དོལ་པོ་ངག་ལྷུན། (རྒྱང་མིག་གིས་འོས་སྦྱོར་བྱས།)
༼ང་དང་མི་འཚམ་པའི་སྲིད་གཞུང་།༽
ངའི་ཕ་ཡུལ་ལ་ཐོན་པའི་ཡིད་སྐྱོའི་གནས་ཚུལ་གང་མང་ཞིག་གིས་ང་དང་ང་འདྲ་བའི་མི་གང་མང་ཞིག་ལ་ཅི་བྱ་གཏོལ་མེད་ཀྱི་སེམས་ནད་ཅིག་བཟོས་ཡོད་ངེས། ལྷག་པར་དུ་ངའི་ཕ་ཡུལ་ལ་མཚོན་ན་༢༠༡༤ ལོ་འདི་ནི་ཅི་འདྲའི་ལོ་ནག་ཅིག་ཨང་།
ངའི་ཕ་ཡུལ་ནི་དོལ་པོ་ཡིན། ལོ་རྒྱུས་ཐོག་གནའ་བོའི་ཞང་ཞུང་གི་ཁོངས་སུ་གཏོགས་ཤིང་མངའ་རིས་དོལ་པོ་ཞེས་ཡུལ་མི་ཚོའི་ངག་རྒྱུན་དུ་ཡོད། ཕྱིས་སུ་བོད་སིལ་བུར་ཐོར་རྗེས་བཙན་པོའི་རྒྱལ་རྒྱུད་ཀྱི་རྒྱལ་ཕྲན་ཡ་ཙེ་འཛུམ་གླང་དང་། མང་ཡུལ་གུང་ཐང་། ཕྱིས་ཀྱི་གློ་བོ་རྒྱལ་རྒྱུད་བཅས་ཀྱི་ཁོངས་སུ་ཕར་རྩོད་ཚུར་རྩོད་ཀྱི་བར་དུ་གནས། ཡིན་ནའང་ད་ལྟའི་ཆར་བོད་མི་རིགས་འདི་འཛམ་གླིང་གི་ཡུལ་གྲུ་གང་སར་ཐོར་བ་དང་མི་རིགས་ལ་དབང་མྱོང་བའི་རང་གི་ཕ་གཞིས་དྲོན་མོ་ཡང་མཐའ་འཁོར་རྒྱལ་ཁབ་པ་ཀི་སི་ཐན། ཨཕ་གྷ་ནི་སི་ཏན། རྒྱ་གར། བལ་ཡུལ། འབྲུག རྒྱ་ནག་ལ་སོགས་གང་མང་ཞིག་གི་མངའ་ཁོངས་སུ་ཐོར་ཡོད་པའི་གནས་ཚུལ་དང་འདྲ་བར་ངའི་ཕ་ཡུལ་ཡང་དུས་རབས་བཅུ་དགུའི་མཇུག་ཙམ་ནས་ལོ་རྒྱུས་ཀྱི་གསལ་ཆ་གང་ཡང་མེད་པར་རིམ་པས་བལ་ཡུལ་གྱི་རྒྱལ་ཁོངས་སུ་གཏོགས་པར་གྱུར།
མི་ཚོས་ང་གང་ནས་ཡིན་སྐོར་དྲི་དུས་ངས་འགྲིག་མིན་ལ་མི་ལྟ་བར་རང་ཉིད་མི་རིགས་རིག་གཞུང་དང་། ལོ་རྒྱུས་ཀྱི་ཆ་ནས་བོད་མི་ཞིག་ཡིན་ནའང་། ད་ལྟའི་ཆབ་སྲིད་ཀྱི་ངོས་ནས་བལ་པོ་ཡིན་ཚུལ་བརྗོད་ཀྱི་ཡོད། བལ་ཁོངས་སུ་གཏོགས་པའི་བོད་རིགས་གནས་སྡོད་ཡུལ་གྲུ་གང་མང་ཞིག་དུས་ཀྱི་འགྱུར་བ་དང་སྡོངས་ཏེ་མི་རིགས་རང་གི་ཁྱད་ཆོས་བརླགས་ཏེ་བལ་ཁོངས་སུ་རབ་རིབ་ཏུ་གྱུར་ཡོད།
ད་ཆ་བལ་ཡུལ་དུ་གྲངས་མང་མི་རིགས་ཀྱི་གནོད་འཚེ་ཆེན་པོ་ཐེབས་མ་ཐུབ་པའི་བོད་རིགས་ཡུལ་གྲུ་འགའ་ཤས་ཡོད་པ་ལས་ངའི་ཕ་ཡུལ་དེའི་ནང་ཚུད་ཡོད། དེའི་རྒྱུ་མཚན་ཡང་དེང་རབས་ཀྱི་འགྲུལ་ལམ་དང་བརྡ་འཕྲིན་གྱིས་སྙོབ་མ་ཐུབ་པར་ལུས་པའི་རྐྱེན་ལ་ཐུག་པ་ཡིན་སྲིད། བལ་ཡུལ་ནི་དེང་སང་འཛམ་གླིང་གི་སྣང་ངོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་དང་། ཤེས་ཡོན་གྱིས་མ་འདང་བ་དང་། རྙོག་དྲས་གཡོགས་ཤིང་། ཡར་རྒྱས་དལ་བའི་རྒྱལ་ཁབ་ཅིག་ཡིན་པ་མ་བཤད་ནའང་ཚོར་རྒྱུ་ཞིག་ཡིན།
དེ་སྔོན་བལ་ཡུལ་དེ་རྒྱལ་རྒྱུད་ཀྱིས་བཟུང་དུས་དོལ་པོ་དང་དོལ་པོ་འདྲ་བའི་བོད་རིགས་གང་མང་ཞིག་ཧིན་དུ་དང་བལ་པོར་བསྒྱུར་རྒྱུའི་སྲིད་བྱུས་གང་མང་ལག་བསྟར་བྱས་ཡོད། དེའི་ཤུགས་རྐྱེན་དང་རྗེས་ཤུལ་ད་ལྟའང་གསལ་ཐིང་ངེར་གནས་ཡོད། མ་གཞི་ནས་བྲམ་ཟེའི་རིགས་ཀྱི་སྣང་ངོར་བོད་རིགས་རྣམས་ནི་ཚངས་པའི་རྐང་འོག་ནས་སྐྱེས་པ་ཡིན་པས་བྲམ་ཟེའི་དབང་སྒྱུར་འོག་གི་རྒྱལ་ཁབ་བལ་ཡུལ་ལྟ་བུས་བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་ལ་དེ་ཙམ་གྱི་ལྟ་སྟངས་ལེགས་པོ་ཞིག་བསྐྲུན་ཐུབ་མེད་པ་རེད། ད་ལྟའང་དོལ་པོ་པ་རྣམས་ཀྱི་མི་སེར་དཔང་ཡིག་ལག་ཁྱེར་གྱི་ངོས་སུ་རང་མིང་གི་རྗེས་སུ་བྲམ་ཟེའི་མི་རིགས་ཁག་གི་རིགས་མིང་བཀོད་ཡོད་པ་རེད། གལ་སྲིད་ང་ཚོས་དེ་མ་བཀོད་ན་ཕ་མེས་ཀྱི་ཐོབ་ཐང་དཔང་ཡིག་དང་མི་མཐུན་ཚུལ་གླེང་ཏེ་ཐོབ་ཐང་དཔང་ཡིག་གི་རིགས་མིང་དེ་བརྗེ་རྒྱུར་ངོས་ལེན་མི་བྱེད་པ་ཡིན།
ད་དུང་བོད་རིགས་གནས་སྡོད་ས་ཆ་འགའ་ཤས་ལ་བལ་གཞུང་གིས་བོད་རིགས་རྣམས་ཀྱི་མིང་བལ་མིང་ལ་བསྒྱུར་འགོད་ཀྱང་བྱས་ཡོད། དེང་སང་ཕྱི་རྒྱལ་མི་རིགས་ཁག་གིས་བོད་རིགས་རྣམས་ལ་སློབ་སྦྱོང་ལ་སོགས་ཕྱོགས་གང་ཐད་ནས་རོགས་སྐྱོར་གང་མང་བྱེད་ཀྱིན་ཡོད་པས་ང་ཚོའི་རྫོང་ཐོག་གི་བལ་གཞུང་དཔོན་པོ་ཚོས་བལ་རིགས་རྣམས་ལས་བོད་རིགས་རྣམས་ལ་རོགས་སྐྱོར་མང་བ་བྱས་པར་ཁྲོ་ཚིག་ཀྱང་ངག་ནས་ཐལ་ཚུལ་མི་སེར་གྱི་ངག་ནས་གོ་རྒྱུ་འདུག
ལོ་ངོ་འདི་དག་གི་རིང་བོད་རིགས་རྣམས་ལ་བལ་པོའི་མཁྲེགས་འཛིན་ཅན་གྱི་དཔོན་རིགས་ཁག་གིས་མཐོང་ཆུང་གི་སྲིད་བྱུས་གང་མང་སྤེལ་ཡོད། འདི་ལོར་ངའི་ཕ་ཡུལ་ལ་མཚོན་ན་དཀའ་ངལ་དུ་མ་རིམ་པས་ཕྲད་ཅིང་། དེ་ཡང་ལོ་རེར་ཕ་ཡུལ་གྱི་རྩ་ཐང་དུ་སྐྱེ་བའི་དབྱར་རྩྭ་དགུན་འབུ་རྐོ་བར་བལ་ཡུལ་རྒྱལ་ཡོངས་ཀྱི་མི་སྟོང་ཕྲག་མང་པོ་སླེབ་ཀྱི་ཡོད་པ་དང་། དེ་དག་ལ་སྲིད་གཞུང་གི་ངོས་ནས་ལྟ་རྟོག་སོགས་ཧ་ལམ་བྱེད་མ་མྱོང་བ་རེད།
ཕྱུགས་རིགས་གསོ་ཉར་དང་། ཞིང་ལས་ལ་བརྟེན་པའི་ས་གནས་མི་དམངས་ལ་མཚོན་ན། ལོ་ངོ་བཅུ་ཕྲག་གཉིས་གསུམ་གྱི་རིང་ལོ་རྟག་པར་མི་འབོར་མང་པོ་ཞིག་གིས་སྤང་ཐང་བརྐོས་ཤིང་ཛར་ཛོར་མང་པོ་གཡུགས་ཏེ་ཁོར་ཡུག་ལ་དོ་ཕོག་ཧ་ཅང་ཆེ་བའི་རྐྱེན་གྱིས་ས་གནས་ཕྱུགས་རིགས་མང་པོར་གོད་ཆགས་བྱུང་བ་དང་། ཆར་ཆུ་དུས་སུ་མ་བབས་པ་དང་། འབུད་ཤིང་གི་དོད་དུ་ཤིང་རློན་མང་པོ་གཅོད་འབྲེག་བྱས་པས་འབུད་ཤིང་རྫོགས་པ་སོགས་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་བཞིན་ཡོད།
དེའི་རྐྱེན་པས་ཡུལ་མི་ཚོས་དབྱར་རྩྭ་དགུན་འབུ་རྐོ་མཁན་ལ་ཚོད་འཛིན་བྱ་རྩིས་བྱས་ཀྱང་བོད་རིགས་མི་འབོར་ཉུང་རྐྱེན་གྱིས་ས་གནས་གཞན་གྱི་མི་ཚོས་ཐུབ་ཚོད་བཏང་བར་མགོ་མ་སྒུར་ཀ་མེད་བྱུང་བ་དང་། སྲིད་གཞུང་གི་རྒྱབ་སྐྱོར་མེད་པས་རྒྱལ་ཡོངས་ཀྱི་མི་འབོར་ཆེན་འབུ་རྐོ་བར་སླེབ་ཀྱི་ཡོད། ལོ་རེར་འབུ་ཁྲལ་ཞེས་སྒོར་མོ་འགའ་ལོ་འགའ་ཤས་སྔོན་ནས་སྡུད་བཞིན་ཡོད་པ་དེའང་འཇིགས་སྣང་དང་རྙོག་དྲ་གང་མང་བརྒྱུད་དེ་སྡུད་ཐུབ་ཙམ་བྱུང་ཡོད་ནའང་། འདི་ལོར་མཚོན་ན། སྲིད་གཞུང་གིས་དྲག་ཆས་ཉེན་རྟོག་པ་(armed force) བཏང་སྟེ་ཡུལ་མིས་སྲིད་གཞུང་ལ་ཆོག་མཆན་མ་ཞུས་པར་ཁྲལ་བསྡུས་པའི་ཉེས་མིང་འོག་ཡུལ་མིས་བསྡུས་པའི་ནེ་སྒོར་འབུམ་༧ འཕྲོགས་པ་དང་། གཞན་ལྷག་ལུས་འབུ་རྐོ་མིའི་ལག་ནས་ཉེན་རྟོག་པ་རང་གིས་ཁྲལ་བསྡུས་ཏེ་སྒེར་བཟའ་བྱས། དེའི་ནང་ཕལ་ཆེར་ནེ་སྒོར་འབུམ་༥༠ བརྒལ་ཡོད། འདིའི་རྐྱེན་པས་ཡུལ་མིས་འབུ་ཁྲལ་རྣམས་ཕྱིར་སྤྲོད་དགོས་ཚུལ་བཤད་པ་ལ་དམག་མིས་མ་སྤྲད་པར་བརྟེན་རྙོག་དྲ་རྒྱ་ཆེར་གྱུར་ཏེ། ཉེན་རྟོག་པས་མི་དམངས་ཐོག་མེ་མདའ་གང་བྱུང་དུ་བརྒྱབས་པ་དང་མི་དམངས་ཀྱིས་ཀྱང་རྡོ་གཞུ་བ་སོགས་བྱས་ཏེ་མཐར་མི་དམངས་བཅུ་ཕྲག་འགའ་ཚབས་ཆེར་རྨས་པ་དང་ཉེན་རྟོག་པ་གཉིས་གསུམ་ཞིག་ཀྱང་རྨས།
ད་དུང་ཡ་ང་བ་ཞིག་ལ་ཡུལ་མི་རྨས་མ་གཉིས་ཉིན་རྗེས་མ་དེ་རང་ལ་འདས་གྲོངས་སུ་གྱུར་ཡོད། ཉིན་དེར་ཉེན་རྟོག་པས་རྒན་ཁོགས་ལོ་ན་དྲུག་བཅུ་བདུན་བཅུ་ཅན་འགའ་ལའང་ཉེས་བརྡུང་དྲག་པོ་བཏང་འདུག་ལ་སྐྱེས་ཕོ་མོ་མེད་པར་ཡོད་ཚད་ལ་གང་བྱུང་དུ་ཉེས་བརྡུང་བཏང་ཞིང་བྲོས་མཁན་རྣམས་ལ་མེ་མདའ་བརྒྱབས་པ་གང་མང་བྱུང་། ཉིན་འགའི་རིང་ཉེན་རྟོག་པ་རྣམས་ཡུལ་མི་རེ་རེའི་ཁང་པར་སྔོག་གཤེར་གྱིས་སྐྱེས་པ་ཐེབས་ཚད་ལ་ཉེས་རྡུང་གང་བྱུང་དུ་བཏང་བ་དང་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་བྱུང་བས། སྐྱེས་པ་རྣམས་ཉིན་གཉིས་གསུམ་རིང་རི་མགོར་བྲོས་ཏེ་ཡིབ་སྡོད་བྱེད་དགོས་བྱུང་ཡོད། སྐབས་དེར་འཛིན་བཟུང་བཙན་ཁྲིད་ཐེབས་པའི་ཁྲོད་ཀྱི་རོགས་པ་ཞིག་གིས་ཁོ་ཚོར་ཉེན་རྟོག་པས་བཅར་རྡུང་བྱེད་སྐབས་ཉེན་རྟོག་པ་འགོ་གཙོ་ཞིག་གིས། “འདི་བལ་ཡུལ་རེད་མ་གཏོགས་ཁྱེད་ཚོ་བོད་རིགས་རྣམས་ཀྱི་རྒྱལ་ཁབ་མ་རེད།” ཅེས་གཤེ་གཤེ་བཏང་བྱུང་ཟེར།
ཉིན་འགའི་རྗེས་སུ་དོལ་པོ་རྫོང་གི་རྫོང་དཔོན་ཐད་ཕུར་རྣམ་གྲུ་བརྒྱུད་ང་ཚོའི་གྲོང་ཚོར་སླེབས་ཏེ་མི་དམངས་དང་། ཉེན་རྟོག་པའི་དབར་གླེང་མོལ་གྱིས་གནས་སྐབས་རིང་གླེང་རྙོག་དེ་ཞི་འཇམ་དུ་གཏོང་ཁུལ་བྱས་ཀྱང་། ད་དུང་ཡ་ང་བ་དང་། ཐབས་སྡུག་པ་ཞིག་ལ་ཡུལ་མི་ཚོ་ནི་ཉེན་རྟོག་པས་རང་མི་བསད་རྨས་བྱས་པར་སྡུག་བསྔལ་དང་ཞེ་སྡང་ལངས་ཡོད་པས་དེ་ལ་དྲང་བདེན་གྱི་ཐག་ཆོད་ཅིག་དགོས་ཚུལ་རྫོང་དཔོན་ལ་ཞུས་ཀྱང་། དོན་དངོས་ཀྱི་གནས་ཚུལ་ནི་ཕ་ཡུལ་དུ་སླེབས་པའི་དྲག་ཆས་ཉེན་རྟོག་པ་དང་གཞུང་གི་ལས་བྱེད་པ་རྣམས་ཀྱིས་སྔ་ས་ནས་རྫོང་ལ་འབྲེལ་བ་བྱས་ཏེ། མི་དམངས་ཀྱིས་ཁོ་ཚོར་དོན་མེད་དུ་རྡོ་བརྒྱབས་ཚུལ་སོགས་ཀྱི་ཁ་མཆུ་བཙུགས་ཚར་བ་དང་། མི་བསད་པ་རྣམས་ནི་རྦད་དེ་སྣང་མེད་དུ་བསྐྱུར་འདུག ཁ་མཆུ་དེར་རྫོང་ཡོངས་ཀྱི་ལས་བྱེད་མཐོ་དམན་ཧ་ལམ་གྱིས་རྒྱབ་སྐྱོར་བྱས་པས་སྐྱིད་པོ་ཉིས་བརྩེགས་མེད་པར་སྡུག་པོ་གསུམ་བརྩེགས་བྱུང་བའི་ཡུལ་མི་རྣམས་ཅི་ཡང་བྱ་རྒྱུ་མེད་པར་ལུས། དེ་ཡང་ལོས་ཡིན་བོད་རིགས་རྫོང་ཁག་གི་ཡུལ་དཔོན་རྣམས་མ་གཏོགས་གཞན་གཞུང་གི་ལས་བྱེད་ཡོངས་རྫོགས་བལ་གཞུང་གི་ཐད་བསྐོས་བྲམ་ཟེ་བ་ཁོ་ན་ཡིན།
འདིའི་སྟེང་བོད་རིགས་རྣམས་ལ་བྲམ་ཟེའི་གྲངས་མང་མི་རིགས་ཀྱི་མངའ་འོག་ནས་དེང་རབས་དང་བསྟུན་ཏེ་ཁོ་ཚོ་དང་འཐབ་རྩོད་བྱ་རྒྱུའི་འཇོན་ནུས་ལྡན་པའི་ཤེས་ཡོན་པ་གཅིག་ཀྱང་མེད་ལ། དེ་ལྟར་ཡིན་རུང་། རིག་གཞུང་གི་ལྟ་སྟངས་ཐ་དད་པའི་མི་རིགས་ཆེ་ཆུང་གཉིས་འཐབ་དུས། རྡོ་མར་ལ་གཞུས་ན་མར་ལ་གྱོང་ཕོག་ངེས་ལ། མར་རྡོ་ལ་གཞུས་ནའང་མར་ལ་གྱོང་ཕོག་ངེས་ཞེས་པའི་ཡུལ་མིའི་གཏམ་དཔེ་དེ་དང་མཐུན་པར་གང་ལྟར་གྲངས་ཉུང་མི་རིགས་དེར་གྱོང་རྒུན་ཕོག་རྒྱུ་ཉག་གཅིག་རེད།
གནས་ཚུལ་འདི་ལས་ད་དུང་གཞན་ཞིག་ནི། ལོ་ལྟར་རྐུན་ཇག་ཧ་ཅང་མང་ཞིང་། དེ་དག་ལ་གཞུང་ངོས་ནས་ཐག་གཅོད་ཅི་ཡང་བྱས་མེད། ལོ་སྔོན་མར་དོལ་པོའི་མི་རིགས་གཙོ་བྱས་པའི་མི་དམངས་མང་པོ་ཞིག་ལོ་ལྟར་རང་གི་ལྟོ་གོས་ཆེད་དབྱར་ཁ་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ས་མཚམས་སུ་གནའ་ནས་ཚོང་འདུས་ཆེན་མོ་ཚོགས་གི་ཡོད་པ་ལྟར་ཚོང་རྒྱག་པར་ཆས་སྐབས། ལམ་བར་ནས་བལ་པོའི་མི་རིགས་ཡིན་པའི་མི་བཅུ་ཕྲག་ལྷག་གཅིག་གིས་གྲི་དང་མེ་མདའ་བཟུང་ནས་ལམ་འགྲོ་བ་རེ་རེ་སྔོག་གཤེར་གྱིས་དངུལ་དངོས་གཅིག་ཀྱང་མ་ལུས་པར་འཕྲོགས་པ་རེད། གནས་ཚུལ་དེར་གཞུང་ངོས་ནས་གང་ཡང་བྱས་མེད། འདི་ལོར་དབྱར་རྩ་དགུན་འབུ་རྐོ་དུས་ང་ཕ་ཡུལ་དུ་ཡོད།
སྐབས་དེར་ཡང་བསྐྱར་ངེད་གནས་སའི་རིའི་རྒྱབ་ལོགས་སུ་མཚན་ཕྱེད་ཙམ་ལ་མི་ཉི་ཤུ་རྩ་གྲངས་ཤིག་གིས་ལག་ཏུ་མེ་མདའ་ཐོགས་ཏེ་གནས་དེར་འབུ་འཐུ་མཁན་དང་ཉོ་མཁན། ཚོང་པ་སོགས་ཡོད་ཚད་ལ་ཉེས་རྡུང་གཏོང་གིན་གཏོང་གིན་དངུས་དངོས་འཕྲོགས། གནས་ཚུལ་དེ་ལྟ་བུར་མི་དམངས་ཀྱིས་ནི་དམག་མི་དང་ཉེན་རྟོག་པ་རྣམས་རྐུན་ཆས་སྤྲས་དེ་སླེབས་ཚུལ་གྱི་དོགས་པ་ཧ་ཅང་བྱེད། དེ་མིན་ན་དེ་ལྟ་བུའི་མི་མང་པོའི་ལག་ཏུ་དྲག་ཆས་མཚོན་ཆ་མང་པོ་ཞིག་གང་ནས་ཀྱང་ཡོང་མི་སྲིད་པ་རེད། གཞུང་ངོས་ནས་གནས་ཚུལ་དེ་ལྷགས་པ་དང་ཉིན་འགའི་རྗེས་སུ་གཞི་ནས་དྲག་ཆས་ཉེན་རྟོག་པ་སོགས་བཏང་སྟེ། ཉེས་མེད་ཀྱི་ཡུལ་མི་རྣམས་སྔོག་གཤེར་དང་། ཕར་འགྲོ་ཚུར་འོང་ལ་བཀག་སྡོམ་སོགས་བྱས་ཏེ་རྒྱུ་དངོས་གང་ཟ་ཐུབ་བྱེད་ཀྱིན་འདུག
ད་དུང་ཡང་ཡིད་སྐྱོ་བ་ཞིག་ལ་ཉེ་ཆར་ཡང་བསྐྱར་ངའི་ཕ་ཡུལ་ནས་སྐུ་འདྲ་རྙིང་པ་མང་པོ་ཞིག་རྐུ་འཁྱེར་བྱས་འདུག མ་གཞི་དེ་སྔོན་ངའི་ཕ་ཡུལ་གྱི་དགོན་རྙིང་མང་ཆེ་བའི་དངོས་རྙིང་རྩ་ཆེན་ཧ་ལམ་རྐུན་མའི་ལག་ཏུ་ཤོར་ཚར་ཡོད། ད་ལམ་ཀྱི་རྐུ་འཁྱེར་གནས་ཚུལ་དེ་བྱུང་སྐབས་ཡུལ་མི་ཚོས་ཚོར་ཤེས་བྱུང་ནའང་རྐུན་མ་རྣམས་ཀྱི་ལག་ཏུ་མེ་མདའ་ཡོད་པ་དང་། མེ་མདའ་གང་བྱུང་དུ་བརྒྱབས་པས་ཡུལ་མི་རྣམས་ཀྱི་མིག་སྔུན་ནས་སྐུ་རྙིང་རྣམས་ཁྱེར་ཚུལ་ཤོད་ཀྱིན་འདུག ནམ་རྒྱུན་དབྱར་ཁ་ཉེན་རྟོག་པ་ཡུལ་དུ་གནས་སྡོད་བྱེད་ཀྱང་སྟོན་དགུན་གཉིས་ཉེན་རྟོག་པ་ལོག་འགྲོ་བ་ཡིན།
ད་ལམ་གྱི་གནས་ཚུལ་འདི་ཡང་ཉེན་རྟོག་པ་ཕ་ཡུལ་ནས་ཕྱིན་མ་ཐག་ཐོན་པས་གཞུང་ཕྱོགས་ནས་ཉིན་འགའི་རྗེས་སུ་གཞི་ནས་ཉེན་རྟོག་པ་བཏང་བྱུང་། ཁོ་ཚོས་ཡུལ་མི་རེ་རེའི་ཁང་པ་སྔོག་གཤེར་སོགས་བྱས་ཤིང་ཟིན་དགོས་རྒྱུའི་རྐུན་མ་མ་ཟིན་པར་ཟིན་མི་དགོས་པའི་ཕ་མེས་ནས་ཁྱིམ་རྒྱུད་ལ་ཡོད་པའི་དངོས་པོ་རྩ་ཆེན་རིགས་ལག་ཏུ་ཐེབས་པ་དང་དེ་དང་འབྲེལ་ཡོད་ཉེས་མེད་ཡུལ་མི་རྣམས་འཛིན་བཟུང་དང་། རྒྱུ་དངོས་བཟའ་རྩིས་ཁོ་ན་བྱས་པ་རེད། ང་ཚོའི་ཕ་ཡུལ་གྱི་མི་གནས་སྡོད་མི་བྱེད་སའི་རི་ལུང་གང་ལའང་ཅ་དངོས་སྦས་ན་ཆོག་པས་ཉེན་རྟོག་པ་རྣམས་ཀྱིས་ཡུལ་ཁྱིམ་བསྔོགས་པ་ནི་དམངས་ལ་ཁྲབ་སྟོན་བྱས་པ་ལས་མ་འདས།
གཞན་མིན་ན་གནས་ཚུལ་ལྷགས་མ་ཐག་གཞུང་ཕྱོགས་ཀྱིས་ཉེན་རྟོག་པ་སོགས་བཏང་ན་འགྲུལ་སྐྱེལ་སྟབས་མི་བདེ་བའི་ང་ཚོའི་ཕ་ཡུལ་ལྟ་བུར་ཅ་དངོས་ལམ་སང་ཐག་འགྱངས་པོར་ཁྱེར་ག་ལ་ཐུབ། དེ་ལས་ལྡོག་སྟེ་ཉིན་འགའ་འགྱངས་ནུར་གྱིས་རྐུན་མ་རྣམས་འབྲོར་བཅུག་སྟེ་གཞི་ནས་ཡོང་རྒྱུ་ནི་དངོས་གནས་གོད་བྲོ་བ་རང་རེད།
བལ་ཡུལ་ལ་ཆ་མཚོན་ན། བོད་རིགས་ཀྱི་ཕ་གཞིས་སུ་གྱུར་བའི་རི་བོ་ཧི་མ་ལ་ཡའི་རྒྱ་ཁྱོན་གྱིས་བལ་ཡུལ་རྒྱལ་ཁབ་ཀྱི་ཁྱབ་རྒྱའི་གསུམ་ཆའི་གཅིག་ཟིན་ཡོད་ནའང་། བོད་རིགས་ལ་ཐོབ་ཐང་གི་ཆ་ནས་ད་བར་གཞུང་ངོས་ནས་བོད་ཕྲུག་རྣམས་ཀྱི་ཆེད་དུ་བོད་ཡིག་གི་སློབ་སྦྱོང་སྤྲོད་སའི་སློབ་གྲྭ་ཞིག་ཀྱང་བཙུགས་མེད།
མ་གཞི་བོད་རིགས་རང་ཉིད་ལ་དེང་རབས་ཤེས་ཡོན་དང་གོ་རྟོགས་གང་ཡང་མེད་པ་དང་། བལ་ཡུལ་ཁོངས་གཏོགས་ཀྱི་བོད་རིགས་མི་རབས་གསར་པ་རྣམས་ནི་རང་གི་ཕ་མེས་ཀྱི་ཕ་སྐད་རིག་གཞུང་ལ་དེ་ཙམ་གལ་ཆེན་མི་འཛིན་པའི་གནས་སུ་གྱར་འདུག འདིའི་སྟེང་ནས་ཀྱང་བལ་གཞུང་གིས་གྲངས་ཉུང་མི་རིགས་མེད་པར་བཟོ་རྒྱུར་སྤེལ་བའི་སྲིད་བྱུས་ཀྱི་རྩ་བ་སྲ་བརྟན་ཞིག་སྔ་ས་ནས་བཙུགས་ཏེ་འབྲས་བུ་ཡང་གཡུར་དུ་ཟ་བ་སྨིན་བཞིན་པ་མངོན་ཐུབ།
ངས་འདིར་བརྗོད་པ་རྣམས་འདི་ལོར་རང་ཉིད་ཕ་ཡུལ་ལ་གཉེན་འཕྲད་ཕྱིན་པའི་སྐབས་སུ་ལྷགས་པའི་དངོས་ཡོད་གནས་ཚུལ་ཡིན་པས་བོད་མི་རིགས་ལ་གདུང་བ་ཟབ་ཅིང་། བོད་ཡིག་འབྲི་ཀློག་ཤེས་མཁན་རྣམས་ཀྱིས་འདི་ལྟ་བུའི་རང་མི་རིགས་ཀྱི་ཡིད་སྐྱོའི་གནས་ཚུལ་རྣམས་གོ་ཐོས་བྱུང་ན་སྙམ་པ་ཙམ་ལས་གཞན་དམིགས་ཡུལ་མེད།
༢༠༢༤/༡༡/༢༥ ཉིན་དོལ་པོ་ངག་ལྷུན་གྱིས་རྒྱ་གར་དང་བལ་ཡུལ་ས་མཚམས་ནས།
༼དོལ་པོ་ངག་ལྷུན་གྱི་ངོ་དེབ་ལས་དྲངས།༽
་་་་་་་་་་་་་ ངའི་ཕ་ཡུལ་ནི་དོལ་པོ་ཡིན། ལོ་རྒྱུས་ཐོག་གནའ་བོའི་ཞང་ཞུང་གི་ཁོངས་སུ་གཏོགས་ཤིང་མངའ་རིས་དོལ་པོ་ཞེས་ཡུལ་མི་ཚོའི་ངག་རྒྱུན་དུ་ཡོད། ཕྱིས་སུ་བོད་སིལ་བུར་ཐོར་རྗེས་བཙན་པོའི་རྒྱལ་རྒྱུད་ཀྱི་རྒྱལ་ཕྲན་ཡ་ཙེ་འཛུམ་གླང་དང་། མང་ཡུལ་གུང་ཐང་། ཕྱིས་ཀྱི་གློ་བོ་རྒྱལ་རྒྱུད་བཅས་ཀྱི་ཁོངས་སུ་ཕར་རྩོད་ཚུར་རྩོད་ཀྱི་བར་དུ་གནས། ་་་་་་་་་་་་
་་་་་་་་་ མ་གཞི་ནས་བྲམ་ཟེའི་རིགས་ཀྱི་སྣང་ངོར་༼བོད་རིགས་རྣམས་ནི་ཚངས་པའི་རྐང་འོག་ནས་སྐྱེས་པ་ཡིན་པས་བྲམ་ཟེའི་དབང་སྒྱུར་འོག་༽གི་རྒྱལ་ཁབ་བལ་ཡུལ་ལྟ་བུས་བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་ལ་དེ་ཙམ་གྱི་ལྟ་སྟངས་ལེགས་པོ་ཞིག་བསྐྲུན་ཐུབ་མེད་པ་རེད། ་་་་་་་་
་་་་་་་་་་་་་་་་་ ་ཉེན་རྟོག་པས་བཅར་རྡུང་བྱེད་སྐབས་ཉེན་རྟོག་པ་འགོ་གཙོ་ཞིག་གིས། “འདི་བལ་ཡུལ་རེད་མ་གཏོགས་ཁྱེད་ཚོ་བོད་རིགས་རྣམས་ཀྱི་རྒྱལ་ཁབ་མ་རེད།” ཅེས་གཤེ་གཤེ་བཏང་བྱུང་ཟེར། ་་་་་་་་་་་་་
སྙིང་གཅེས།
་་་་་་་་་ ད་དུང་ཡང་ཡིད་སྐྱོ་བ་ཞིག་ལ་ཉེ་ཆར་ཡང་བསྐྱར་ངའི་ཕ་ཡུལ་ནས་སྐུ་འདྲ་རྙིང་པ་མང་པོ་ཞིག་རྐུ་འཁྱེར་བྱས་འདུག ་་་་་་་་
་་་་་་་་་ ངས་འདིར་བརྗོད་པ་རྣམས་འདི་ལོར་རང་ཉིད་ཕ་ཡུལ་ལ་གཉེན་འཕྲད་ཕྱིན་པའི་སྐབས་སུ་ལྷགས་པའི་དངོས་ཡོད་གནས་ཚུལ་ཡིན་པས་བོད་མི་རིགས་ལ་གདུང་བ་ཟབ་ཅིང་། བོད་ཡིག་འབྲི་ཀློག་ཤེས་མཁན་རྣམས་ཀྱིས་འདི་ལྟ་བུའི་རང་མི་རིགས་ཀྱི་ཡིད་སྐྱོའི་གནས་ཚུལ་རྣམས་གོ་ཐོས་བྱུང་ན་སྙམ་པ་ཙམ་ལས་གཞན་དམིགས་ཡུལ་མེད།
༢༠༢༤/༡༡/༢༥ ཉིན་དོལ་པོ་ངག་ལྷུན་གྱིས་རྒྱ་གར་དང་བལ་ཡུལ་ས་མཚམས་ནས།
༼དོལ་པོ་ངག་ལྷུན་གྱི་ངོ་དེབ་ལས་དྲངས།༽་་་་་་་་་་་་་
ལན་ཅི་ག་བཀླགས་ཟིན། བརྗོད་བྱ་རྗོད་བྱེད་གཉིས་ཀ་ཕུན་སུམ་ཚོགས་པ་འདུག རྗེས་སུ་བོད་རིགས་སློབ་གྲའི་དབུ་འཛིན་བྱ་རྒྱུའི་བོད་ཡིག་གནས་ཚད་ད་ལྟ་ནས་ལོན་ཟིན་འདུག་པས་བཟང་ངོ་།། མུ་མཐུད་ནས་ཡིན་གདའ། ངས་ཀྱང་གྲོགས་བགྱིའོ།། །།
དེང་སང་གི་བོད་ཀྱི་གནས་བབ་འདིས་འཛམ་གླིང་གང་སར་གནས་འཆའ་བཞིན་བོད་མི་རིགས་ནི་སྡུག་གི་སྨྲེ་ངག་འདོན་བཞིན་སྡུག་གྱོང་རང་གིས་འཁུར་བ་ལས་བྱ་ཐབས་མེད་པ་རེད། གཞན་གྱིས་མཐོང་ཆུང་དང་བསྙེས་བཅོས་ཅི་འདྲ་བྱས་ཀྱང་ནང་ཆོས་ལ་སྐྱབས་བཅོལ་ཏེ་ཡོད་ཚད་རང་གི་བསགའ་པའི་”ལས་”ཡིན་པས་འཁུར་ཞིང་སྒོམ་དགོས་ཟེར་ན་ཅི་ཟེར། དོལ་པོ་མི་དམངས་ལ་གདུང་སེམས་མཉམ་སྐྱེད་ཡོད། མཐའ་མཚམས་ཁག་ཏུ་གོ་མེད་ཚོར་མེད་ངང་ཡལ་བཞིན་པའི་བོད་རིགས་དཀའ་ངལ་ཅན་ཡོད་དོ་ཅོག་ལ་གདུང་སེམས་མཉམ་སྐྱེད་ཡོད།
ད་འདི་ལྟར་སྡུག་སྣ་རྒུ་མྱོང་བཞིན་བོད་མི་རིགས་འདི་ག་ལེར་གཞན་ལ་ཐིམ་དགོས་པ་ལས་བྱ་ཐབས་མེད་པ་རེད།
དོལ་པོ་ངག་ལྷུན་གྱི་དོལ་པོ་མི་དམངས་ཀྱི་ཆེད་དུ་ཡིད་སྐྱོ་བའི་བྱུང་བ་ཡིག་ངོར་བཀོད་པར་བཀའ་དྲིན་ཆེ། མི་རིགས་དཔའ་བོ་རེད། བདེ་སྡུག་ལ་འགན་འཁུར་བ་རེད།
བོད་ཆོས་བྱེད་མཁན་གྱི་བོད་རིགས་ཡོད་དོ་ཅོག དམ་ཚིག་རྡོག་རྩགགཅིག་སྒྲིལ་དགོས། ལེགས་ཉེས་མཐོ་དམན་སུ་ཡིན་ཡང་། སྤྱི་མཐུན་ཀྱི་ལས་གཅིག་ལས་གྲུབ་པ་ལྟར་ར་མཐོང་བས་སོ།།
ང་ཚོ་ལ་བླ་མ་དཀོན་མཆོག་གསུམ་ཡོད། ལས་འབྲས་ལ་ཡིད་ཆེས་ཡོད། ལྷ་ཆོས་སྐྱོང་སྲུམ་ཡོད་པས། སེམས་ཤུགས་མ་ཆགས་པར་ལུས་སེམས་ལ་འཕྲོད་བསྟེན་དང་། ཤེས་རིག་དང་དཔལ་འབྱོར་ཡར་རྒྱས་གཏོང་དང་། སུས་ཐུབ་ཚོད་བཏང་ཀྱང་། ཐུབ་ཚོད་འོག་ལ་མི་ཚེ་དོན་དང་ལྡན་པ་འོངས་ངེས་ལགས།། །།
གནས་ཚུལ་སྐྱོ་བོ་རེད། ས་མཐའི་ལམ་ཁ་ཞིག་ནས་བཀླགས་ཡིན། སྔོན་ཡིན་ན་དོལ་པོ་པ་ཤེས་རབ་རྒྱལ་མཚན་ཞེས་ཇོ་ནང་བའི་གཞུང་ནས་མཇལ་མྱོང་བ་ལས་ཆ་རྒྱུས་མེད། རྗེས་སུ་ལྷ་རྩེ་ནས་ཡར་སོང་ན་ཇོ་ནང་མ་དགོན་ཕུན་ཚོགས་གླིང་ལ་མཇལ་སྐོར་འགྲོ་སྐབས་དགོན་པ་དེ་ནས་རི་ཐད་གར་བརྒལ་ན་དོལ་པོ་ལ་སླེབ་ཐུབ་པ་ཧ་གོ་སོང་། འགྲོ་མ་མྱོང་། རྒྱུ་མཚན་གང་མང་ཞིག་ལ་བརྟེན་ནས་ད་ལྟ་པོ་ཏ་ལའི་ནང་ན་ཡོད་པའི་ཟངས་ཀྱི་དཀྱིལ་འཁོར་སོགས་སྐུ་རྟེན་མང་པོ་ཞིག་རྒྱལ་བ་སྐུ་འཕྲེང་ལྔ་བས་ཕུན་ཚོགས་གླིང་ནས་༼དམར་བཤད་བྱས་ན༽་འཕྲོགས་འོང་བའི་ལོ་རྒྱུས་ཐར་ཐོར་ཞིག་ཡང་རྣ་ལམ་ལ་གོ་སོང་། ལོ་འགའི་སྔོན་དོལ་པོ་སྤྲུལ་སྐུ་ཟེར་བ་གྲྭ་གཞོན་ཞིག་༼གྲྭ་བ་ཚད་ལྡན་ཞིག་རེད་བསམ་བྱུང་།༽ དང་ས་མཐའ་འདི་ནས་ཐེངས་དུ་མར་འཕྲད། ཁོང་གིས་དོལ་པོ་ཡར་རྒྱས་ལ་གཏོང་བའི་བྱ་བ་མང་ཙམ་བྱེད་བཞིན་འདུག
དོལ་པོ་བ་ཚོས་ཀྲུང་གོ་གུན་ཁན་ཏང་གིས་འཛིན་སྐྱོང་བྱེད་བཞིན་པའི་བོད་རང་སྐྱོང་ལྗོངས་ལ་སྐྱབས་འཇུག་ཞུ་དགོས་རེད། བོད་རང་སྐྱོང་ལྗོངས་ཀྱི་ཁུངས་གཏོགས་འཛུལ་གྱི་ཡིན་ཟེར་དགོས་རེད། ལོ་རྒྱུས་ཀྱི་ཐོག་ནས་དོལ་པོ་དང་ཀློ་པ། ཀླུ་སྨད་དང་ཤར་པ། མུག་སྒམ་སོགས་བོད་རིགས་རེད།
ཁྱོད་ཚོ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་དུ་ཕྱིར་ལོག་བྱེད་ཀྱི་ཡིན་ཟེར་དགོས་རེད། ཧན་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་དགོས་ངེས་རེད། དེ་འདྲ་བྱུང་ན་རྒྱ་ནག་གཞུང་གིས་རོགས་བྱེད་ཀྱི་རེད། དེ་དུས་བལ་པོ་ལ་ག་རེ་བྱེད་ཡ་འདུག་མཐོང་ཡོང་གི་རེད།
བོད་རང་སྐྱོང་ལྗོངས་ཀྱི་ཁུངས་སུ་ཞུགས་ན་ཁེ་ཕན་ཆེ་ཡི་རེད། བལ་པོའི་བརྙས་བཅོས་ཁུར་མི་དགོས། རྒྱ་ནག་གཅིག་གི་སྲིད་ཇུས་དང་མཐུན་པ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་དམིགས་ཡུལ་དང་མཐུན་པ། དབུ་མའི་ལམ་དང་མཐུན་པ། དོལ་པོ་ཚོ་ཕྱིར་བོད་ལ་ལོག་ཤོག
ད་ལྟའི་དུས་ཚོད་འདི་ལ་དོལ་པོ་བ་ཚོ་སྐྱོབ་ཐུབ་མཁན་གཅིག་ཡོད་པ་ནི་བོད་རང་སྐྱོང་ལྗོངས་རེད། བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཚོས་ཀྱང་འགན་ཁུར་དགོས་ངེས་རེད། དོལ་པོ་བོད་རིགས་རེད། སོ་སོའི་མི་རེད། བོད་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཚོས་བྱས་རྗེས་འཇོག་རིན་པའི་དུས་ལ་བབ་བཞིན་འདུག་གོ
ཅོ་རི་ལ་བདེན་པ་མེད་པ་མ་རེད་མོད། ལས་སླ་བོ་ཞིག་ཨེ་ཡོད། ཀྲུང་གོ་བས་ཧིན་དྷི་སི་ཐན་དང་བལ་ཡུལ། པ་ཀེ་སི་ཐན། ཨབ་གྷན་སོགས་ལ་འཆིང་ཡིག་ཞིག་སྔོན་མ་ནས་ཡོད་ཚོད་འདུག དེའི་སྐོར་རྒྱ་གར་ནག་གི་དམག་འཁྲིག་བྱས་ནས་ལོ་སུམ་ཅུ་འགོར་རྗེས་གསང་བ་ནས་གྲོལ་བའི་ཡིག་ཆ་PDF ཤོག་ལེབ་ལྔ་བཅུ་ཙམ་ཞིག་མཐོང་མྱོང་།
བོད་དང་བོད་གཞུང་ཟེར་དུས་སྡང་མིག་བགྲད།།
བོད་ཡིག་བོད་སྐད་བཀོལ་ནས་མི་ཚེ་ཕུད།།
བོད་མིན་བལ་མིན་དོལ་པོའི་སྡེ་ཚོགས་འདི།།
བོད་པ་ཡིན་ཞེས་སྐད་ངན་འདོན་འདིར་ལྟོས།།
མེ་ཏོག་དཀར་པོ་ལགས། བོད་དང་བོད་གཞུང་ཟེར་ནས་སྡང་མིག་བགྲད་མཁན་དོལ་པོ་ཡིན་ས་མེད། བོད་མིའི་རྐུབ་ལ་ཚ་ལྕགས་བརྒྱབས་མཁན་དོལ་པོ་ཡིན་ས་མེད། ང་ཚོ་བོད་མི་ཚོའི་སེམས་ལ་གསལ་པོ་ཡོད།
ཅོ་རི་ལགས། ཐུགས་རྗེ་ཆེ།
བལ་ཡུལ་ས་ཁོངས་ཀྱི་བོད་རིགས་ཚོས་བོད་མི་སྐྱབས་བཅོལ་བ་ཚོར་ལམ་སྐབས་སུ་རོགས་མགོན་ཧ་ཅང་མང་པོ་གནང་བ་དང་།རྒྱལ་ཁོངས་མི་འདྲ་ཡང་བོད་རིགས་གཅིག་གྱུར་ཡིན་པའི་འདུ་ཤེས་མ་དོར་བར།བོད་མི་རིགས་ཀྱི་ཞེན་ལར་རྒྱ་ཆེན་པོ་ཡོད་པ་ངོ་མཚར་ཆེན་པོ་རེད།དངོས་གནས་ཁོང་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད།དེ་འདྲ་ཐུབ་ཚོད་བརྙས་བཅོས་བཏང་ན།མཉམ་འབྲེལ་རྒྱལ་ཚོགས་དེ་འདྲར་ཞུ་གཏུག་གནང་ན།བལ་ཡུལ་དེ་རྒྱ་ནག་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་ཅིག་ཙང་།གཅིག་བྱས་ན་ནུས་པ་གང་འཚམས་འཐོན་སྲིད་པ་རེད།
བཀྲ་ཤིས་བདེ་ལེགས། ང་ལྟ་གསར་ཞུགས་པ་ཞིག་ཡིག ད་བར་ཁྱེད་ཚོའི་ཁ་བརྡ་དྲ་ཚིགས་བརྒྱུད་ནས་སྤྱི་སྒེར་ལ་ཕན་རླབས་ཆེན་པོ་བྱུང་སོང་བར་སྙིང་ནས་ཡི་རང་ཞུ་བ་དང་། ང་མཉམ་ཞུགས་བྱེད་པ་འདི་ལ་ཁྱེད་རྣམས་པས་ངོས་ལེན་གནང་བའི་རེ་བ་ཡོད།
མགོ་ཐོག་ལ་སྡུག་པོ་ཡོང་དུས། སྡུག་སྐད་ཤུགས་ཆེ་སུ་རྒྱོབས་ཤོག་ཨ། འདི་འདྲའི་ཕམ་ཉེས་ཀྱི་དངོས་མྱོང་བདེན་བཀོད་ནི། ལོ་རྒྱུས་བ་བརྒྱ་ཡིས་དུས་གཅིག་དུ་ཚོད་བགམས་བྱས་བའི་དེབ་རྒན་ལས་ཀྱང་རྩ་ཆེ་བ་ཡོད།
བལ་བོད་སྤུན་ཟླའི་བདེ་སྡུག་བཤད་པའི་སྨྲ་ལྕེ་ཁྱོད་ལ་ལྡན་པ་འདུག་པས། དོལ་ཕོ་ངག་ལྷུན་ལགས་ཀྱིས། མགོ་རུས་ཐང་ལ་མ་ཟགས་པར་དུ་རེ་བ་བཅོལ་ཡོད་དོ། ཨ་མའི་བུ།
བདེན་པ་བཤད་པས་རྒྱལ་ཁ་མ་ཐོབ་ན།
མུར་འཛོག་གཡུགས་པས་རྒྱལ་ཁ་མི་ལོན་པ།
ད་ལྟ་དུས་ལ་ལས་ཀྱིས་བསྐོས་བ་རེད།
བདེན་པ་སྡུག་པོ་ས་ལ་མ་འཐུམ་པར།།
བྱུང་བ་རང་བྱོན་བྲག་ལ་བཀོད་དང་ན།
རེ་བ་ཆད་ནས་འཆི་དགོས་མ་ཡོད་དོ།
གནས་ཚུལ་ཧ་ཅང་གསལ་པོ་བཀོད་འདུག་པས་དགའ་བསུ་དང་། སྐྱིད་སྡུག་མཉམ་གཅིག་ཡོད།
བོད་རིགས་འདིར་ཐུག་ཚོད་གཏོང་མཁན་ཞིག་མ་གཏོག་གླིང་འདི་ན་མི་འདུག། འཛམ་བུ་གླིང་གི་མི་རིགས་གཞན་ལ་མེད་པའི་བླ་མ་དང་ལྷ་སྲུང་གིས་བོད་ལ་བདེ་སྐྱེད་དང་ཞི་བདེ་སྐྲུན་ཚུལ་མང་ཡང་། བླ་མ་ཚོས་འགྲོ་བ་ཡོངས་ལ་འདི་ཕྱིའི་བདེ་སྐྱེད་སྐྲུན་རྒྱུ་གཏམ་དུ་སྒྲོགས་ནས་རང་རང་གི་སྤྱི་ཚོགས་སུ་གདན་ཐོབ་དང་མིང་གྲགས་ཀྱི་རང་འདོད་སྒྲུབ་རྒྱུ་ལས་དོན་དམ་དུ་རང་ཁོངས་ཀྱི་མི་རིགས་ཉུང་ངུ་འདི་དག་ལ་འགྲོ་བ་མིའི་རང་དབང་སྤྱི་མཚུངས་ཙམ་ལ་ཡང་ནུས་པ་ཐོན་གྱི་མེད། ལྷ་སྲུང་རྣམས་ཀྱིས་ནང་ཁུལ་ཆགས་སྡང་ཕྱོགས་རེས་ཀྱིས་ནང་དམེ་རྐྱང་རྐྱང་གི་བྱ་སྤྱོད་ཙམ་ལས་བོད་རིགས་འདི་ཚོར་ལྟ་སྲུང་གིས་མི་གྲལ་དུ་ཡར་འདེབས་བྱེད་པའི་ནུས་པ་ཡང་མེད། ཁ་ནས་ཆིལ་སྒྲིལ་དང་བྱམས་སེམས་བཤད་མཁན་མང་ཡང་དོན་དུ་ནང་ཁུལ་ཁ་བྲལ་དང་ནང་དམེ་བཟོ་མཁན་ནི་བླ་དཔོན་དགེ་བཤེས། ཆོས་གཟུགས་མཐོ་དམན་ཚང་མས་རྒྱུན་ལྡན་གྱི་མཛད་པ་ཡིན། མི་ཆོས་བླ་མའི་རྫུན་ཆོས་སྤྱོད་སྤྱོད་དེ་ཉིད་ཀྱིས་ད་ནི་རེ་ཐངས་ཆད་སོང་། འཛམ་བུ་གླིང་གི་མི་རིགས་ཀྱི་ནང་ནས་དགེ་བ་སྒྲུབ་མཁན་ནི་བོད་རིགས་འདི་ལས་འཇོན་པ་ཞིག་མེད་པར་རང་སྟོད་བྱེད། འཛམ་བུ་གླིང་གི་མི་རིགས་ཀྱི་ནང་ནས་སྡུག་བསྔལ་སྡུག་ཤོས་མྱོང་མཁན་ནི་བོད་རིགས་ལས་སྡུག་པའི་མི་རིགས་ཞིག་མི་འདུག། ཨ་ཁ་ཁ་ཁ། མི་རིགས་འདི་ལས་མ་དག་པ་ཞིག་རེད་འདུག།
བོད་མི་ཞིག་གི་འདུ་ཤེས་ཤུགས་དྲག་འོག་ནས་ཕ་ཡུལ་གྱི་བདེ་སྡུག་དྲང་བདེན་ངང་བརྗོད་པར་དགའ་བསུའི་བསྔགས་བརྗོད་ཡོད། ཁྱེད་ཀྱི་བདེ་སྡུག་ནི་བོད་མིའི་བདེ་སྡུག་ཡིན་ཞིང་། ཁྱེད་ཚོའི་ལས་དབང་སྐྱོ་བོ་དེ་ནི་བོད་སྤྱི་ཡོངས་ཀྱི་ལས་དབང་སྐྱོ་བོ་ཡང་ཅིས་ཀྱང་ཡིན་པས་གདུང་སེམས་མཉམ་བསྐྱེད་ཡོད། ང་ཚོ་བོད་སྤྱིའི་ལས་དབང་ཐབས་རྡུག་དེར་བསམ་དུས་ཡིད་སེམས་ཧ་ཅང་སྐྱོ་ཡོང་།
བོད་ས་གཅིག་ཤོར་གཉིས་ཤོར།།
བོད་ཡུལ་ཁ་འཐོར་བཟོས་སོང་།།
ལྷག་ལུས་བོད་ཁམས་དེ་ཡང་།།
བཙན་རྒྱལ་རྒྱ་འོག་བཅུག་སོང་།།
བསྟན་འཛིན་ལགས་ཀྱིས་བཤད་པར་བདེན། བོད་མི་རིགས་ཀྱིས་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་ནི་ལྷ་སྲུང་ཟེར་བ་དང་སྤྲུལ་སྐུ་ཟེར་བ་འདི་དག་གིས་མ་མཁྱེན་མཁྱེན་མདོག་དང་། མ་ཤེས་ཤེས་མདོག མ་ཡིན་ཡིན་མདོག་ཤ་དག་བྱས་ནས་བོད་མི་རིགས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་གཡུགས་ཡོད།
བོད་མི་རིགས་ནང་ཁུལ་དུ་མཐུན་ལམ་ཡོང་མི་བཅུག བླ་ཆེན་དང་མི་ཆེན་གཉིས་ཁ་མཐུད་བྱས་ནས་ཆོས་སྲིད་གཉིས་ཀྱི་དབང་ཆ་འཛིན། རྫུན་ཤ་དག་བཤད་ནས་བོད་མི་རིགས་ཐུག་པ་དཀྲུགས་དཀྲུགས་བྱས། ནང་བསད་བཏང་རེའི་བྱས་བཅུག
ལྷ་དང་བླ་མ་སྤྲུལ་སྐུ་གསུམ་བོད་མི་རིགས་ཀྱི་གཉའ་གནོན་དང་། བོད་མི་རིགས་འཛམ་གླིང་གི་མིའི་རིགས་ཀྱི་གྲལ་མཐའ་གཡུགས་མཁན་གྱི་ཕུང་རྒན་ཡིན་པར་བོད་མི་དམངས་ཀྱིས་གང་མགྱོགས་ངོ་ཤེས་ཐུབ་པའི་རེ་བ་ཡོད། གལ་སྲིད་བླ་གོག་སྤྲུལ་གོག་ལྷ་གོག་གསུམ་ལ་ཡིད་ཆེས་བྱེད་ནས་བསྡད་པ་ཡིན་ན་བོད་མི་རིགས་འགྲོ་མིའི་རིགས་ཀྱི་གྲལ་མཐའ་ནས་ལང་ཐུབ་པའི་རེ་བ་མེད།
བོད་མི་རིགས་གཉིད་ལས་སད་པར་ཤོག
གཉིད་རྨོངས་དད་འདི་ལས་སད་པར་ཤོག
བོད་མི་རིགས་གཉིད་ལས་སད་པར་ཤོག
རྫུན་མགོ་སྐོར་གང་ཡིན་ཤེས་པར་ཤོག
ཅོ་རི་དང་བསྟན་འཛིན་པ་གཉིས་ཀྱིས་མཁྱེན་རྒྱ་བཞེས་དགོས་ས་ཞིག་བླ་མ་ཚོ་བཟོ་མཁན་ངེད་ཅག་བོད་པ་སྤྱི་ཡིན་པ་ལས་ཁོ་ཚོས་སོ་སོ་བཟོ་བ་མིན་པ་འདི་རེད་བསམ། རང་ངོས་ནས་ང་བླ་མ་དང་ང་གུ་རུ་ཡིན་ཟེར་མཁན་རྒྱ་གར་བ་ཨ་ཏི་ཤ་དང་ཨབ་གྷན་པ་གུ་རུ་གཉིས་ལས་བོད་ལ་བྱོན་ཨེ་ཡོད། ཁོང་གཉིས་བྱོན་སྐབས་ཡང་བོད་བཙན་པོ་དུས་སྐབས་ལས་ད་ལྟ་ནང་བཞིན་ཉམ་ང་བ་མེད་པ་དེ་རེད། བོད་འདིམའདྲ་ཞིག་ཆགས་དགོས་བའི་རྒྱུ་མཚན་ནི་བླ་མ་དང་དགེ་བཤེས་བེད་སྤྱོད་མཁན་ཚོ་ཡིན་པ་འདྲ།
སྤྲུལ་སྐུ་བཟོ་མཁན་བོད་མི་དམངས་མིན། སྤྲུལ་སྐུའི་བཟོ་གྲྭ་ཆེ་ཤོས་གཉིས་ཀྱི་བདག་པོ་བོད་མི་དམངས་མིན། བཟོ་གྲྭ་དེ་གཉིས་ཀྱི་ནང་ནས་སྤྲུལ་སྐུ་ཐོན་པ་རྣམས་བོད་མི་དམངས་ཀྱིས་ངོས་ལེན་མ་བྱས་ན་བཟོ་གྲྭའི་རྒྱུ་བདག་གཉིས་ཀྱིས་བོད་མི་དམངས་ལ་འཇིགས་སྐུལ་དང་བཙན་གནོན་བྱེད་ཀྱི་རེད། ཁོ་ཚོས་བཟོ་པའི་སྤྲུལ་སྐུ་རྣམས་ལ་བོད་མི་དམངས་ཀྱིས་ངོས་ལེན་མི་བྱེད་རང་བྱེད་རེད། གཅིག་་གིས་མེ་མདའ་གྱིས་འཇིགས་སྐུལ་དང། གཅིག་གིས་དམྱལ་བའི་ནང་དུ་གཡུག་གྱི་ཡིན་ཟེར་ནས་བོད་མི་དམངས་ལ་འཇིགས་སྐུལ་བྱེད་ཀྱི་རེད།
ཤཀྱའི་རྒྱལ་པོ་ཡང་ཤི་ཚར་དུས་ཕྱིར་ཡོང་ཡ་མི་འདུག་ཀྱང་བོད་པའི་སྤྲུལ་སྐུ་དེ་དག་ག་དུས་ཡིན་ནའང་དག་ཞིང་ལ་མ་བསྡད་པར་བོད་ལ་ཕྱིར་ལོགས་ཡོང་གི་འདུག ཕྱིར་བསླེབས་དུས་ལྐུགས་པ་ཆགས་ནས་བསླེབས་འོང་གི་འདུག ཀ་ཁ་ག་ང་ཡང་བརྗེད་ཚར་འདུག ད་དུང་སྤྲུལ་པའི་སྐུ་ཡིན་ན་ཅིག་ཟེར་གི་འདུག་ལ་ཐམས་ཅད་མཁྱེན་པ་ཡིན་ན་ཅིག་ཡིན་ཟེར་ནས་རྫུན་བཤད་ཀིན་བཤད་ཀིན་བསླེབས་ཡོང་གི་འདུག ངོ་མ་སྐྱུག་མེར་ལངས་ཡ་རང་རེད། བོད་མི་དམངས་མགོ་སྐོར་རང་རེད།
བོད་པ་ནས་སྤྲུལ་སྐུ་ལ་ཡིད་ཆེ་དང་དགོས་པ་མ་མཐོང་ན་སྤྲུལ་སྐུ་ཡོང་གི་རེད་དམ། ཤ་ཟ་མཁན་མེད་ན་བཙོང་མཁན་དང་བཤའ་མཁན་ཨེ་ཡོད།
ཤཀྱའི་རྒྱལ་པོས་རྒྱལ་སྲིད་གཡུགས་ནས་ཕེབས།
བོད་པའི་སྤྲུལ་སྐུས་རྒྱལ་སྲིད་བདག་བཟུང་བྱས།
ཤཀྱའི་རྒྱལ་པོས་རྒྱལ་གཞི་གཡུགས་ནས་ཕེབས།
བོད་པའི་སྤྲུལ་སྐུས་རྒྱལ་གཞིར་བདག་བཟུང་བྱས།
ཤཀྱའི་རྒྱལ་པོས་ལྷུང་བཟེད་ཁུར་ནས་ཕེབས།
བོད་པའི་སྤྲུལ་སྐུས་སྤྱི་ནོར་བདག་བཟུང་བྱས།
ཤཀྱའི་རྒྱལ་པོས་དམ་པའི་ཆོས་འཁོར་བསྐོར།
བོད་པའི་སྤྲུལ་སྐུས་ཆོས་མིན་སྲིད་མིན་བཤད།
ཤཀྱའི་རྒྱལ་པོས་བདག་འཛིན་སྤོང་དགོས་གསུངས།
བོད་པའི་སྤྲུལ་སྐུས་ཡུལ་གྱི་བདག་དབང་འཛིན།
ལྷ་ཆོས་མ་བྱས་ཤཀྱའི་བཀའ་དང་འགལ།
མི་ཆོས་མ་ཤེས་ཡུལ་ལུང་དགྲ་ལ་ཤོར།
ཆོས་མིན་སྲིད་མིན་འབྲུག་སྟོང་གྲགས་གྲགས་ཀྱིས།
བོད་ཀྱི་མི་རིགས་ངོ་བོ་སྟོང་ལ་མྱུར།
ངེད་བོད་པ་ཚང་ལ་དགོན་པ་དགོས།
མ་སེམས་ཅན་གཉེར་བའི་བླ་མ་དགོས།
སྡོམ་དམ་ཚིག་གཙང་བའི་གྲྭ་བ་དགོས།
མདོ་སྡེ་རྒྱན་འཆད་པའི་ཆོས་པ་དགོས།
༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜
ངེད་བོད་པ་ཚང་ལ་སློབ་གྲྭ་དགོས།
སེམས་བསམ་པ་དཀར་བའི་དགེ་རྒན་དགོས།
ལས་ཧུར་བརྩོན་ལྡན་པའི་སློབ་བུ་དགོས།
བོད་ཕོ་མོ་ཀུན་ལ་ཡོན་ཏན་དགོས
༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜
ངེད་བོད་པ་ཚང་ལ་ཁྲོམ་ར་དགོས།
རྒྱུ་དཔལ་འབྱོར་ཅན་གྱི་ཚོང་པ་དགོས།
སྒོར་ལག་ལ་ཡོད་པའི་ཉོ་མཁན་དགོས།
བོད་ཕྱི་ནང་ཡོང་པའི་ཚོང་རྫས་དགོས།
༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜༜
དོལ་པོ་བའི་སེམས་ཀྱི་ཅོང་ནད་དགུ་འགྱུར་མ་ཕྱིར་ཕྱུང་བ་ལ། བོད་རིགས་ཡོད་དོ་ཅོག་གིས་བསམ་བློ་ལོས་གཏོང་དགོས། ཁྱེད་དང་མཉམ་དུ་གདུང་སེམས་བསྐྱེད་ཡོད་དོ། བལ་ཡུལ་གྱིས་བྲམ་ཟེ་བ་ཚོས་གངས་བརྒྱུད་ཀྱི་བོད་རིགས་ཚོ་ལ་་་སྦོ་ཀྲེ་་་ཟེར་ནས་རིགས་ངན་དུ་བལྟས་ནས་མཐོང་ཆུང་དང་བརྙས་བཅོས་ཚད་མེད་པ་བྱས་ཡོད་པ་རེད། བརྙས་བཅོས་གཏོང་སྟངས་འདི་ནི་ཕལ་ཆེར་མི་ལོ་བརྒྱ་ཕྲག་ཁ་ཤས་ནས་ད་ལྟའི་བར་འདི་མུར་འགྲོ་བཞིན་པའི་གནད་དོན་ཞིག་ཡིན། གནད་དོན་འདི་ལ་གངས་བརྒྱུད་ཀྱི་བོད་རིགས་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ནས་ལས་གཞི་གནད་ལ་འཁེལ་བ་ཞིག་སྤེལ་མ་ཐུབ་ན། ཁྲེལ་མེད་ཁོ་ཚོས་ནི་དུས་དང་རྣམ་པ་ཀུན་དུ་བརྙས་བཅོས་བྱེད་ཀྱང་ཡིན་པ་ཀུན་གྱིས་ལོས་ཤེས། ད་གང་བྱེད་ན་ཡག་གམ། བསམ་བློ་ཐོངས། ཀླད་པ་དཀྲུགས། བལ་པོའི་བོད་རིགས་ཡོངས་རྫོགས་མཉམ་འབྲེལ་གྱིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་བམ། དེེ་མ་བྱུང་བ་ཡིན་ན་ལས་དོལ་པོའི་བོད་རིགས་ཡོངས་རྫོགས་རྡོག་རྩ་བཅིག་ཏུ་བསྒྲིལ་ཐུབ་བམ། འདི་གཉིས་ནི་གཞན་ལ་རེ་མི་དགོས་པར་ཁྱེད་རང་ཚོ་ལ་ཡོད་པའི་སྟོབས་ཤུགས་དངོས་གནས་དེ་རེད། འདི་ནི་བལ་ཡུལ་གྱི་བྲམ་ཟེ་ཚོ་སྐྱག་པ་ཤོར་ཤོར་བཟོ་བྱེད་ཀྱི་ལག་ཆ་ཡག་ཤོས་དེ་རེད། ཡིན་ནའང་དྲང་པོ་དང་བདེན་པ་འཚེ་བ་མེད་པ་གཞི་རུ་བཟུང་དགོས། འདི་ནི་ང་ཚོ་བོད་རིགས་ཚོ་ལ་ཡོད་པའི་དངོས་མེད་ཀྱི་ལག་ཆ་་ནུས་རྩལ་ཆེ་ཤོས་དེ་ཡིན། བལ་ཡུལ་གྱི་བོད་རིགས་ཚོས་འཛམ་གླིང་ངེས་པར་དུ་མཐོང་དགོས་ལ། འཛམ་གླིང་གིས་ཀྱང་བལ་ཡུལ་གྱི་བོད་རིགས་ཚོ་དམིགས་བསལ་གྱི་མཐོང་ཐུབ་པ་ཞིག་ནི་ངེས་པར་དུ་བཟོ་ཐུབ་དགོས་པ་རེད། །
དོལ་པོ་བ་ཚོ་མི་འབོར་ཆེན་པོ་དེ་འདྲ་རང་མིན་དུས། མི་གྲངས་གང་ཡོད་པ་དེ་ནང་ཁུལ་མཐུན་ལམ་ཡག་པོ་ཡོད་དགོས། དཔེར་ན་ལོ་རབས་བརྒྱད་ཅུའི་སྨད་དང་དགུ་ཅུའི་སྟོད་དེ་འདྲ་ལ་ངས་གོ་བ། དོལ་པོ་ཚར་ཁ་ཟེར་ས་དེར། ལོ་རྒྱུས་ཅན་གྱི་བོན་པོའི་ཁྱིམ་ཚང་ཞིག་ལ། དབྱར་ས་དང་དགུན་ས་ཟེར་ནས་ཕ་མེས་ཀྱི་དུས་ནས་དབང་བའི་ས་ཆ་གང་འཚམས་བདག་དབང་དུ་ཡོད་སྐད་འདུག རྗེས་སུ་བལ་ཡུལ་དམངས་གཙོ་ལ་བསྒྱུར་དུས། ཡུལ་དེ་གའི་བན་དེ་ཚོས་དམངས་གཙོ་ཁ་ལ་ཁྱེར་ནས། བོན་ཁྱིམ་དེའི་ས་ཆ་མང་པོ་བཙན་ཕྲོགས་བྱས་སོང་ཟེར་ནས་མིག་ཆུ་ལྷན་དུ་སྡུག་སྐད་འདོན་བཞིན་པ་ངས་དངོས་སུ་མཐོང་། ཐུབ་ས་ཞིག་ལ་དེ་འདྲ་ཐུབ་ཚོད་བཏང་ན་ཡག་པོ་རྩ་བ་ནས་མ་རེད་བ། མི་ཐུབ་ས་ལ་ཐུག་དུས་ག་རེ་བྱེད་ཐུབ་ཀྱི་འདུག་གམ། མདོག་སྐྱ་འདི་ལ་ལྟོས། བསམ་བློ་ཡག་པོ་ཐོངས། ཁྱེད་ཚོས་བཙན་དབང་གིས། ཕ་མེས་ནས་དབང་བའི་བོན་ཁྱིམ་དེའི་ས་ཆ་ཕྲོགས་ཚད་ངེས་པར་དུ་ཕྱིར་སློག་བྱོས། ཕྱི་ལ་ཞབས་བྲོ་འཁྲབ་པ་ལ། ནང་དུ་རྡོག་གྲ་བསྒྲིག་དགོས་ཟེར་བ་དེ་བོད་མའི་ཁ་དཔེ་རེད་ད། དང་པོ་ནང་ཁུལ་ཁ་ཡོད་ལག་ཡོད་ཀྱི་སྐྱིད་སྡུག་ཡོད་པ་བྱོས་ཤིག ། །
བོན་པོ། ར་ཤ་གསར་བའི་དུག་རོ་རྙིང་བ་མ་ལོང་། བན་བོན་བརྩད་བསྡད་ན་སྟོད་ཕྱོགས་ནས་བོན་པོ་གང་ཞིག་གིས་བདས་རྗེས་སྨད་ལ་སོང་། ད་ལྟའི་ཇོ་ནང་བ་གཞི་ཆགས་སའི་འཛམ་ཐང་དགོན་ནི་སྔོན་བོན་དགོན་སྨད་ལ་བྱོལ་རྗེས་གཞི་ཆགས་ས་ཡིན་ལ་རྗེས་སུ་གཙང་ནས་ཇོ་ནང་ཡང་བྱོལ་དགོས་བར་ཐུག་དུས་སྨད་དུ་སོང་ནས་འཛམ་ཐང་ན་གསར་ཆགས་ཀྱི་བོན་སྒོན་རྔ་ཁོག་ལ་གནས་སྤོར་བཅུག་པའི་ལོ་རྒྱུས་ཡོད་རེད། ཐད་གར་བརྗོད་ན་བསྟན་པ་ཕྱི་དར་ནས་བཟུང་ད་བར་ངེད་ཅག་གིས་འདིའི་རིགས་བརྩད་བསྡད་ནས་འགོ་ཚག་མ་དོམ་པ་རེད། ད་ལྟའི་སྐབས་འདི་ལ་སྒང་བ་ཚང་ལ་ཡོད་ན་མེད་ན་ངོམ་ཆོག་པ་གཅིག་ཡོད་པ་ནི་མི་བུ་བསྟན་འཛིན་རྒྱ་མཚོ་ཁོང་རེད། ཁོང་གིས་ནི་འཛམ་གླིང་སྤྱི་དང་བྱེ་བྲག་དུ་སྒང་བ་ཚང་གི་ཆོས་རྒྱུད་ཚང་མའི་ཞྭ་མོ་འདྲ་མིན་གོན་བཞིན་པ་འདི་རེད།
ཆོས་འཕེལ་དར་རྒྱས་ལགས།
བཀའ་སློབ་གནང་བ་ལེགས་བྱུང་། འདིར་དོལ་པོ་ཚོའི་སྐྱིད་སྡུག་གླེང་ས་ལ་ངས་ཀྱང་དོལ་པོ་ཚོའི་སྐྱིད་སྡུག་ཅིག་གླེང་བ་ཡིན། དཀར་ན་དཀར་མཉམ་དང་ནག་ན་ནག་མཉམ་ཡིན་ནོ། ཁྱེད་ཀྱིས་གསུངས་པ། ༼ད་ལྟའི་ཇོ་ནང་བ་གཞི་ཆགས་སའི་འཛམ་ཐང་དགོན་ནི་སྔོན་བོན་དགོན་སྨད་ལ་བྱོལ་རྗེས་གཞི་ཆགས་ས་ཡིན་ལ་རྗེས་སུ་གཙང་ནས་ཇོ་ནང་ཡང་བྱོལ་དགོས་བར་ཐུག་དུས་སྨད་དུ་སོང་ནས་འཛམ་ཐང་ན་གསར་ཆགས་ཀྱི་བོན་སྒོན་རྔ་ཁོག་ལ་གནས་སྤོར་བཅུག་པའི་ལོ་རྒྱུས་ཡོད་རེད།༽ ལོ་རྒྱུས་འདི་ག་བར་གསལ་ཡོད་དམ་གཅིག་གསུངས་རོགས་གནོངས། བཀའ་དྲིན་ཆེ། །
ངེད་ནས་ཇོ་ནང་བླ་མ་ཡོན་ཏན་བཟང་པོ་ཞལ་བཞུགས་སྐབས་ཁོང་ནས་གསན་མྱོང་། འདིར་རག་ཙམ་ཞིག་ལྟ་སར་འདུག http://jonangwellbeing.org/j/index.php?option=com_content&view=article&id=20:2011-08-17-10-15-57&catid=16:2011-08-14-12-08-43&Itemid=23
གནས་མ་ངན་ངན་ཙམ་གྱིས་ཆོག་ཤེས་དང་།
ཐོས་བསམ་སྒོམ་པའི་སྒྲུབ་ལ་རྟག་ཏུ་སྦྱོར།
འབུལ་བ་ཆུང་ཆུང་ཙམ་གྱིས་ཐུགས་དགྱེས་པས།
ལེན་དང་གྲགས་པ་མེད་པས་ཆོས་འཁོར་སྐོར།
སྤྱི་འཁོར་སྡུས་སྡུས་ཙམ་ལ་ཐུགས་བརྩོན་པས།
སངས་རྒྱས་ཡིད་དམ་ཀུན་གྱིས་རྗེས་སུ་བཟུང་།
རང་ཉིད་དམན་དམན་ཙམ་གྱིས་དོན་སྒྲུབ་པས།
སྐྱེ་བོ་མཐོ་དམན་ཡོངས་ཀྱིས་སྐྱབས་སུ་སྐུལ།
དེ་ལྟར་མཛད་པའི་ཤཱཀྱ་ཐུབ་པ་སོགས།
རྒྱ་གར་འཕགས་པའི་ཡུལ་གྱི་སྤྱོད་ལུགས་ཡིན།
གནས་མ་བཟང་བཟང་དེས་ཀྱང་ཆོག་མི་ཤེས།
ཐོས་བསམ་སྒོམ་པའི་བྱ་བ་ཟོལ་གྱིས་སྟོན།
འབུལ་བ་ཆེ་ཆེ་ཕྱོགས་སུ་ཐུགས་དགྱེས་ནས།
འཁོར་དང་སྙན་གྲགས་ཙམ་གྱིས་ཚུལ་ཆོས་སྨྲ།
ལྷ་ཚོགས་བརྒྱ་ཕྲག་བརྒལ་བར་སྒྲུབ་སྦྱོར་ཡང་།
ལྷ་གཅིག་ཐུགས་ཀྱིས་མ་ཟིན་མཐར་མ་པ།
རང་ཉིད་བདེན་བདེན་འཛིན་ནས་གཞན་ལ་རྒོལ།
གཞན་གྱིས་བདེན་ཁ་མི་སྐུལ་རང་ས་ཤོར།
དེ་ལྟར་མཛད་པའི་བོད་ཀྱི་བླ་དཔོན་དང་།
ཁ་བ་ཅན་གྱི་མི་ཡིས་སྤྱོད་ལུགས་ཡིན།
༼རབ་བྱུང་དང་པོའི་མེ་སྟག་ཕྱི་ལོ་༡༡༤༦ལ་བོན་བསྟན་དར། རབ་བྱུང་བདུན་པའི་ཤིང་སྦྲུལ་ལོ་༡༤༢༥ལ་ཇོ་ནང་དུ་བསྒྱུར་བ་ནས་བཟུང་དུས་རབས་བཅུ་བཞིའི་དུས་དཀྱིལ་ཙམ་དུ་ཚེས་བཅུ་རངྣ་ཀཱིརྟིས་དགོན་འདི་ཕྱག་འདེབས་བྱས་པར་སྣང༌།༽ ཡང་ཁྱེད་ཚོས་ཀྱང་ལོ་ངོ་༢༧༨་ཅན་གྱི་བོན་དགོན་ཞིག་ཇོ་དགོན་ལ་བསྒྱུར་འདུག་བ། །
ཁྱེད་ཇོ་ནང་པའི་ཐུགས་དམ་ཡོད་ན་མེད་ན་དེ་གང་ཡིན་ནམ། འཐོབ་བྱའི་འབྲས་བུ་དེ་གང་ཡིན་ནམ། མདོར་བསྡུས་ཤིག་གསུངས་རོགས་གནོངས། །
བསྟན་འཛིན་ལགས། །
ད་གང་ཤེས། ང་ལ་་་བན་རྡེ་རྗི་་་་གྲོགས་པོ་མང་པོ་ཡོད་ད། གཅིག་བྱས་ན་ཁྱེད་ལས་ང་རྒྱུས་ཆེ་ཡོང་། །
ཧ་ཧ། འདྲི་ས་དང་བཤད་ས་གཉིས་ཆ་ནོར་ཡོད་ས་རེད་དོ། མ་གཞི་ལོ་རྒྱུས་ནི་ལོ་རྒྱུས་རེད་ལ་ཁྱད་པར་མི་འདུག ངེད་ལ་ནི་བན་བོན་གྱི་དབྱེ་བ་མེད་ལ་ཆོས་ལུགས་ཀུན་ནས་མཁོ་བ་ལེན་མཁན་དང་མི་དགོས་བ་དོར་མཁན་ཞིག་ཡིན། བོན་པོ་ནས་རང་ལ་ཕན་ཐོག་པའི་ཆོས་ལེན་མྱོང་ལ། ཇོ་ནང་བ་ནས་ཡང་ལེན་མྱོང་། ས་སྐྱ་ནས་ཆོས་ཞུ་མྱོང་ལ། བཀའ་རྒྱུད་ནས་ཡང་མྱོང་། དགེ་ལུགས་ནི་བཤད་ཅི་ལ་དགོས། དེ་བཞིན་ཡེ་ཤུའི་ལྷ་ཁང་ནས་མཆོད་མེ་མཆོད་མྱོང་ལ་ཁ་ཆེའི་ལྷ་ཁང་ནས་ཡང་གསོལ་བ་འདེབ་མྱོང་ངོ་།
ཆོས་འཕེལ་དར་རྒྱས་ལགས།
ཧིན་རྡུ་ག་བར་ཕྱིན་པ་ཡིན་ནམ། མཐོང་ས་ལ་མི་འདུག་བ། ཧཧཧ
དངོས་གནས་ཁྱེད་འདྲ་པོ་ཞིག་བྱུང་སོང་ན་རྗེས་སུ་ཡིད་རངས་ཡོད།
བདེན་པ་གསུངས་འདུག འདིར་དོལ་པོའི་སྐྱིད་སྡུག་གླེང་ས་ཡིན་ད།
དོལ་པོའི་ཕོ་གསར་སྟག་འདྲ་གཟིག་འདྲ་དེས་དཔེ་ཡག་པོ་བྲིས་འདུག བོད་མི་རིགས་ཟེར་ནས་སྨྲས་འདུག་པས་དངོས་གནས་དགའ་པོ་བྱུང་། ཁོའི་ཁ་ལ་མར་བྱུག ད་ནས་བཟུང་བོད་པ་ཚོས་ཁོང་ཚོ་ལ་ཧི་མི་དང་། ཧི་མ་ལ་ཡི་མི་རིགས་ཟེར་ནས་ཟུར་འདོན་མ་གནང་རོགས། །
ཚེ་གཅིག་ལུས་གཅིག་སངས་རྒྱས་་འདོད་ན་།
ཆོས་ལུགས་མ་འདྲེས་་གཅིག་ལ་རྟེན་།
ལྟ་སྤྱོད་གཙང་མའི་རྒྱུད་པ་སྤེལ་།
ཐབས་དང་ཤེས་རབ་དེ་ནས་སྙེད་།
ཆོས་ལུགས་མང་ན་འཆོལ་་བ་ཡིན་།
སྟོང་པའི་ངང་ལ་དུས་ཚོད་རྫོགས་།ཧ་ཧ་
དོལ་རྒྱལ་ཚོགས་པས་ཨི་ཊ་ལི་ལ་རྒྱལ་དབང་མཆོག་གི་ཆིབས་སྒྱུར་ལ་ངོ་རྒོལ་བྱ་རྒྱུ་རེད་འདུག འདིར་ཁོང་ཚོའི་འཆར་གཞིག་ཁག་གཅིག་འདུག ཚང་མས་རྒྱ་ཆེར་སྒྲོགས་རོགས།
http://internationalshugdencommunity.com/prebooking-advice-rome-demos/
བླ་མ་དང་སྤྲུལ་སྐུ་རྣམས་ནི་ནང་ཆོས་ལ་དད་པ་དང་དམ་ཚིག་ཅན་ཀྱི་མི་རིགས་རྣམས་དང་། ལྷག་པར་ད་ཡང་བོད་མི་རིགས་འདི་ལ་བྱས་རྗེས་ཆེན་པོ་འཇོགས་གནང་ཡོད་ལ་བོད་མི་རིགས་གི་གུས་བསྐུར་ཞུ་འོས་པ་ཞིག་རེད། དེ་མིན་ཅོ་རི་ཉི་མའི་བླ་མ་ང་བླ་མ་ཟེར་མཁན་དོད་འདྲེ་ལ་དད་པ་བྱེད་མཁན་དང་དོད་འདྲེའི་རྗེས་འཇུགས་དང་རྒྱ་གུང་ཁྲན་གི་རྒྱུག་ཁྱི་xxལྟར་མ་རེད་
བློ་དོལ་བོའི་ལུང་པར་ང་རང་བོད་ནས་ཕྱི་ལོ་1959 ལོར་སྐྱབས་བཅོོལ་དུ་ཡོང་སྐབས་ལམ་ཁ་དེ་ནས་ཡོང་པ་ཡིན་།དོལ་པོའི་ལུང་པ་
དམུ་དང་བ་རོང་ཞང་པ་དངས་དཀར་རྫོང་་ཕ་ལག་དང་སང་དགས་་སོགས་ལ་ལོ་
མང་པོ་སྡོད་མྱོང་བས་བདེན་དཔང་ཐུབ་པའི་གནས་ཚུལ་བྲིས་པར་ཅགའ་པ་བྱུང་
ཐུགས་རྗེ་ཆེ་།
ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་།
བྱང་ཆུབ་སེམས་པ་རྣམས་ལ་བཀུར་བ་བཏབ་།
དོན་མེད་སྡིག་ཆེན་བསགས་པ་འཐོལ་ལོ་བཤགས་།
སྡིག་མཁན་ཁྱོད་སྙིང་རྗེ་ཡ་ང་ཤ་་ཚ་་