ཆབ་མདོ་ངག་ཕུན་གྱིས།
(ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་ལྔ་འཁོར་བའི་བཀའ་དྲིན་རྗེས་དྲན།)
ས་གསུམ་གྱི་བླ་མ།། འཛམ་གླིང་གི་དད་དཔོན།།
ཆོས་སྲིད་ཀྱི་དབུ་ཁྲིད།། བོད་འབངས་ཀྱི་སྐྱབས་གནས།།
མགོན་ཁྱེད་ཀྱི་བཀའ་སློབ།། རིན་བྲལ་གྱི་བདུད་རྩིས།
འཛམ་གླིང་གི་མི་རྣམས།། རྨོངས་གཉིད་ལས་གྲོལ་སོང་།།
འཛིན་མ་ཡི་སྟེང་དུ།། འགྲོ་བ་ཡི་དཀའ་སྡུག།
མགོན་ཁྱེད་ཀྱི་སེལ་བྱུང་།། བཀའ་དྲིན་དེ་ཆེ་འོ།།
འཛམ་གླིང་གི་མི་དམངས།། ཕྱོགས་རིས་ལ་མེད་པའི།།
བྱམས་བརྩེ་ཡི་བཀའ་སློབ།། རིན་བྲལ་དེ་གནང་བ།།
མཁྱེན་བརྩེ་ཡི་བདག་པོ།། ཞི་བདེ་ཡི་ཕོ་ཉ།།
བསྟོད་དབྱངས་ལ་འཐེན་ནས།། སྤྱི་གཙུག་ལ་བཀུར་བ།།
གཟུར་གནས་ལ་ཀུན་གྱིས།། མགོན་ཁྱེད་ལ་བསྟོད་ནས།།
ཚད་མེད་ཀྱི་རྒྱལ་པོ།། ལ་སོགས་ཀྱིས་བསྟོད་བཀུར།།
མགོན་མཆོག་གི་རྟག་ཏུ།། འཛམ་གླིང་གི་མི་རྣམས།།
ཞི་བདེ་ལ་འཁོད་པའི།། ཉིན་མཚན་ལ་བརྩོན་རྨད།།
བོད་ཡུལ་གྱི་མུན་པ།། མགྱོགས་མྱུར་ལ་སེལ་བའི།།
ཡོད་ཚད་ལ་བློས་བཏང་།། བཀའ་དྲིན་དེ་བསྐྱངས་མཛད།།
གངས་ཅན་གྱི་བུ་ཕྲུག།། ཤེས་རིག་གི་ལོ་འདབ།།
རབ་ཏུ་ལ་རྒྱས་པའི།། སྐུ་ངལ་དེ་སྐྱོན་མཛད།།
མི་རིགས་ཀྱི་བླ་སྲོག།།སྐད་ཡིག་དེ་མི་ཉམས།།
ཉིན་མཚན་ལ་དུས་དྲུག །སྐུ་ངལ་དེ་སྐྱོན་མཛད།།
ཞི་བདེ་ཡི་དུང་ཟླ།། རླབས་ཕྲེང༌ལ་འཕྱུར་ནས།།
གཞན་ཕན་གྱི་གངས་རི།། དཀར་པོ་དེ་མཛེས་པ།
འཛམ་གླིང་གི་སྟེང་ལ།། སྙན་གྲགས་དེ་ཆེ་བའི།།
ནོ་ཝེལ་གྱི་གཟེངས་རྟགས།། འབུལ་བཞེས་དེ་མཛད་ཡོད།།
རིན་བྲལ་གྱི་གཟེགས་རྟགས།། འབུལ་བཞེས་དེ་མཛད་ནས།།
མི་ལོ་དེ་ཉེར་ལྔར།། འཁོར་བ་ཡི་དགའ་སྟོན།།
མཐོ་སྒང་གི་མི་རྣམས།། གཞན་དབང་གི་འོག་ཏུ།།
དཀའ་སྡུག་དེ་མྱོང་ཡང་།། ཚད་མེད་ལ་བརྩོན་པ།།
འཇིགས་ཞུམ་ལ་མེད་པའི།། བློ་རྩེ་ལ་གཏདནས།།
ཞི་བདེ་ཡི་དད་དཔོན།། གསོལ་བ་ལ་སྨོན་འདེབས།།
ཁྲག་དམར་དང་མིག་ཆུ།། དཀའ་སྡུག་ལ་གནས་ཀྱང་།།
གངས་ལྗོངས་ཀྱིས་མི་རྣམས།། བློ་རྩེ་ལ་ཁྱེད་གཏད།།
མི་རིགས་ཀྱི་རྩ་དོན།། འབད་མེད་ལ་བརྩོན་པས།།
གངས་ལྗོངས་ཀྱི་བླ་སྲོག།། བཀའ་དྲིན་དེ་ཆེ་འོ།།
རང་དབང་གི་ཉི་མ།། མགྱོགས་མྱུར་དེ་འཆར་ཞིང་།།
རྒྱལ་བ་ཡི་བསྟན་འཛིན།། མགྱོགས་མྱུར་དུ་ཕེབས་སྨོན།།
ཡོད་འོང་གི་གྲུ་འཛིན།། གནས་མཆོག་གི་ཞིང་ལ།།
ཞབས་སོར་གྱི་བཀའ་དྲིན།། བདེ་བར་ལ་འཁོད་སྨོན།།
འཛམ་གླིང་འདིའི་སྟེང་དུ་འཚོ་ཞིང་རྒྱུ་བའི་སྐྱེ་འགྲོ་མཐའ་དག་ཉེ་རིང་ཆགས་སྡང་དང་བྲལ་ཞིང་ཕན་ཚུན་གཅིག་མཐུན་བག་ཕེབས་ཀྱི་ཁོར་ཡུག་བཟང་པོས་ཞི་བདེའི་དོན་སྙིང་ལྡན་པའི་བཅོ་ལྔའི་དུང་ཟླའི་འོད་ཟེར་བརྒྱ་ཕྲག་ཕྱོགས་ཀུན་འཕྲོ་བ་ལྟར་ཞི་བདེའི་རང་དབང་གིས་འཛམ་གླིང་ཞིག་ཏུ་གནས་ཐུབ་པའི་སྨོན་འདུན་དང༌། ྋརྒྱལ་བ་རིན་པོ་ཆེ་མཆོག་གཙོས་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་རིན་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཕྱོགས་ཀུན་ཏུ་ཁྱབ་ཅིང༌། ཕྱི་ནང་གི་རྐྱེན་ངན་བར་ཆད་ཕྲ་མོ་ཙམ་ཡང་མེད་པའི་སྐུ་ཚེ་མི་ཤིགས་བསྐལ་བརྒྱར་བརྟན་པ་དང༌། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ།