ཕོ་རོག་དཀར་པོ།
རང་བྱུང་བརྩེ་བའི་ལྷ་ལ་ཕྱག་འཚལ་ལོ།
༡༽ མི་ཚེའི་འཚོ་གནས་འདི་ཡི་སྙིང་པོའི་དོན།།
མྱོང་ཅན་རྒན་རབས་ཀུན་གྱིས་བསྔགས་པའི་ལམ།།
ན་གཞོན་ཕོ་མོ་རྣམས་ཀྱི་འཇུག་ངོགས་དེ།།
ཅི་ཙམ་རྟོགས་པ་བདག་གིས་བཤད་པར་བྱ།།
༢༽ གང་དག་སྲིད་པའི་འབྱོར་བར་མི་ཆགས་ཤིང་།།
བརྩེ་དུང་དོན་མཐུན་འཐོབ་ཕྱིར་བརྩོན་པ་ཡི།།
ཕན་ཚུན་ཤིན་ཏུ་དགའ་ཞིང་ཡིད་རྟོན་པའི།།
གཞོན་རབས་དེ་དག་དང་བའི་སེམས་ཀྱིས་ཉོན།།
༣༽ རྣམ་དག་ཡིད་ཆེས་མེད་པར་བརྩེ་དུང་གི།
འཚོ་བའི་ཉིང་བཅུད་མྱོང་བའི་ཐབས་མེད་ཅིང་།།
མིག་ཟུར་ཚིག་ཟུར་ཙམ་གྱིས་བརྩེ་གྲོགས་དང་།།
ཀུན་ནས་འགལ་ཕྱིར་ཕན་ཚུན་ཡིད་ཆེས་བཙལ།།
༤༽ མཛའ་གྲོགས་རྙེད་དཀའ་མི་ཚེ་མི་རྟག་པ།།
ཡིད་ལ་ཤར་བས་འཕྲལ་གྱི་ཐེ་ཚོམ་གཅོད།།
ལས་ཀྱི་དབང་བཙན་འཁོར་བའི་དགའ་སྟོན་རྣམས།།
ཡང་ཡང་བསམས་པས་ཕུགས་ཀྱི་རྨི་ལམ་འཆར།།
༥༽ དེ་ལྟར་བྱུང་བས་སྙིང་གི་བརྩེ་བའི་གྲོགས།།
སེམས་ནས་སྐད་ཅིག་ཙམ་ཡང་མི་བརྗེད་པར།།
ཉིན་མཚན་ཀུན་ཏུ་ཕན་ཚུན་དྲན་པའི་བློ།།
བྱུང་ན་དེ་དུས་བརྩེ་དུང་འབུས་པ་ལགས།།
༦༽ བརྩེ་དུང་དེ་ཡང་འགྱུར་མེད་སྙིང་སྟོབས་ཀྱིས།།
ཟིན་པ་མེད་ན་སླད་མེད་བརྩེ་དུང་གི །
ཕུན་ཚོགས་བདེ་སྐྱིད་འབྲས་བུ་མི་སྨིན་པས།།
དཔྱོད་ལྡན་རྣམས་ཀྱིས་འགྱུར་མེད་བརྩོན་པ་སྐྱེད།།
༧༽ ཤུགས་དྲག་དྲན་པའི་ཚོར་བ་རྒྱུན་དུ་འབར།།
བཟློག་དཀའ་སེམས་ཀྱི་ཡོད་ཚད་དབང་མེད་ཤོར།།
ཕན་ཚུན་གཅེས་འཛིན་དྲ་བའི་ནང་དུ་ཚུད།།
མུན་ནག་མཚན་མོའི་ཆུ་ཚོད་ལོ་ལྟར་རིང་།།
༨༽ མུ་མེད་འཁོར་བར་འཁོར་ཞིང་འཁོར་བ་རུ།།
བརྩེ་དུང་ཚོར་བས་རྒྱུན་ཆད་མེད་པར་བཟི།།
གནས་སྐབས་འདི་འདྲར་ལྷུང་བའི་གྲོགས་རྣམས་ཀྱི།།
ངང་ཚུལ་སོམས་ཏེ་བརྩེ་དུང་འཁྲབ་པར་མཛོད།།
༩༽ གནས་ལུགས་འཕྱུར་བའི་བརྩེ་དུང་མི་ལྡན་ན།།
ཕན་ཚུན་དགའ་དགའ་འཐད་འཐད་བྱས་ན་ཡང་།།
བརྩེ་དུང་རྩ་བ་སྦོམ་པོར་མི་སྐྱེ་བས།།
དེ་ཕྱིར་བརྩེ་བའི་རྒྱབ་ལྗོངས་མཐུག་པར་འབད།།
༡༠༽ གང་ཞིག་གནས་སྐབས་མཐར་ཐུག་ཅི་བྱུང་ཡང་།།
ཕན་ཚུན་ནམ་ཡང་བསླུ་བར་མི་སེམས་ཤིང་།།
དམིགས་པའི་གཏད་སོ་བརྩེ་དུང་ལ་བཅོལ་མཁན།།
དེ་ནི་བརྩེ་དུང་འཚོ་བའི་ལམ་དུ་ཞུགས།།
༡༡༽ རྒྱུ་འབྱོར་ལང་ཚོ་གལ་ཆེར་བརྩི་བ་དང་།།
བརྩེ་དུང་ཟབ་པ་གཙོ་བོར་འཛིན་པ་གཉིས།།
ཇི་སྲིད་སོ་སོར་བཟུང་བ་དེ་ཡི་བར།།
ད་དུང་བརྩེ་དུང་རིན་ཐང་རྟོགས་པ་མེད།།
༡༢༽ ནམ་ཞིག་དངོས་པོའི་དཔལ་ཡོན་ཐམས་ཅད་ཀྱང་།།
བརྩེ་དུང་མེ་ལྕེ་སྦར་བའི་བུད་ཤིང་ཙམ།།
སེམས་ཀྱི་འཛིན་སྟངས་ཡུལ་དུ་འཆར་བ་ན།།
དེ་ཚེ་བརྩེ་དུང་ཕ་རོལ་ཕྱིན་པ་ལགས།།
༡༣༽ གཞན་ཡང་འབྱོར་རྒུད་བར་ཆད་ཅི་བྱུང་ཡང་།།
ཕན་ཚུན་བརྩེ་བའི་བརྩེ་དུང་རྗེན་པ་རུ།།
དངོས་ཤུགས་བརྒྱུད་ནས་འཁྲབ་པའི་ཚུལ་ཤེས་ན།།
ཕ་མ་གཉེན་གྲོགས་སུས་ཀྱང་འགོག་མི་ཐུབ།།
༡༤༽ དེ་ལྟར་བརྩེ་དུང་མི་ཚེའི་གཙོར་གྱུར་པའི།།
གནད་འགའ་རང་གིས་ངོས་སུ་རྟོགས་པའི་ཚེ།།
མཛའ་གྲོགས་མཉམ་དུ་འགྱུར་མེད་དམ་བཅས་ནས།།
བརྩེ་དུང་གཉེན་སྒྲིག་མྱུར་དུ་གྱིས་ཤིག་གྲོགས།། །།
ཞེས་པ་འདི་ཡང་གྲོགས་ཀྱི་རེ་སྐུལ་ལྟར་རང་ཉིད་ཀྱི་བསམ་ཚུལ་ཇི་བཞིན་ཐད་ཀར་བཤད་ཕྱིར་ཕྱི་ལོ་ ༢༠༠༩ ཟླ་༩ ཚེས་ ༢༨ ཉིན་བསམ་སྤྱོད་བཟང་པོའི་དྲི་མ་སྔ་མོ་ཞིག་ནས་ཡལ་ཟིན་པའི་ཕོ་རོག་དཀར་པོ་རུ་འབོད་པས་རྡ་རམ་ས་ལ་རུ་བྲིས་པའོ།། །།
ཕོ་རོག་དཀར་པོ།
རོག་ནི་ནག་པོའི་དོན་ཡིན་པས་དཀར་པོ་དང་འབྲེལ་བ་མེད་སྙམ།
དཔེར་ན། མོ་གཤམ་གྱི་བུ་ཟེར་བ་དང་འདྲ་བོ་རེད་སྙམ།
ངང་ཚུལ་སོམས་ཏེ་བརྩེ་དུང་འཁྲབ་པར་མཛོད།།
འདོད་པའི་མི་ལ་འདོད་པ་སྦྱིན་པ་དེ་དགེ་བ་མེད་ནའང་སྡིག་པ་གང་ནས་ཡོང་།འའཇིག་རྟེན་འཁོར་བ་འདོད་པའི་་མཚོ་ནང་ཐིམ་།ཆུ་སྐྱལ་མ་ཤེས་བར་དུ་མཚོ་
ནང་ལྷག་།འདོད་པའི་རྩ་བ་སེམས་ཀྱི་རློང་།དེ་ཕྱིར་རང་གི་སེམས་ལ་རྟག་ཏུ་
སྲུང་།
རྗེ་ཙོང་ཁ་བའི་ལམ་གཙོ་རྣམ་གསུམ་ཚིག་ཁ་བསྒྱུར་ནས་བྲིས་འདུག་ ཕོ་རོག་ནི་ཕོ་རོག་རང་རེད་། འཇོན་ཐང་འདི་ཙམ་ལས་མེད་ན།་
བརྩེ་དུང་ངོ་བོ་ག་འདྲ་ཡོད་དམ།