ཁྲོ་གཏུམ།
བྱང་ཆ་ཆེ་བའི་ལག་ཟུང་གིས་ཁ་པར་གྱི་གཡས་གཡོན་ལ་སྐུ་སྲུང་གི་སྐྱེ་བ་བླངས་པའི་དུས་དེང་སང་གི་རྣམ་འགྱུར་ལས། ཁྱོད་ནི་ཐག་རིང་ལ། ང་ནི་རྒྱང་རིང་གི། སྐད་ཆའི་མགོ་ཁུངས་གཅིག་པུས་ཁ་ལག་གཉིས་ལ་ནང་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་པའི་བརྩོན་འགྲུས་ཀྱི་རྟ་ཕོ་ཞིག་བཅིབས་སུ་ཞུགས་པ་ཡིས། ཁྱོད་རང་གི་མིག་མདུན་གྱི་དངོས་པོ་དག་ཤི་སོང་ལ། ཉེ་མཁྲིས་ཀྱི་གྲོགས་དང་གྲོགས་མོའི་དགོད་སྒྲ་ལ་ཧེ་བག་བཞག་ཡོད་པས། ཁྱོད་རང་གི་འཚོ་བའི་ཁ་ཕྱོགས་དང་། མཛེས་སྡུག་གི་ཉེ་འཁོར་ལ་རོལ་མྱོང་གི་གོ་སྐབས་དང་སེམས་འཁོར་བའི་འདུན་པ་མེད་པར་གྱུར།
དུས་ཚོད་ཀྱིས་ཁྱོད་རང་གཅེས་ལངས་སུ་གཏོང་ངེས་ཤིང་། ཁྱོད་ཀྱིས་དུས་ཚོད་ངན་ལངས་སུ་ཤོར་རུ་བཅུག་པས་ན། སྔོན་ཐོན་གྱི་དུས་རབས། རྫས་འཕྲུལ་གློག་གི་སྣང་བས་ག་ས་གང་དུ་ཁྱབ་པ། ཆ་འཕྲིན་གྱི་ཡོ་ལང་གིས་མནར་མེད་དུ་བཙུར་འོངས་བའི་བྲེལ་བྲེལ་འཚུབ་འཚུབ་ཀྱི་འཚང་ཁའི་ཁྲོད་ལ། ཁྱོང་རང་ཁོམ་གྱི་མེད་པའི་ཚོར་བ་ཇི་འདྲ་སྐྱེས་རུང། ཁྱོད་རང་དལ་འདུག་མེད་པའི་སེམས་པ་ཇི་འདྲ་བྲེལ་རུང་། ཁྱོད་ཀྱི་འགུལ་བསྐྱོད་ལས་གྲུབ་པའི་འབྲས་བུ་ལ་རྒྱ་ཚད་ལོང་གི་མི་འདུག
ལྷག་པར་ངའི་ཁོར་ཡུག་ལ་སྐད་འཕྲིན་གྱི་གནོན་ཤུགས་ཆེ་བ་ལ། བོད་སྐད་དང་བོད་ཡིག་གི་འབྲི་རྩལ་དང་བཤད་རྩལ་གྱི་བྱང་ཆ་རེ་ཐོབ་པའི་རེ་བ་ཕྲ་མོ་ཞིག་མཆིས་ཀྱང་། ཆུ་ཚོད་ཀྱི་ཐག་སྒྲའི་ཁྲོད་དུ་ཐོབ་དགོས་པའི་གནས་ལུགས་ཀྱི་རྒྱག་ཕྱེ་ཞིག་རག་ཚོད་མི་འདུག
ཚོར་བའི་རྦབས་སུ་ཟེགས་པའི་རྣམ་ཤེས་ཡན་པོ་ཞིག་གིས་འཇིག་རྟེན་གྱི་བླང་དོར་ལ་དྲན་ཤེས་མ་བསྟན་པའི་མི་བུ་ཇེ་མང་ལ་འགྲོ་ཞིང་། གོ་ལོ་ཐོས་ལོ་ཙམ་གྱིས་ས་རྒྱ་ཆོད་པའི་བློ་རྨོངས་ཀྱི་བསམ་བློས་མི་གཞན་ལ་སློབ་གསོ་གཏོང་བའི་ངལ་དུབ་འདི་ཇི་འདྲའི་ཡ་ང་བའི་མི་རིགས་ཀྱི་ཉེན་ཁ་ཞིག་དང་སློབ་གསོའི་མ་རྐང་བོར་བའི་འཇིགས་པ་ཞིག་ཅི་ལ་མིན་ཨང་།
ཆ་འཕྲིན་གྱིས་ང་གཉིད་དུ་མི་འཇུག་ལ། འགྲོ་འདུག་གི་བར་དུ་ངས་ཆ་འཕྲིན་ནི་ལག་པས་གཏོང་གི་མེད། ཡིན་ཡང་། ཆ་འཕྲིན་ནས་ང་ལ་ཐོབ་དགོས་པ་དེ་ཡང་ཐོབ་མེད་ལ། མི་དགོས་པ་དེ་ཡང་རག་ཡོད་པའི་ངེས་པ་མེད་པའི་སེམས་ཁམས་གསུམ་པ་ཞིག་གིས་ང་རང་ཆ་འཕྲིན་ལ་ལོབ་ནས་ཡོད། དེ་བཞིན་ཁོར་ཡུག་ཚང་མས་ཡང་ང་ལ་དོ་སྣང་བྱས་མྱོང་བའི་རྣམ་འགྱུར་མཐོང་མྱོང་མེད།
༢༠༡༤།༡༡།༡༠ཉིན་ལེགས་པར་གྲུབ།
སྐད་འཕྲིན་གྱི་ལམ་ནས། དགའ་རོགས་འཚོལ་བ། སྙན་གྲགས་འཚོལ་བ། ཡོན་ཏན་འཚོལ་བ། ཆག་སྒོ་འཚོལ་བ། མྱི་སོ་སོ་ལ་འཚོལ་རྒྱུ་མ་འདྲ་བ་རེ། རྙེད་རྒྱུ་དེ་ཡང་མ་འདྲ་བ་རེ། ལ་ལས་གཡབ་ས་བརྙེད་འདུག། ལ་ལས་བོད་ཡིག་བརྙེད་འདུག། ལ་ལས་ཕྲག་དོག་བརྙེད་འདུག། ལ་ལས་འགྲན་རྩོད་བརྙེད་འདུག། ལ་ལས་ཁོམ་ལོང་བརྙེད་འདུག།
རྗེས་ལུས་ལ་ཕྱིར་འཐེན་མི་བྱེད་ན། སོ་སོའི་ས་ནས་མདུན་དུ་མཆོང་དགོས་བ་དེ་ཡིས་གཞན་ལ་གནོད་པ་མེད་པ་ཞིག་ཡིན་ན་སྐྱིད་པ་ལ།