བདེན་པའི་ཕོ་ཉ།
ཀ་དག་གནས་ལུགས་རྟོགས་པའི་དྲ་གྲོགས་རྣམས།།
ཁ་བཤད་སྟོང་པའི་རྩོམ་དང་མཆན་བུ་མང་།།
ག་ལེར་ཞིབ་མོར་བལྟས་ན་ཡིད་རེ་མུག །
ང་མཁས་ང་ཤེས་ང་འཇོན་དྲ་འབུ་མང་།།
ཅ་ཅོ་མ་མང་གནས་ལུགས་རྟོགས་ན་བཟང་།།
ཆ་རྒྱུས་མེད་ཀྱང་རིག་པས་བརྟག་ན་ཤེས།།
ཇ་རོ་ལྟ་བུའི་སྙིགས་རོ་མང་འགྱུར་བའི།།
ཉ་ཉུང་མཉམ་བསྲེས་ད་ེལས་མང་བར་འགྱུར།།
ཏ་ལའི་བླ་མའི་ཐུགས་རྗེ་བཀའ་དྲིིན་ལས།།
ཐ་མའི་མི་རྣམས་ཐུགས་རྗེས་བཟུང་བར་མཛད།།
ད་ནི་རང་དོན་མ་གླེང་སྤྱི་དོན་བསྒྲུབ།།
ན་རྒས་གྱུར་ན་བསྒྲུབ་རྒྱུ་གང་ཡང་མེད།།
པ་སངས་ལྟ་བུའི་བཀྲག་མདངས་མེད་ན་ཡང་།།
ཕ་ལམ་ལྟ་བུའི་བརྩི་མཐོང་ཞིག་དགོས་པའི།།
བ་གླང་ལྟ་བུའི་གླེན་མུག་མ་ཡིན་པར།།
མ་རིག་མུན་པའི་གླིང་ནས་ཐར་བར་མཛོད།།
ཙ་རིའི་གནས་སྐོར་འགྲོ་རྒྱུ་མ་བྱུང་ཡང་།།
ཚ་བའི་ཡུལ་དུ་ཕ་ཡུལ་སེམས་ལ་ཞོག །
ཛ་རེ་ཛོ་རེའི་རྩོམ་ཡིག་མང་དང་གཅིག །
ཝ་མོ་ལྟ་བུའི་གཡོ་སྒྱུ་ཆེ་དང་གཉིས།།
ཞ་ལོང་བཞིན་དུ་འཁར་རྒྱུག་གང་བཙུགས་གསུམ།།
ཟ་ལོང་འཐུང་ལོང་མེད་པར་བྲེལ་དང་བཞི།།
འ་ཅག་བོད་པ་ཚང་གི་མཛད་སྤྱོད་རེད།།
ཡ་གི་མཆོག་གསུམ་ཐུགས་རྗེས་ཟིན་པར་མཛོད།།
ར་མ་ལུག་གི་ཆས་གོས་མི་གྱོན་པར།།
ལ་རྒྱ་ཡོད་པའི་མི་བུ་ཡིན་དགོས་བཅས།།
ཤ་ཚ་ཆེ་བའི་གཏམ་ཞིག་ཡིན་པས་ན།།
ས་སྟེང་འདི་རུ་བཤད་དགོས་བྱུང་སོང་བས།།
ཧ་ཅང་ཐལ་རང་ཆེ་ན་བཟོད་པར་གསོལ།།
ཨ་ཁ་སེམས་ཀྱིས་མ་བཟོད་ཁ་བརྡར་ཤོར།།