ཨ་འདུས་མིག་ཆུ།
བོད་ཀྱི་འབོལ་རྩོམ་སྐོར་ལས་འཕྲོས་ཤིང་ཉམས་སུ་ལེན་འོས་ཀྱི་རྩོམ་ཡིག་ཅིག་ཡོད་པ་ནི། བྱ་གཞུང་དབྱངས་བྷེའི་<<འབོལ་རྩོམ་དང་འབྲེལ་བའི་གླེང་མོལ་ཕྲན་བུ>>ཞེས་པ་དེ་རེད་ལ། དེའི་ནང་དུ་འབོལ་རྩོམ་གྱི་ངོ་བོ་དང་ཁ་གཏད་ཡུལ་ནས་བཟུང་སྟེ། འབོལ་རྩོམ་ལ་དོན་སྨིན་ཡང་དག་གིས་གསལ་འགྲེལ་ཞིག་བྱས་འདུག་སྙམ། དེ་ལས་གཞན་པའི་འབོལ་རྩོམ་རང་གི་སྐོར་ནས་གླེང་ཞིང་མོལ་བའི་བརྩམས་ཆོས་ཤིག་ནི་ད་བར་ཁོ་བོའི་མཐོང་ལམ་དུ་མ་གྱུར།
སྤྱིར་འབོལ་རྩོམ་ཞེས་པའི་ཐ་སྙད་ཀྱི་འཇུག་དོན་དུ་གྱུར་པའི་རྩོམ་ལུས་འབྲི་ཐབས་ནི་བོད་རང་ལ་རྒྱལ་དབང་ལྔ་པའམ་དེའི་ཡར་སྔོན་ནས་ཡོད་པ་འདྲ་ལ། དེ་ནི་“གོ་སླ་བའི་ཚིགས་བཅད་ཅིག”གི་འབྲི་ཚུལ་ཞིག་ཡིན་པ་ཚིག་མཛོད་སོགས་ལ་གསལ། ཡིན་ཡང་དེང་གི་འབོལ་རྩོམ་ནི་གཞན་གྱི་རིག་གནས་ལས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་བོད་དུ་དར་བའི་ཚིག་ལྷུག་གི་རྣམ་པར་བཞེངས་པའི་འབྲི་ཐབས་ཤིག་རེད་འདོད། དེ་ནི་ཤེས་རབ་དང་ལྷག་བསམ་རྩ་བར་བཟུང་ནས་སྤྱི་ཚོགས་དང་རིག་གནས་ལ་སྨན་པའི་རྩོམ་ཡིག་ཅིག་བློས་བསླང་བྱ་དགོས་པ་ཞིག་མིན་ནམ་སྙམ།
ང་རང་ཉིད་ཀྱིས་ནམ་རྒྱུན་བསམ་བློར་འཁོར་ཕྱོགས་ལྟར་བྱས་ན། འབོལ་རྩོམ་ཞེས་པ་འདིའི་ཁ་གཏད་ཡུལ་ནི། སྤྱི་ཚོགས་དཔྱོད་བརྗོད་དང་། རིགས་གནས་དགག་སྒྲུབ་གཉིས་ལས་མ་འདས་པར་འདོད་ལ། དེ་ཡང་དངོས་ཡོད་སྤྱི་ཚོགས་ལ་ཁ་ཕྱོགས་ཤིང་། མིའི་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་ཐུབ་མིན་གྱི་རིག་གནས་ལ་ཤེས་རབ་ཀྱི་སྣེ་བརྡར་སྟེ། དགག་སྒྲུབ་ཀྱི་ལས་ལ་གཞོལ་དགོས་པ་ཞིག་རེད་འདོད།
དོན་དངོས་བྱས་ན་འབོལ་རྩོམ་ནི་རྩོམ་ཡིག་གཞན་དང་གཏན་མི་འདྲ་སྟེ། འབོལ་རྩོམ་ཁྲོད་དུ་ནམ་ཡང་རིག་གནས་ཤིག་དང་རིག་གནས་དེ་འཁོར་རྒྱུག་བྱ་སའི་སྤྱི་ཚོགས་གཉིས་མ་གཏོགས་མི་སྒེར་གྱི་ཚོར་བ་བདེ་སྡུག་དང་དགའ་ཁ་ཁྱེར་ཕྱོགས་སོགས་ཡོང་ས་ཕལ་ཆེར་མེད་ཚོད་རེད། དེའི་རྒྱུ་མཚན་ནི། འབོལ་རྩོམ་ཞེས་པའི་རྩོམ་ལུས་འདིའི་ཁ་གཏད་ས་ནི། སྤྱི་ཚོགས་དང་རིག་གནས་ཡིན་པས་རེད།
འབོལ་རྩོམ་གྱི་མཐར་ཐུག་གི་ལས་འགན་གཙོ་བོ་ནི། སྤྱི་ཚོགས་ཤིག་ལེགས་ལམ་དུ་བསྐུལ་རྒྱུ་དང་། རིག་གནས་ཤིག་གོང་འཕེལ་དུ་བསྐྱེད་དགོས་པ་དེ་ཡིན་ལ། དེ་ནི་རྩོམ་པ་པོ་རང་ཉིད་ཀྱི་བློ་ཁ་ནང་ལ་ཕྱོགས་པའི་རང་གི་ལྟ་ཚུལ་དེ་ཉིད་ཁ་ཕྱིར་ཕྱོགས་ཀྱི་རིག་གནས་དང་སྤྱི་ཚོགས་གང་རུང་ལ་ཕན་པའི་གསོས་སུ་འགྱུར་བའི་རྐྱེན་དུ་བརྩོན་དགོས་པ་དེ་རེད་འདོད།
རྒྱུ་མཚན་དེའི་ཕྱིར་ན། འབོལ་རྩོམ་གསར་པ་འབྲི་བར་སྒོ་གང་ཐད་ནས་འབུང་བཞིན་པའི་སྐུ་ཞབས་ཞོགས་དུང་སོགས་ཀྱི་རྩོམ་དེབ་བཞི་ལྔ་ཞིག་གི་མགོ་ནས་མཇུག་པར་དུ་སྤྱི་ཚོགས་ཤིག་དང་རིག་གནས་ཤིག་དཀྱིལ་སྙིང་དུ་བཟུང་ནས་དཔྱད་བརྗོད་དང་དགག་སྒྲུབ་བྱས་ཡོད་པ་ལས། མི་སྒེར་གྱི་ཚོར་བ་བདེ་སྡུག་དང་དགའ་ཁ་ཁྱེར་ཕྱོགས་ལྟ་བུའི་རིགས་སྤུ་རྩེ་ཡང་མེད་ཅེས་བཤད་ཀྱང་ཆོག
རྒྱུ་མཚན་དེའི་ཕྱིར་ན་འདི་ལྟ་བུའི་འབོལ་རྩོམ་དག་གིས་སྤྱི་ཚོགས་ལ་གཡོ་སྐྱོམ་གཏོང་ཞིང་རིག་གནས་ལ་དགག་སྒྲུབ་སྣ་མང་བསྐྱེད་པ་ལས་མི་སྒེར་བ་ཞིག་ལ་ཐད་ཀར་གནོད་དགོས་པ་ཞིག་གང་ཡང་མེད་པ་དེའོ།།
འོན་ཀྱང་དེ་ལྟ་བུའི་རྩོམ་ལུས་སྟབས་བདེ་ལ་བརྗོད་བྱ་ཡང་དག་པ་གདམ་ཆོག་པའི་འབོལ་རྩོམ་དེ་ནི། དེང་སང་ངོ་བོ་དང་རྣམ་པ་འགྱུར་དེ་ཡོད་ཚད་སྐྱོ་གར་གྱི་ལམ་དུ་ཆས་བཞིན་པ་ནི། མིག་ཆུ་བཞུར་འོས་པའི་གནས་འབའ་ཞིག་ཏུ་ཁོ་བོས་འདོད།
དེང་དུས་ཀྱི་འབོལ་རྩོམ་མང་ཆེ་བ་ཞིག་གིས་སྤྱི་ཚོགས་ཤིག་གམ་རིག་གནས་ཤིག་ལ་འགན་ཁུར་དགོས་པའི་འོས་འགན་ཡོངས་སུ་དོར་དེ། རྩོམ་པ་པོ་རང་གི་སེམས་ཀྱི་དགའ་སྡུག་གི་ཚོར་བ་དང་རང་གི་དགའ་ཁ་ཁྱེར་ཕྱོགས་ཙམ་རྩོམ་ཡིག་གི་བརྗོད་སྙིང་བྱས་ཏེ། སྤྱི་ཚོགས་ཁྲོད་ཨག་རིང་འདེབས་པ་དང་མིག་ཆུ་འདོན་པ་སོགས་ཀྱིས་སྤྱི་ཚོགས་སུན་པོ་བཟོ་བ་དང་རིག་གནས་སྣང་ཆུང་བྱེད་བཞིན་པ་འདིའོ།།
དོན་དངོས་བྱས་ན་ཁོས་དབྱིན་ཡིག་དང་རྒྱ་ཡིག་ཤེས་མ་ཤེས་དང་། ཁོའི་མི་གཤིས་བཟང་མི་བཟང་། མོ་ལ་ཁྱོད་དགའ་མི་དགའ་སོགས་བཤད་དེ། འབོལ་རྩོམ་དུ་བསྙད་པའི་རྩོམ་ཡིག་ཁ་གྲངས་ལོང་བ་ཞིག་བྲིས་ཀྱང་དེས་སྤྱི་ཚོགས་ཤིག་གམ་རིག་གནས་ཤིག་ལ་སྨན་དུ་འགྲོ་རྒྱུ་ཕར་ཟད། རྩོམ་པོ་རང་ཉིད་ཀྱི་ནང་གི་དེ་ཉིད་ཕྱིར་མངོན་པ་ཙམ་ལས་ཅང་མིན་པ་ཤེས་ན་བཟང་མོད། འོན་ཀྱང་དེ་ཤེས་པའི་ཚབ་ལ་ངོ་ཚ་དང་ཁྲེལ་ཞེས་པ་གཏན་ནས་སྤངས་ཏེ་ལྷག་ཏུ་ཚབས་ཇེ་ཆེར་གཏོང་བཞིན་པ་མ་ཡིན་ནམ།
སྙན་ངག་དང་བརྩམས་སྒྲུང་ཚད་ཐུབ་འབྲི་བ་མ་ཟད། རྩོམ་པ་པོའི་སྙན་གྲགས་རབ་ཏུ་རྒྱས་པ་དག་གིས་ཀྱང་དེང་སང་སྤྱི་ཚོགས་དང་རིག་གནས་ཤིག་གི་ལས་དབང་ལ་བསམ་རྒྱུའི་ཚབ་ཏུ་འབོལ་རྩོམ་ཞེས་པའི་རྩོམ་ལུས་དེ་མྱི་གསོད་ཅིག་གི་ལག་པར་གྲི་ཤོར་བ་ལྟར་རང་ཉིད་མི་དགའ་ས་དང་མི་འདོད་པའི་མྱི་དག་གསོད་གང་ཐུབ་དང་འཆའ་ཅི་ཐུབ་བྱེད་པའི་ཅ་ལག་ཅིག་ཏུ་གྱུར་འདུག་ལ། དེའི་རིགས་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་། རིག་གནས་ཡར་སྐུལ་གྱི་བྱ་བཞག་ལ་གང་ཡང་ཕན་མི་སྲིད་པ་དེའོ།།
སྤྱིར་ཡང་ད་ལྟའི་འབོལ་རྩོམ་གསར་མའི་འབྲི་ཐབས་འདི་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་སྐབས་སུ་སྐུ་ཞབས་ལུའུ་ཞུན་སོགས་ཀྱིས་སྤྱི་ཚོགས་ཀྱི་ནད་སྙིང་བཅོ་བའི་སླད་དུ་རྩོམ་ལུས་འདི་ཉིད་ལག་ཏུ་བླངས་ཤིང་། སྒེར་གྱི་ནད་སྙིང་བཅོས་པའི་སྨན་པའི་ལག་རྩལ་སོགས་ལ་ཁ་གྱེས་པའི་གཏམ་རྒྱུད་ཡོད་པ་རེད། འོན་ཀྱང་དེང་གི་བོད་ཀྱི་འབོལ་རྩོམ་འབྲི་མཁན་དག་དེ་ལས་ལྡོག་སྟེ་རྩོམ་ལུས་འདི་ཉིད་སྤྱི་ཚོགས་ལ་ནད་བཅོས་བྱ་རྒྱུའི་ཚབ་ཏུ་མི་སྒེར་གྱི་སྙིང་ནད་གསོ་བའི་ལག་ཆར་སྐྲུན་བཞིན་འདུག་ན། དེང་གི་བོད་ཀྱི་འབོལ་རྩོམ་འདི་ནི་སྐྱོ་གར་ལ་ཡན་པའི་རྩོམ་ལུས་ཤིག་ཏུ་གྱུར་འདུག་པ་ཁོ་བོས་སྨྲ།
འབོལ་རྩོམ་ཚད་ཐུབ་ཅིག་འབྲི་ཐུབ་ན་དེ་ལ་བརྟེན་ནས་སྤྱི་ཚོགས་ལ་གཡོ་སྐྱོམ་ཆེན་པོ་འོང་ཞིང་། རིག་གནས་ལ་དགག་སྒྲུབ་སྣ་མང་འབྱུང་ངེས་པ་རེད། དེ་ནི་འབོལ་རྩོམ་གྱི་བསྐྱེད་འབྲས་རེད་ལ། ཚད་ལོངས་པའི་འབོལ་རྩོམ་གྱི་ཚད་གཞིར་བཟུང་ནའང་འཐུས་སྙམ།
དེ་མིན་དེང་གི་འབོལ་རྩོམ་དག་གིས་སྤྱི་ཚོགས་ལ་བསུན་སྣང་བསྐྱེད་ཅིང་། རིག་གནས་མག་མོག་ཏུ་གཏོང་བཞིན་འདུག་ན། ཅིས་ཀྱང་ཁྱོད་ཀྱི་ཁ་དང་ང་ཡི་སྣ་རྩོད་བཞིན་པའི་སྐད་ཆ་དག་མཚམས་བཞག་སྟེ་མི་རིགས་འདི་དང་དེའི་རིག་གནས་དཀྱིལ་སྙིང་དུ་བཟུང་ནས་དཔྱད་བརྗོད་དང་། ཡང་ན་དགག་སྒུབ་ཀྱི་དོན་སྙིང་ཡོད་པའི་འབོལ་རྩོམ་རེ་འབྲི་ཐུབ་ན་ཧ་ཅང་གལ་ཆེའོ།།
རྩོམ་པ་པོ་བྱ་གཞུང་དབྱངས་བྷེའིའབོལ་རྩོམ་སྐོར( འབོལ་རྩོམ་དང་འབྲེལ་བའི་གླེང་མོལ་ཕྲན་བུ)ཞེས་པ་དེ་རེད། དེ་ནི་དྲ་ཚིག་གི་ཁ་སྟེང་བསྐུར་ཟིན་ཡོད། འབྱོར་མེད་པ་འདྲ།
ཨ་འདུས་མིག་ཆུ་ལགས། སྐད་འཕྲིན་ནང་དུ་འབྲེལ་བ་ཞིག་བྱ་རོགས།