་ཇིས་མཐའ་ཟོས་བྱས་ཏེ་ད་ལྟ་ཕལ་ཆེར་ཚར་ཡོད་པ་མ་རེད་དམ།
༩ དེའི་རྗེས་རོལ་ནས་ཡང་སྐྱར་མདོ་སྟོད་སྨད་ཀྱི་རྒྱལ་ཁོངས་དཔོན་ཁོངས་དུ་མ་ཞིག་སླར་ཡང་སྲིད་ཕྱོགས་ལ་དབུས་གཞུང་ལས་ལོགས་སུ་གྱེས་ནའང་སོག་རྒྱལ་གྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་དགེ་ལུགས་པའི་རྗེས་འཇུག་པ་རྩ་བ་ནས་ཡལ་གའི་ཚུལ་དུ་སྔར་ལས་ལྷག་པར་མཐའ་དབུས་ཀུན་ཏུ་ཁྱབ་ཡོད་པས། སྟོད་ཀྱི་རྒྱལ་བ་པཎ་ཆེན་དང་དབུས་ཀྱི་སེར་འབྲས་དགེ་གསུམ་ནས་བོད་མི་ཡོངས་ཀྱི་སེམས་རྩ་ད་བར་གཅིག་ཏུ་སྦྲེལ་ཐུབ་ཡོད། ཆོས་ལུགས་དང་མི་རིགས་ཀྱི་ཕྱོགས་ཞེན་གྱིས་ཡིད་ཀྱི་ཚོས་མདོག་བསྒྱུར་ཡོད་པ་རྣམས་ཀྱི་སེམས་ལ་ཤིན་ཏུ་ནས་མི་འབབ་པ་ཞིག་ཀྱང་བཤད་པར་བྱ་སྟེ། དེའི་སྐབས་སོག་པོའི་སྟོབས་ཤུགས་མ་སླེབས་པར་ཆོས་བརྒྱུད་གཞན་ཞིག་ནས་དབང་བསྒྱུར་ཡོད་ན་ཡུན་རིང་མ་འགོར་བར་ཁ་ཐོར་ཕྱིན་ཡོད་པ་རེད།
༡༠ མཐའ་ཁུལ་གྱི་རྒྱལ་ཕྲན་དཔོན་ཕྲན་གྱི་མི་དཔོན་བླ་དབོན་མང་པོ་ཞིག་ནས་ཕྱོགས་གཅིག་ནས་རང་གི་ཆོས་རིག་གོམས་སྲོལ་ཡར་གྱི་སླད་དབུས་གཞུང་ལ་འབྲེལ་བ་བྱས་པ་དང་ཕྱོགས་གཞན་ཞིག་ནས་རང་གི་ཆོས་སྲིད་དབང་ཆ་བརྟན་པ་དང་མཐའ་དམག་གིས་ཁྱུར་མིད་མི་གཏོང་བའི་ཕྱིར་གང་ལ་གང་འདུལ་དེ་ལ་དེར་བསྟུན་གྱིས་གོང་མ་འཇམ་པའི་དབྱངས་ལ་གཏུགས་ཏེ་ཐེའུ་དང་ཐམ་ག་ལེན་པ་སོགས་བྱས་ཏེ་གོང་མའི་རྒྱལ་རྒྱུད་མ་རྫོགས་པར་གནས་ཐུབ་པ་བྱུང་ཡོད། དེས་ན་སོག་པོ་བཤད་ཅི་དགོས་ཏེ་རྒྱ་བོད་མཆོད་ཡོན་གྱི་གྲིབ་བསིལ་སྣུམ་པོ་འདིས་ཀྱང་བོད་ས་ཁ་ཐོར་རྣམས་སྔ་ཙམ་ཤི་མ་དགོས་པར་ཕན་ཐོགས་མེད་དམ།
༡༡ མཚོ་སྔོན་སོག་རྒྱལ་ ་་གཞུང་སོག་་ ཆིང་དབང་བློ་བཟང་བསྟན་འཛིན་སྐབས་ཁོང་དང་སོག་པོའི་རྒྱལ་ཕྲན་ཉུང་ཤས་དང་མདོ་སྨད་ཙོང་ཁའི་ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་གྱིས་ཀྱང་ཁོ་ཚོའི་ཕྱོགས་བྱས་ནས་ཕྱིའི་སྟོབས་ཤུགས་ཏེ་རྒྱ་ནག་གོང་མར་བསྟུན་མཁས་མ་བྱས་པར་ངོ་རྒོལ་བྱས་པར་བརྟེན། བོད་ཀྱི་མཐའ་སྲུང་གི་ལྕགས་རི་སྟེ་སོག་པོའི་རྒྱལ་ཕྲན་དེ་དག་རྩ་མེད་བཟོས་ནས་དབང་འོག་བཅུག ཨ་མདོ་ཙོང་ཁའི་ཕྱོགས་སུའང་དམག་དྲངས་དངོན་སྡེ་དུ་མ་བཅོམ། ཁྲི་དཔོན་རྡོ་རྗེ་རྒྱལ་མཚན་གྱི་སྐེ་བཅད། ཙོང་ཁའི་བོད་མི་རྣམས་ལ་རྒྱ་སྐད་ལས་བོད་སྐད་བཤད་མི་ཆོག་པའི་ཁྲིམས་བཅས་པ་བཅས་ལ་བརྟེན་ཙོང་ཁ་བ་རྣམས་ད་ལྟ་རྒྱ་མིར་གྱུར་ཡོད་པའི་གནས་སྟངས་དེ་བྱུང་པ་མ་ཡིན་ནམ།
༡༢ དེའི་མཇུག་འབྲས་ལྟ་བུར་རྒྱ་ནག་གི་དབང་ཤུགས་ཇི་ཆེར་ཕྱིན་ནས་ཟི་ལིང་དུ་ཨམ་པན་བཙུགས་པ་དང་། དེ་ནས་ལོ་ཤས་རྗེས་ལྷ་སར་ཡང་ཨམ་པན་བཙུགས། ཡིན་ཡང་ད་དུང་བོད་ས་གང་ཡིན་ཡང་བོད་མིས་དབང་སྒྱུར་བཞིན་པ་རེད། གོང་མའི་རྒྱལ་རྒྱུད་མཇུག་རྫོགས་ལ་ཉེ་ཞིང་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ཆད་ལ་མ་ཆད་ཙམ་ཞིག་ནས་གཞི་ནས་རྒྱ་ནག་གིས་བོད་ཀྱི་མཐའ་ཁུལ་ཁག་ནས་བཙན་འཛུལ་གྱི་མགོ་ཚུགས། དེ་བས་ན། མཆོད་ཡོན་གྱི་འབྲེལ་བར་ཡ་ལ་དཀྲིས་རྒྱུ་ཧོན་ད་ཨེ་ཡོད་དམ།
༡༣ མདོར་དེད་ན། སིལ་བར་འཐོར་ཡོད་པའི་རྒྱལ་ཁབ་ཅིག་ལ་སྟོབས་ཤུགས་ཀྱི་རྒྱབ་རྩ་ཞིག་ངེས་པར་དགོས་ཀྱི་ཡོད་པ་རེད། དེ་མིན་ན་སྟོབས་ཤུགས་གཞན་ཞིག་ནས་བཙན་འཛུལ་བྱེད་རྒྱུ་ཡིན་པ་རེད། གཙོ་བོ་རང་ཉིད་ལ་གཅིག་གྱུར་གྱི་རྒྱལ་པོ་མེད་པ་དང་། ཕྱི་ལོགས་སུ་འབྲེལ་བ་མེད་པར་སྒོ་ཡོངས་སུ་གཏན་ཏེ་མ་ཎི་བགྲངས་བསྡད་པས་མཐའ་འབྲས་ངན་པ་འདི་འཁོར་བ་མ་ཡིན་ནམ།
༡༤ མཐའ་མཇུག་དྲི་བ་གཞན་ཞིག་ཡོད་པ་ནི་རྒྱ་ནག་གོང་མས་གནང་བའི་གསེར་བུམ་དང་རྒྱ་དམར་གཞུང་ནས་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་གཞི་དེ་གཉིས་ངོ་བོ་དང་དགོས་པ། རྒྱབ་ལྗོངས་བཅས་ཕྱོགས་དུ་མ་ནས་གཅིག་མཚུངས་སུ་བརྗོད་མི་དཀའ་འམ།
dhatsenpaལགས་ཀྱིས་ཟླ་ཚེས་July 1st, 2008 ལ་ འཕྲིན་ཡིག སྡེ་ཚན་དུ་སྤེལ|
དྲི་བ་གལ་ཆེན་ཞིག
https://www.khabdha.org/?p=189
༧རྒྱལ་བ་རིན་པོ་ཆེས། མ་འོངས་པར་ཏྰ་ལའི་བླ་མ་ཡི་ཤེས་བླ་ཆེན་པོབ་ལྟར་འོས་འདེམས་བྱེད་དགོས་མིན་སྐོར་བཀའ་སློཔ་ཐེངས་གཅིག་མིན་དུ་གནང་བ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་ཁོ་བོས་མཐོང་། ག་རེ་རེད་ཟེར་ན། དེ་ནི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཞིག་ཆགས་རྒྱུ་ཡིན་པ་རེད། བོད་མིའི་སྤྱི་ཚོགས་ནང་དེའི་སྐོར་བགྲོ་གླེང་བྱས་པ་དེ་འདྲ་ད་སྔ་མ་མཐོང་བས། ངས་དེ་རིང་འདིར་རྣམ་དཔྱོད་ཡངས་པའི་ཤེས་ལྡན་པ་ཁྱེད་རྣམས་ལ་འདིའི་སྐོར་དགེ་སྐྱོན་ཅི་ཡོད་ཀྱི་དྲི་བ་ཞུ་འདོད་བྱུང་བས་དགོངས་ཚུལ་ལྷུག་པར་གནང་བར་ཞུ་བ་དང་ཆབས་ཅིག་རང་ཉིད་ཀྱི་བསམ་ཚུལ་མདོར་བསྡུས་ཤིག་ཀྱང་ཞུ་བར་འདོད།
ད་མུས་བཞིན་ཡང་སྲིད་བཙལ་བ་ཡིན་ན། མི་མང་གི་སེམས་ནང་རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་དངོས་ཡིན་པས་ཁོང་ཚོར་སྤྱན་རས་གཟིགས་དངོས་ཀྱི་བྱིན་རླབས་ཐད་ཀར་ཐོབ་ཀྱི་ཡོད་པ་རེད། གལ་སྲིད་རྗེས་མ་ཞིག་ལ་འོས་འདེམས་ཀྱི་ལམ་ནས་བསྒྲུགས་པ་ཡིན་ན། དེའི་སྐབས་རྒྱལ་བ་རིན་པོ་ཆེ་ལྷ་མ་ཡིན་པར་མིར་ཆགས་པ་རེད། དེའི་སྐབས་ཁོང་གི་ལྷ་ཡི་བྱིན་རླབས་དག་ཀྱང་ཉསས་རྒྱུ་ཡིན་པ་རེད། ཡིན་ན་ཡང་མི་ཡི་ནང་ནས་མི་རྩེ་ཕུད་ཅིག་ཡིན་པ་དེ་བཤད་ཅི་ལ་དགོས།
ངས་ནམ་རྒྱུན་ཕྱི་གླིང་པ་རྣམས་ལ་སྤོབས་པ་དང་བཅས་འདི་ལྟར་བརྗོད་ཀྱི་ཡོད། ཡི་ཤེས་བླ་ཆེན་པོབ་ག་ཚོད་མང་མོས་ཡིན་ན་ཡང་ཁོང་མི་ཡིན་པ་རེད། ཏྰ་ལའི་བླ་མ་ལྷ་རེད། ཁོང་གཉིས་ཀྱི་ཁྱད་པར་དེ་ཡང་ལྷ་དང་མིའི་ཁྱད་པར་རེད་ཟེརགགྱི་ཡོད།
མདོར་བསྡུས་ན། ཇི་སྲིད་མི་མང་གི་སེམས་ནང་རྒྱལ་བ་རིན་པོ་ཆེར་སྤྱན་རས་གཟིམས་ཀྱི་འདུཤེས་ཡོད་པ་དེ་སྲིད་དུ་་ཡང་སྲིད་འཚོལ་ཞིབ་བྱ་རྒྱུ་དེ་ལམ་ཁ་ཡག་ཤོས་མ་ཡིན་ནམ། རྗེས་མ་མི་མང་ཕལ་ཆེ་བར་རྒྱལ་བ་རིན་པོ་ཆེར་མི་ཡི་འདུ་ཤེས་ལས་མེད་པའི་སྐབས་དེར་ད་གཟོད་འོས་འདེམས་བྱས་ན་དུས་ལ་བབ།
dhatsenpaལགས་ཀྱིས་ཟླ་ཚེས་June 28th, 2008 ལ་ རྩོམ་རིག སྡེ་ཚན་དུ་སྤེལ|
རྒྱལ་དབང་རིན་པོ་ཆེའི་མཚན་བསྟོད། གཞས་ཚིག
https://www.khabdha.org/?p=179
༄༄།། བྱམས་དང་སྙིང་རྗེའི་གཏེར་ཆེན།། འཕགས་མཆོག་སྤྱན་རས་གཟིགས་དབང་།། གསོན་པོ་མཇལ་རྒྱུ་ཅན་པོ།། མྱི་ཡི་གསུང་སྐད་ཅན་པོ།། ༧སྤྱི་ནོར་༧གོང་ས་སྐྱབས་མགོན།། ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
༧སྤྱི་ནོར། ༧སྤྱི་ནོར། འཛམ་གླིང་སྤྱི་ཡི་ནོར་བུ།། གངས་ཅན་བོད་ཀྱི་ནོར་བུ། ། རྒྱལ་བ་ཡིད་བཞིན་ནོར་བུ།།
༧གོང་ས། ༧གོང་ས། ༧གོང་ས་ལྷ་མིའི་རྣམ་འདྲེན།། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད།། རྒྱལ་བ་དོན་གྱི་བདག་པོ།།
༧སྐྱབས་མགོན། ༧སྐྱབས་མགོན། འགྲོ་བ་ཡོངས་ཀྱི་སྐྱབས་མགོན།། འདི་ཕྱི་གཉིས་ཀྱི་སྐྱབས་མགོན།། ཆོས་ལྡན་བོད་ཀྱི་སྐྱབས་མགོན།།
༧ཆེན་པོ། ཆེན་པོ། འཛམ་གླིང་ཉི་མ་ཆེན་པོ།། ཞི་བདེའི་དེད་དཔོན་ཆེནཔོ།། འགྲོ་བའི་མགོན་སྐྱབས་ཆེན་པོ།།
རྒྱལ་དབང་བསྟན་འཛིན་རྒྱ་མཚོ།། འཕགས་མཆོག་སྤྱན་རས་གཟིགས་དབང་།། འཕགས་མཆོག་སྤྱན་རས་གཟིགས་དབང་།། གངས་ཅན་བོད་ཀྱི་ལྷ་སྐལ།།
ཁ་བ་གངས་ཅན་ལྗོངས་འདི།། སྤྱན་རས་གཟིགས་ཀྱི་གདུལ་ཞིང་།། ཁ་བ་ཅན་གྱི་མི་རྣམས།། སྤྱན་རས་གཟིགས་ཀྱི་གདུལ་བྱ།།
ལྷ་མི་གཉིས་ཀྱི་དམ་ཚིག། འགྱུར་མེད་རྡོ་རྗེའི་མདུད་པ།། ལྷ་ངོ་མི་ངོ་འཛོམས་ཤོག། ལྷ་ངོ་ཉི་མ་ཤར་ཤོག
dhatsenpaལགས་ཀྱིས་ཟླ་ཚེས་June 28th, 2008 ལ་ གླུ་གཞས། སྡེ་ཚན་དུ་སྤེལ|
ཁོ་བོས་བལྟས་ན་བོད་སྐད་གསར་འགོད་ལེ་ཚན་ཇི་སྙེད་ཀྱི་ཁྲོད་ནས་སྐལ་ལྡན་བློ་གྲོས་ཀྱིས་དྲི་བ་གནད་ལ་འཁེལ་ཤོས་དྲི་བ་མཐོང་སོང་། དམིགས་བསལ་དུ་རེས་གཟའ་ཉི་མའི་གནད་དོན་གླེང་མོལ་ལེ་ཚན་དེ་ཚོར་སོང་།
ཁྱོད་རང་གི་བཀོད་པ་དེ་ཧ་ཅང་རིང་དྲག་འདུག ཀློག་མཁན་ཉོབ་རེད།
མགོན་ཕྱག་གིས།
་་་་་་ ང་ཚོ་ལ་དམངས་ཟེར་བའི་ཚིག་ཅིག་ཡོད་པ་རེད། དེས་མི་མང་གི་དོན་སྟོན་ཐུབ་ཀྱི་ཡོད་པ་རེད། དེས་ན། དམངས་གཙོ་ཟེར་ནས་བྲིས་ན་དེས་མི་མང་གཙོ་བོ་ཡིན་པ་དེ་སྟོན་པས། མང་གཙོ་ལས་དམངས་གཙོ་ཌེ་མོ་ཁིར་སེ་ཡི་དོན་དང་ཉེ་བ་རེད། ་་་་་་་
ཧ་ཧ་གད་མོ་ཤོར་བྱུང་།མང་ནི་གྲངས་ཀྱི་གསལ་འབྱེད་་ཡིན་།དམངས་ནི་གྲལ་
རིམ་གསལ་འབྱེད་་རེད་(མང་གཙོ་)Democracy),དང་(དམངས་གཙོ་)
proletarin) or class) མང་གཙོ་དང་དམངས་གཙོ་ངོ་མ་ཤེས་།
རང་བཙན་དང་རང་དབང་དོན་མ་རྟོགས་།ཡུལ་མིའི་རྒྱལ་ཁབ་དང་ཡུལ་མིའི་
སྲིད་སྐྱོང་དོན་གཅིག་བསམ་ཧ་ཧ་དྲ་འབུ་འདི་ཚོ་གི་བོད་རང་བཙན་ལེན་ས་
རང་རེད་
དེ་ཡག་བྱུང་། དམངས་གཙོ་ཟེར་བ་དངོས་གནས་ཌེ་མོ་ཁི་རེ་སི་ཟེར་བ་དེ་རེད།
དམངས་གཙོ་གྲལ་རིམ་གསལ་བྱེད་རེད་ཟེར་བ་སུས་གཏན་འཁེལ་བྱས་པ་རེད།
བོད་ཡིག་མི་ཤེས་མཁན་དག་ནི་འདི་ལྟ་བུ་ཡིན།
དམངས་གཙོ་རང་རེད
དགེ་རབ་ལགས་ཀྱིས་མགོན་པོ་ཕྱག་གཉིས་པའི་གསུང་འབུམ་ཁ་བརྡ་མ་ཕྱོགས་བསྒྲིགས་གནང་ནས་འདིར་སྤེལ་བར་བཀའ་དྲིན་ཆེ་ཞུ་བ་ཡིན། ད་དུང་གསུམ་འབུམ་ཕྱོགས་བསྒྲིགས་དེབ་ཕྲེང་མ་དུས་ནམ་ཞིག་ལ་ཐོན་ཡོང་ངམ་བསམ་ནས་རེ་སྒུག་བྱེད་རྒྱུ་ཡིན། ཨ་ཚ་ཚ་ཞེས་པའི་རྩོམ་ཡིག་དེ་ཐུབ་ན་ཟམ་གདོང་ཚང་གི་མདུན་ལྕོག་སྟེང་དུ་གཅིག་འཇོག་རོགས་གནོངས། སྟབས་ལེགས་ན་ཁོང་གིས་དེ་ལ་བཀའ་ལེན་ཞིག་འབྲི་སྲིད་པ་རེད། །
དགེ་རབ་ལགས། །
དབྱིན་སྐད་དུ་་་་YES་་་་དང་་་་་NO་་་་་་ཞེས་པའི་ཚིག་འདི་གཉིས་བོད་སྐད་དུ་ག་འདྲ་ཞིག་འབྲི་དགོས་པ་རེད་དམ། །
yes དང་ no བོད་སྐད་ལ་ཨེ། ད་གཟིགས་དང་། ང་ཚོའི་བོད་སྐད་རྗེས་ལུས་ག་ཚོད་ཐེབས་འདུག ཧཧ། དེ་རིང་ངས་རྟག་པར་སྐད་བརྒྱབ་ས་དེ་གསར་རྗེན་དུ་ཐོན་སོང། ཀི་ཀི་སྭོ་སྭོ། ལྷ་ཡི་ལྷ་རྣམས་རྒྱལ་ལོ།། །།
ཐུགས་རྗེ་ཆེ།