རྔ་བ་རྒྱལ་ཁམས་པ།
ང་ཚོ་བྱ་འཕུར་བ་ལྟར། ནུབ་ཕྱོགས་སུ་སྐྱོད་ཀྱིན་པའི་ངང་ཚུལ་ནི། ནུབ་ཁའི་ཉི་རྒས་འཛིན་པའི་ཆེད་མྱུར་མོར་སྐྱོད་ཀྱིན་ཡོད་པ་དང་ཀུན་ཏུ་མཚུངས། རེས་འཆར་རེས་ནུབ་ཀྱི་ཉི་མ་དེ་བཞིན་མི་ལོ་ས་ཡ་མང་བོའི་རིང་བར་མེད་དུ་འབར་བཞིན་ཡོད་སྟབས། དུས་ནམ་ཞིག་གི་ཚེ་འབར་ནུས་ཀྱི་སྣུམ་ཤུགས་རྫོགས་སོང་ན། སྐབས་དེའི་ང་ཚོའི་མི་རྒྱུད་དང་། ང་ཚོའི་འཇིག་རྟེན་འདིའི་གནས་སྟངས་ཅི་འདྲ་ཞིག་གི་ངོ་བོར་འགྱུར་རྒྱུ་ཡིན་ནམ། རང་གིས་རང་ལ་ལྐོག་ལབ་དང་དྲི་བ་མང་བོ་ཞིག་འདོན་དགོས་བྱུང་། ང་ཚོ་ལམ་འགྲམ་དུ་བསྡད་ནས་ཚོང་བ་རྒན་པོ་ཞིག་ལས། ས་གནས་ཤིང་ཏོག་ངང་ལག་དང་། པ་པ་ཡ། ཤིང་ཏོག་ཨ་ཝ་ཁ་ཏྲོ་སོགས། ཤིང་ཏོག་མང་བོ་ཞིག་ཉོས་པ་ཡིན། ཨ་སྒོར་ལྔའི་ཡོང་འབབ་ལ་ཤིང་ཏོག་སྣ་ཚོགས་ལག་པས་འདེགས་དཀའ་བ་ཞིག་གནང་བྱུང་། ཚོང་ཁྲོམ་དེ་ནི་ལམ་འགྲམ་གྱི་གད་ལྡིབ་ཅིག་གི་འོག་ཏུ་འདུག ཚོང་བ་རྒན་པོ་ལོ་ན་བདུན་ཅུའི་སྨད་དུ་ཕེབས་ལོས་ཡོད་བསམ་པ། ཆང་དྲི་ཐལ་ལེ་བ་ཞིག་རེད། ངས་ཁོ་ར་བཟི་ནས་རྩིས་ནོར་བརྒྱབ་སོང་བ་ཨེ་ཡིན་བསམས་ཏེ། ཡང་བསྐྱར་དྲི་སྐབས། ཁོས་ཤིང་ཏོག་རེ་རེ་ལ་རིན་འབབ་འདི་ཡིན་ཞེས་གསལ་ཐག་ཆོད་བཤད་སོང་བས་བློ་བདེ་བོ་བྱུང་། ཚོང་ཁྲོམ་དེའི་འཁྲིས་སུ་རྙིང་ཟད་དུ་སོང་བའི་རླངས་འཁོར་ཆོབ་ཏོ་ཞིག་གི་མདུན་དུ། མི་ལོ་ན་ལྔ་བཅུ་ཡས་མས་སུ་ཕེབས་པ་ཞིག་གིས། ང་ཚོར་ཨ་ལོ་ཧ་ཞེས་ས་གནས་ཨིན་ཇིའི་གྲོང་སྐད་འདྲ་བོ་ཞིག་གི་ཐོག་ནས་སྐད་ཆ་བཤད། ཕར་བལྟས་ན་མི་དེ་ནི་པ་ལགས་དེའི་བུ་ཡིན་པ་འདྲ། གང་ལྟར་ཁོང་གཉིས་ཀྱིས་ཆང་དང་ཐ་མ་ཁར་སྤྱོད་ཅིང་། ཆས་གོས་ཤིན་ཏུ་ངན་ངོན་རེ་དང་། ཁ་ངོའང་གཙང་མ་ཞིག་མ་བཟོས་པར་འཛོར་བོ་ལྟ་བུ་འདུག་རུང་། སེམས་པ་ནི་སྤྲོ་སིང་སིང་ཡིན་པ་རྣམ་འགྱུར་ལས་ཤེས། རིང་བོར་མ་འགོར་བར་ང་ཚོ་མགྲོན་ཁང་དུ་སླེབས། མགྲོན་ཁང་སྒོ་འགྲམ་དུ་ཅ་དངོས་རྣམས་ཕབ་རྗེས། འཆར་ཅན་ལྟར་ཆུང་མ་རླངས་འཁོར་འཇོག་ཏུ་སོང་། ངེད་ཕ་བུ་དང་མ་རྒན་བཅས་སྟབས་བདེའི་མེ་འཁོར་བརྒྱུད། སྡོད་ཡུལ་མགྲོན་ཁང(Ocean Tower)ཕྱིན། གོང་དུ་བརྗོད་པའི་འགྲུལ་བཞུད་སྐོར་ནི། ང་ཚོ་གླིང་ཆེན་དུ་སླེབས་པའི་ཕྱིར་ཉིན་རང་དབང་གི་ཉིན་གཅིག་གི་འགྲུལ་བཞུད་སྐོར་རེད། དེའང་ཟླ་བརྒྱད་པའི་ཚེས་བཅུ་གསུམ་གྱི་ཉིན་མོར་འཁེལ་འདུག ཟླ་བརྒྱད་པའི་ཚེས་བཅུ་བཞིའི་ཉིན་ནི། བུའི་མངོན་འདོད་ལྟར་བྱིས་ཐེབས་ཀྱིས་གྲ་སྒྲིག་སྔོན་སོང་གི་ལས་འཆར་ཞིག་རེད། ཞོགས་པ་སྔ་བོ་ལངས་ནས་ཁ་ཏོན་ཆ་ཚང་བཏོན་ཚར་འཕྲལ། ས་གནས་ཟས་རིགས་ཚོང་ཁང་དུ་ཕྱིན་ནས། ཞོགས་ཇ་འཐུང་རྗེས་ཕྱིར་ནང་དུ་ལོག་ནས་བསྐོལ་ཟིན་པའི་ཆུ་དམ་པུ་གསུམ་དང་། སྟོད་གོས་ཅུང་སྟུག་པོ་རེ། ལྒ་སྐྱའི་ཁུ་བ་ཚ་བོ་བཅས་གྲ་སྒྲིག་གིས། མགྲོན་ཁང་འོག་ཤོད་ཀྱི་ཡུལ་སྐོར་སྣེ་ཤན་པ་བསྒུག་ཡུལ་གྱི་ཁང་མིག་ཏུ་ཕྱིན། ང་ཚོས་ཞོགས་པ་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག་དུས་བཏབ་ཡོད་པས། ད་དུང་དུས་ཚོད་ཕྱེད་ཀའི་ཁོམ་ལོང་འདུག ཕར་ཕྱོགས་སྒེ་ཁུང་འཁྲིས་ཀྱི་སོབ་སྟེགས་སྟེང་བསྡད་ནས་པར་རེ་བླངས། ང་ཚོའི་འཁྲིས་སུ་རྒྱ་གར་བ་རེ་ཡིན་ནམ་སྙམ་པའི་མི་ཚང་ཞིག་ཀྱང་གང་ཞིག་ཏུ་འགྲོ་རྒྱུར་བྲེལ། ཇེ་ཞིག་ནས་མི་ཞིག་སླེབས་ཏེ་སུ་ཞིག་གི་མིང་ནས་འབོད་ཀྱིན་པ་ཐོས། རྒྱ་གར་བ་ཞིག་ཡར་ལངས་ནས་དེ་ང་ཚོ་ཡིན་ཞེས་ལན་བཏབ། མི་དེས་ཐད་འཕུར་གནམ་གྲུ་ལས་མེ་རིར་ལྟ་འདོད་མཁན་དེ་ཁྱེད་ཚོ་ཡིན་ནམ་ཞེས་དྲིས། རྒྱ་གར་པ་དེས་ཡིན་ལགས་ཞེས་ལན་བཏབ་འཕྲལ་ཁོང་ཚོ་ཕྱི་ལ་ཕེབས་སོང་། ངའི་བུ་ཆུང་གིས་ཀྱང་བྱིས་ཐེབས་སུ་ཐད་འཕུར་གནམ་གྲུ་བརྒྱུད་མེ་རིར་བལྟ་རྒྱུའི་རེ་འདོད་ཞུས་ཀྱང་། དེ་ནི་ཉེན་ཁ་ཤིན་ཏུ་ཆེ་བས་ངོས་ལེན་ཐོབ་མེད་པ་རེད། ཆུང་མ་ངེད་གཉིས་ཀྱིས་སྣེ་ཤན་པར་གླ་ཆ་ཅི་ཙམ་སྤྲོད་དགོས་མིན་གྱི་སྲོལ་ལ་གྲོས་བསྡུར་བྱས་ཀྱང་གྲོས་ཐག་གསལ་བོ་ཞིག་མ་ཆོད། ང་སྣེ་ལེན་ཞབས་ཞུའི་སྟེགས་བུར་ཕྱིིན་ནས་འཇར་པན་གྱི་བུད་མེད་ཅིག་ལ་དྲི་རྨེད་བྱས་ཀྱང་། མོ་ལ་ཁ་གསལ་ཞིག་གསུང་རྒྱུ་མི་འདུག དེ་ནས་དེའི་གཡོན་ངོས་སུ་ཞབས་ཞུའི་མདུན་འཇོག་རྒྱ་ཡིག་ཅན་ཞིག་ཏུ་རྒྱ་མོ་ཞིག་བསྡད་ཡོད་སར་སོང་། ངས་ཆུང་མར་སྐད་བཏང་སྟེ་མོར་འདྲིར་བཅུགས། རྒྱ་མོ་དེ་ལྟར་ན་མ་མཐའང་མི་རེའི་སྒོར་བཅུ་རེ་སྤྲོད་པའི་ལུགས་སྲོལ་ཡོད་པ་རེད་ཟེར། སྐབས་དེར་མི་ཞིག་སླེབས་ནས། ཁྱེད་ཚོ་བྱིས་ཐེབས་ཀྱིས་བཏང་བའི་བཀྲ་ཤིས་ཁྱིམ་ཚང་ཨེ་ཡིན་ཞེས་དྲིས། ངའི་ཡིན་ཞེས་ལན་བཏབ་སྟེ་ཕན་ཚུན་ངོ་སྤྲོད་བྱས། གློ་སྒོ་བརྒྱུད་ཕྱི་ལ་སོང་། རླངས་འཁོར་དཀར་པོ་མི་བཅུ་ཡས་མས་ཤོང་ངེས་ཤིག་འཇོག་ཚུགས་སུ་བཞག་ཡོད་པ་མཐོང་། ངས་ཁོ་ལ་དེ་རིང་ཁྱེད་ལ་འགྲུལ་བ་ག་ཚོད་ཅིག་ཡོད་ཅེས་དྲིས་པར། ཁྱེད་ཁྱིམ་ཚང་ལས་སུའང་མེད་ཟེར། ང་ཚོ་རླངས་འཁོར་དུ་བུད་རྗེས་སྣེ་ཤན་པས་ང་ཚོ་མི་རེར་འགེངས་ཤོག་རེ་སྤྲད་ནས་ཡི་གེར་དེར་ས་རྟགས་བཀྱོན་དུ་བཅུགས། དེ་ནས་ཁོང་གིས་ང་ཚོ་མི་རེར་རྩིས་འཁོར་ཆུང་ཆུང་རེ་རེ་སྤྲད་ནས། དེའི་ནང་གི་ང་ཚོ་འགྲོ་སའི་ས་ཚུགས་ཁག་གི་པར་རིས་དང་། འགྲེལ་བརྗོད་དག་ལ་ཅི་དགར་གཟིགས་ཞེས་གསུང་ཞོར་ལམ་དུ་ཆས། ང་ཚོ་ལྟད་མོར་འགྲོ་སའི་མེ་རི་ཡོད་ས་དེ་ནི། ང་ཚོའི་མགྲོན་ཁང་ལས་ལྷོ་ཕྱོགས་སུ་འཁེལ་ཡོད་པ་དང་། དེའང་མེ་རི་འབར་སའི་ས་ཆར་དངོས་སུ་སླེབས་པ་ལ། ཆུ་ཚོད་བཞི་ལྔ་ཞིག་འགོར་རྒྱུ་ཡིན་པར་བཤད།
མེ་རི་དེ་ཕལ་ཆེར་རྒྱང་རིང་ས་དོང་ནས་ཡར་དུ་བ་འཕྱུར་ཡོང་བ་ཞིག་ཡོད་པ་དེ་ཡིན་རྒྱུ་རེད། དེ་ཡིན་ན་ཉིན་མོར་དུ་བ་བན་བུན་ལས་ཅི་ཡང་མཐོང་རྒྱུ་མེད། མཚན་མོར་མེ་དོང་ལས་མེ་འོད་ལང་ལོང་ཞིག་འཕྲོས་ཡོང་བ་དེ་འདྲ་འདུག དེ་དུས་སྤྱོད་འཇུག་ལས། བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་ཐོབ་ཤོག །ཅེས་པའི་སྨོན་ལམ་དེ་དང་ལྷན་དུ་རང་ཉིད་མཐའ་ཡས་པའི་ཆུ་སྤྲིན་ཞིག་ཏུ་གྱུར་ཅིང་། དེ་ཐད་ཀར་ཚ་དམྱལ་བ་རྣམས་ཀྱི་བར་སྣང་དུ་སྦྲང་ཆར་བསིལ་མ་འབེབ་པའི་ནུས་མཐུ་དང་ལྡན་པ་ཞིག་ཏུ་གྱུར་པའི་དམིགས་རྣམ་སྐྱོང་དགོས། ད་དུང་དེ་རུ་ས་འོག་མེ་མུར་གྱི་ཚ་ནུས་ཀྱི་རླངས་པ་སྣ་ཚོགས་ས་དོང་འདྲ་མིན་བརྒྱུད་ནས་ས་ཁར་འཕྱུར་ཡོང་བ་ངོ་གདོང་དུ་ཕོག་ན་ཚ་བེར་བེར་བྱེད་པ་འདྲར་ལྟད་མོ་བལྟ་རྒྱུ་ཡོད་ས་ཞིག་ཀྱང་འདུག
རྔ་བ་རྒྱལ་ཁམས་པས།
སྐྱོད་ཀྱིན་པ
ཚོང་བ་
མང་བོ་
རླངས་འཁོར་ཆོབ་ཏོ་
་པ་ལགས་
་སོབ་སྟེགས
རྒྱ་གར་བ་ཞིག་ཡར་ལངས་ནས
རྒྱ་གར་པ་དེས་ཡིན་ལགས་ཞེས་ལན་བཏབ་འཕྲལ་
འཇར་པན་གྱི་བུད་མེད་ཅིག་ལ་དྲི་རྨེད་བྱས་ཀྱང་།
གློ་སྒོ་བརྒྱུད་ཕྱི་ལ་སོང་།
སྐྱོད་ཀྱིན་པ་སང་། འགྲོ་བཞིན་པ།
ཚོང་བ་དང་། ཚོང་པ།
མང་བོ་དང་། མང་པོ།
རླངས་འཁོར་ཆོབ་ཏོ་། རླངས་འཁོར་ཆོབ་ཏོ་། ཞེས་འི་ཆོབ་ཏོ་མང་་པོའི་དོན་དང་། ཆོབ་ཏོ་གོབ་ཏོ་མིན་ནམ་སྙམ།
་པ་ལགས་དང་། ཕ་ལགས།
ཡང་།
འཇར་པན་གྱི་བུད་མེད་ཅིག་ལ་དྲི་རྨེད་བྱས་ཀྱང་། དྲི་རྨེད་ཅེས་པའི་རྨེད་ཀྱི་དོན་ཤེས་མ་སོང་།
ཀླུ་སྨྱོན་དང་ཀརྡོ་གཉེར་ཕྱག་གཉིས་ལ། ཁྱེད་རྣམ་པར་མཆན་ལན་དུས་ཐོག་འབུལ་མ་ཐུབ་པར་དགོངས་འགལ་མེད་པར་ཞུ། དུས་ཚོད་ཀྱི་དབང་གིས་སོས་དལ་ངང་དྲྭ་ལམ་ཉུལ་རྒྱུའི་གོ་སྐབས་འདོད་བློ་གང་ངེས་ཤིག་རག་གི་མི་འདུག ཀླུ་སྨྱོན་ལགས། མེ་རི་དེ་ནི་ཉིད་ཀྱིས་གསུངས་པ་དེ་རེད། གཤོངས་པ་ཆེན་པོ་དེ་ལས་འོང་བའི་སྔོ་ལམ་ལམ་གྱི་དུ་བ་དེ་དང་། འོད་ལམ་ལམ་གྱི་མེ་འོད་ལ་རྒྱང་བལྟ་བྱེད་པ་ལས་འཁྲིས་སུ་བཅར་ཆོག་གི་མི་འདུག དེ་སྐོར་གཞུག་མའི་རྩོམ་ཡིག་ནང་སླེབས་འོང་། ཀརྡོ་ལགས། པ་བའི་ཁྱད་པར་འདིར་རྙོག་དྲྭ་མང་བོ་འདུག སྔོན་མ་ནས་ཞུས་མྱོང་བ་ལྟར། ང་ནི། ག་ད་ན་བ་མ་ས་པ།། ང་འ་ར་ལ་མཐའ་མེད་མཐའི།། བ་ཕྱེད་ཝར་འབོད་རྣམས་ལ་བ།།༽ ཞེས་དང་། ༼མིང་མཐའི་པ་བའི་ཁྱད་པར་ནི། །ག་ད་ན་བ་མ་ས་དང༌། །ད་དྲག་ཅན་མཐར་པ་དང་ནི། ། ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ། །༽ཞེས་དང་།༼པ་བ་སོགས་ཀྱི་ཐོབ་ཐང་ནི།། རྗེས་འཇུག་ག་ད་བ་ས་དང་།། ན་མའི་རྗེས་སུ་པ་དང་པོ།། ང་འ་ར་ལ་མཐའ་མེད་མཐར།། བ་དང་བོ་ནི་སྦྱར་བ་ཡིན།༽ཞེས་གསུངས་པ་ལྟར་ལག་ལེན་བྱེད་བཞིན་ཡོད། དྲི་རྨེད་ནི། སྐབས་འདིར་གཏམ་འདྲི་བ་སྟེ། དྲི་རྨེད་གཟང་གཟབ་བྱས་ནས་ཐེ་ཚོམ་མེད་པར་གྱིས། ཞེས་དང་། རྒྱལ་བོ་ལུགས་ཀྱི་བསྟན་བཅོས་ལས། དེ་ཕྱིར་རྒྱལ་རིགས་མཁས་པ་རྣམས།། སུ་ལའང་གཏམ་གྱི་དྲི་རྨེད་དག ། འགོག་པའི་ཆེ་ཐབས་མི་སྦྱོར་བར། ། དུས་སུ་འདྲི་བ་མཁས་པའི་གནད། ། ཞེས་དང་། རྨེད་ཅེས་པ་སྐབས་འདིར་རྒྱུ་མཚན་བཤད་པའམ་དྲི་བའི་བརྡ་རྙིང་སྟེ། འདྲི་བ་དང་། ཞུ་བ་དང་། སྨྲ་བའི་དོན། དཔེར་ན། དེ་ལྟར་རྨེད། དེ་ལྟར་རྨ། དེ་ལྟར་རྨས་དེ་ལྟར་རྨོས་ཞེས་པ་ལྟ་བུའོ།། ཆོབ་ཏོ་ཞེས་པ་ནི། ཆོབ་ནི་བརྡ་སྙིང་གི་ངན་པའི་དོན་རེད། སྐབས་འདིར་ཆབ་ཆོབ་སྟེ། གསར་རྙིང་མཉམ་བསྲེས་ལྟ་བུའི་རླངས་འཁོར་རྙིང་བ་ལ་གོ་དགོས།
པ་པོ་དང་བ་བོའི་འདིར་གླེང་དོན་མི་འདུག འོནད་ཀྱང་། ་་་་་་་་་་ དྲི་རྨེད་ནི། སྐབས་འདིར་གཏམ་འདྲི་བ་སྟེ། དྲི་རྨེད་གཟང་གཟབ་བྱས་ནས་ཐེ་ཚོམ་མེད་པར་གྱིས། ཞེས་དང་། རྒྱལ་བོ་ལུགས་ཀྱི་བསྟན་བཅོས་ལས། དེ་ཕྱིར་རྒྱལ་རིགས་མཁས་པ་རྣམས།། སུ་ལའང་གཏམ་གྱི་དྲི་རྨེད་དག ། འགོག་པའི་ཆེ་ཐབས་མི་སྦྱོར་བར། ། དུས་སུ་འདྲི་བ་མཁས་པའི་གནད། ། ཞེས་དང་། རྨེད་ཅེས་པ་སྐབས་འདིར་རྒྱུ་མཚན་བཤད་པའམ་དྲི་བའི་བརྡ་རྙིང་སྟེ། འདྲི་བ་དང་། ཞུ་བ་དང་། སྨྲ་བའི་དོན། དཔེར་ན། དེ་ལྟར་རྨེད། དེ་ལྟར་རྨ། དེ་ལྟར་རྨས་དེ་ལྟར་རྨོས་ཞེས་པ་ལྟ་བུའོ།། ཆོབ་ཏོ་ཞེས་པ་ནི། ཆོབ་ནི་བརྡ་སྙིང་གི་ངན་པའི་དོན་རེད། སྐབས་འདིར་ཆབ་ཆོབ་སྟེ། གསར་རྙིང་མཉམ་བསྲེས་ལྟ་བུའི་རླངས་འཁོར་རྙིང་བ་ལ་གོ་དགོས། ་་་་་་་་་ རྨེད་འདི་དང་། ཆོབ་ཀྱི་སྒྲོ་དྭོགས་ད་ལྟའང་ཆོད་མ་སོང་།
# 89 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
December 15th, 2014 at 12:38 AM
ཚིག་མཛོང་ནང་ལ།
ཆབ་ཆོབ། ཆབ་བེ་ཆོབ་བེའི་བསྡུས་ཚིག
ཆོབ་ཆོབ། ཟས་ཟ་བ་དང་སྣོད་དུ་ཆུ་སོགས་བླུགས་པའི་སྒྲ་ལྟ་བུ། ཤིབ་འབྲས་གཏོགས་ནས་ཆོབ་ཆོབ་ཅེས་ཞིམ་མདོག་ཁ་བོར་ཟ་བ།
་་་་་་་་་་ ༼པ་བ་སོགས་ཀྱི་ཐོབ་ཐང་ནི།། རྗེས་འཇུག་ག་ད་བ་ས་དང་།། ན་མའི་རྗེས་སུ་པ་དང་པོ།། ང་འ་ར་ལ་མཐའ་མེད་མཐར།། བ་དང་བོ་ནི་སྦྱར་བ་ཡིན།༽ཞེས་གསུངས་པ་ལྟར་ལག་ལེན་བྱེད་བཞིན་ཡོད། ་་་་་་་་་་
ང་འ་ར་ལ་མཐའ་མེད་མཐར།། བ་དང་བོ་ནི་སྦྱར་དགོས་ན།
འདི་ལྟར་འདྲིབར་བྱ་སྟེ། དཔེར་ན། རྒྱལད་པོའི་རྐང་པ་ལ་ཞབས་ཞེས་ཞུ་དགོས་དང་། གར་པས་གར་འཁྲབ་ནས་ང་དགའ་པོ་ཞེ་དྲགས་བཟོས་བྱུང་། རྒྱལད་པོས་སྟོང་པ་ཉིད་ལ་རྨོངས་བས་ལན་ལྟ་བུ་ནོར་བ་ཡིན་ནམ། ལགས།
རྨེད་འདི་དྲི་བའི་བརྡ་རྙིང་ཡིན་པ་ཚིག་མཛོད་ནང་ལ་དེ་རིང་མཐོང་བྱུང་། བློ་སྐྱེད་གསར་པ་ཅིག་རག་པར་བཀའ་དྲིན་ཆེ།
ངས་རེ་བ་ལ། བྱ་ཚིག་ཕུད་པའི་བདག་སྒྲ་དང་། མིང་ཡོད་ཚད་ལ། པ་དང་པོ་ཡིས་ཁྱབ་ཐུབ་ན། བོད་ཡིག་ཤེས་པ་ལ་སླ་བའི་ཕན་ཐོགས་འདུག་སྙམ་པས་རྩོད་པ་ཡིན། སུམ་རྟགས་དང་མཐུན་མིན་དང་། ཡུལ་སྐད་མཐུན་དང་མི་མཐུན་ངས་གལ་ཆེན་པོར་མི་བརྩིས།
སུམ་རྟགས་ནི་མི་ལོ་ཆིག་སྟོང་སྔོན་ལ་བཟོས་པའི་ཁྲིམས་ཡིག་རྙིང་པ་ཅིག་ཡིནད་ཙང་དེ་ལ་རྙིང་དྲི་ཁ་སྲིད་པ་དང་། ཡུལ་སྐད་ནི། དྲི་ཀློག་མི་ཤེས་པའི་གྲོང་གསེབ་པ་ཁག་མང་ཅིག་ཡུལ་མཐར་རང་བཞིན་གྱིས་གོམས་པའི་ངན་འབྱམས་སུ་སོང་བ་ཡང་ཡོད་པ་ད་ལྟ་གཞི་ནས་ཤེས་ཐུབ་པ་རེད།