མི་གསོན་པོ།
རྒྱལ་ཀུན་སྙིང་རྗེ་གཅིག་བསྡུས་པད་དཀར་འཆང་།།
མི་འཇིགས་ཐུགས་བསྐྱེད་བཙན་པོའི་དཔུང་དང་བཅས།།
མཚན་དཔེའི་སྒྱུ་འཕྲུལ་མི་གཟུགས་ཟློས་པའི་གར།།
གངས་རིའི་ལྷ་གཅིག་བསྟན་འཛིན་རྒྱ་མཚོ་ཞེས།།
བྱམས་བརྩེ་ཕྱག་གིས་འགྲོ་ལ་དབུགས་དབྱུངས་ཅན།།
ཡེ་ཤེས་སྤྱན་གྱིས་བླང་དོར་མིག་འབྱེད་མཁན།།
ཉམས་རྟོགས་ཐུགས་ཀྱིས་གནས་ལུགས་གཟིཊ་པ་པོ།།
འཕགས་མཆོག་གང་དེའི་མཛད་རྗེས་སྲིད་ན་སྙན།།
འགྲོ་བ་མི་ཡི་ཀུན་ཁྱབ་འགན་ཁུར་དང་།།
སངས་རྒྱས་ཆོས་ཀྱི་ལམ་སྟོན་སྤེལ་བའི་བཤེས།།
གངས་ཅན་བོད་ལ་བཀའ་དྲིན་ཆེ་བའི་གཉེན།།
གང་ཁྱེད་དྲན་པ་ཙམ་གྱིས་སྤྲོ་བ་འཕེལ།།
ཆོལ་ཁ་གསུམ་ལ་ཁྱད་མེད་བརྩེ་བ་ལྡན།།
ཆོས་བརྒྱུད་ལྔ་ལ་རིས་མེད་བསམ་པ་མངའ།།
གནའ་དེང་ཟུང་ལ་ཐོགས་མེད་མཁྱེན་པ་རྒྱས།།
སེམས་དཔའ་གང་ཁྱེད་གངས་ཅན་བོད་ཀྱི་མགོན།།
གདུག་རྩུབ་མཚོན་ལ་བྱམས་བརྩེའི་མེ་ཏོག་བྱིན།།
དབང་བསྒྱུར་འགྲོས་ལ་གནས་ལུགས་བདེན་དོན་བསྩལ།།
བགྲང་ཡས་འགྲོ་ལ་ཞི་བདེའི་ལམ་སྟོན་མཛད།།
འཕགས་མཆོག་ཁྱེད་ནི་ཐུགས་རྗེ་ཆེན་པོ་དངོས།།
ཐོབ་ཅན་མི་ཡིས་ཁྱེད་ཉིད་གཙུག་ཏུ་ལེན།།
མཁས་མཛངས་ཅན་གྱིས་ཁྱེད་ཉིད་གུས་པས་བསྟེན།།
རྒྱལ་ཁམས་ཡོངས་ཀྱིས་ཁྱེད་ཉིད་དགའ་བས་བསུ།།
སེམས་པ་གང་ཁྱེད་འཛམ་གླིང་སྐྱེ་འགྲོའི་རྒྱན།།
སྟོང་དང་རྟེན་འབྲེལ་འཆད་ལ་ཆཊ་ཐོཊ་མེད།།
བྱམས་དང་བརྩེ་བས་སྐྱོང་ལ་ངལ་དུབ་དབེན།།
ཞི་དང་བདེ་བ་སྦྱིན་ལ་འཛད་མཐའ་བྲལ།།
དེའི་ཕྱིར་ཕུལ་བྱུང་ཞི་བདེ་མཚོན་པའི་དོོད།།
རྨད་བྱུང་རིན་ཆེན་གསེར་གྱི་རྟགས་མའི་དཔྱིད།།
གང་གི་པང་དུ་སོན་པའི་དགའ་སྟོན་འགྲོས།།
མི་ལོ་ཉེར་ལྔ་འཁོར་བའི་རྟེན་འབྲེལ་བསུ།།
ངོ་མཚར་མཚན་དཔེ་གངས་རིའི་ལྗོངས་སུ་བཞད།།
སྙན་པའི་གྲགས་པ་འཕགས་པའི་ཡུལ་ནས་རྒྱས།།
མཛད་པའི་འཕྲིན་ལས་གོ་ལ་ཧྲིལ་པོར་ཁྱབ།།
གང་ཁྱེད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །
ཞི་བདེ་གཟེངས་རྟགས་བཞེས་ནས་མི་ལོ་ཉེ་ལྔར་འཁོར་བའི་དུས་དྲན་ཉིན་མི་གསོན་པོས་ཐོལ་བྱུང་དུ་བྲིས།
ཤར་གྱི་ཕྱོགས་་སུ་བོད་པའི་རིགས་སུ་འཁྲུངས། །
ལྷོ་ཡི་ཕྱོགས་སུ་བསྟན་པའི་རྒྱལ་མཚན་བཙུགས། །
ནུབ་ཀྱི་ཕྱོགས་སུ་དྷ་སར་གྲགས་པ་རྒྱས། །
བྱང་གི་ཕྱོགས་སུ་ཛམ་གླིང་ཞི་བདེར་བཀོད། །
གྱ་བཅུའི་སྔོན་དུ་ཨ་མདོར་ལྟེ་ཁྲག་ལྷུངས། །
ང་ལྔའི་སྔོན་དུ་རང་ཡུལ་བཞག་དགོས་བྱུང་། །
ཉེར་ལྔའི་སྔོན་དུ་ཞི་བདེའི་དེད་དཔོན་གྱུར། །
ཉེར་ལྔ་འཁོར་བའི་དུས་དྲན་འཚམས་འདྲི་ཞུ། །
སྙིང་རྗེའི་རང་གཟུགས་མི་ཡི་ཚུལ་དུ་བཞུགས། །
བྱམས་བརྩེའི་བདག་ཉིད་བོད་མིའི་མགོན་དུ་བཞུགས། །
མཛད་འཕྲིན་རྒྱས་པས་ཛམ་གླིང་ཞི་བདེར་བཀོད། །
༸བསྟན་འཛིན་རྒྱ་མཚོ་༸སྐུ་ཚེ་ཡུན་བརྟན་ཤོག །