གཅན བཟོད་རྒྱམ།
གཅིག
ད་ལོ་ནི་ང་ལ་དྭགས་སུ་ཡོང་ཐེངས་དགུ་པ་དེ་ཡིན། ཕྱི་ལོ་༢༠༠༥ ལོར་ང་ཐེངས་དང་པོར་ལ་དྭགས་སུ་ཡོང་བ་ཡིན་ལ། མི་ལོ་དྲུག་ནང་གི་ལ་དྭགས་ཀྱི་འགྱུར་བ་ནི་ཧ་ལས་པ་ཞིག་རེད་འདུག དེ་ཡང་གཙོ་བོ་དཔལ་འབྱོར་ཡར་རྒྱས་དང་ཡུལ་སྐོར་བའི་ཕྱོགས་ནས་རེད་འདུག དཔལ་འབྱོར་ཡར་རྒྱས་ནི་འཛམ་གླིང་གང་སར་ཚ་ཚ་འུར་འུར་གྱི་འགྱུར་བ་ཆེན་པོ་ཞིག་རེད་ལ། རྒྱ་གར་གྱི་སྲུང་སྐྱོབ་རོགས་རམ་འོག་ལ་དྭགས་ཀྱི་ས་མཐོའི་ཡུལ་ལྗོངས་འདི་ཡང་གང་འཚམ་གྱིས་ཡར་རྒྱས་དང་འགྱུར་བ་ཕྱིན་འདུག དེ་ཡང་ལོ་རེ་བཞིན་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གང་ས་ནས་ཡུལ་སྐོར་བ་ཁྲི་ཕྲག་གིས་ལ་དྭགས་ཀྱི་རྩ་ཆེའི་དགོན་པ་དང་མཆོད་རྟེན། ནུབ་ར་དང་བྱང་ཐང་ཕྱོགས་ཀྱི་མཛེས་ལྗོང་དང་མཚོ་མཚེའུ་རྣམས་སུ་མཆོད་མཇལ་གནས་གཟིགས་བྱེད་བཞིན་ཡོད་ལ། དེའི་གྲས་ནས་བྱང་ཐང་ཕྱོགས་ཀྱི་མཚོ་མོ་རི་རི་དང་སྤང་གོང་མཚོ་གཉིས་ནི་ཡུལ་སྐོར་བ་ཚོ་ཆེས་དགའ་ས་དང་། དང་བ་འདྲེན་པའི་གནས་གལ་ཆེན་གཉིས་སུ་བརྩི། གལ་ཏེ་ཁྱོད་ལ་དྭགས་སུ་ཡུལ་སྐོར་བྱ་བར་ཅིས་ཀྱང་འགྲོ་དགོས་པའི་གནས་མཚོ་འགེངས་ཆེན་གཉིས་ཡིན་པར་ངོས་འཛིན་བྱེད།
ལ་དྭགས་ཕྱོགས་སུ་མི་ལོ་སྟོང་ཕྲག་རིང་གི་དགོན་པ་རྙིང་པ་དང་ལྷ་སྐུ་རྩ་ཆེན། གནའ་བོའི་སྒྱུ་རྩལ་གྱི་གྲ་མ་ཉམས་གྲུ་མ་ཞིག་པའི་མཛེས་རིས་སྣ་ཚོགས། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཆོད་རྟེན་དང་གནས་ཤུལ་མཁར་རྫོང་། བྲག་རི་དང་ཤིང་སྡོང་ཆེན་པོར་བརྐོས་པའི་བྱམས་པ་དང་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་གསོན་ཉམས་ལྡན་པ་གྲངས་མང།
མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཡིད་སེམས་འཕྲོག་པའི་མཚོ་དང་མཚེའུ། སྤང་ལྗོངས་དང་མཚོན་མདངས་དང་དབྱིབས་རིས་འདྲ་མིན་སྣ་ཚོགས་ལྡན་པའི་བྲག་རི་ངོ་མཚར་ཅན་གྲངས་མང་འདྲེན་བྱེད་ཀྱི་ཡུལ་དུ་མངོན་ཐུབ་ཅིང་། དགོན་པ་སོ་སོར་གར་འཆམ་དང་ཚེས་བཅུ་སོགས་ཆོས་ཕྱོགས་ཀྱི་དུས་སྟོན་དང་། གླེ་གྲོང་ཁྱེར་དུ་དུས་སྟོན་(Ladakh festival )སོགས་ལོ་ལྟར་དུས་ཚིགས་འདྲ་མིན་དུ་རྒྱུན་པར་མཇལ་ཐུབ་པས། ཕྱི་ནང་གི་མཇལ་མི་དང་ཡུལ་སྐོར་བ་ཁྲི་སྟོང་གིས་ལ་དྭགས་ནི་གནས་མཇལ་དང་ཡུལ་སྐོར་སྤྲོ་འཆམ་བྱེད་ས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ། དེ་མཚུངས་སུ་ལ་དྭགས་པ་ཚོས་རང་རེའི་ཡུལ་སྲོལ་གོམས་གཤིས་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་ཚགས་ཚུད་གནང་ཐུབ་པ་དང་། དེང་དུས་དང་མཐུན་པའི་རྐྱེན་ཆ་ཚང་བ་མཁོ་སྒྲུབ་ཀྱིས་ཕྱིའི་མགྲོན་པོར་སྣེ་ལེན་བཟང་ཞིང་། རང་གི་ཐུན་མིན་ཀྱི་ཁྱད་ཆོས་རྣམས་ཕྱིའི་མགྲོན་པོའི་མིག་གི་ལོངས་སྤྱོད་དང་ཡིད་ཀྱི་གསོས་སུ་བསྐྲུན་ཐུབ་ཡོད་པས་ངོ་མ་དགའ་འོས་པ་ཞིག་ཅི་ལ་མིན།
གཉིས།
ང་ལ་དྭགས་སུ་ཐེངས་དང་པོར་སླེབས་སྐབས་མཇལ་སྐོར་བ་ཞིག་གི་ཚུལ་དུ་ཐོག་མར་སྙེགས་འགྲོ་ས་ནི་དགོན་པ་ཁག་དང་མཆོད་རྟེན་དག་ཡིན། དེ་ནི་ང་རང་ནང་པ་ཞིག་དང་། དད་པ་ཅན་ཞིག་ཡིན་པས་ཡིན་སྲིད་ལ། ཡང་གཅིག་བྱས་ན་ཆུང་དུས་ནས་བཞག་པའི་བག་ཆགས་ཤིག་ཀྱང་ཡིན་སྲིད། གང་ལྟར་དགོན་པ་དང་མཆོད་རྟེན་དག་མཇལ་ན་ལུས་ལ་ངལ་བ་མེད་ཅིང་སེམས་ལ་སྐྱིད་སྣང་ཞིག་ངང་གིས་སྟེར། ངས་ལ་དྭགས་ཀྱི་དགོན་སྡེ་ཁག་ཕལ་ཆེ་བ་མཇལ་མྱོང་ཞིང་དགོན་པ་དེ་རྣམས་ཕྱག་འདེབས་པོ་དང་ཕྱག་བཏབ་པའི་དུས་རབས་མི་གཅིག་ལ། ཆོས་རྒྱུད་དང་བླ་རྒྱུད་སོ་སོའི་སྐུ་རྟེན་རྙིང་པ་རྩ་ཆེན་དག་དང་གསུང་རབ་རྣམ་གྲངས་མང་པོ་སོགས་རྩ་ཆེན་པོ་ཧ་ཅང་མང་པས་ངོ་མ་མཇལ་རིན་ཆོག་པ་ཞིག་རེད་ཨང་སྙམ་མོད། དགོན་པའི་རྩ་ཆེའི་སྐུ་རྟེན་དང་། གསུང་རབ་དག་ལ་བདག་གཉེར་ཡག་པོ་ཞིག་མི་འདུག་སྙམ་སྟེ། མིག་གིས་མཐོང་ཚད་ཚང་མ་ས་རྡུལ་དང་དུད་དྲག་གིས་བཀབ་འདུག་པས། དགོན་པའི་བདག་གཉེར་བ་དག་གིས་ཕྱིའི་ཡུལ་སྐོར་བར་སྤ་སེ་༼Ticket༽ཙོང་བའི་ལས་འགན་ཙམ་ལས་ཡབ་མེས་ཚོས་དཀའ་སྤྱད་དུ་མས་བཞེངས་པའི་མི་ལོ་སྟོང་ཕྲག་གི་རིན་ཐང་བྲལ་བའི་སྐུ་གསུང་ཐུགས་གསུམ་གྱི་བྱིན་རྟེན་དེ་ཚོའི་རིན་ཐང་རྟོགས་ཀྱི་མེད་དམ་སྙམ་པ་བྱུང་། ད་དུང་ཡིད་ནས་ཆེས་མི་བཟོད་པ་ཞིག་ནི་ཨལ་ལྕེ་དང་ཀླུ་ཁྱུར་དགོན་པ་ལྟ་བུའི་སྡེབས་རིས་དག་ལ་ཉམས་ཆག་འགྲོ་བཞིན་པའི་རྣམ་པ་དེ་རེད།
གསུམ།
སྔོན་གྱི་དུས་ནས་ཕྱི་ལོ་༡༩༧༠ དོན་གྲངས་བར་དུ་ལ་དྭགས་ཕྱོགས་ནས་དགོན་སྡེ་ཁག་གི་སྡེབས་རིས་དང་གསུང་རྟེན་རྩ་ཆེན་རིན་ཐང་བྲལ་བ་དེ་ཚོར་ངེས་འཛིན་གསལ་བོ་ཞིག་མེད་པར། དགོན་པ་དང་མཆོད་རྟེན་དག་ཅུང་ཙམ་ཉམས་ཆགས་སུ་སོང་ཚེ་རྩ་སྟོར་རམ་ཕྱེད་བཤིག་སྟེ་སླར་གསོས་བྱས་སྐད་ལ། དེ་ནི་སྤྱིར་ལས་བཟང་པོ་ཞིག་ཏུ་བརྩིས་ཆོག་མོད། གཞན་ཞིག་ནས་བཤད་ན་གནའ་བོའི་རིན་ཐང་རྩ་བརླག་ཏུ་བཏང་པ་ཞིག་ཅི་ལ་མིན། དེ་ལྟར་གནའ་བོའི་སྒྱུ་རྩལ་བཟོ་ལས་ཀྱིས་གྲུབ་པའི་ལྷ་རྟེན་ཆོས་གསུམ་དང་སྡེབས་རིས་མང་པོར་གཏོར་བརླག་ཤོར་ཟིན་པ་ནི་ཕངས་པའི་གནས་སོ།།
ཡང་གསུམ་མདའ་ཆུང་བ་དང་ཨལ་ལྕེ། ཀླུ་འཁྱུལ་དགོན་པ་ལྟ་བུ་བྱིན་རྟེན་སྐུ་བརྙན་དང་སྡེབས་རིས་སོགས་ལ་ཉམས་ཆག་ཆེས་ཆེར་མ་བྱིན་པར་སྔར་མུས་སུ་གནས་ཐུབ་པ་བྱུང་ཡོད་པ་དང་། དེང་སྐབས་འཛམ་གླིང་སྟེང་དུ་གནའ་བོའི་རིན་ཐང་བྲལ་བའི་ཤུལ་བཞག་རིག་དངོས་ཀྱི་གྲས་སུ་ཚུད་ཡོད་པས་ཅིས་ཀྱང་དམིགས་བསལ་སྲུང་སྐྱོབ་བྱ་དགོས་གལ་དུ་མཐོང་སྟེ། དེང་སྐབས་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་གནང་མཁན་ཕྱི་ནང་གི་མཁས་པ་མང་པོས་ཨལ་ལྕེ་དང་ཀླུ་འཁྱུལ་དགོན་པའི་སྡེབས་རིས་རི་མོ་དག་ནི་རྒྱ་གར་གྱི་ཨ་ཇན་ཏ་དང་ཨེ་ལོ་རའི་རི་མོ་དང་། རྒྱ་ནག་གི་ཏུན་ཧོང་བྲག་ཕུག་སོགས་ན་བཞུགས་པའི་ནང་བསྟན་རི་མོའི་སྒྱུ་རྩལ་དང་གཅིག་མཚུངས་ཀྱི་རིན་ཐང་ལྡན་ཚུལ་ཁོང་ཅག་གི་སྙན་ཐོར་བཀོད།
ཕྱི་ལོ་༢༠༠༥ ལོའི་སྟོན་ཀར་ང་གོང་བཀོད་དགོན་སྡེ་ཁག་མཇལ་སྐབས་གནའ་བོའི་སྐུ་བརྙན་དང་སྡེབས་རིས་མང་པོར་ཆར་ཆུས་ཉམས་ཆག་འགྲོ་བཞིན་པ་མཐོང་མྱོང་། དེ་ནི་ལྷ་ཁང་གི་དཀོན་གཉེར་དག་གིས་ལྷ་ཁང་ལ་བདག་གཉེར་ཡག་པོ་མ་བྱས་པས་ལན་པ་ཁོ་ན་རེད། ལྷ་ཁང་གི་རྩིག་པ་བཀྲ་ལོའི་མཚམས་ནས་ཆར་ཆུ་ལུད་དེ་རྩིག་ངོས་ཀྱི་སྡེབས་རིས་མང་པོར་ཉམས་ཆག་བྱུང་འདུག་པ་དངོས་སུ་མཐོང་བས་ཕངས་སེམས་ཆེ་ཙམ་བྱུང་།
གནས་སྟངས་དེ་ནི་ཨལ་ལྕེ་དང་ཀླུ་འཁྱིལ་དགོན་པ་གཉིས་ལ་དམིགས་བསལ་གྱིས་དོ་སྣང་བྱས་པ་ཡིན་ལ། ལྡེབས་རིས་ལ་ཆར་ཆུས་ཉམས་ཆགས་དང་རྩིག་པར་གས་སྐྱོན་བྱུང་ནས་ལྡེབས་རིས་མང་པོར་སེར་ག་ཆེན་པོ་རེ་གས་ཡོད་པར་བསྐྱར་གསོ་ཡང་བྱས་མེད་པ་དག་མཐོང་ན་སྙིང་ན་བའི་ཚོད་ཡིན་ཏེ། དཔེར་ན་ཧེ་མེ་དགོན་པའི་ནང་དུ་འཇིགས་བྱེད་ཀྱི་ཞལ་རས་ནས་གས་ཁ་ཆེན་པོ་ཞིག་མཐོང་བས་སེམས་ལ་འཇིགས་སྣང་དང་དངངས་སྐྲག་ཆེ་ཙམ་བྱུང་ལ། ཞོར་ནས་ཡིད་སྐྱོ་བ་ཆེ་ཙམ་ཡང་བྱུང་། འདི་ནི་དཔེ་མཚོན་ཙམ་ལས་དོན་དག་འདི་དང་ཆ་མཚུངས་བ་ཕལ་ཆེར་ལ་དྭགས་ཀྱི་དགོན་པ་ཚང་མར་འདུག་ཅེས་བཤད་ཆོག
བཞི།
ད་དུང་ཉེར་མའི་གཙུག་ལག་ཁང་གི་ཤུལ་གྱི་གྱང་ཆག་རྣམས་ཀྱི་ངོས་སུ་སྔ་མོའི་ལྷ་སྐུ་དག་གི་རྒྱབ་ཡོར་གྱི་ཤུལ་དང་། དེར་ཡོད་པའི་མཆོད་རྟེན་ཆེན་པོ་དག་གི་ནང་དུ་སྐུ་བརྙན་ཆེན་པོ་དག་བཤིག་པའི་ཕྱག་ཞབས་ཀྱི་ལྷུ་ལག་རོ་མ་དག་སྤུངས་འདུག་ལ། དེར་བདག་པོ་བྱེད་མཁན་མེད་ཁར་ཉེར་མའི་གཙུག་ལག་ལ་མཆོད་མཇལ་དུ་འགྲོ་མཁན་ཡང་མི་འདུག ང་ཉེར་མར་ཐེངས་བཅུ་གྲངས་ཤིག་ལ་སོང་ཡང་མཇལ་བ་གཅིག་ལ་ཡང་ཐུག་མ་བྱུང་། གལ་སྲིད་དད་པ་ཡང་དག་ཅིག་དང་ཡིད་ཆེས་གཙང་མ་ཞིག་ཡོད་པ་བདེན་ན། ཉེར་མའི་གཙུག་ལག་ཁང་ནི་མང་ཡུལ་ལ་དྭགས་ཕྱོགས་སུ་བླ་མ་ལོ་ཙཱ་བ་རིན་ཆེན་བཟང་པོས་བཞེངས་པའི་ལྷ་ཁང་ཐོག་མ་དེ་ཡིན་ལ། མར་ཡུལ་ལ་དྭགས་ཕྱོགས་སུ་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་དགོན་སྡེ་ཉག་གཅིག་པུ་དེ་ཡིན་ནམ་སྙམ་མོད། དེང་སྐབས་ཆེས་ཉམས་ཆག་ཏུ་གྱུར་ཏེ་ཤུལ་དུ་གྱང་ཀོག་འགའ་དང་ལྷ་ཁང་གསར་པ་ཆུང་ཆུང་གཅིག་ལས་ལྷག་མེད་པའི་ཁར། བདག་གཉེར་བྱེད་མཁན་མེད་ལ་མཆོད་མཇལ་ཞུ་མཁན་ནི་དེ་བས་ཀྱང་མི་འདུག་པ་མཐོང་བས་དངོས་གནས་ཡིད་སྐྱོ་སྐྱོ་བྱུང་།
དེ་ཡང་ང་ཐེངས་དང་པོར་༼༢༠༠༥༽ ལོར་ཉེར་མའི་གཙུག་ལག་ཁང་དུ་ཐོག་མར་མཇལ་སྐབས། ཐོག་མར་ཉེར་མའི་གཙུག་ལག་ཁང་གར་ཡོད་སྐོར་མི་མང་པོར་སྐད་ཆ་དྲིས་ཀྱང་ཤེས་མཁན་མི་འདུག དེ་ནས་ཁྲིག་རྩེ་དགོན་པར་མཇལ་བའི་ཉིན་དེར་དགེ་སློང་ཞིག་ལ་དྲིས་ཀྱང་ཁོས་མ་ཤེས་པར་གཞན་གྲྭ་རྒན་ཞིག་ལ་སྐད་ཆ་དྲིས། དེས་མདུན་ཕྱོགས་ཀྱི་རི་དེའུ་འབུར་ཞིག་བསྟན་ཏེ་དེར་ཡོད་པ་དང་། མཆོད་མཇལ་བྱེད་ས་སོགས་ཅི་ཡང་མེད་པས་
ཁྱེད་དེར་སོང་ཡང་ཅང་མེད་པ་རེད་ཟེར། ང་ནི་ལོ་རྒྱུས་ཐོག་གི་གནད་ཡོད་དང་གལ་འགེངས་ཅན་དེ་ཚོར་མཇལ་འདོད་པ་ལས་གཞན་པའི་སོ་མ་ཁྲ་ཁྲ་ཟང་ཟིང་དེ་ཚོར་དགའ་པོ་མེད་ཅེས་ཞུས་ཏེ་ཉེར་མའི་ཕྱོགས་སུ་སོང་བ་ཡིན། དེར་གྱང་ཆག་འགའ་དང་ས་ཁང་ཉིས་ཐོག་ཅན་ཞིག་འདུག་པ་དེ་དེང་སང་གི་ཉེར་མའི་གཙུག་ལག་ཁང་ཡིན་མདོག་རེད་མོད། དཀོན་གཉེར་ལྟ་བུ་ཅི་ཡང་མེད་ལ། དེའི་ཉེ་འཁྲིས་སུ་རྒན་ཚང་ཞིག་ཡོད་པར་ཨ་ཡེ་རྒན་མོ་ལོ་ལོན་ཞིག་འདུག་པས་ཟེར་ན། དེང་སྐབས་ཉེར་མའི་གཙུག་ལག་ཁང་དུ་མཆོད་མཇལ་བྱེད་མཁན་མེད་པ་མ་ཟད། བདག་པོ་ཟེར་བ་ཅི་ཡང་མེད་ཚུལ་གསུངས། ད་དུང་ཆེས་ཡ་མཚན་པ་ཞིག་ནི་རྒན་མོ་དེས་ཟེར་ན། ཁྱོད་ལྷ་ཁང་དུ་མཇལ་འདོད་ཡོད་ན་ལྡེ་མིག་ལྷ་ཁང་སྒོ་འགྲམ་གྱི་རྡོ་སྤུངས་དེའི་འོག་ཏུ་ཡོད། རང་གིས་ལོངས་ལ་ནང་དུ་མཆོད་མཇལ་བྱས་རྗེས་ཟ་རྒྱོབས་ལ་ལྡེ་མིག་སྔར་གནས་སུ་ཞོགས་ཟེར།
ལྔ།
སྔ་མོ་ལོ་ཙཱ་བ་རིན་ཆེན་བཟང་པོས་ཁོང་གི་སྐུ་ཚེའི་ནང་དུ་ཐོག་མར་གཙུག་ལག་ཁང་གསུམ་བཞེངས་པ་དང་། དེ་གསུམ་ནི་གུ་གེའི་མཐོ་ལྡིང་ལྷ་ཁང་། པུ་ཧྲང་གི་འཁོར་ཆག་གི་ལྷ་ཁང་། ཉེར་མའི་ལྷ་ཁང་གསུམ་དུས་གཅིག་ལ་རྨང་བཏངས། དུས་གཅིག་ལ་བཞེངས་གྲུབ་ཅིང་རབ་གནས་གནང་སྐོར་ཡིག་ཆ་ཀུན་ལ་གསལ་ཞིང་། གུ་གེའི་མཐོ་ལྡིང་ལྷ་ཁང་དང་འཁོར་ཆག་ལྷ་ཁང་གཉིས་ལ་རྒྱ་དམར་པོས་བོད་བཙན་འཛིན་སྐབས་དང་ལྷག་པར་དུ་རིག་གནས་གསར་བརྗེ་ཟེར་བའི་གོད་ཆག་སྐབས་སུ་ཉམས་ཆག་འཚབ་ཆེན་བྱུང་ཡོད་ནའང་། ཕྱིས་སུ་བོད་མི་དད་ལྡན་ཀུན་གྱིས་འབད་བརྩོན་ཆེར་བསྐྱེད་ཀྱིས་བསྐྱར་བཞེངས་དང་། ནང་རྟེན་ཡོངས་ལ་ཉམས་གསོ་གནང་སྟེ། དེང་སྐབས་དད་ལྡན་ཀུན་གྱི་སེམས་གཏོད་ས་དང་། ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་མིག་གཏོད་ས་ཞིག་ཏུ་གྱུར་དང་འགྱུར་བཞིན་པ་ནི་དགའ་འོས་པའི་གནས་སུ་མཆིས་མོད། ཉེར་མའི་གཙུག་ལག་ཁང་ལ་ཉམས་གསོ་མེད་ལ། ཉེ་འཁྲིས་ཀྱི་ས་ཁང་ཉིས་ཐོག་ཅན་དེར་ཡང་དཀོན་གཉེར་རམ་བདག་པོ་ཅང་མི་འདུག་པ་ནི་དངོས་གནས་ཡིད་སྐྱོ་བའི་གནས་སུ་མཆིས་ཤིང་། ཉེ་འཁྲིས་ཀྱི་ཨ་ཡེ་རྒན་མོ་དེས་ཟེར་ན།ནང་དགོང་ལ་ངས་མཆོད་པ་མཆོད་མེ་རེ་བྱེད་བཞིན་ཡོད། དེ་མིན་བདག་པོ་ཅང་མེད། མཆོད་མཇལ་བ་དང་ཡུལ་སྐོར་བ་གང་ཡང་ཡོང་མཁན་མི་འདུག་ཟེར།
སྤྱིར་ལ་དྭགས་སུ་དགོན་པ་དང་མཆོད་རྟེན་ཧ་ཅང་མང་པོ་ཡོད་པ་རྣམས་ཉམས་ཆག་རབས་དང་རིམ་པར་བྱུང་ཡང་ཉར་མ་ལྟ་བུའི་ཤུལ་མེད་ཀྱི་ཚོད་དུ་གྱུར་བ་ནི་མེད་ཚོད་འདུག དེང་སྐབས་དེར་ཨ་ནི་དགོན་པ་ཞིག་བཞེངས་བཞིན་ཡོད་མོད། གནའ་བོའི་གནས་རྩ་ཆེན་ཉར་མ་ནི་དེ་མུར་གྱང་ཆགས་སུ་ལུས་འདུག དེ་ལྟ་ནའང་ལ་དྭགས་ཀྱི་འབྲེལ་ཡོད་གཞུང་དང་དགོན་པ་ཚོགས་འདུ་སོགས་གཞུང་དང་ཚོགས་པ་སྒེར་ཚང་མར་ཉར་མའི་གཙུག་ལག་ཁང་བསྐྱར་བཞེངས་སམ་དགོན་པ་གཞན་ནང་བཞིན་མཆོད་མཇལ་གྱི་ཡུལ་ཞིག་ཏུ་སྐྲུན་རྒྱུའི་བསམ་བློ་ཡོད་མེད་ཁ ཚོན་གཅོད་དཀའ་མོད། ནམ་ཞིག་ཉར་མའི་གཙུག་ལག་ཁང་གི་ཤུལ་གྱི་གྱང་ཆག་དེ་རྣམས་བོད་མངའ་རིས་ཀྱི་མཐོ་ལྡིང་དཔལ་དཔེ་མེད་གསེར་གྱི་ལྷ་ཁང་དང་། འཁོར་ཆག་གི་ལྷ་ཁང་ནང་བཞིན་ཞིག་ཏུ་འགྱུར་བའི་རེ་སྨོན་སྙིང་ནས་ཞུ།
དྲུག
དེ་ལྟར་ལ་དྭགས་ཕྱོགས་ཀྱི་དགོན་སྡེ་དང་མཆོད་རྟེན་རྣམས་ལ་ཉམས་ཆག་ཚབས་ཆེན་བྱུང་ཡང་བཀའ་དྲིན་ཅན་གྱི་མཁས་པ་རྒན་རབས་པ་སྐོར་ཞིག་གིས་ལ་དྭགས་ཀྱི་དགོན་སྡེ་ཁག་གི་ངོ་སྤྲོད་དང་ལོ་རྒྱུས་ཡི་གེར་བྲིས་ཏེ་ལ་དྭགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆེད་དེབ་པར་སྐྲུན་གནང་། ཤེས་རབ་ཟོམ་དང་ལ་དྭགས་ཀྱི་ལོ་འཁོར་དེབ་སོགས་བསྟུད་མར་པར་སྐྲུན་གནང་སྟེ་ལ་དྭགས་ཀྱི་ཤེས་རིག་ལ་མཛད་རྗེས་མི་དམན་པ་བཞག་གནང་ཞིང་རྒྱང་སྒྲོག་དང་རླུང་འཕྲིན་ལས་བཤད་པ་སོགས་རང་གི་གནའ་བོའི་རིགས་དངོས་ཉེར་ཚགས་སྐོར་ལ་ཐུགས་འཁུར་ཆེར་བཞེས་གནང་པར་བསྟེན། དེང་སྐབས་ཅུང་འཐུས་ཚང་ཅན་དུ་གྱུར་དང་འགྱུར་བཞིན་འདུག་པ་ནི་ཁོང་ཅག་གི་སྐུ་དྲིན་ཉག་ཅིག་སྟེ། ལ་དྭགས་ཀྱི་མཁས་པའི་དབང་པོ་དཀའ་ཆེན་ངག་དབང་བཟོད་པ་རིན་པོ་ཆེ་དང་རྒན་བཀྲ་ཤིས་རབ་རྒྱས། ས་ཕུད་པ་ཐུབ་བསྟན་དཔལ་ལྡན།ངག་དབང་ཚེ་རིང་ཤག་པོ་དང་ཊག་ཊར་འཇམ་དབྱངས་རྒྱལ་མཚན། དགེ་དཀོན་མཆོག་ཕན་བདེ་དང་ངག་དབང་རྒྱ་མཚོ་ཏོག་སོགས་ཀྱི་སྐུ་ངལ་ལ་བསྟེན་ནས་ལ་དྭགས་ཀྱི་ཤེས་རིག་སྤྱི་དང་། དགོས་སུ་ནང་བསྟན་དང་འབྲེལ་བའི་གནའ་ཤུལ་གཅེས་འཛིན་བདག་སྐྱོང་ཕྱོགས་ལའང་ཕན་ནུས་མི་དམན་པ་ཐོན་དང་འདོན་བཞིན་ཡོད་མོད། ད་དུང་དགོན་སྡེ་ཁག་གི་བདག་གཉེར་དོ་དམ་ཕྱོགས་ནས་ཡུལ་སྐོར་བའི་ལག་ནས་སྒོར་རྡོག་འགའ་ལེན་པ་གཙོ་འདོན་བྱེད་པ་ལས། རང་གི་གཅེས་ནོར་གནའ་བོའི་སྐུ་བརྙན་དང་རིན་ཐང་བྲལ་བའི་སྡེབས་རིས་དག་ལ་གཅེས་ཉེར་བྱེད་ཀྱི་མི་འདུག་ལ། དོན་དུ་རྩ་ཆེའི་རིག་དངོས་གཅེས་ཉེར་བྱེད་སྟངས་ཀྱང་ཤེས་ཀྱི་མི་འདུག་སྙམ།
བདུན།
ལ་དྭགས་ཀྱི་དགོན་པ་མང་པོར་གནའ་དངོས་རྙིང་པ་དང་ནང་རྟེན་རིན་ཐང་ཅན་ཧ་ཅང་མང་པོ་འདུག་མོད། ས་དགེ་བཀའ་རྙིང་གི་དགོན་པ་གང་ཡིན་རུང་དགོན་པའི་མཛེས་རྒྱན་གཅིག་པུ་ནི་དགེ་འདུན་རྣམས་ཐུགས་མཐུན་ཁྲིམས་གཙང་མ་ཞིག་དགོས་པའི་ཐོག་ལ། ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་གྱི་ཆོས་འཆད་ཉན་བཟང་པོས་སངས་རྒྱས་ཀྱི་ལུང་རྟོགས་གཉིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་སྨྲས་མེད་ཡིན་མོད། ང་སོང་མྱོང་བའི་ལ་དྭགས་ཀྱི་དགོན་སྡེ་དག་ལས་ཀླུ་འཁྱུལ་དགོན་པ་དང་ནུབ་རའི་བསམ་གཏན་གླིང་གཉིས་ལ་མཚན་ཉིད་སློབ་སྦྱོང་གི་འགྲོས་ཅུང་ཙམ་ཡོད་ན་ལས། གཞན་པའི་དགོན་སྡེ་དག་ལ་ནི་སྔ་མོའི་ཕྱག་རྒྱུན་ཆོ་ག་ཕྱག་ལེན་དང་འདོད་རྟ་དབྱངས་གསུམ། གར་འཆམ་སོགས་ཀྱིས་དུས་འདའ་བཞིན་པའི་སྣང་བ་ཞིག་བྱུང་མོད། ངག་དབང་རྒྱ་མཚོས་བྲིས་པའི་༼ཧི་མཱ་ལ་ཡའི་ལྗོངས་སུ་ཡོད་པའི་མཉམ་མེད་དཔལ་ལྡན་འབྲུག་པའི་དགོན་སྡེ་རྩ་ལག་དང་བཅས་པའི་ལོ་རྒྱུས་ལེགས་བཤད་གསར་པ་༽ཞེས་པར། ཧེ་མི་དགོན་དང་ཝཾ་གླེ་༼ཨན་ལེ་༽དགོན་དང་། ལྡུམ་ར་ཡ་མ་༼ཡར་མ་༽དགོན་པ། ལྕེ་བདེ་དགོན་པ་སོགས་ལ་བཤད་གྲྭ་ཡོད་པར་བཤད་ཀྱང་མཚན་ཉིད་སློབ་གཉེར་ཡིན་མིན་མ་ངེས་ཤིང་ཞིབ་ཏུ་ནི་དཔྱད་པའི་སྐབས་མ་བྱུང་བས་འདིར་བྲི་མི་སྤོབས་ཀྱང་། ཕྱི་ནས་མཐོང་ཚུལ་ལ་ཆོས་འཆད་ཉན་དང་སློབ་གཉེར་གྱི་ཕྱོགས་ནས་ཀྱང་སྐུ་རྟེན་རྙིང་པ་དེ་ཚོ་དང་འདྲ་བར་གོང་ནས་བླ་མ་དགེ་རྒན་དག་གིས་འཆད་ཁྲིད་ཀྱིས་གསོ་སྐྱོང་མི་འདུག་ལ།གཤམ་ནས་དགེ་འདུན་དག་གིས་སློབ་གཉེར་གྱི་འབད་བརྩོན་མི་འདུག་པའི་ཚོར་བ་ཤུགས་ཆེར་བྱུང་སོང་ན། དགོན་སྡེ་འདི་དག་ནི་ཡུལ་སྐོར་སྤྲོ་འཆམ་པ་ཚོའི་མིག་གི་ལོངས་སྤྱོད་ཙམ་ཁོ་ན་རེད་ཨང་སྙམ་པ་བྱུང་།
བརྒྱད།
མཐའ་སྡོམ་དུ་རང་ཉིད་ལ་དྭགས་ཕྱོགས་ཀྱི་དགོན་སྡེ་ཁག་དང་མཆོད་རྟེན་དང་གནས་རི་རྩ་ཆེན། མཚོ་དང་མཚེའུ་བྲག་རི་གཙང་བོ་སོགས་ལ་ཡང་ནས་བསྐྱར་དུ་གནས་མཇལ་དང་འཁྱམས་མྱུལ་བྱས་པའི་མཐོང་ཐོས་རགས་བསྡུས་སུ་གསོང་བོར་ཡི་གེར་བཀོད་པ་ཡིན་ལ། རང་ཉིད་ནང་པ་ཞིག་དང་དད་ལྡན་མི་སྣ་ཞིག ཡང་ན་གནའ་བོའི་རིག་དངོས་ཤུལ་བཞག་རྣམས་གཙིགས་ཆེན་དུ་འཛིན་མཁན་ཞིག་ཡིན་པའི་ཆ་ནས་དེ་དག་ལ་ཉམས་ཆག་ཐེབས་དང་འཐེབ་བཞིན་པར་སེམས་ནས་མ་བཟོད་པར་སྙིང་གཏམ་ཡི་གེར་བཀོད་པ་ལས། གཞན་ལ་ཟུར་ཟ་དང་སྐུར་འདེབས་དམའ་འབེབས་སོགས་གང་ཡང་བྱ་འདུན་མེད་ཁར། བྱེད་དགོས་པའི་རྒྱུ་རྐྱེན་གང་ཡང་མེད་ན། གོང་ཞུས་ལས་གཞུང་སྒེར་སུ་ལའང་ཕོག་ཐུགས་སུ་གྱུར་བའི་ཚིག་རེ་གཉིས་ཐལ་ཡོད་ཚེ་སེམས་གཏིང་ནས་དགོངས་སེལ་ཞུ་རྒྱུ་དང་། མར་ཡུལ་ལ་དྭགས་ཕྱོགས་ཀྱི་སྲིད་འབྱོར་རིག་གསུམ་ཡར་ཟླའི་དཔལ་ལ་འགྲན་པའི་སྨོན་འདུན་བཅས།
ཕྱི་ལོ་༢༠༡༡ ལོའི་ཕྱི་ཟླ་༠༧ པའི་ཚེས་༡༣ ཉིན་ལྕོག་ལམ་སར་ནས་ཤར་མར་བྲིས་པ་འདིས་ཀྱང་ཀུན་པ་ཕན་པར་གྱུར་ཅིག་གུ
་་་་་་་་་་་་་་་་་ དེང་སྐབས་ཅུང་འཐུས་ཚང་ཅན་དུ་གྱུར་དང་འགྱུར་བཞིན་འདུག་པ་ནི་ཁོང་ཅག་གི་སྐུ་དྲིན་ཉག་ཅིག་སྟེ། ལ་དྭགས་ཀྱི་མཁས་པའི་དབང་པོ་དཀའ་ཆེན་ངག་དབང་བཟོད་པ་རིན་པོ་ཆེ་དང་རྒན་བཀྲ་ཤིས་རབ་རྒྱས། ས་ཕུད་པ་ཐུབ་བསྟན་དཔལ་ལྡན།ངག་དབང་ཚེ་རིང་ཤག་པོ་དང་ཊག་ཊར་འཇམ་དབྱངས་རྒྱལ་མཚན། དགེ་དཀོན་མཆོག་ཕན་བདེ་དང་ངག་དབང་རྒྱ་མཚོ་ཏོག་སོགས་ཀྱི་སྐུ་ངལ་ལ་བསྟེན་ནས་ལ་དྭགས་ཀྱི་ཤེས་རིག་སྤྱི་དང་། དགོས་སུ་ནང་བསྟན་དང་འབྲེལ་བའི་གནའ་ཤུལ་གཅེས་འཛིན་བདག་སྐྱོང་ཕྱོགས་ལའང་ཕན་ནུས་མི་དམན་པ་ཐོན་དང་འདོན་བཞིན་ཡོད་་་་་་་་་་་་་
ཀླུ་འཁྱུལ་རེད་དམ། ཀླུ་འཁྱིལ་རེད། དཔྱད་དགོས་འདུག་སྙམ།
གཅན་བཟོད་རྒྱམ་ལགས།
ཧ་ལས་པའི་ཡག་པོ་བྲིས་གནང་འདུག ཐུགས་རྗེ་ཞུ། དྲི་བ་ཞིག་འབུལ་ཆོག་པ་ཞུ། །
སྐུ་ཉིད་ཡུལ་དེར་གནས་མཇལ་ལ་ཕེབས་སྐབས། བོན་ལུགས་ཀྱི་ལོ་རྒྱུས་ཡོད་པའི་དགོན་པ་དང་གནས་ས་དེ་འདྲ་མཇལ་རྒྱུ་འདུག་གམ། སྔོན་ལ་དྭགས་དེ་བོན་བསྟན་ཤུགས་ཆེན་དར་སའི་ལུང་པ་ཞིག་ཡིན་པའི་སྐད་ཆ་འདུག །
ཐུགས་ཆེ། ཡག་པོ་བྲིས་གནང་འདུག་
གཅན བཟོད་རྒྱམ་མཆོག་ལ་དྭགས་་མར་ཡུལ་དུ་ལན་དགུ་ཙམ་ཕེབས་ནས། ཡུལ་དེའི་ས་གནས་དང་དགོན་རྙིང་སོགས་ཀྱི་གནས་སྟངས་དང་། ཀརྡོ་གཉེར་ཕྱག་པ་ཡང་དེར་བྱོན་ཡོད་པར་ཟད་རྒྱུས་མངའ་ལྟར་དུ། ཁོང་ཅག་གི་སྐུ་དྲིན་ཉག་ཅིག་སྟེ། མཁས་པ་འགའ་ཞིག་གི་མཚན་བྲིས་པ་ན། ངས་ངོས་མ་ཟིན་པ་དཀའ་ཆེན་ངག་དབང་བཟོད་པ་རིན་པོ་ཆེ། སུ་ཡིན་ནམ་ད་ལྟ་བཞུགས་ཡོད་དམ། དེ་དག་ལས་རྒན་བཀྲ་ཤིས་རབ་རྒྱས་ཁོང་ནི། ཕལ་ཆེ་བ་རང་སྟོབས་ཀྱིས་བོད་སྐད་སྦྱངས་པ་ཞིག་ཡིན་འདུག ༡༩༥༥ལོར་རྒྱ་གར་གནས་གཟིགས་སྐབས་པཎ་ཆེན་སྐུ་གོང་མའི་གསུང་སྒྱུར་མཛད། བོད་ལ་ཕེབས་སྐབས་སུ། ལ་དྭགས་སྟག་མོ་པ་དཀའ་ཆེན་བཟོད་པར་མཇལ་དུས་བོད་ན། བོད་སྐད་ཀྱི་ཤེས་རིག་ལ་མཁས་པ་མང་པོ་མེད་པ་ལ་སྐྱོན་བརྗོད་མཛད་པ་ལ་དཀའ་ཆེན་བཟོད་པ་ཞབས་ཀྱིས་མཁས་པ་མང་པོ་ཡོད་པ་ཁྱོད་ཀྱིས་མཐོང་མེད། ཅེས་གསུངས་པ་བདག་གི་འཛིན་གྲྭ་གཅིག་པ་ཁྲི་རྩེ་རྟ་ཟུར་པ་བློ་བཟང་ཕུན་ཚོགས་ཀྱིས་གཙང་བཀྲ་ཤིས་ལྷུན་པོར་བདག་ལ་བཤད།
ལ་དྭགས་ཀྱི་ཤེས་རིག་མི་ཉམས་པར་ལུས་པ་འདི་བ་ཀུ་ལ་རིན་པོ་ཆེ་དང་། རྒྱ་གར་གྱི་སྲིད་བློན་ཇོ་ཧར་ལས་ནེཧརུ་མཆོག་དང་། རྗེས་ཀྱི་རྒྱ་གར་གཞུང་ལས་བྱེད་པ་གྲོགས་དངུལ་བྱས་པ་ལས་ཡིན། འབྲི་དགོས་པ་མང་ཡང་འདིར་མཇུག་བསྡུ་ན་ལེགས།
གཅན བཟོད་རྒྱམ་མཆོག་རྗེས་མ་ལ་དྭགས་ལ་ཕེབས་ན། བ་སྒོ་བྱམས་པའི་ལྡེབས་བྲིས་དེ་དག་བོད་ལྷ་བྲིས་པས་བྱས་པ་དངོས་མ་དང་། དེ་མིན་ཨ་ལྕི་ལྡེབས་རིས་སོགས་བཟོ་པ་རྣམས་ཁ་ཆེའི་ཡུལ་ནས་འོངས། ཀླུ་འཁྱིལ་དགོན་ན་འདུ་ཁང་སོགས་ཅི་ཡོད་ངའི་དུས་སུ་སྟེ། ལོ་ངོ་བརྒྱད་ཅུའི་རྗེས་བཞེངས་པ་ཤ་སྟག་ཡིན།
་
སྔར་གྱི་བོད་སྐད་ལ་གཞིག་གསོས་བྱེད་མཁན་དཀོན། ལ་དྭགས་སོགས་ན་ལྷ་ཁང་འགོག་པོ་ཞིག་ཡོད་ན་རྩད་ཆེན་ཡིན། གཞིག་གསོས་ཞུ་དགོས། དོ་སྣང་བྱེད་པ་མང་དུ་ཡོད། བ་སྒོ་ཞེས་པའི་གྲོང་ཡུལ་དེ་སྔར་སྤྱི་ལོ་བརྒྱ་རབས་བཅོ་ལྔ་པའི་སྐབས་སུ་ལ་དྭགས་རྒྱལ་ས་ཡིན། དེར་རྒྱལ་བ་བྱམས་པའི་འདྲ་སྐུའི་ལྷ་ཁང་ཆེ་ཆུང་གསུམ་དང་། གྲོང་ཡུལ་ན་མཆོད་རྟེན་ཡོད་པ་མང་ཤོས་ཡིས། ༡༩༩༤ནས་མགོ་བཙུགས་ཏེ་ཨ་རི་སོགས་ནས་ཞལ་འདེབས་ཕྲན་བུ་བྱུང་། གཙོ་བོ་མི་མངས་ཀྱིས་གཞིག་གསོས་ལ་འགན་ཁུར། རྒྱ་གར་དམག་སྡེས་ཀྱང་རྡོ་སོགས་འོར་བར་རླངས་འཁོར་གཏོང་བའི་གྲོགས། ལྷག་པར་དིང་དུས་ཀྱི་བཟོ་རིག་པ་ཧོར་ནག་ཚེ་རིང་དབང་ཕྱག་གིས་འགན་ཁུར་ཏེ། གཞིག་གསོས་ངོ་མཚར་ཅན་བསྒྲུབས་དང་སྒྲུབ་བཞིན་པ་ཡིན་འདུག།
རྒན་བཀྲ་ཤིས་རབ་རྒྱས་ཀྱི་སློབ་མ་དང་། རྒྱ་གར་གཞུང་གི་ལས་གཡོལ་པ། འཆི་མེད་རྣམ་རྒྱལ་གྱིས་བོད་སྐད་ཉམས་པར་མཐོང་ནས། ལ་དྭགས་གསར་འགྱུར། ཞེས་པ་ཟླ་རེར་ལན་གཉིས་རེ་འཐོན་པ་ཁ་སྐད་མ་ཡིན་པར་རིག་གཞུང་སྐད་དང་མཐུན་པ་བཟོ་སྐྲུན་ལ་བོད་རིགས་ཚང་མས་གྲོགས་རམས་བྱེད་དགོས་པར་མཐོང་ངོ་།
སློབ་གྲྭའི་མཛད་སྒོ་སོགས་ཀྱིས་ཞིབ་པར་མ་བཀླགས་པས། ཀ་རྡོ་གཉེར་ཕྱག་པས་བྲིས་དགོངས་དག ཁོང་གིས་བྲིས་པ་མ་ཡིན་པར་རྩོམ་ཡིག་རང་ན་ཡོད་པ་བཤུས་པ་རེད་འདུག ཉེར་མ་ན་ལྷ་ཁང་མཇལ་རྒྱུ་ཡོད་པ་ཡང་སྐལ་བ་བཟང་། ལོ་ཆེན་རིན་ཆེན་བཟང་པོའི་བྱིན་རླབས་འཇུག་ཡོད་ངེས། ངས་ནི་གྱང་རོ་ཙམ་ལས་ཅི་ཡང་མེད་པའི་སྣང་བ་ཡོད། སྒྲ་སྒྱུར་པའི་རྣམ་ཐར་ན། ཉེར་མ་སོགས་ལྷ་ཁང་བརྒྱ་རྩ་གཞེངས་གྲུབ་སྟེ། རབ་གནས་སྐབས་ལོ་ཆེན་ངེད་ཅག་གི་ལྷ་ཁང་རབ་གནས་ལ་བཞུགས་ཡོད་ཅེས་སོ་སོས་གླེངས་པ་ཞིག་བྲིས་པ་མཐོང་།
ཀ་རྡོ་ལགས། ཀླུ་འཁྱིལ་ཟེར་བ་རེད། འཁྱུལ་ཟེར་བ་འབྲི་ནོར་འདུག རྒྱུན་དུ་ཕེབས་ཏེ་ཞུ་དག་གཏོང་རོགས། བཀའ་དྲིན་ཆེ།
རྒན་ལ་དྭགས་པ་ཡང་ཡང་ཕེབས་ཏེ་དགོངས་ཚུལ་གསུངས་པར་དགའ་སྤྲོ་ཆེ། དཀའ་ཆེན་ངག་དབང་བཟོད་པ་འབྲི་ནོར་ཤོར་འདུག ཟངས་དཀར་རྒྱལ་རབས་མཛད་པ་པོ་དཀའ་ཆེན་བློ་བཟང་བཟོད་པ་ལགས་རེད།
སྐུ་ཉིད་ཀྱིས་བ་སྒོ་ཞེས་བྲིས་གནང་འདུག་མོད། ཡུལ་དེའི་རྒན་ཚེ་རིང་ཆོས་འཕེལ་(དེང་དུས་ཤེས་རབ་ཟོམ་གྱི་རྩོམ་སྒྲིག་པ་ཡིན། ) ལགས་ཀྱི་བ་མགོ་ཚེ་རིང་ཆོས་འཕེལ་ཞེས་བྲིས་འདུག་པས་བ་སྒོ་དང་བ་མགོ་གང་ཡིན་གུས་པར་ཞིབ་གསལ་ཞུ་རྒྱུ་མེད། གང་ལྟར་ལ་དྭགས་ཀྱི་ཡུལ་མང་པོར་མྱུལ་བའི་ཟིན་ཐོ་ག་ལེར་དྲ་ངོས་སུ་འཇོག་རྩིས་ཡོད་པས་ལར་ནས་ཀྱང་སྐུ་ཉིད་ཡང་ཡང་ཕེབས་ཏེ་ལམ་སྟོན་དང་དགོངས་ལྷུག་པོར་གསུང་རོགས་ཞུ།
བོན་པོ་ལགས་ཀྱི་དྲི་བར་དམིགས་བསལ་ཞུ་རྒྱུ་མེད་མོད། ང་སོང་མྱོང་བའི་ལ་དྭགས་ཀྱི་ཡུལ་ལུང་ཁུག་ཀྱོག་དེ་འདྲར་ཡང་ཁང་པའི་རྩིག་ངོས་དག་ན་གཡུང་དྲུང་རིས་བྲིས་པ་མང་དུ་མཐོང་མྱོང་ལ། དེ་དུས་ཡུལ་འདི་དག་སྔ་མོ་བོན་ཆོས་དར་བའི་ཤུལ་རྗེས་འདྲ་ཡིན་ཨང་སྙམ་པ་མང་པོར་ཐུག་མྱོང་། གཞན་ཟིན་བྲིས་གཞན་པ་དག་ནས་མཐོང་ཐོས་མྱོང་གསུམ་གྱི་ཟ་ཟུར་རེ་ཡོད་སྲིད་པ་ལས། དམིགས་བསལ་ཞུ་རྒྱུ་ཅང་མེད་ལགས། ལ་དྭགས་ཀྱི་ཡུལ་གང་བོར་སོང་བའི་པར་རིས་སྟོང་ཕྲག་ལྷག་ཡོད་པའི་ནང་དུ་ཡིད་འཕྲོག་པོ་རེ་གཉིས་ཀྱང་ཡོད་སྲིད་པས་ག་ལེར་སྤྱན་འབུལ་ཞུ་འཐུས།
ཉེར་མའི་གཙུག་ལག་ཁང་གི་སྐོར་ལ་གུས་པའི་དེ་སྔོན་རྩོམ་ཡིག་ཅིག་བྲིས་ཡོད་ཅིང་། ད་དུང་དབྱེ་ཞིབ་ཀྱིས་དཔྱད་རྩོམ་ཞིག་འབྲི་བཞིན་པ་རྗེས་ཕྱོགས་སྤྱན་ལམ་དུ་འབུལ་ངེས་ཡིན།
གཅན་བཟོད་རྒྱམ་ལགས།
བཀའ་ལེན་ལྷུག་པོར་གནང་བར་ཐུགས་རྗེ་ཆེ་ཞུ། མ་འོངས་ཐུགས་སྣང་བཞག་ནས་བོན་འབྲེལ་ལོ་རྒྱུས་འདྲ་དེང་སང་ཡང་ཡུལ་དེ་ཚོར་མཐོང་ཐོས་ཀྱི་ཡུལ་དུ་ཡོད་ན་ཐུགས་རྗེས་གཟིགས་ངེས་པར་དུ་ཟིན་ཐོར་འགོད་རོགས་གནོངས། གཞན་སྐུ་ཉིད་ནས་ཉེར་མའི་ལྷ་ཁང་གཞེངས་མཁན་དེ་ལོ་ཙཱ་བ་རིན་ཆེན་བཟང་པོ་ཞུ་བ་དེ་རེད་ཟེར་ནས་གསུངས་གནང་འདུག དེ་འདྲ་ཡིན་དུས་ངས་གོ་ཐོས་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ་ཞུ་བ་དེ་་་དམུ་རིགས་གཤེན་་་གྱི་གདུང་འཛིན་པ་ཞིག་རེད་ཟེར་བ་ཐོས། བན་དེའི་ནང་དེ་འདྲ་ཡིན་སྐོར་གླེང་སྲོལ་ཡོད་ས་མི་འདུག ཕལ་ཆེར་སྦས་དོན་འདྲ་ཡིན་ཤས་ཆེ། ཡིན་ནའང་དེའི་སྐོར་ལ་བོན་གྱི་དགེ་བཤེས་བྲག་དཀར་རྣམ་རྒྱལ་ཉི་མ་ཞུ་བ་ཞིག་གིས་དཔྱད་རྩོམ་ཞིག་བྲིས་གནང་ཡོད་སྐད་འདུག ཁུངས་ལུང་རྒྱུ་མཚན་ག་ཚོད་ཡོད་མི་ཤེས་ཀྱང་། དཔྱད་རྩོམ་དེ་ཕལ་ཆེར་རྡ་སའི་དཔེ་མཛོད་ནང་དེ་ཚོར་ཡོད་ཤས་ཆེ། །
བོད་ཡིག་ཀྱོག་ཀྱོག་འབྲི་ཤེས་མཁན་སྔོན་དུ་མང་དུ་ཡོད་ལོ་༡༠༠འམ་༢༠༠སྐབས་བོད་གཞུང་ཚོང་པ་ཞིག་གིས། ལ་དྭགས་པས་བོད་ཡིག་མི་ཤེས་ཟེར་ན། ཡི་གེ་ཀྱག་ཀྱོག་མང་པོས་འབྲི། ཤེས་འདུག་ཟེར་ན། ཁུངས་ཐུབ་པ་ཞིག གཅིག་ཀྱང་མི་འདུག་ཅེས་བཤད། འབུ་ལོན་གན་རྒྱ་སོགས་གྲོང་ཡུལ་པས་གང་ཤེས་བོད་ཡིག་ཏུ་འབྲི། དིང་སང་རྒྱ་གར་སྤྱི་ལུགས་སློབ་གྲྭ་གྲོང་ཡུལ་ཚང་མར་ཡོད་པས། མང་ཆེ་བ་ཚང་མས་ཨིན་སྐད་སྦྱོང་བར་ཤུགས་རྒྱབ། བ་ཀུ་ལ་རིན་པོ་ཆེའི་ཤུགས་ཀྱིས་རྒྱ་གར་གཞུང་ནས་་བོད་རིག་གཞུང་གི་མཚན་ཉིད་སློབ་གྲྭ་ཆེན་མོ་བཙུགས། དེར་མ་ཟད་སློབ་གྲྭ་དེའི་སློབ་སྤྱི་གར་ཞ་པ་བཀྲ་ཤིས་དཔལ་འབྱོར་གྱིས་རྒྱ་གར་གཞུང་ལ་སྙན་ཞུའི་ཡི་གེ་བྲིས་ཏེ། ལ་དྭགས་དགོན་པ་ཚང་མར་སློབ་གྲྭ་བཙུགས་ཏེ། སློབ་དགེ་དང་སློབ་ཕྲུག་རྣམས་ལ་རྒྱ་གར་གཞུང་ནས་ཕོགས་་ཐུབ་པ་ཡོད་བོད་ཡིག་སློབ་པར་བྱས་པ་མི་བརྗེད་པའི་ཕྱིར་འདིར་བྲིས། མཚན་ཉིད་སློབ་གྲྭ་ཆེན་མོ་ནས་འཐོན་པ་དག་ལ་བོད་ཡིག་ཤེས་ཀྱང་གཞུང་གི་ལས་བྱེད་པ་ཆགས་པའི་དཀལ་ངལ་མཆིས། དིང་སང་ལ་དྭགས་ལ་དཔལ་འབྱོར་ཆེ་དྲག་པས་སྒེར་གྱི་སློབ་གྲྭ་མང་བས། རྒྱ་གར་ས་གནས་གཞུང་གི་སློབ་གྲྭ་ཁག་ན་སློབ་ཕྲུག་མེད་པ་སྒོ་རྒྱབ་དགོས་པ་ཡོད་པའི་གནས་ཚུལ། སློབ་གྲྭ་འཐོན་པ་དག་གིས་བོད་ཡིག་འབྲི་མི་ཤེས། ཨིན་ཡིག་ཏུ་འབྲི་བར་ལོབས་ཆེ། དེས་ན་བོད་སྐད་དང་བོད་ཡིག་སྲུང་བར་འདོད་ན། ལ་དྭགས་གསར་ཤོག་བཀྲམ་སྟེ་རྒན་གཞོན་ཚང་མས་ཀློག་པའམ་གསིལ་བའི་ལུགས་སྲོལ་ལ་འབད་པ་བྱེད་བཞིན་པ་ཡིན།
“gShen:The Ancestral Clan of Rin chen bzang po.” Tibet Journal 24, no.2 (1999) དབྱིན་ཡིག་ནང་རྩོམ་པ་པོ། བོན་གྱི་དགེ་བཤེས་བྲག་དཀར་རྣམ་རྒྱལ་ཉི་མ། །
ལ་དྭགས་སུ།
་་་་་་་་་་་་་་་་་་་་་་ མཚན་ཉིད་སློབ་གྲྭ་ཆེན་མོ་ནས་འཐོན་པ་དག་ལ་བོད་ཡིག་ཤེས་ཀྱང་གཞུང་གི་ལས་བྱེད་པ་ཆགས་པའི་དཀལ་ངལ་མཆིས་་་་་་་་་་་་་་་་་་་་་་་་་་
ལ་དྭགས་པས།
པ་ཀུ་ལ་བཀའ་དྲིན་ཆེན་པོ་ཡིན་སྐོར་ལ་དྭགས་ཀྱི་ཤེས་ལྡན་མི་སྣ་མང་པོས་ཟེར་ཞིང་། ཁོང་གི་མཛད་རྗེས་ལ་བསྔགས་པའི་རྩོམ་ཡིག་འདྲ་མིན་བརྒྱ་ཕྲག་ལོངས་པ་ཡོད་པ་དེབ་ཏུ་བསྐྲུན་འདུག རྗེས་དྲན་རྩོམ་ཡིག་ཆེད་དེབ་ཀྱང་བཟོས་ཏེ་པར་སྐྲུན་བྱས་འདུག་པ་ནི་ལ་དྭགས་ཀྱི་ཤེས་ལྡན་པ་ཚོས་མཐོང་རྒྱ་རེད་ལགས་པས་ཕྲན་གྱིས་ཀྱང་ཁོང་ཅག་ལ་བསྟོད་པ་བྱས་མྱོང་།
གཞཉ་ལ་དྭགས་ཀྱི་སྐོར་ཟིན་ཐོ་འགའ་རེ་ད་དུང་ག་ལེར་འགོད་རྒྱུ་ཡིན་པས་རྒན་ལ་དྭགས་པ་གཙོས་ཀློག་མཁན་ཚོས་ལམ་སྟོན་དགོངས་འཆར་གནང་རེ་ཆེ།
བོན་པོ་ལགས་ཀྱི་དཔྱད་རྩོམ་ཁ བྱང་མཁོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུ། གུས་པས་འད་པ་ཆེན་པོས་དཔྱད་རྩོམ་དེར་མཇལ་ཐུབ་པ་བྱ་ངེས་ཡིན།
ཉེར་མའི་གཙུག་ལག་ཁང་ངམ་ཡུལ་མིའི་དེ་ལ་བྲག་ཁུང་དཀར་པོ་ཟེར་གྱི་ཡོད་པ་དེ་ཡིན་ཚོད་འདུག དེ་ན་ད་ལྟ་ལྷ་ཁང་ཞིག་འདུག་ལ་དེ་ལ་ལྟ་སྐོར་དུ་འགྲོ་དགོས་ན་གཅན་རྒྱམ་གྱིས་བརྗོད་པ་བཞིན་རེད། གཞན་ཡང་ཀླུ་འཁྱུལ་དགོན་པ་ནི་སྔོན་ཆད་ཤུགས་ལྡན་བསྟེན་མཁན་ཡིན་ཚུལ་གླེང་བ་མ་ཟད། སྐུའི་གཅུང་བོ་མངའ་རིས་རིན་པོ་ཆེ་ཡི་དགོན་པ་ཡིན་ཞིང་། རྗེས་སུ་དོལ་རྒྱལ་གྱི་རྩོད་རྙོག་བྱུང་རྗེས་སུ་དགོན་པ་དེར་དོལ་སྐུ་མེད་པ་བཟོས་ཚུལ་གྱི་གནས་ཚུལ་རྩོམ་ཡིག་འདི་ཀློག་པས་དྲན་བྱུང་། མ་གཞི་ལ་དྭགས་ཀྱི་མི་འབོར་དང་བསྡུར་ན་དགོན་པ་ཧ་ཅང་གི་མང་ཁར། དགེ་འདུན་མང་པོས་སློག་གཉེར་བྱེད་ཡུལ་ནི་གནའ་དུས་གདན་ས་ཁག་དང་། དེང་སྐབས་གར་དུ་ཡོད་པའི་ས་སྐྱ་དང་བཀྲ་ལྷུན་ཐེ་བའི་སེར་འབྲེ་དགེ་གསུམ་ཡིན་ཞིང་། ལ་དྭགས་ཀྱི་དགོན་༩༠%དགེ་ལུགས་པ་རེད་འདུག གནས་དེར་དེ་སྔོན་ས་སྐྱ་བའི་དགོན་པ་གཅིག་དང་བཀའ་རྒྱུད་པའི་དགོན་པ་ཁག་ཅིག་ཡོད་པ་ལས་གཞན་རྣམས་དགེ་ལུགས་པ་ཡིན་ཚོད་འདུག རྙིང་མ་དགོན་པ་མང་པོ་སྟོད་ཤེས་རབ་བཟང་པོའི་རིང་ལ་དགེ་ལུགས་བསྒྱུར་བ་་གནས་དེ་ཡོངས་གྲགས་རེད། རིན་ཆེན་བཟང་པོའི་དགོན་པ་ཨལ་ལྕེ་ཡང་དགེ་ལུགས་པས་བཏང་འཛིན་བྱེད་ཀྱིན་ཡོད་པ་འདོད། ཡིན་ཡང་། ་དེ་ནི་ལོ་མང་སྔོན་གྱི་གནས་ཚུལ་ཞིག་ཡིན་པས་ད་ལྟ་གསལ་བོ་དྲན་གྱི་མི་འདུག གང་ལྟར་གཅམ་རྒྱམ་ལགས། གནས་དེར་རྙིང་མའི་དགོན་པ་འདྲ་འདུག་གམ། ངས་ཡུལ་མི་ལ་སྐད་ཆ་དྲིས་ཀྱང་རྙེད་མ་སོང་།
གསལ་བཤད། རྗེ་རིན་པོ་ཆེའི་སློབ་མ་སྟོབས་ཤེར་གྱི་སྐབས་སུ་རྙིང་མ་དགེ་ལུགས་བསྒྱུར་ཞེས་ན། དྲ་གྲོགས་ཁ་ཅིག་གིས་བཙན་ཤུགས་ལྟ་བུས་བསྒྱུར་བ་དགོངས་སྲིད་ཀྱང་དེ་ལྟར་ཡིན་ས་མ་རེད། སྐབས་དེ་ལ་དྭགས་སུ་སངས་བསྟན་ཧ་ཅང་ཉམས་ཤིང་ལོ་རིན་གྱིས་བཏབས་པའི་དགོན་པ་རྣམས་ཀྱང་། ལྷག་རོ་ལྟ་བུ་ལུས་ཁར། རབ་ཤེབ་བཟང་པོས་དགེ་ལུགས་དགོན་པ་མང་པོ་བཏབས་ཤིང་སངས་བསྟན་ཉམས་གསོ་ལྟ་བུ་མཛད་པའི་ཉེར་ལེེན་གྱིས། རིམ་བཞིན་དགེ་ལུགས་པའི་བསྟན་པ་གནས་དེར་ཤུགས་ཆེ་དར་བས། རྙིང་དགོན་ཁག་ཅིག་ཡོད་པ་རྣམས་ཀྱང་དགེ་ལུགས་སུ་རང་ཤུགས་ཀྱིས་འགྱུར་བ་མང་པ་ལས། བཙན་དབང་ཡིན་ཚོད་མི་འདུག་གོ
ལ་དྭགས་ཀ་རུར་འབྲུག་ཆེན་རིན་པོ་ཆེའི་དགོན་པ་ནས་མཐོང་སར་ཡོད་པ་ཕར་ཕྱོགས་ཀྱི་རི་མཚམས་སུ་རྙིང་དགོན་ཆུང་ཆུང་ཅིག་འདུག དེའི་ཆགས་ས་ནི་སློབ་དཔོན་རིན་པོ་ཆེའི་བྲག་ཕུག་བྱིན་ཅན་ཅིག་འདུག་པ་དེར་ད་ལོ་དུས་འཁོར་དབང་ཆེན་སྐབས་ལ། ང་ཚོ་ནང་མི་ཚང་མ་གླ་འཁོར་གླ་ནས་ཆོས་མཇལ་དུ་ཕྱིན་པ་ཡིན། ཡང་དེའི་ཚུར་ངོས་སུ་སློབ་དཔོན་རིན་པོ་ཞབས་རྗེས་ཅིག་ཀྱང་འདུག
ལ་དྭགས་པས་བོད་ཡིག་མི་ཤེས་ཟེར་ན། ཡི་གེ་ཀྱག་ཀྱོག་མང་པོས་འབྲི། ཤེས་འདུག་ཟེར་ན། ཁུངས་ཐུབ་པ་ཞིག གཅིག་ཀྱང་མི་འདུག་ཅེས་བཤད་པ་དངོས་གནས་དོན་ལ་གནས་འདུག
དེང་སང་ད་དུང་ཡང་ཡག་པོ་ཞིག་འབྲི་ཤེས་ཀྱི་མི་འདུག
ཡང་བོན་པོ་ཞིག་གིས་འཁྱོག་བརྗོད་བྱེད་མགོ་ཚུགས་སོང་། ཉོབ་པ་ལ། ལོ་རྒྱུས་འཁྱུག་བརྗོད་མ་བྱེད། ངོ་མི་ཚའམ།
BONPO བོན་པོ་ལགས། ཉིད་ཀྱིས་མཁོ་སྤྲོད་གནང་པའི་དཔྱད་རྩོམ་དེ་བདག་གིས་རྙེད་བྱུང་། ངོ་མ་བཀའ་དྲིན་ཆེ། དཔྱད་རྩོམ་ག་ལེར་ཀློག་ངེས་ཡིན།
ལ་དྭགས་ཡུལ་ཆུང་ཞིག་ལ་བོད་ཆོས་ལུགས་བཞི་ཀའི་དགོན་པ་དང་གྲྭ་པ་ཡོད། དགོན་པ་ཆེ་ཤོས་ཧེ་མིས་དགོན་པ་འབྲུག་པ་བཀའ་རྒྱུད། ལ་དྭགས་ན་དགོན་པ་ཆེ་ཤོས་སུ་རྩི། དེའི་བྱང་ཕྱོགས་སག་ཁྲི་ཞེས་པའི་ལུང་པ་ན་བྲག་ཐོག་དགོན་པ་རྙིང་མ་པ་། མང་སྤྲོ་དགོན་པ་ས་སྐྱ་པ། གནུབས་རྭ་དང་ཟངས་དཀར་མ་ཐེ་བར་ལ་དྭགས་སྟོད་གཤམ་གཉིས་ན་དགེ་ལུགས་དགོན་པ་བཞི་ཙམ་ཡོད་ཀྱང་དེ་དག་ཧེ་མིས་དགོན་པ་ལས་ཆུང་། ཕྱི་དབང་དང་གཡུང་དྲུང་དགོན་གཉིས་འབྲི་ཁུང་བཀའ་རྒྱུད་ལགས།
གྲྭ་པ་ན་བཟའ་ཚུལ་ལྡན་གྱོན་པ་ཞིག་ཡོད་ན། ཆོས་ལུགས་སུ་ཡིན་གྱི་སྦྱིན་བདག་སྐྱེས་ཕོ་མོ་རྣམས་ཀྱིས་ཕྱག་འཚལ་འཇུ། ཞུས་ཏེ་ཕྱག་དབང་ཞུ་སྲོལ་ཡོད་ཀྱང་། དིང་སང་ཇི་ལྟར་ཡོད་མི་ཤེས། ཆོས་གསིལ་ལམ་ཆོས་སྒྲོགས་ལ་ཆོས་ལུགས་གང་ཡིན་གྱི་གྲྭ་པ་འཛོམས་ནས་བཀའ་འགྱུར་སོགས་མཉམ་དུ་སྒྲོགས་པར་མཛད་པར་བདག་ཕྲུ་གུའི་དུས་ལ་མཐོང་བ་ཡིད་ལ་ཡོད།
རི་བོའི་ལོགས་ན་ལྷ་ཏོ་གསོལ་བ་དང་། བསངས་གཏོང་བ་སོགས་བོན་ལུགས་ཡིན་པ་ད་ལྟ་བནྡེ་རྣམས་ཀྱིས་བྱེད། བོན་ལུགས་ཆོ་ག་སོགས་བྱེད་ཀྱང་། ང་བོན་པོ་ཡིན་ཟེར་མཁན་གཅིག་ཀྱང་མེད། ཕལ་ཆེར་ལུང་པ་རེ་རེ་ན་དབོན་པོ་ཟེར་བའི་གྲོང་པ་རེ་ཡོད། དེ་དག་གིས་གྲོང་པ་རེ་ལ་མི་བདེ་བ་འབྱུང་ན་སྐུ་རིམ་བྱེད། དེ་དག་གི་དཔེ་ཆ་རྣམས་བརྟག་དགོས་པ་ཞིག་ཡིན་ངེས། ངའི་སྤུན་མཆེད་རྒན་པ་ངག་དབང་རིག་འཛིན་ཞེས་པ་ཐོག་བརྩེགས་གཅིག་དང་ཕྱེད་ཀ་ཙམ་ནས་མར་ལྷུངས་ཏེ། མུན་བརྒྱལ་བ་ན་དབོན་པོ་ཞུས། སྐུ་རིམ་མཛད། ཕྲུ་གུ་མུན་བརྒྱལ་བ་ལས་སངས་པ་ན། ཁ་སྐོམས་ཏེ་ཆུ་ཐོངས་ཟེར་རོ། ཞེས་པ་ལྟར་བྱུང་བ། །ལོ་ངོ་གཉིས་སྔོན་དུ་བདག་གི་སྲིང་མོ་དོན་གྲུབ་ལྷ་མོས་འདིར་སྡོད་སྐབས་སུ་བཤད་སོང་། ལ་དྭགས་ན་ཡོད་པ་བཞིན་དབུས་གཙང་སོགས་བོད་ཡུལ་ཀུན་ན་སྔར་དབོན་པོ་སྐུ་རིམ་བྱེད་མཁན་རེ་ཡོད་ངེས་ཀྱང་། དིང་སང་ཇི་ལྟར་ཡོད་པ་མི་ཤེས།
ལ་དྭགས་བོད་རིགས་དངུལ་ཕྱེ་ན་བྲག་ལ་བརྐོས་པའི་སྤྱན་རིགས་གཟིགས་ཀྱི་སྐུ་འདྲ་ཐོག་བརྩེགས་གསུམ་ཡོད་པ་རྒྱ་གར་ལྷ་བཟོ་པས་བཞེངས་པ་ཞིག་བཞུགས། སྐུ་བོངས་ཆེ་བས་དངུལ་ཕྱེའི་བྱམས་པ་ཞུ། འདི་ཉིད་བོད་དུ་བནྡེའི་ཆོས་དར་བའི་ལོ་བརྒྱ་ཙམ་སྔོན་དུ་བཞེངས་པར་བཤད། དེ་བཞིན་ལ་དྭགས་ས་གནས་གཞན་དུ་ཡང་རྒྱ་གར་བཟོའི་སངས་རྒྱས་སྐྱ་འདྲ་བྲག་ལ་བརྐོས་པ་བཞུགས་པའི་འདྲ་སྤར་ཡོད་པ་མཐོང་།
ལ་དྭགས་པའི་སྐད་ན་ཡོད་ཅིང་། བོད་སྐད་ན་མེད་པ་ནི། ཏི། ཞེས་པ་འདི་ཡིན། ཏི་ནི་ཆུ་ལ་འཇུག། ཁ་ཆུ་ལ་ཁ་ཏི་དང་། སྣ་ཆུ་ལ་སྣ་ཏི། ཐོག་ནས་ཆར་གྱི་ཐིགས་པ་རྒྱབ་པ་ལ་ཅང་ཏི་ཟེར།
གངས་ཏི་སེ་ནི་བོད་སྐད་ལ་ཡང་ཡོངས་གྲགས་ཆེ། ཏི་ཞེས་པ་ཆུ་དང་སེ་ཡི་དོན་ངའི་བསམ་བློ་ལྟར་ན། འབྱུང་ཁུངས་ཀྱི་དོན་ཏེ། གངས་རིན་པོ་ཆེ་ནས་གཙང་པོ་ཀུན་འབབས་པས། གངས་ཏི་སེ། ཞེས་བྱའོ།
གནས་བརྟན་ཕྱག་མཆོད་ན།
་
གངས་རི་ཆེན་པོ་ཏི་སེ་ལ།
འཔགས་པ་གནས་བརྟན་ཡན་ལག་འབྱུང་།
དགྲ་བཅོམ་སྟོང་དང་གསུམ་བརྒྱས་བསྐོར།
སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ།
བླ་མའི་སྐུ་ཚེ་བརྟན་པ་དང་།
བསྟན་པ་རྒྱས་པར་བྱིན་གྱིས་རློབས།།
་
ཞེས་པ་ལྟ་བུའོ།
ངས་ཀ་རུར་རྙིང་དགོན་ཅིག་ཡོད་པ་བཤད་པ་དང་། རྒན་ལ་དྭགས་པས། ་་་་་་ དེའི་བྱང་ཕྱོགས་སག་ཁྲི་ཞེས་པའི་ལུང་པ་ན་བྲག་ཐོག་དགོན་པ་རྙིང་མ་པ་། ་་་་་་་་ གསུངས་པ་གཉིས་གཅིག་རེད་ལ་རྙིང་དགོན་ལོ་རྒྱུས་དེ་ཁ་གསལ་དུ་ཕྱིན་པ་རེད།
ཀླུ་འཁྱིལ་དགོན་དུ་ང་བཙུན་ཆུང་ཡིན་པའི་སྐབས་སུ་མཐོང་བའི་ཉམས་མྱོང་ཞིག་ནི།
གྲོང་ཡུལ་དག་ཏུག་གྲོང་པ་འབྱོར་ལྡན་ཀུན་གྱིས་སྐང་གསོལ་གཏོང་བར་གྲྭ་པ་བཞི་ལྔ་གདན་འདྲེན། མཆོད་པ་བཞེང་བ་ལ་དུས་མང་ཙམ་འགོར། དཀྱིལ་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་། གཡས་གཡོན་དུ་རིམ་བཞིན་མགོན་པོ་ཕྱག་དྲུག མགོན་དཀར། ཆོས་རྒྱལ། དཔལ་ལྡན་ལྷ་མོ། མགོན་པོ་ཞལ་བཞི་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ལྷ་ཆེན་ཚངས་པ། ཆོས་སྐྱོང་བསེ་ཁྲབ་པ། རྡོ་རྗེ་ཤུགས་ལྡན། སྣེ་སེར་ཇོ་བོ་ཆེན་པོ་རྣམས་ཡིན། གྲྭ་པ་ཀུན་ལ་དྲིས་པ་ལས་འདི་རྣམས་ཤེས་པ་ལགས།
མཆོད་པ་རྣམས་སྒྲིག་ཚར་བ་དང་། ཡི་དམ་གྱི་བདག་བསྐྱེད་འདོན། དེ་ནས་རིམ་པ་བཞིན་ཆོས་སྐྱོང་སོ་སོའི་སྐང་གསོལ་སྐབས་གྲྭ་པ་རྒན་པ་རྣམས་ཀྱིས་ཌ་མ་རུ་དང་དྲིལ་བུ་དཀྲོགས། གཞོན་པ་རྣམས་ཀྱིས་སྦུབ་ཆལ་རྡུང་བ་དང་། རྒྱ་གླིང་འབུད། བཙུན་ཆུང་ཀུན་ཀྱིས་རྔ་རྡུང་བ་དང་། རྐང་གླིང་འབུད། ཆོས་སྐྱོང་རྣམས་ན་ཤུགས་ལྡན་སྔར་མེད་ཀྱང་། མངའ་རིས་ཚང་སྐུ་གོང་མས་བཙུགས་པར་བཤད། དེ་ཡང་འབྲེལ་ཆེ་སྐབས་དེའི་སྐང་གསོལ་མི་བཏང་། གནད་ཆེ་བའི་ལྷ་ཞིག་ཏུ་མི་རྩི། དིང་སང་འདྲ་སྐུ་བཅས་ཅི་ཡང་དགོན་པ་དང་། སྦྱིན་བདག་སོགས་ཀྱི་ཁང་པ་ན་མེད་པའི་ཡིད་ཆེས་བྱེད། དགོན་པ་དེའི་ལྷ་གཙོ་བོ་ནི་ཆོས་སྐྱོང་བསྲེ་ཁྲབ་པ་ཡིན། དེའི་ཚིགས་བཅད་གཅིག་བཙུན་ཆུང་སྐབས་ཐོས་པ་ངའི་བློར་ཡོད་པ་ནི།
པདྨཱ་ཀ་རའི་གསང་བའི་བསྟན་སྲུང་ཆེ།
གནོད་སྦྱིན་བཙན་རྒོད་ཆེན་པོ་བསེ་ཁྲབ་ཅན།
བསྟན་དགྲ་འཇོམས་ཤིང་གནོད་པའི་གེགས་ཟློག་པའི།
རྒྱལ་ཆེན་བསེ་ཁྲབ་ཅན་ལ་མཆོད་པ་འབུལ།།
་
ཞེས་པ་གྲྭ་པ་ཀུན་གྱིས་འདོན་པ་བདག་བཙུན་ཆུང་གི་སེམས་ལ་སྦྱར། དམིགས་བསལ་ཞིག་གང་ཡང་མ་ཡིན་ཀྱང་། ཚིག་དོན་ལ་བསམས་ན། ལྷ་ངོ་མཚར་ཅན་ཞིག་ཡིན་པར་སེམས་སོ།
རྒན་ལ་ལགས་པ་མཆོག སྔར་ལ་དྭགས་ཀླུ་འཁྱིལ་མགོནཔའི་བཙུན་ཆུང་ཡིན་པ་ལ། ད་ལྟ་ཨརིར་མཁས་པའི་གཙུག་རྒྱན་དུ་གྱུར་པ་ལ་ངོ་མཚར་ཆེ། གཞོན་པ་རྣམས་ཀྱིས་སྦུབ་ཆལ་རྡུང་ཞེས་པ་འདི། གཞོན་པ་རྣམས་ཀྱིས་སྦུབ་ཆལ་དཀྲོལ་ཞེས་མི་དགོས་སམ་སྙམ་ཡང་་་་་་་ ད་དུང་དཔྱད་པར་གྱིས། ང་ནོར་ཡོད་ན་དགོངས་དག་ཞུའོ།།
ཀ་རྡོ་ལགས། དགོན་པ་ཡིན་གྱི་རེད། མགོན་པ་ཨ་ཡིན།
མེ་ཏོགདཀར་པོས་ངའི་མ་དགོན་ལ། ད་དགོན་ཅིག་གནང་བར་བཀྲིན་ཆེའོ།།
དོལ་རྒྱལ་ཚོགས་པས་ཨི་ཊ་ལི་ལ་རྒྱལ་དབང་མཆོག་གི་ཆིབས་སྒྱུར་ལ་ངོ་རྒོལ་བྱ་རྒྱུ་རེད་འདུག འདིར་ཁོང་ཚོའི་འཆར་གཞིག་ཁག་གཅིག་འདུག ཚང་མས་རྒྱ་ཆེར་སྒྲོགས་རོགས།
http://internationalshugdencommunity.com/prebooking-advice-rome-demos/
རྒན་ལ་དྭགས་པའི་གསུང་ན་གངས་ཏི་སེ་དང་འབྲེལ་ནས་”ཅང་ཏི་” ཞེས་པའི་གོ་དོན་བཀྲལ་འདུག འདི་ངའི་ཟིན་བྲིས་གཞན་ཞིག་ཏུའང་དེ་ལྟར་བྲིས་ཡོད་ལ། ངས་བཤད་དོན་ནི་ཁང་པའི་རྩིག་པ་དང་ཕང་པའི་ཀླད་གཉིས་ཀྱི་བར་ནས་མར་ཆུ་མང་པོ་བཞུར་བའི་ཧྲག་ཆུ་(ངའི་ཡུལ་སྐད་) ལ་བཀྲལ་ཡོད་ཅིང་། ཅང་ཏི་ཟེར་བ་འདི་ཐ་སྙད་རྙིང་ཀོག་ཡིན་པ་འདྲ་བས་ག་ལེར་ཅིས་ཀྱང་དཔྱད་དགོས་པ་འདུག བཀའ་དྲིན་ཆེ།