སྲས།
རྟེན་འབྱུང་གཏམ་གྱི་སྙིང་པོར་མཐོང་བའི་བདག་གི་སྟོན་པ་དྲིན་པོ་ཆེས།།
ཆགས་སྡང་དུག་གི་རྩ་བར་གསུང་བ་བདེན་པ་ཀུན་ལས་བདེན་དུ་མཆི།།
ཁ་སང་དེ་རིང་ཉེ་རྒྱང་ཀུན་ན་ཐམས་ཅད་དུག་གིས་སྨྱོས་ནས་འདུག།
སྨྱོན་པའི་གཏམ་ལ་བཟང་ངན་མེད་མོད་ལ་ལའི་སྐད་མགོ་ཀུན་ལས་མཐོ།།
སྒྲ་གཅན་གཟའ་ཡིས་ཉི་ཟླ་འཕྲོགས་ཤིང་སྐར་ཚོགས་གཞན་དུ་བྲོས་ཤུལ་དུ།།
འཇིག་རྟེན་མུན་པའི་དོང་དུ་ལྷུང་ཞེས་མིག་ལྡན་ཤུགས་ཀྱིས་ངུ་ནའང་།།
ཉིན་མོར་ལོང་བའི་སྲིན་བྱ་འགའ་ཡིས་མཛེས་པའི་འོད་ཅིག་མཐོང་ངོ་སྐད།།
འདི་ནི་བདེན་པའི་ལས་ཤིག་ཡིན་ནམ་བདག་གི་རྣ་བས་གོ་ལོག་ཡིན།།
གྲོག་མས་ས་མཁར་མཐོ་གང་བསླངས་སྟེ་རྒྱལ་བོའི་བླ་མཁར་ཡིན་སྙམ་གྱིས།།
ང་ཡི་བཙན་སར་གོམ་གང་སྤོས་ན་ས་དང་གནམ་ཡང་སྒུལ་རྒྱུ་ཟེར།།
ནགས་མའི་རི་ལ་མེ་ཞགས་ལྷུང་སྟེ་སྟག་སེང་གྲལ་རྡང་འཐོར་བའི་རྗེས།།
ཅི་ཡང་མི་ནུས་གོག་འགྲོའི་ཚོགས་ཀྱིས་རང་གི་མལ་ན་དཔའ་སྐད་སྒྲོག།
དྲོ་བའི་མལ་ས་ཆུ་ལ་བཏབས་ནས་རྒྱུས་མེད་བྲག་གི་ལྕིབས་གཅིག་ན།།
ཟད་པའི་གཤོག་པ་ཚང་དུ་བལྟབས་ཏེ་རེ་བས་ནམ་འཕངས་གཅོད་པ་དག།།
སྒྲོ་མཐུན་རུས་པའི་སྦྲེལ་ཤུགས་ཉམས་མོད་སྙིང་པོ་བོར་བའི་མཆུ་བདར་ཀྱིས།།
བྲང་གི་དྲོད་ཤ་འཁྱགས་ལ་ཉེ་ཡང་ཕྱི་ཡི་ནམ་མཁའི་ཁ་ཞེང་རྩོད།།
དྲང་པོའི་ངག་གིས་བརྗོད་དུ་མི་བཟོད་དབུགས་ཐོག་འདི་ཀུན་སྨྱོས་ནས་འདུག།
སྨྱོས་པའི་ནད་ལ་ལྕི་ཡང་མེད་ལ་སྨྱོ་བའི་རྒྱུ་ཀུན་གཅིག་ནའང་།།
སྨྱོན་པས་སྨྱོན་པར་མཛུབ་མོ་ཀེར་ཏེ་སྨྱོས་རབས་གླེང་པའི་ལོ་ཟླ་འདི།།
ཁྱོད་དང་ང་ཡི་གཉའ་བར་ལྷུང་བའི་མུན་པའི་འཇིག་རྟེན་ནག་པོའོ།།
༢༠༡༤/༡༢/༠༥ཉིན།