བདེ་པོ་འཚོ།
རྗེ་བཙུན་བླ་མ་གཙུག་གི་ནོར་བུ་སྟེ།།
མཚུངས་མེད་བློ་བཟང་གྲགས་པ་གཙོ་བྱས་པའི།།
བསླུ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཏེ།།
རྟ་ཟླའི་ལྔ་མཆོད་ཆེན་མོ་སྙིང་ནས་བསུ།།
ཆོས་ལྡན་གངས་ཅན་ལྗོངས་ཀྱི་མི་རྣམས་ཀྱིས།།
ཁ་འདོན་དགེ་སྦྱོར་ལས་ལ་ཞུགས་ཉིན་འདི།།
བདག་གི་མི་ཚེའི་ཁ་ཕྱོགས་དོན་གྱི་སྙིང་།།
འགྱུར་བའི་དུས་བཟང་ཁྱད་འཕགས་ཅན་དེ་ཡིན།།
ད་ནས་བརྩིས་པའི་ལོ་ངོ་དགུ་ཡི་གོང་།།
ཀུན་ཏུ་གྲགས་པའི་ཟླ་ཚེས་དེའི་ཉིན་ལ།།
གང་བྱུང་མ་ཡིན་སེམས་རྒྱུ་ཤུགས་དྲགས་ཀྱིས།།
བདག་གི་བློ་ཁ་འཕགས་ཡུལ་ཕྱོགས་སུ་གཏད།།
མཐིང་ཁར་ཆུ་འཛིན་དཀར་བོ་རྒྱུ་ཞིང་རྒྱུ།།
བསིལ་ཞིང་འཇམ་པའི་རླུང་བུ་དལ་གྱིས་གཡོ།།
ཁང་ཁྱིམ་དྲོན་མོའི་སྒོ་དང་སྒེའུ་ཁུང་ལས།།
འཕྱུར་བའི་སྤུས་མཆོད་དུ་བ་དགུང་དང་འདྲེས།
སྤྲོ་ཞིང་སྐྱིད་པའི་ཁང་ཆུང་གྲུ་བཞིའི་ནང་། །
བྱམས་ལྡན་ཕ་མ་རྣམ་གཉིས་རྨི་ལམ་ཞིང་། །
གཅེས་ཕྲུག་སྤུན་ཆུང་རྣམས་ཀྱང་དེ་བཞིན་དུ།།
བག་ཕེབས་ངང་གིས་ཅི་དགའ་གཉིད་ལ་རོལ།།
བདག་གི་གོམ་པ་སྒོ་ཐེམ་སྟེང་ལ་བཞག།
གྱེས་ཁའི་ཕྱག་གསུམ་ཕུལ་བའི་གོམས་སྟབས་དེས།།
མིད་པ་བརྣངས་ནས་དབུགས་ཀྱང་འགག་བགྱིས་ཤིང་།།
ཡ་ཆུང་སེམས་པ་གཏིང་ནས་གཡོ་སྒུལ་བྱས།།
གློག་སྒྲོན་སྣ་ཚོགས་སྟོང་གིས་སྤྲས་པ་ཡི།།
བརྗིད་ལྡན་ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ།།
ལྕམ་ཁེབས་མཁར་ཆུང་དུ་མས་ཡོངས་རྒྱན་པ།།
དག་ཞིང་བདེ་བ་ཅན་གྱི་ཞིང་བཀོད་འདྲ།།
ཚད་མས་བློ་ཁ་བརྡར་བའི་དགེ་འདུན་ཚོགས།།
ཕྲེང་བ་དཔུང་རྩར་དེད་དེ་རིག་རྩལ་འགྲན།།
ཡང་དག་ཆོས་ཀྱི་སྙིང་པོ་དོན་སྦྱར་བ།།
འཕགས་པ་ཕྱོགས་གླིང་ཆོས་སོགས་དངོས་དང་མཚུངས།།
དད་ལྡན་ཆོས་པ་སྟོང་ཕྲག་ཇི་སྙེད་ཅིག།
ལུས་ལ་དྲི་མེད་བོད་ཆས་གཙང་མ་གྱོན། །
ངག་ནས་མ་ཎི་ཡིག་དྲུག་ཟློས་བཞིན་དུ།།
འཆི་གསོན་འདི་ཕྱི་དཀོན་མཆོག་གསུམ་ལ་བཅོལ།།
བདག་གིས་ཀྱང་ནི་པུས་གཉིས་ས་ལ་བཙུགས།།
ལག་གཉིས་ཐར་མོ་སྙིང་ཁའི་དཀྱིལ་ལ་སྦྱར།།
ཞུགས་པའི་ལམ་ལ་བགེགས་དང་བར་ཆད་སོགས།།
ལྡོག་པའི་སྨོན་ལམ་ཡང་ནས་ཡང་དུ་བཏབ།།
སྲང་ལམ་གློག་སྒྲོན་འོད་དུ་འཚེར་པ་ཡིས།།
རྒྱང་བསྐྱོད་འགྲུལ་མི་སྐྱེལ་བསུ་བྱེད་པ་འདྲ།།
དུ་ཞག་འཕྱུར་བའི་རླངས་འཁོར་ཡར་མར་རྒྱུ།།
ང་ཡི་རྡོག་སྒྲ་དེ་དང་མཉམ་དུ་ཆས།།
དྭངས་བའི་སྒེའུ་ཁུང་ཀུན་ལ་བ་མོས་རྒྱན།།
ཕྱེ་མ་འཛུམ་གྱི་ཤེལ་སྒོའི་གསེང་ནས་ནི།།
ཞི་ཞིང་དུད་པའི་ལྷ་སྡེ་ཕྱུག་མོ་དང་།།
ཆུང་གྲོགས་ན་ཟླ་རྒྱང་ནས་རྒྱང་དུ་སོང་།།
བརླིང་ཞིང་བརྗིད་པའི་གངས་རི་སྤང་རི་དང་།།
གཙང་ཞིང་དྭངས་བའི་རྔ་ཆུ་འབྲི་ཆུ་སོགས།།
ཆོས་སྒྲ་ལྷང་ལྷང་སྒྲོག་པའི་དག་པའི་ཞིང་དེ།།
འབྲལ་དགོས་བྱུང་བ་སེམས་ཀྱི་ན་ཟུག་གོ།
ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༡༦ དང་བོད་ཟླ་༡༠ ཚེས་༢༥ ཉིན་རྟ་ཟླའི་ལྔ་མཆོད་ལ་རང་ཉིད་ཕ་ཡུལ་དང་ཁ་བྲལ་བའི་ཉིན་མོ་ཡིན་པས་རྗེས་དྲན་དུ་བྲིས།