བསྟན་འཛིན་ཉིན་བྱེད།
ལོ་མང་པོའི་སྔོན་ཨ་རིའི་སྲིད་འཛིན་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མཉམ་མཇལ་འཕྲད་གནང་སྐབས་ང་ལ་རེ་བའི་འོད་ཟེར་ཞིག་འཕྲོ་གི་ཡོད་ལ། རྗེས་སོར་རེ་བ་དེ་ཚོ་སྟོང་ཟད་དུ་གྱུར་སོང་། དངོས་ཡོད་གནས་ཚུལ་ནི་ཨ་རིས་བོད་ཀྱི་རང་བཙན་ལེན་གྱི་རེད་བསམ་པ་དེ་ནི་རྨོངས་སེམས་ཞིག་ཡིན་ལ། དེ་ནི་འཇིག་རྟེན་ཆབ་སྲིད་ཀྱི་འགྲོ་སྟངས་དང་རྦད་དེ་འགལ་འདུག མི་སྒེར་ཞིག་གི་འཐབ་རྩོད་ཡིན་ནའང་འདྲ། རྒྱལ་ཁབ་ཞིག་གི་འཐབ་རྩོད་ཡིན་ནའང་རེད། གཙོ་བོ་རང་ཉིད་ཀྱི་འགན་རང་ཉིད་ཀྱིས་འཁུར་དགོས་པ་མ་གཏོགས་ཕྱི་མིའམ་ཕྱིའི་རྒྱལ་ཁབ་སྟོབས་ཤུགས་ཅན་ཞིག་ལ་རེ་བ་བཅོལ་བ་དེ་ནི་ནམ་མཁའི་སྟེང་ཁང་པ་བརྩིག་པ་ལྟ་བུའི་དབྱིན་ཇིའི་དཔེ་ལྟར་ཡོང་མི་སྲིད་པའི་གནད་དོན་ཞིག་ཡིན་པ་རེད། དེར་བརྟེན་དེང་སང་ཨ་རིའི་སྲིད་འཛིན་ནམ་ནུབ་ཕྱོགས་རྒྱལ་ཁབ་སུ་འདྲ་ཞིག་གི་འགོ་འཁྲིད་དང་རྒྱལ་བ་རིན་པོ་ཆེ་མཇལ་འཕྲད་གནང་བ་འདིས་བོད་ཀྱི་རང་དབང་འཐབ་རྩོད་ལ་ཕན་ཐོགས་ཤུགས་ཆེ་ཡོང་གི་ཡོད་པའི་རེ་བ་དེ་ཙམ་མེད་པ་མ་ཟད། མཇལ་འཕྲད་དེ་རིགས་ཀྱིས་བོད་ལ་ཁེ་ཕན་མང་བ་རེག་གི་ཡོད་དམ་ཡང་ན་མཇལ་འཕྲད་གནང་མཁན་གྱི་འགོ་འཁྲིད་ཚོ་དང་ཁོང་ཚོའི་རྒྱལ་ཁབ་ཁག་ལ་ཁེ་ཕན་མང་བ་རེག་གི་ཡོད་མེད་སོགས་ཀྱི་དོགས་སྣང་ཞིག་འཆར། གང་ལྟར་ལོ་མང་རིང་གི་ཉམས་མྱོང་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་ཞིག་ཤེས་སོང་བ་ནི། འགོ་འཁྲིད་དི་རིགས་དང་ཁོང་ཚོའི་རྒྱལ་ཁབ་ལ་ཁེ་ཕན་ཞིག་མེད་ན་རྒྱལ་བ་རིན་པོ་ཆེ་དང་མཇལ་འཕྲད་ནམ་ཡང་གནང་གི་མེད་པ་དེ་རེད། དེ་ལ་ཧ་ལས་ཧོན་ཐོར་བྱེད་དགོས་དོན་ཞིག་རྩ་ན་མིན་འདུག་ལ། འཛམ་གླིང་ཆབ་སྲིད་ཀྱི་ཆོས་ཉིད་དེ་འདྲ་ཞིག་དུ་གྱུར་འདུག
འོན་ཀྱང་ད་རེས་རྒྱལ་བ་རིན་པོ་ཆེ་དང་ཨ་རིའི་སྲིད་འཛིན་ཨོ་པ་མ་གཉིས་མཇལ་འཕྲད་དང་འབྲེལ་བའི་གནས་ཚུལ་ཁག་ལ་ཞིབ་ལྟ་བྱེད་སྐབས། གཏམ་བཟང་གི་གནས་ཚུལ་ཞིག་ཐོས་བྱུང་ལ། དེ་ནི་ཨ་རིའི་གྲགས་ཅན་གྱི་གསར་འགྱུར་ཁང་སི་ཨེན་ཨེན་གྱིས་ཨ་རིའི་མི་མང་ཁྲོད་ བོད་རང་བཙན་བྱེད་དགོས་མིན་གྱི་འོས་བསྡུའི་གྲུབ་འབྲས་འདི་རེད། འོས་བསྡུའི་གྲུབ་འབྲས་ནང་ཨ་རིའི་མི་མང་མང་ཆེ་བས་བོད་རང་བཙན་བྱེད་ན་ཆོག་ཅེས་ཐོན་ཡོད་པ་རེད།
གནས་ཚུལ་འདིས་ཕྱོགས་གཅིག་ནས་ང་ལ་དགའ་ཚོར་ཞིག་སྟེར་བཞིན། ཕྱོགས་གཞན་ཞིག་ནས་སྐྱོ་སྣང་ཞིག་སྟེར། གང་ལགས་ཤེ་ན་འདིས་གསལ་པོ་བཏོན་པ་ནི་བོད་ཀྱི་དབུ་འཁྲིད་གཙོས་བོད་མི་མང་གིས་སོ་སོའི་རང་དབང་རང་བཙན་གྱི་གཞི་རྩའི་ཐོབ་ཐང་ངོ་མི་འཕྲོད་པའམ་འཐབ་རྩོད་བྱེད་ཐུབ་ཀྱི་མེད་པ་དེ་ཡིན། མི་མང་དཀྱུས་མ་ནི་རང་བཞིན་གྱིས་དྲང་པོ་ཡོད་པ་མ་གཏོགས་བཟང་ཕྱོགས་དང་འགལ་བའི་ ཁེ་ཕན་ཁོ་ནར་བལྟས་ཏེ་ལས་ཀ་བྱེད་མཁན་ཞིག་མིན་ལ། དེར་བརྟེན་ཨ་རིའི་མི་སེར་ཕལ་མོ་ཆེ་བོད་ཀྱི་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད། ཁོང་ཚོས་དེ་ནི་དྲང་བདེན་ཡིན་པ་དང་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཡིན་པར་ཤེས་ཀྱི་ཡོད།
ཡིན་ནའང་གཞུང་དང་ཆབ་སྲིད་འགོ་འཁྲིད་པའི་གནས་ཚུལ་ཐ་དད་ཡིན་ལ། གཞུང་དང་ཆབ་སྲིད་འགོ་འཁྲིད་པས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་པ་འདི་ ནི་རྒྱ་ནག་མཉམ་ཚོང་འབྲེལ་ཡོང་རྒྱུའི་ཁེ་ཕན་དང་མཐུན་གྱི་ཡོད་པ་རེད། ཁོང་ཚོ་ནི་དྲང་བདེན་དངོས་ཡོད་གནས་ཚུལ་གྱི་ལམ་ལ་མི་འཇུག་ཅིང་། ཆབ་སྲིད་དང་དཔལ་འབྱོར་ཁེ་ཕན་ཁོ་ནར་གཞི་བཞག་སྟེ་བོད་ཀྱི་གནད་དོན་ཐད་ལང་ཕྱོགས་འཛིན་གྱི་ཡོད་པ་རེད། ད་ལྟའི་ཆར་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་པ་འདིས་ཁོང་ཚོར་ཁེ་ཕན་མང་བ་རེག་གི་ཡོད་ཅིང་། ཉིན་གཅིག་བོད་རང་བཙན་གྱིས་ཁོང་ཚོར་ཁེ་ཕན་མང་བ་ཐོབ་ཀྱི་ཡོད་ན་བོད་རང་བཙན་བྱེད་ཆོག་པའི་རྒྱབ་སྐྱོར་དངོས་ཤུགས་བརྒྱུད་གསུམ་ནས་སྤྲོད་རྒྱུ་ཡིན་པ་ཐེ་ ཚོམ་མེད།
དེར་བརྟེན་བོད་མིའི་ངོས་ནས་ཁ་ཚ་དགོས་གཏུགས་ཀྱི་འཐབ་རྩོད་བྱེད་དགོས་པ་འདི་ནི། བོད་རང་བཙན་བྱེད་པ་འདིས་ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁབ་ལ་ཆབ་སྲིད་དང་ལྷག་པར་དུ་དཔལ་འབྱོར་གྱི་ཁེ་ཕན་ཇི་འདྲ་ཞིག་བསྐྲུན་གྱི་ཡོད་པ་མ་ཟད། ཁེ་ཕན་དེ་དག་རྒྱ་ནག་མཉམ་ཚོང་འབྲེལ་བྱེད་བཞིན་པའི་ཁེ་ཕན་ལས་ཆེ་བ་ཞིག་ཡིན་པར་ ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་དགོས། དེ་འདྲ་བྱུང་ཚེ་བ་ད་གཟོད་བོད་ཀྱི་རང་དབང་གནད་དོན་ཐད་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཁ་ཡོད་ལག་ཡོད་ཀྱི་རོགས་འདེགས་བྱེད་རྒྱུ་ཡིན།
བསྟན་འཛིན་ཉིན་བྱེད་ལགས་ཀྱིས་གསུངས་པ་འདི་ནི་ཤིན་ཏུ་ནས་བདེན་པ་བོད་རང་བཙན་རེ་མཁན་ཚོར། བོད་རེ་བས་མ་ཕོངས་པའི་ཆེད་དུ་གསུངས་པ་འདྲ། ང་ནི་བོད་རང་བཙན་ཞེས་པ་ནི། ཚེ་ཐུང་འདི་ན་རེ་བ་མི་བཅངས་ཡང་། ༸གོང་ས་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་ལམ་གྱི་འབྲས་བུ་མཐར་ཐུག་ལ་ལོངས་སྤྱོད་རེ་སྒུག་བྱེད་མཁན་ཅིག་ཡིན་པའི་ཆ་ནས། གོང་དུ་བསྟན་ཉིན་གྱིས་གསུངས་པ་ལྟར། ཉི་མ་འདི་རིང་ནས་ལོ་འདིའི་འཚི་མེད་ཞི་བའི་ཐབས་ལམ་སྣ་ཚོགས་བེད་སྤྱད་ནས། བོད་མིའི་རང་དབང་ལས་འགུལ་ལ། འགྱོད་པ་མེད་པ་ཅིག་ཡོང་བའི་ཆེད་དུ་བཞུགས་དགོས་པ་ནི། བོད་གཞིས་བྱེས་གཉི་གའི་འགན་འཁུར་རེད་སྙམ།