ཁྲི་རལ་པ་ཅན།
དོན་གྲུབ་རྒྱལ་གྱི་མི་ཚེ་དང་གཤིས་སྤྱོད།
ཉེ་ལམ་ནས་དྲ་ངོས་དང་རླུང་འཕྲིན་རྒྱུད་ལམ་བཅས་སུ་བོད་ཕྱི་ནང་གཉིས་ཀར་ཨ་མདོའི་རྩོམ་རིག་པ་དོན་གྲུབ་རྒྱལ་དང་། ཁོང་གི་བྱས་རྗེས་དང་བྱས་ཉེས་གཉིས་ཀར་གླེང་མོལ་མང་ཙམ་གནང་སོང་བས། དོན་གྲུབ་རྒྱལ་གྱི་སྐོར་ལ་བསྐྱར་དུ་བསམ་བློ་ཞིག་མི་གཏོང་ཀ་མེད་གྱུར།
གཅིག་བྱས་ན་བཙན་བྱོལ་ནང་གི་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་དང་བླ་སྤྲུལ། གཞུང་ཞབས་དང་སྤྱི་འཐུས་སོགས་གནད་ཡོད་མང་པོས་ཡུལ་དུས་ཀྱི་དབང་གིས་མི་དེ་ངོ་མི་ཤེས་ཀྱང་སྲིད་པ་ཡིན་པས། ཐོག་མར་དོན་གྲུབ་རྒྱལ་ངོ་སྤྲོད་ཐུང་ཙམ་བྱས་ན། བོད་ནང་ཡོངས་གྲགས་སུ་དཔལ་དོན་གྲུབ་རྒྱལ་དུ་འབོད་པ་ནི། ཕྱི་ལོ་༡༩༥༣ ལོར་ཨ་མདོ་སྣང་རའི་དགུ་རོང་དུ་སྐྱེས་ཤིང་། ལོ་གཅིག་ལ་སོན་ཙམ་ནས་ཕ་དུས་ཆོས་སུ་གྱུར་ཏེ་ཨ་མ་དང་ཕ་གཡར་མཉམ་དུ་འཚར་ལོངས་བྱུང་འདུག
ཁོང་འཚར་ལོངས་ཀྱི་དུས་སྐབས་དེ་ནི་རྒྱ་དམར་བོད་ནང་ཐོག་མར་ཡོང་བཞིན་པ་དང་། རིམ་པར་གདུག་རྩུབ་ཆེ་བའི་ལས་འགུལ་སྣ་ཚོགས་སྤེལ་ཏེ་དྲག་ཆར་རླུང་འཚུབ་ཀྱི་དུས་བབས། བོད་ཀྱི་ཆོས་དང་རིག་གཞུང་གོམས་གཤིས་དང་བཅས་པ་རྩ་མེད་གཏོང་བཞིན་པའི་དུས་ཚོད་ཅིག་ཡིན་ནའང་། སྟབས་ལེགས་པ་ནི་ཁོང་ཆུང་དུས་ནས་རྒྱ་དམར་གྱི་སློབ་གསོ་སྤྲོད་སའི་སློབ་ཆུང་ཞིག་ཏུ་ཚུད་དེ། ཐེམ་པ་རིམ་བརྒལ་གྱིས་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་ལས་ཁུངས་བཅས་བརྒྱུད། ཐ་མར་ཡིག་ཚད་ལམ་ནས་པེ་ཅིང་གི་བོད་ཡིག་གནའ་རྩོམ་ཞིབ་འཇུག་འཛིན་གྲྭར་ཚུད་པ་རེད།
དོན་གྲུབ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་སྔ་ཕྱི་འགའ་གོང་བསྒྲིགས་ཏེ་བལྟས་ན། ཐོག་མར་ཁོང་གིས་བོད་ཡིག་གང་འཚམས་ཤེས་པ་རང་སྦྱོང་གི་ལམ་ནས་ཡར་རྒྱས་ཆེན་པོ་བཏང་འདུག་པ་ནི། མང་ཆེ་ཤོས་གསང་བའི་སྒོ་ནས་མིད་ལ་རས་པའི་རྣམ་མགུར་དང་སྒྲུང་དེ་འདྲ་བཀླགས་ཡོད་ས་རེད། རྗེས་སུ་པེ་ཅིང་དུ་དུང་དཀར་སྤྲུལ་སྐུ་དགེ་རྒན་ལ་གྱུར་ཏེ། མདོ་སྔགས་རིག་གནས་དང་བཅས་པར་གོ་སྟོབས་ཆེན་པོ་བྱུང་ཡོད་པ་མ་ཟད། རྒྱ་ཡིག་སྟེང་གི་དེང་དུས་ཀྱི་རྩོམ་ལུས་སྣ་ཚོགས་ལ་དཔེ་བལྟས་ནས་བོད་ཡིག་སྟེང་རྩོམ་ལུས་གསར་པ་མང་པོ་ཅིག་འབྲི་འགོ་བརྩམས་པ་རེད།
པེ་ཅིང་དུ་ཞིབ་འཇུག་སློབ་མཐར་ཕྱིན་རྗེས་དེ་གར་དགེ་རྒན་གྱི་ཕྱག་ལས་མཛད་ནའང་། ཆབ་ཆ་ལ་དགེ་རྒན་དུ་ཡོང་དགོས་པར་ནན་བསྐུལ་བྱུང་རྐྱེན། མཚོ་སྔོན་ཆབ་ཆའི་བོད་ཡིག་དགེ་ཐོན་སློབ་གྲྭར་དགེ་རྒན་བྱས་ནའང་། དོན་གྲུབ་རྒྱལ་ལ་ལྷན་སྐྱེས་ཀྱི་རིག་པ་རྣོན་པོ་དང་སྦྱངས་བའི་ཡོན་ཏན་ཆེན་པོ་ཡོད་པ་དང་མཚུངས། གཤིས་སྤྱོད་རྩུབ་པོ་དང་བཟོད་སྒོམ་ཆུང་ཆུང་། ང་རྒྱལ་ཆེན་པོ་དང་བག་མེད་སྐྱ་སྟོང་གི་གཤིས་ཀའང་ཆེན་པོ་ཡོད་ས་རེད།
དེ་ལ་པདྨ་འབུམ་ནས་“ཁོང་གི་ཐུགས་ཁམས་ཇེ་རྩུབ་དང་སྐུ་སྤྱོད་ཇེ་རྩིང་དུ་གྱུར་ཏེ་ཁོང་གི་སྙན་གྲགས་དང་ངན་གྲགས་གཉིས་བོད་སྤྱི་ཚོགས་སུ་འགྲན་འཕེལ་བྱེད་པ་ལྟ་བུ་ཞིག་བྱུང་། དེ་བཞིན་རྟག་པར་ཁོང་གིས་ཆང་རག་ཚོད་མེད་འཐུང་བ་དང་། བུད་མེད་དང་འདོད་པ་རྒྱ་ཡན་དུ་སྤྱོད་པ། མི་གཞན་དང་རྟག་པར་ཚིག་འཛིང་མ་ཟད་ལག་འཛིང་ཡང་ཤོར་གྱི་ཡོད་པ། ཕོ་སར་ཁ་ཤས་ཀྱིས་ཁོ་ལ་རུབ་རྡུང་བྱས་པ་སོགས་རྒྱུན་དུ་གྲགས་བཞིན་ཡོད།”ཅེས་དང་།
རྒྱུ་རྐྱེན་དེ་འདྲ་ལ་བརྟེན་སློབ་དགེ་དང་འགོ་ཁྲིད་མང་པོར་བསམ་སྤྱོད་མི་མཐུན་པ་དང་། ཁོང་ཚོའི་ཁ་གཏད་དུ་ལངས་ཏེ་རྩོད་གླེང་མི་མཐུན་པ་ཆེན་པོ་བྱུང་བས། ཐ་མར་དེ་སྔ་གདན་འདྲེན་པ་ཚོ་ཁ་ཏན་དུ་མ་གནས་པ་དང་བསམ་ཚུལ་མི་མཐུན་པ་བཅས་བྱུང་བ་མ་ཟད། ཁོང་ལ་གླེང་རྙོག་འདྲ་མིན་ཆེད་བཟོས་དང་སྤྱི་ཚོགས་ནང་མཐོང་ཚུལ་མི་ལེགས་པ་སོགས་བྱུང་སྟེ། ལས་ཀ་ནས་འཐོན་དགོས་ཐུག་པའི་གནས་སྐབས་ཀྱི་རྣམ་པ་པདྨ་འབུམ་གྱིས་བྲིས་པ་ནི་“ཁོང་ཚོ་ཚང་མར་ཁོང་གི་གྱོན་ཆས་དང་ཞལ་མདངས།གསུང་སྐད་སོགས་གང་གི་ཆ་ནས་སྔར་གྱི་སྤོབས་པ་དེ་དག་ཡལ་འདུག་པའི་ཚོར་སྣང་ཞིག་སྐྱེས།
དེ་མ་ཟད་འཇིག་རྟེན་འདིར་ཁོང་གི་སེམས་ཁོང་རྟོགས་ཐུབ་མཁན་ཞིག་མི་འདུག་ཅེས་རང་ཉིད་ཁེར་རྐྱང་དུ་ལུས་ཡོད་ཅིང་། མི་ཚེ་ལ་སུན་སྣང་སྐྱེ་བའི་རྣམ་འགྱུར་ཀྱང་བསྟན།”ཅེས་དང་། ཡང་ཁོང་དང་བཟའ་ཟླའི་བར་དོན་རྐྱེན་མང་པོ་ལྷག་བཞིན་པ་ནི་“ཁོང་ལ་ཕྱིའི་སྤྱི་ཚོགས་ལས་དོན་སྟེང་འདི་འདྲ་དཀའ་ཁག་ཡོད་པ་མ་ཟད། ཁྱིམ་ན་སྐུ་ཟླ་མཐུན་ལམ་ཡག་པོ་མེད་པའི་དཀའ་ཁག་ཀྱང་ཡོད་མུས་ཡིན། དོན་གྲུབ་རྒྱལ་གྱི་བསམ་བློས་བུད་མེད་ཀྱི་ཐོབ་ཐང་ཁས་ལེན་ན་ཡང་། ཁོང་རང་གི་སྐུ་གཤིས་ཀྱིས་བརྩི་འཇོག་མི་བྱེད་པ་མ་ཟད། དེ་ལ་རྡོག་རོལ་དུ་བཏང་སྟེ་རང་གི་སྐུ་ཟླ་ལ་སྡིགས་དམོད་དང་གཅར་རྡུང་ཐེངས་མང་པོར་བྱུང་ཡོད་པ་རེད་”སོགས། གང་ལྟར་གནས་སྟངས་དེ་འདྲའི་འོག་ཐ་མ་ཕྱི་ལོ་༡༩༨༥ ལོར་རང་ལོ་༣༢ སྟེང་ཁོང་བློ་ཕམ་གྱི་ངང་ཡོངས་གྲགས་སུ་ཕལ་ཆེར་རང་སྲོག་བཅད་དེ་དཀྲོངས་ཡོད་པ་རེད།
ཁོང་དཀྲོངས་དུས་ཀྱི་གནས་ཚུལ་སྐོར་པདྨ་འབུམ་གྱིས་“ཁོང་ལ་གཟིམ་ཤག་མདོ་སྦུག་གཉིས་ཡོད་པ་ལས་སྦུག་མའི་ཉལ་ཁྲིའི་སྟེང་དུ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་ཡོད་ཅིང་། ཐང་དུ་དུད་ཁུང་མེད་པའི་ལྕགས་ཐབ་ཅིག་ཡོད་པ་དེའི་ཐབ་ཁུང་དུ་རྡོ་སོལ་ཕྱུར་བུར་བཀང་ཡོད། དེའི་འཁྲིས་སུ་ཨ་རག་འཐུང་འཕྲོའི་ཤེལ་དམ་ཞིག་འགྱེལ་ཡོད་པ་དང་། ཐ་མག་འཐེན་འཕྲོའི་ཤོག་སྒམ་ཞིག་གི་ནང་ནས་ཐ་མག་རྐང་འགའ་ཤས་ཐོར་ཡོད་འདུག ཡིག་ཅོག་ཏུ་ཁོང་གི་བློས་ཐུབ་གྲོགས་ཟླ་བ་དང་སྐུ་ཟླ་སོ་སོ་ལ་བྲིས་པའི་ཞལ་ཆེམས་རེ་ཡོད།”ཅེས་པ་ནི་དོན་གྲུབ་རྒྱལ་གྱི་མི་ཚེའི་ཆེས་མཐའ་མཇུག་གི་བྱུང་བ་རེད།
དོན་གྲུབ་རྒྱལ་གྱི་བརྩམས་ཆོས།
དོན་གྲུབ་རྒྱལ་ནི་བོད་མིའི་ཆོས་རིག་སྐད་ཡིག་བཅས་པ་རྩ་མེད་གཏོང་བཞིན་པའི་འཁོར་ཡུག་ཅིག་གི་ནང་འཚར་ནའང་། ཁོང་གིས་གཅིག་ནས་སོ་སོས་ཨུ་ཚུགས་ཀྱིས་སློབ་སྦྱོང་མཐུན་རྐྱེན་བཙལ་བ་དང་། གཉིས་ནས་གོ་སྐབས་ཅུང་ཟད་བྱུང་བ་དམ་འཛིན་གྱིས་རང་ཉིད་ཡར་རྒྱས་སུ་བཏང་སྟེ། སྔ་རྗེས་མཚོ་སྔོན་བོད་ཡིག་གསར་འགྱུར་དང་སྦྲང་ཆར། གངས་དཀར་རི་བོ་སོགས་དུས་དེབ་དང་གསར་ཤོག་སྣ་མང་སྟེང་། རང་མོས་སྙན་ངག་གྲགས་ཆེན་ལང་ཚོའི་རྦབ་ཆུ་དང་སྒྲུང་རྩོམ་སྤྲུལ་སྐུ། འབྲོང་སྟག་ཐང་། ལྷུག་རྩོམ་གྲགས་ཅན་རྐང་ལམ་ཕྲ་མོ་སོགས་བཀོད་དེ། ཕྱིས་སུ་དེ་ཚོ་འབོལ་རྩོམ་ཞོགས་པའི་སྐྱ་རེངས་ནང་ཕྱོགས་བསྒྲིགས་འགྲེམས་སྤེལ་གནང་བར་མཚན་སྙན་གྱིས་ཁྱབ་ཅིང་། རྩོམ་ཡིག་ཁག་ཅིག་ལྗོངས་དང་ཞིང་ཆེན་ལྔའི་མཉམ་བསྒྲིགས་སློབ་དེབ་ནང་དུའང་འཁོད་ཡོད་པ་རེད།
ལོ་རྒྱུས་ཁག་ནང་འཁོད་པ་ཡིན་ན། དོན་གྲུབ་རྒྱལ་ནི་ཆང་དང་བུད་མེད་བསྟེན་རྒྱུར་ཧ་ཅང་དགའ་མཁན་དང་། མི་གམ་བཟུང་ཅན་དང་རིག་པ་རྣོན་པོ། མི་རིགས་ཀྱི་ལར་ཞེན་དང་ཚོར་བ་རྣོན་པོ་ཡོད་མཁན་ཅིག་ཡིན་པས། རྒྱ་བོད་ཀྱི་ལར་རྒྱ་བརྩད་དེ་གཞན་ལ་ཁ་འཛིངས་དང་ལག་འཛིངས་མང་པོ་ཤོར་སྐད། གང་ལྟར་ཁོང་འདས་རྗེས་ཁོང་གིས་བྲིས་པ་སྒྲུང་རྩོམ་དང་ལྷུག་རྩོམ། སྙན་ངག་དང་འགྲེལ་རྩོམ། དཔྱད་རྩོམ་དང་བསྒྱུར་རྩོམ་སོགས་དེབ་དྲུག་གི་བདག་ཉིད་ཅན་དཔར་བསྐྲུན་གནང་བར། ཕྱི་ལོ་༡༩༩༩ ལོར་རྒྱ་ནག་གི་དེབ་ཀྱི་ཆེས་མཐོའི་བྱ་དགའ་ཐོབ་ཡོད་པར་གྲགས།
ང་རང་གིས་བསམ་ན་དོན་གྲུབ་རྒྱལ་ནི་བོད་ཀྱི་སྐད་ཡིག་དེང་རབས་སུ་བསྒྱུར་བར་འདོད་མོས་ཤུགས་ཆེ་ཡོད་པ་ཅིག་ཡིན་པར་སྙམ། རྒྱུ་མཚན་ཁོང་གིས་འཛམ་གླིང་སྤྱི་འགྲོས་ཀྱི་རྩོམ་ལུགས་གསར་པ་མང་པོ་ཅིག་བོད་ཡིག་ནང་བྲིས་གནང་ཡོད། དམིགས་བསལ་ཁོང་གི་བྱས་རྗེས་གཙོ་བོ་ཁྱད་པར་བ་ཞིག་ནི། པདྨ་འབུམ་གྱིས་“སྐབས་དེའི་རྩོམ་ཡིག་མང་པོས་གུང་ཁྲན་ཏང་དང་དེའི་འཕྲལ་སེལ་གྱི་སྲིད་ཇུས་སྣ་ཚོགས། མེས་རྒྱལ་དང་མི་རིགས་མཐུན་སྒྲིལ།དེ་མིན་རང་གི་ཆོས་དང་རིག་གཞུང་བཅས་བསྔགས་བརྗོད་ཁོ་ན་བྱས་ཡོད་ཅིང་། དེ་ཡང་ཕལ་ཆེར་ཚིགས་བཅད་ཀྱི་རྩོམ་ལམ་ཁོ་ན་ཡིན། ཡུན་རིང་མ་སོང་བར་དུས་དེབ་དེ་དག་གི་རྩོམ་སྒྲིག་པ་དང་ཀློག་མཁན་གཉིས་ཀ་སུན་སྣང་སྐྱེ་བཞིན་ཡོད་ཅིང་། སྐབས་དེར་དོན་གྲུབ་རྒྱལ་གྱིས་སྦྲང་ཆར་དུ་འབྲོང་སྟག་ཐང་དང་སྤྲུལ་སྐུ། སད་ཀྱིས་བཅོམ་པའི་མེ་ཏོག་བཅས་རིམ་པས་སྤེལ་གནང་གནང་བར་བརྟེན། རྩོམ་སྒྲིག་པ་དང་ཀློག་པ་བོ་ཚོར་ཐན་དུས་ཀྱི་ཆར་པ་ལྟ་བུར་གྱུར་ཡོད། དམིགས་བསལ་བོད་གཞོན་གསར་རྩོམ་ལ་འཇུག་པ་རྣམས་ལ། བོད་ཀྱི་སྤྱི་ཚོགས་འདི་རྩོམ་རིག་གི་ལམ་ནས་སྟོན་རྒྱུའི་རེ་བའི་མྱུ་གུ་ཐོག་མར་འབུས་”ཞེས་གསུངས་པ་དོན་ལ་གནས་པར་སེམས།
ཉིན་ཤས་སྔོན་ཆེད་དུ་ཁོང་གི་གསུང་རྩོམ་ཁག་བསྐྱར་ཀློག་བྱས་ཡིན་ལ། ཁོང་གི་རྩོམ་བྲིས་རྣམས་ནི་དེང་སང་ཨ་མདོ་ཕྱོགས་ཀྱི་རྩོམ་པ་བོ་རྣམས་དང་མི་འདྲ་བར། ཁོང་ལ་སྲོལ་རྒྱུན་རིག་གཞུང་གི་སྦྱངས་པ་གཏིང་ཟབ་ཡོད་པས། དེང་རབས་ཀྱི་རྩོམ་སྲོལ་རང་མོས་སྙན་ངག་དང་སྒྲུང་རྩོམ་ཁག། ལྷུག་རྩོམ་དང་བསྒྱུར་རྩོམ་དེ་ཚོ་བརྗོད་བྱ་གོ་དོན་ཟབ་མོ་དང་རྗོད་བྱེད་བོད་རང་གི་ཚིག་འགྲོས་གཤིས་ཉམས་ཆེན་པོར་ལྡན་པ། སྐབས་དེའི་བོད་མིའི་སྤྱི་ཚོགས་ལ་དཔག་སྟེ་བསམ་བློ་གསར་པ་གཏོང་ཐུབ་པ་དང་བསམ་བློ་བཏང་བ་ཁག་ཡིག་ཐོག་འབྲི་ཐུབ་པ། གཞོན་སྐྱེས་རྣམ་དཔྱོད་དང་སྙིང་སྟོབས་གཉིས་འཛོམས་ཤིག་ཡིན་པས། ཁོང་གི་རྩོམ་སྲོལ་གསར་པ་དེ་དག་བོད་ཡིག་གི་དཔལ་དང་རྒྱན། བོད་ཡིག་ཡར་རྒྱས་དང་དེ་ལ་མང་མང་གིས་དོ་སྣང་དོན་གཉེར་ཡོང་བར་ཕན་ཁྱད་ཆེན་པོ་འཐོན་ཡོད།
དོན་གྲུབ་རྒྱལ་གྱི་ཤུགས་རྐྱེན།
རྩོམ་པ་བོ་དང་བསམ་བློ་བ།ཆོས་དང་སྲིད་དོན་པ་སུ་འདྲ་ཅིག་ཡིན་ན་གལ་གནད་ཆེ་ཤོས་ནི་དེའི་རྗེས་འབྲས་ཀྱི་ཤུགས་རྐྱེན་ནམ། མིའི་བསམ་བློའི་ནང་ཁོ་རང་གི་བསམ་བློའི་བག་ཆགས་ཇི་ཙམ་འཇོག་ཐུབ་མིན་རེད། དོན་གྲུབ་རྒྱལ་གསོན་པའི་རིང་ནས་ཁོའི་བསམ་བློ་དང་རྩོམ་ལུས་གསར་པ་དེས་ཡག་ཉེས་ལ་མ་ལྟོས་པར། བོད་མི་གཞོན་པ་ཚོར་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་བཞག་པར་ངོས་འཛིན་ཡོད། དཔེར་ན། དོན་འགྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་དང་རྐང་ལམ་ཕྲ་མོ་སོགས་བྲིས་པ་ནས་ལྗང་བུ་དང་འཇུ་བསྐལ་བཟང་། དུར་བུད་རྣམ་གྲགས། འབྲོང་། དཔའ་རྩེ་སོགས་སྙན་ངག་གསར་པ་འབྲི་མཁན་གྲགས་ཅན་མང་པོ་བྱུང་ཡོད་སྟབས། པདྨ་འབུམ་གྱིས་“ཁོང་གིས་ཞིབ་འཇུག་སློབ་མ་གནང་སྐབས་ནི་ཐུགས་སྤོབས་མཐོ་བའི་དུས་ཡིན་པ་མ་ཟད། རྩོམ་གྱི་འཕྲིན་ལས་ཀྱང་ཧ་ཅང་དར་སྐབས་ཡིན། སྒྲུང་རྩོམ་དང་སྙན་རྩོམ་མང་པོ་བརྩམས་པ་མ་ཟད། ཁོང་གི་རྩོམ་སྟངས་གསར་པའི་སྙན་རྩོམ། ལང་ཚོའི་རྦབ་ཆུ་བཏོན་པ་ནས་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱི་སྙན་ངག་རྩོམ་ཀློག་གི་བློ་ཁ་དབྱར་དགུན་ཞག་གཅིག་ལ་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་”ཞེས་གསུངས་ལ། དེར་མཁས་དབང་འཇུ་བསྐལ་བཟང་གིས་ཀྱང་དེང་སང་དགེ་རྒན་ཆེན་པོ་ཚོས་རང་མོས་སྙན་ངག་འབྲི། སློབ་གྲྭ་ཆེ་འབྲིང་ཀུན་པོས་རང་མོས་སྙན་ངག་འབྲི། ཐ་ན་སློབ་ཆུང་སློབ་མས་ཀྱང་རང་མོས་སྙན་ངག་འབྲི་ཞེས་བསྡོམས་བསྐྱོན་གནང་ཡོད།
སྒྲུང་རྩོམ་གྱི་ཆ་ནས་ཀྱང་སྤྲུལ་སྐུ་དང་སད་ཀྱིས་བཅོམ་པའི་མེ་ཏོག། རྒྱུ་འབྲས་མེད་པའི་མནའ་མ་སོགས་མང་པོ་ཅིག་བྱུང་ནས་བཟུང་། སྒྲུང་རྩོམ་པ་གང་མང་བྱུང་སྟེ་ཐ་མར་ཚེ་རིང་དོན་འགྲུབ་དང་སྟག་འབུམ་རྒྱལ། བཀྲ་ཤིས་དཔལ་ལྡན་སོགས་ཆར་ཤུལ་གྱི་ཤྭ་མོ་བརྡོལ་བ་བཞིན་བྱུང་ཡོད་ཅིང་། ལྷུག་རྩོམ་ལ་ནི་དེ་ལས་ཀྱང་དབྱར་གྱི་ཆུ་བོ་རྒྱས་པ་བཞིན་ཡིན།
ད་ནི་ཁོང་གི་བསམ་བློ་གཏོང་ཕྱོགས་ལ་དཔྱད་པ་ཐུང་ཙམ་བཏང་ན། སྤྱིར་མི་ཁོག་མིས་མི་ལོན་པ་ལྟར། མཐའ་གཅིག་ཏུ་མི་ཞིག་གི་བསམ་པའི་འཆར་ཚུལ་འདི་རེད་ཅེས་ཁ་ཚོན་གཅོད་རྒྱུ་ཧ་ཅང་ཁག་པོ་རེད། འོན་ཀྱང་། ཁོང་གི་རྩོམ་ཁག་ལས་མངོན་པར་བལྟས་ཏེ་བསམ་བློ་ཚོད་དཔག་བྱས་ན། དེང་སང་མང་པོ་ཅིག་གིས་དོན་གྲུབ་རྒྱལ་ལ་དམར་པོའི་ལྟ་བ་ཡོད་པར་གསུང་གིན་ཡོད་ལ། བོད་ཡིག་ཏུ་ནང་ཆོས་ཀྱི་བརྗོད་བྱ་ཁག་ཡོད་པ་ཕུད། དོན་གྲུབ་རྒྱལ་གྱིས་ཤེས་པ་རྒྱ་བོད་ཡིག་རིགས་གཉིས་ཀའི་ནང་དམར་པོའི་ལྟ་གྲུབ་ཁོ་ན་ཕྱི་ཚོས་ནང་ཚོས་ཡིན་པ་དང་། དེ་མིན་གྱི་རིག་གཞུང་གཞན་ཁག་རྨོངས་དད་དང་རྙིང་ཞེན་ལོག་སྤྱོད་དུ་བརྩིས་ཏེ། རྩ་གཏོར་བཀག་འགོག་གིས་ནང་འདྲེན་བྱེད་མི་ཆོག་པའི་དུས་དང་། གྲལ་རིམ་འཐབ་རྩོད་སོགས་གནམ་ས་མགོ་རྟིང་སློག་བཞིན་པའི་གནས་སྐབས་དེ་འདྲར་འཚར་ལོངས་ཀྱི་མི་ཞིག་ལ། ཁོར་ཡུག་དེའི་བསམ་བློའི་བག་ཆགས་འགོས་མི་རུང་བ་དང་མེད་པར་སྨྲས་ན། དེ་ནི་མིའི་རང་བཞིན་ཆོས་ཉིད་དང་མཐུན་པ་ཅིག་ཨེ་ཡིན་ནམ།
འོན་ཀྱང་དེ་ལས་ཤུགས་ཆེན་པོ་ཁོང་ལ་མི་རིགས་ཀྱི་ལར་ཞེན་དང་སྤྱི་སེམས། བོད་མིའི་སྤོབས་པ་དང་རྒྱ་འོག་ཏུ་སྡུག་བསྔལ་མྱངས་བཞིན་པར་ནད་མ་ཐེག་པ་སོགས། ཆུ་མཛོད་ཁ་ཤོར་བ་ལྟ་བུའི་ཚོར་ཤུགས་ཆེན་པོ་ཅིག་རྩོམ་ཡིག་ཁག་ཏུ་མངོན་ཡོད་པས། དེས་བོད་མི་གཞོན་སྐྱེས་ཚོའི་སེམས་ནང་རང་ཉིད་སུ་ཡིན་པ་དང་། སུས་སྡུག་པོ་གཏོང་བཞིན་པ། སུ་བོད་མིའི་དགྲ་ཡིན་པ། འབྱུང་འགྱུར་ག་རེ་བྱེད་དགོས་པ་སོགས་ལ་ངོས་འཛིན་ཟབ་མོ་ཐོབ་ཡོད་པ་རེད།
ལྷག་པར་བོད་ནང་གཞོན་སྐྱེས་མང་པོའི་སེམས་ངོར་དོན་འགྲུབ་རྒྱལ་ནི་བཙན་དབང་ལ་དཔའ་མི་ཞུམ་པར་ཁ་གཏད་ཐུབ་མཁན་ཅིག་ཏུའང་མཐོང་གི་ཡོད། དེ་ལ་པདྨ་འབུམ་གྱིས་དོན་གྲུབ་རྒྱལ་གྱི་མི་ཚེ་ཟེར་བའི་རྩོམ་ནང་དུ།“དེང་སང་བོད་ནང་གི་གཞོན་སྐྱེས་རྩོམ་པ་བོ་དང་ཤེས་ཡོན་ཅན་རྣམས་ཀྱི་སེམས་སུ་དོན་གྲུབ་རྒྱལ་ནི་རྩོམ་ལམ་གསར་གཏོད་མཁན་རྩོམ་པ་བོ་ཙམ་མིན་པར། བཙན་དབང་ལ་དཔའ་མི་ཞུམ་པར་མི་རིགས་ཀྱི་ལ་རྒྱ་རྩོད་མཁན་མིག་དཔེ་ལྟ་བུར་གྱུར་ཡོད་”ཅེས་གསུངས་བའི་མཚོན།
ཁོང་ནི་ཐུགས་སྤོབས་ཧ་ཅང་གིས་ཆེན་པོར་མངའ་བ་ཞིག་ཡིན་ས་རེད། ནམ་རྒྱུན་ཁོང་གིས་“ང་ལ་ང་རྒྱལ་ཡོད། དེ་དགོས་པ་ཞིག་ཡིན། མི་ཞིག་ལ་ང་རྒྱལ་མེད་ན་མི་གཞན་པའི་མཐོང་ཆུང་མྱོང་དགོས། མི་སྒེར་བའི་ང་རྒྱལ་བསགས་ནས་མི་རིགས་ཤིག་གི་ང་རྒྱལ་གྲུབ་དགོས་”ཞེས་གསུང་གི་ཡོད་ཅིང་།
དེང་སང་གི་བོད་ནང་གི་གཞོན་སྐྱེས་མང་པོ་ཅིག་གང་ལའང་འཇིགས་སྐྲག་མི་ཤེས་པར། རང་གི་བསམ་འདོད་སྒྲུབ་ཕོད་པས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱུང་བཞིན་པ་དང་། སྙན་ངག་པ་དང་རྩོམ་པ་བོར་ཁས་འཆེ་བ་མང་པོ་ཅིག་སྤྱོད་པ་ཧ་ཅང་འཆལ་བོ་ཡིན་པ། བཙན་བྱོལ་དུ་སླེབས་པའི་མདོ་སྨད་ཕྱོགས་ཀྱི་གཞོན་སྐྱེས་ཚོར་གུས་ཞབས་མི་འདུག་ཅེས་བོད་མི་བྱིངས་ནས་མི་དགའ་བ་ཆེན་པོ་བྱེད་པ་སོགས་ཀྱང་། གང་འཚམས་ཁོང་གིས་ཤུགས་རྐྱེན་ངེས་ཅན་ཅིག་ཐེབས་ཡོད་པ་རེད་སྙམ།
དོན་གྲུབ་རྒྱལ་ལ་ལེགས་ཉེས་ཀྱི་མཐོང་ཚུལ།
ཡོངས་གྲགས་སུ་དོན་གྲུབ་རྒྱལ་ནི་སྒྲུང་དང་ལྷུག་རྩོམ། སྙན་ངག་གསར་པ་གང་གི་ཆ་ནས་བོད་ཡིག་སྟེང་དེང་རབས་ཀྱི་རྩོམ་སྲོལ་གསར་པ་ཕྱེས་མཁན་ཤིང་རྟའི་སྲོལ་འབྱེད་ལྟ་བུར་གྱུར་ཡོད་པ་མ་ཟད། སྲོལ་རྒྱུན་རྩོམ་རིག་གི་ཆ་ནས་ཀྱང་ཚིགས་བཅད་དང་འགྲེལ་རྩོམ། ལོ་རྒྱུས་དང་མགུར་སོགས་ལ་དཔྱད་རྩོམ་གྱི་ལག་རྗེས་ཤིན་ཏུ་ཆེན་པོ་ཡོད་པ་ཅིག་ཡིན་རྐྱེན། ཁོང་ལ་ངེས་དོན་གྱི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་གཉན་ཤུལ་མཁྱེན་རབ་འོད་ཟེར། དོར་ཞི་གདོང་དྲུག་སྙེམས་བློ་སོགས་ཀྱིས་བསྔགས་བརྗོད་མེ་ཏོག་ལན་མང་གཏོར་ཡོད་ཅིང་།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་ནང་ཆོས་ཀྱི་ནུས་སྟོབས་སུ་འབོད་པའི་དེབ་ཅིག་གི་ནང་། ཨ་མདོ་དོན་འགྲུབ་རྒྱལ་ནི་སྒྲུང་རྩོམ་པ་གྲགས་ཆེན་ཞིག་ཡིན་པར་ངོས་འཛིན་གནང་འདུག་ལ། བོད་ཕྱི་ནང་གི་གཞོན་སྐྱེས་མང་པོས་ཁོང་གི་རྩོམ་ལ་དགའ་མོས་དང་རྗེས་དྲན་བྱེད་པ། ཁོང་གི་གཤིས་སྤྱོད་ཚུན་ལ་དོ་སྣང་ལད་མོ་བྱེད་མཁན་གང་མང་མཐོང་ཐོས་སུ་གྱུར་མྱོང་།
ལྷག་པར་ནུབ་ཕྱོགས་རྒྱལ་ཁག་ནང་སྒྱུ་རྩལ་བ་དང་སྙན་ངག་པ་ཚད་ལྡན་མང་པོ་ཅིག། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་རང་གི་ཚོར་བ་རྣོ་དྲག་པ། རང་གི་བསམ་སྤྱོད་གཞན་གྱི་བློ་ཡུལ་དུ་མ་བཤོངས་བ་སོགས་ཀྱི་གནས་ཚུལ་འོག། རང་ཤི་བརྒྱབས་མཁན་མང་པོ་བྱུང་བཞིན་པའི་ལོ་རྒྱུས་ཡོད་གཤིས། དོན་གྲུབ་རྒྱལ་ལ་ཞིབ་འཇུག་པ་དང་དཔྱད་བརྗོད་སྤེལ་མཁན། གདེང་འཇོག་གནང་མཁན་དང་ཁོང་ནི་ནུབ་ཕྱོགས་ཀྱི་ James dean ལྟ་བུར་ངོས་འཛིན་གྱི་རྩོམ་ཡིག་སྤེལ་བའང་མཐོང་མྱོང་།
འོན་ཀྱང་། འཛམ་གླིང་འདིར་མི་ཚང་མས་ཁས་ལེན་རྒྱུའི་མི་ཞིག་ཡོང་མི་སྲིད་པ་ཡིན་དུས། དོན་གྲུབ་རྒྱལ་ལའང་གཤེ་སྤྱོས་དམའ་འབེབས་གཏོང་མཁན་མང་པོ་མཐོང་སོང་། བོད་ཕྱི་ནང་གི་རྩོམ་པ་བོ་ནང་ཆོས་དང་སྲོལ་རྒྱུན་རིག་གཞུང་མཁྲེགས་འཛིན་པ་མང་པོ་ཅིག་གིས། དངོས་སུ་རྩོམ་ཡིག་གི་ལམ་ནས་དོན་གྲུབ་རྒྱལ་ནི་གཞོན་སྐྱེས་མང་པོར་དམར་པོའི་བསམ་སྤྱོད་སྤེལ་མཁན་དང་། ཆོས་དང་སྲོལ་རྒྱུན་རིག་གནས་ལ་མཐོང་ཚུལ་མི་ལེགས་པ་སྤེལ་མཁན། བོད་མིའི་བསམ་སྤྱོད་གཙང་མ་དོར་ཏེ་དེང་དུས་ཀྱི་འཆལ་སྤྱོད་དང་ལེན་གྱིས་བོད་མི་གཞོན་སྐྱེས་ཚོའི་གཤིས་ཀ་གླ་བོར་གཏོང་བ་དང་། དེང་དུས་བོད་གཞོན་ཚོས་དགེ་ཆོས་དང་དོན་རྒྱལ་གཉིས་མ་གཏོགས་བོད་ལ་མཁས་པ་མེད་པ་ལྟ་བུར་མཐོང་བཞིན་པ་ནི། ཡག་རྟགས་མིན་པར་སྲོལ་རྒྱུན་རིག་གཞུང་གི་ཤེས་ཚད་ཤིན་ཏུ་དམན་རྟགས་སུ་ངོས་འཛིན་གྱིས། དོན་གྲུབ་རྒྱལ་རྗེས་འབྲངས་དང་བཅས་པར་གཤེ་སྤྱོས་མང་པོ་གནང་འདུག
བཙན་བྱོལ་སྤྱི་ཚོགས་སུ་མི་གནད་ཡོད་ཚོས་སྤྱིར་སྲིད་དོན་དང་ཁེ་ཕན་དབང་ཆ་གསུམ་མ་གཏོགས། བརྗོད་གཞི་གཞན་ལ་དེ་ཙམ་དོ་སྣང་དང་སྤྲོ་བ་ཆུང་བས། ནམ་རྒྱུན་ཆོས་བཤད་རྐྱང་གནང་བའི་བླ་མ་ཚོ་ཚུན་ཕུགས་ཀྱི་དམིགས་ཡུལ་རྒྱུ་མ་ཕུ་འདེད་བྱས་ན།ཆོས་དེ་ཡང་དཔལ་འབྱོར་སྒྲུབ་པའི་ལག་ཆ་ཁོ་ན་ལ་མི་སྤྱོད་མཁན་བརྒྱ་གཅིག་གཉིས་ཙམ་ཡིན་པས། སྲིད་དོན་དང་དབང་ཆ། ཁེ་ཕན་ལ་མ་འབྲེལ་བའི་དོན་གཞན་ལ་དེ་ཙམ་དོ་སྣང་མི་བྱེད་སྟབས། དོན་གྲུབ་རྒྱལ་ལ་མི་སྣ་གནད་ཡོད་ནང་དོ་སྣང་ཡོད་པ་ཤིན་ཏུ་ཉུང་།
འོན་ཀྱང་མཁས་པ་རེ་ཟུང་དང་རྩོམ་བྲིས་པ་རེ་གཉིས་ཀྱིས་དོན་གྲུབ་རྒྱལ་ལ་ལེགས་ཉེས་ཀྱི་དབྱེ་ཞིབ་ཐུང་ཙམ་རེ་གནང་ཡོད་ཁོངས་ནས། ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་གིས་རླུང་རྟ་འདོན་ཐེངས་༡༢ པའི་མཇུག་གཏམ་དུ། དོན་གྲུབ་རྒྱལ་ནི་བོད་རང་གི་ལྟ་བ་མེད་པར་དམར་ཕྱོགས་ཀྱི་བསམ་བློ་ཡོད་པ་དང་། ནུབ་ཕྱོགས་པ་ཚོར་ལད་ཟློས་གཡམ་རྒྱུགས་ཀྱིས་རང་གི་སྙན་གྲགས་ཁོ་ན་ལ་རེ་བ་བྱས་ཏེ། ཐ་ན་སྙན་གྲགས་རྒྱས་ཐབས་སུ་རང་སྲོག་རང་གིས་བཅད་པ་ལྟ་བུ་ནི། ཧ་ཅང་གིས་ཐབས་སྡུག་བོད་པའི་རིག་གཞུང་དང་རྩ་འགལ་དུ་གྱུར་པ་སོགས་མང་པོ་སྤྱོས་འདུག་ལ།
སྲོལ་རྒྱུན་རིག་གཞུང་ལ་མཁས་པ་རག་ར་བཀྲས་མཐོང་གིས་ཐེངས་ཤིག་ཨེ་ཤ་ཡ་རླུང་འཕྲིན་ལས་རིམ་ནང་དུ། དོན་གྲུབ་རྒྱལ་ནི་མཁས་པའི་རྣམ་དཔྱོད་འགྲན་ཟླ་བྲལ་བའི་གཞོན་སྐྱེས། གནའ་རབས་མཁས་པའི་གསུང་རྩོམ་ཁག་ལ་འགྲན་ཐུབ་པ་ཅིག་ཡིན་པ་མ་ཟད། དོན་གྲུབ་རྒྱལ་གྱི་རྩོམ་མང་པོ་ཅིག་བཀའ་རྒྱུད་པའི་མཁས་གྲུབ་ཚོའི་རྩོམ་གཤིས་འདྲ་བོ་ཡོད་པ་སོགས་གསུང་བ་ང་རང་གིས་དངོས་སུ་ཉན་མྱོང་།
མདོར་རྩ། རི་ཞིག་ཡིན་ན་དེ་ལ་ཉིན་སྲིབ་ཡོད་པ་ལྟར། མི་སུ་འདྲ་ཅིག་ཡིན་ན་དེ་ལ་བཟང་ངན་གཉིས་ཀའི་ཆ་ངེས་པར་ཡོད་པ་རེད་མ་གཏོགས། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ལ་རེ་བ་ནི་ཕལ་ཆེར་འཁྲུལ་སྣང་རེད། ང་ཚོས་སོ་སོའི་ཉམས་མྱོང་གིས་དཔྱད་ན་ཤེས་ངེས་ཡིན་པས། དོན་གྲུབ་རྒྱལ་ལ་སྐྱོན་གྱི་ཆ་མང་པོ་ཡོད་ངེས་རེད་ལ། ཡོན་ཏན་གྱི་ཆ་ཡང་མང་པོ་ཡོད་པ་མཐོང་ཆོས་སུ་གསུང་རྩོམ་བཞག་ཡོད་སྟབས། དོན་གྲུབ་རྒྱལ་ལས་བསླབ་བྱ་བླངས་ཏེ་བླང་དོར་གནང་རྒྱུ་གལ་ཆེན་རེད་སྙམ།
དེང་སྐབས་མི་མང་པོ་ཞིག་གིས་དོན་གྲུབ་རྒྱལ་གླེང་སྐབས། ལོ་རྒྱུས་རྒྱབ་ལྗོངས་ཕལ་ཆེར་མགོ་ཚོས་མེད་པར་འདོད། དོན་གྲུབ་རྒྱལ་ལགས་མཐོ་སློབ་འགྲིམས་སྐབས་ནི་རྒྱ་ནག་གཞུང་གིས་མཐོ་རིམ་སློབ་གྲ་བསྐྱར་གསོ་གནང་པའི་དུས་ཡིན་པའི་ཁར། སློབ་འགྲིམས་གནང་ཡུལ་པེ་ཅིང་ཡིན་པས། རྒྱ་དམར་དབང་བསྒྱུར་ས་ཁུལ་དུ་དུས་རབས་ཤིག་གི་རྟོགས་སད་པ་ཐོག་མའི་གྲལ་ཡིན་ལ། བོད་མི་རིགས་ཀྱི་ཨང་དང་པོ་ཡིན། ཡིན་ནའང་། དག་ཐེར་བྱེད་ཆོག་པ་ཞིག་རེད།
སྡེབ་སྦྱོར་མཛེས་ལ་ཀློག་སྤྲོ་བོ་བྲིས་གནང་བྱ། ཐུགས་རྗེ་ཆེ་ཞུ་ཡ་ཡིན།
དོན་རྒྱལ་སྐོར་གྱི་དཔྱད་རྩོམ་བློ་ལ་བབ་པོ་ཞིག་བྲིས་འདུག། མི་ཞིག་གི་ལོ་རྒྱུས་གླེང་སྐབས་སུ་ལེགས་ཉེས་གཉིས་ཀའི་ཐད་ནས་གླེང་རྒྱུ་ནི་དཔྱོད་བརྗོད་བཟང་ངན་གྱི་ཚོད་ཐིག་ཞིག་རེད།
བཀའ་དྲིན་ཆེ།།
དོན་འགྲུབ་རྒྱལ་ལགས་ལ་དམར་པོའི་བསམ་བློ་ཡོད་ཟེར་ནས་སྨྲ་མཁན་དག་ནི་ཕྱོགས་ཞེན་གྱིས་བཟུང་བ་དག་རེད། ༧རྒྱལ་བ་ཡིད་བཞིན་ནོར་བུས་ཀྱང་རང་ཉིད་ཕྱེད་དམར་པོ་ཡིན་ཡང་ཡང་གསུང་བཞིན་པ་རེད། དམར་ཕྱོགས་བསམ་བློ་དང་དམར་པོ་རིང་ལུགས་ནི་རྒྱ་གུང་ཁྲན་གྱིས་ཁ་ཞེ་མི་མཚུགས་པའི་ལག་ལེན་བྱེད་སྟངས་ལས་སྡུག་ཅག་ཅིག་ཏུ་གྱུར་བ་ལས་རིང་ལུགས་ནི་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡོད་རེད། དེ་བས་བོད་མི་གསར་བརྗེ་བ་འབའ་ཕུན་དབང་ལགས་ཀྱང་ཡིད་དབང་འཕྲོག་པ་མ་ཡིན་ནམ།
བཀྲ་ཚེ་ཟེར་བ་འདིས་ཅི་ཤེས།
བཀྲ་ཤིས་ཚེ་རིང་ཟེར་བ་དེས་དེ་འདྲ་འཁྱོག་བཤད་ཅིག་བྱས་པ་ནི་གནམ་ལ་མི་ཤོང་བའི་ཉེས་པ་བསགས་པ་རང་རེད། xxxx ད་དུང་བོད་ཀྱི་ཡིག་ཚགས་གང་མང་ལྐོག་ཏུ་ཉར་ཏེ་རང་གི་ཁེ་གྲགས་གཅིག་པུ་དོན་དུ་གཉེར་མཁན་ཞིག་ཡིན་པ་རྒྱུས་ཡོད་ཀུན་ལ་གྲགས། ཁོང་གི་སྐད་ཆ་བཤད་སྟངས་འདི་ལས་ཁོང་ཕྲག་དོག་ཅན་ཞིག་ཡིན་པ་གསལ་ལྷང་ངེར་བསྟན་མི་འདུག་གམ།
རང་གྲོལ་ལམ་དོན་འགྲུབ་རྒྱལ་ལགས་ཀྱི་སྐུ་ཡོན་ལ་ག་ཚོད་སྟོད་ན་ཆོག། འོན་ཀྱང་ཁོང་སློབ་གསོ་ཡིས་རང་སྲོག་བཅད་པ་རེད། ཤེས་ཡོན་སློབ་གསོས་མིའི་ཚེ་སྲོག་ཡར་འདེབས་དགོས་རྒྱུ་ལས་་དེས་རང་སྲོག་གཅོད་པས་རྒྱུ་རུ་སོང་ན་ཁ་ཕྱིར་ལྟའི་སློབགསོའི་དབང་དུ་གྱུར་སོང་ནི་རེད།
ཁོང་ལ་དམིགས་བསལ་བསྟོད་ཀྱང་མེད་ལ་སྨད་ཀྱང་མེད།སོ་སོའི་གང་མཐོང་བ་ཙམ་བྲིས་ཡོད།
དོན་གྲུབ་རྒྱལ་གྱིས་རང་སྲོག་བཅད་ཙམ་གྱིས་སློབ་གསོ་ནོར་བ་བཤད་ཐུབ་བམ།དེ་འདྲ་ཡིན་ན་སངས་རྒྱས་པའི་བླ་སྤྲུལ་མཁས་པ་སོགས་ཆོས་ལ་གོ་རྟོགས་གཏིང་ཟབ་ཡོད་མཁན་ནང་དུའང་རང་སྲོག་གཅོད་མཁན་བྱུང་ཡོད་པས།ནང་ཆོས་དེ་ཁ་ཕྱིར་ལྟའི་རིག་གཞུང་ཞིག་ཡིན་རྒྱུ་རེད་ད།
ཤིང་རྟའི་སྲོལ་འབྱེད་ཀྱི་གོ་དོན་རྟོག་མེད་པ་འདྲ། ཧ་ཧ་ཧ།
༼ཁོང་གི་གཤིས་སྤྱོད་ཚུན་ལ་དོ་སྣང་ལད་མོ་བྱེད་མཁན་གང་མང་མཐོང་ཐོས་སུ་གྱུར་མྱོང་།༽
ཁོང་གི་གཤིས་ཀ་ལ་ལད་མོ་བྱེད་དགོས་ན། སློམ་ཆུང་མ་ལ་བཙན་གཡབ་བྱེད་དགོས་བ་རེད།
ཁོང་གི་སྤྱོད་པ་ལ་ལད་མོ་བྱེད་དགོས་ན། འཆི་མ་རན་གོང་ལ་རང་ཤི་རྒྱག་དགོས་བ་རེད།
ཁོང་གི་ཤེས་ཚད་ལ་ལད་མོ་བྱེད་དགོས་ན། ཆང་འཐུང་ཞོར་དང་ཡིག་གེ་འབྲི་ཞོར་བྱེད་དགོས་བ་རེད།
ཨ་ཁ། ད་གླེང་དང་མ་གླེང་མི་འདུག། གྱོང་རེག་སོང་། ཕྱི་ཟློག་ནི་མི་འདུག།
ཆུང་ཆུང་ཚོ། ཁོང་ལྟ་བུ་བྱེད་མི་ཉན་ཨ། གོ་བྱུང་ངམ།
ལོ་རྒྱུས་སྤྱི་དང་ལྷག་པར་འདས་ཟིན་པའི་ཤེས་ཡོན་པ་ཞིག་གི་ཀྱག་ཀྱོག་གི་མི་ཚེའི་བྱུང་བ་འབྲི་དུས་འབྲི་བ་བོ་རང་ཉིད་ཆགས་སྡང་གི་དབང་དུ་མ་སོང་བར་གང་ཐོས་པ་དང་མཐོང་བའི་དྲང་པོ་དྲང་པོ་བཞག་གི་གཏམ་སྤྱི་ལ་འཇོག་རྒྱུ་ནི་ཕྱི་རབས་པ་དག་གིས་ལེགས་ཉེས་དཔྱོད་པ་ལ་མེད་དུ་མི་རུང་བའི་མེ་ལོང་ལྟ་བུ་ཡིན་པས་ཁྲི་རལ་ལགས་ཀྱི་དོན་གྲུབ་རྒྱལ་མོལ་བ་ཞེས་པའི་རྩོམ་ཡིག་འདི་ནི་རབ་ཏུ་སྨྲ་ལ་དགའ་བ་མང་པོས་མིག་དཔེར་འཛིན་འོས་པའི་འབེལ་གཏམ་ལེགས་པོ་ཞིག་ཏུ་མཐོང་སོང། ཐུགས་རྗེ་ཆེ།
ཧཧཧ།ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་ལ་ཡང་ལོ་རྒྱུས་ནང་སྤྱོད་པ་ཁྱད་མཚར་དེ་འདྲ་ཡོད་རེད་ད།ངས་བལྟས་ན་གནམ་ལགས་ནི་མཐོང་རྒྱ་ཧ་ཅང་ཆུང་ཆུང་ཡིན་ས་རེད།འོན་ཀྱང་།གང་ཡོད་མ་རེད་ལོ།ཧཧ
གནམ་ལ་མཐོང་རྒྱ་མེད་པ་ནི་བདེན་ཡང་། ཐོས་རྒྱ་དག་ཙམ་ཡོད་པ་དེ་ངོམ་སོ་ཙམ་བྱས་བ་ཡིན་ཨ་ཕོ། ཧ་ཧ་ཧ། ཤིང་རྟའི་སྲོལ་འབྱེད་ནི་སྤྱོད་པ་ཞིག་གི་མཚོན་པར་བྱེད་པའི་མིང་ལ་སྦྱར་ཡོད་ན། དེ་བས་ཀྱང་ཧ་ཧ་ཞུ་ལས་ལྷག་མ་སོང་།
ཁྲི་རལ་ལགས་ཀྱིས་དོན་འགྲུབ་རྒྱལ་གྱི་སྐོར་ལ་དཔྱད་རྩོམ་གནད་ལ་ཁེལ་ཅིང་གཟུ་བོར་གནས་པ་ཞིག་བྲིས་འདུག་པས་རྩོམ་ཡིག་ལ་རིན་ཐང་འདུག་བསམ་བྱུང་། ཡིན་ཡང་། དུས་རྒྱུན་དགོས་མེད་ཀྱི་དཔྱད་རྩོམ་ཡིན་ནོ་ལོ་མང་དུ་འབྲི་བ་ལས་འདི་ལྟ་བུའི་རྩོམ་ཡིག་རེ་གཉིས་བྲིས་ན་ཡིད་སེམས་རབ་ཏུ་མགུ་ཞིང་རབ་ཏུ་སྤྲོ། རྩོམ་ཡིག་འདི་ལའང་ད་དུང་ངེས་པར་བཤད་དགོས་པའི་གནད་དོན་སྐོར་ཞིག་ཟུར་ཙམ་ཡང་འབྲི་ཐུབ་མེད་པ་དང་། རེ་འགའ་བྲིས་ཡོད་ཀྱང་ཞིབ་འབྲིའི་རྣམ་པ་ཐོན་མེད་པའི་ཚོར་སྣང་བྱུང་།