ཨེ་མ་ཧོས།
༧བརྩེ་བའི་མཁན་ཆེན་དམ་པ་འཇིགས་མེད་རྣམ་རྒྱལ་གྱི་རྟོགས་བརྗོད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨ་བྷྱ་བི་ཛ་ཡནྟུ་རཏྣ་ཡེ།།
༡༽ ཀ་དག་གཉུག་སེམས་གདོད་མའི་ནམ་མཁའ་ལ།།
ཀུན་བཏགས་ལྷན་སྐྱེས་སྒྲིབ་པའི་སྤྲིན་བྲལ་བའི།།
རིག་འཛིན་གྲུབ་པའི་དབང་ཕྱུག་བརྒྱུད་པར་བཅས།།
མི་ཕྱེད་དད་བརྒྱས་སྙིང་ཐིག་དཀྱིལ་དུ་འཁོར།།
༢༽ སྣང་སྲིད་འཁོར་འདས་དག་པའི་དགའ་ཚལ་དུ།།
སྐལ་བཟང་ཆོས་མཆེད་དགྱེས་པའི་གཏམ་གྱི་དཔྱིད།།
ངེས་དོན་ཆོས་ཀྱི་རྒྱལ་པོ་རྟོགས་བརྗོད་དཔལ།།
རིན་ཆེན་ནོར་བུའི་ཕྲེང་བ་མཆོག་ཏུ་འབུལ།།
༣༽ དབྱིངས་རིག་དབྱེར་མེད་ཀུན་གསལ་དག་པ་ལ།།
མཁྱེན་རབ་འོད་དཀར་གསལ་བའི་བྱམས་བརྩེ་ཅན།།
ཡང་དག་རྒྱལ་བའི་གདུང་འཛིན་རིན་པོ་ཆེའི།།
འཇིགས༵་མེད༵་ཕྱོགས་ལས་རྣམ༵་རྒྱལ༵་གཙུག་གིས་མཆོད།།
༤༽ འབྲི་ཀླུང་དལ་གྱི་བབས་པའི་གཡས་ཀྱི་ཆར།།
ཞིང་འབྲོག་ཟུང་དུ་འབྲེལ་བའི་རྩེ་ཁོག་ཏུ།།
ཡབ་མཆོག་རྩེ་བའི་ཡེ་ཤེས་རྡོ་རྗེ་དང་།།
ཡུམ་ཆེན་ཚེ་རིང་སྒྲོལ་དཀར་རྨིས་བལྟས་བཟང་།།
༥༽ ཐུགས་བསྐྱེད་རྒྱལ་བའི་མྱུ་གུ་པདྨ་དཀར།།
རྟེན་འབྱུང་འབྲེལ་འབྱུང་བསླུ་བ་མེད་པའི་མཐུས།།
ངོ་མཚར་དགེ་ལེགས་བྱེ་བའི་སྦྲང་ཆར་བཅས།།
བྲག་དཀར་སྦས་ཡུལ་རྩེ་རྒྱལ་མགུལ་དུ་འཁྲུངས།།
༦༽ ཇ་རིའི་མཁའ་འགྲོ་མཁའ་སྤྱོད་དབང་མོ་དང་།།
རྩེ་བའི་རིགས་བཟང་ཡེ་ཤེས་རྣལ་འབྱོར་སོགས།།
རྩེ་ཡུལ་དཀྱིལ་ཁྲ་ཟུར་རྒྱན་མཛེས་མཛངས་དཔལ།།
ལུགས་གཉིས་འཛིན་སྐྱོང་སྤེལ་བའི་ངོ་མཚར་འབར།།
༧༽ ངན་གཤིས་ཡུལ་སྲོལ་ནག་པོའི་སྒྲ་གཅན་གྱིས།།
ཆུ་ཤེལ་དབང་པོ་སྒྲིབ་ལ་བརྩམས་པའི་ཚེ།།
རྟ་བདུན་དབང་པོའི་ངོ་མཚར་དགའ་བའི་ཆར།།
བྱང་ཕྱོགས་ཟླ་རྒྱུད་ལྕང་མའི་རྒྱན་ཏུ་ཕེབས།།
༨༽ སྟོན་པའི་རྒྱལ་ཚབ་སྙིགས་དུས་རྒྱལ་བ་མཆོག།།
ཐུབ་དགའ་ཡིད་བཞིན་ནོར་བུའི་གསང་གསུམ་ལ།།
མཉེས་པ་གསུམ་གྱིས་སྒོ་ནས་ལེགས་པར་བསྟེན།།
འཇིགས་མེད་རྣམ་པར་རྒྱལ་བའི་རྒྱལ་རྔ་བརྡུངས།།
༩༽ ཚར་གཅོད་སྒྲ་ཚད་རིགས་པའི་གནད་ལ་བྱང་།།
རྗེས་འཛིན་བཟོ་གསོ་སྨིན་པའི་དཔལ་ཡོན་ཆུབ།།
དམ་ཆོས་ཡང་དག་བཤད་སྒྲུབ་ཕྲིན་ལས་རྒྱས།།
ཐུབ་བསྟན་ཡོངས་ཀྱི་བདག་པོ་མངའ་གསོལ་ཐོབ།།
༡༠༽ འཆད་པ་ཐོགས་མེད་བདེན་ཚིག་ཚངས་དབྱངས་མགུར།།
རྩོད་པ་ཟླ་མེད་ལོག་རྟོག་འཕྲི་རྒྱུན་གཅོད།།
རྩོམ་པ་མཚུངས་མེད་བཀའ་བསྟན་དགོངས་པ་འགྲེལ།།
ཀུན་གསལ་ཐུབ་བསྟན་བདག་པོར་མཆོག་ཏུ་ལེགས།།
༡༡༽ ཐོས་པ་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་ཕྱིན།།
བསམ་པ་མ་རྟོག་ལོག་རྟོག་དྲི་མ་བྲལ།།
སྒོམ་པ་བྱིང་རྒོད་རྨོངས་པའི་གྲིབ་ལས་གྲོལ།།
ཀུན་བཟང་ཆོས་ཀྱི་རྒྱལ་པོ་མཆོག་ཏུ་བསྔགས།།
༡༢༽ བསྙེན་པ་རྩ་གསུམ་ཆོས་སྐྱོང་སྲོག་ལ་དབང་།།
སྒྲུབ་པ་ཐུན་བཞི་དུས་དྲུག་རྒྱུན་ཆད་མེད།།
ལས་བཞི་མཆོག་གི་དགོངས་པ་རབ་རྫོགས་པའི།།
དཀོན་མཆོག་ཀུན་འདུས་བླ་མ་དམ་པ་རྒྱལ།།
༡༣༽ མཁས་པ་སྐལ་བཟང་སློབ་མའི་འདོད་པ་བསྐང་།།
བཙུན་པ་གནས་བརྟན་བཅུ་དྲུག་ཁེངས་པར་ཤོར།།
བཟང་དགུའི་ཡོན་ཏན་འཛིན་པའི་དགེ་སློང་ཆེ།།
འོད་སྲུང་གཉིས་པའི་མཚན་མཆོག་གཡང་དུ་ཆགས།།
༡༤༽ དཀར་ནག་རྩིས་ལ་སྒྱུ་འཕྲུལ་རི་མོ་བཀྲ།།
སྙན་ངག་རྒྱན་ཀུན་མེ་ལོང་གཟུགས་བཞིན་ཤིས།།
སྡེབ་སྦྱོར་མངོན་བརྗོད་མཛད་པ་ཕུལ་བྱུང་བདེ།།
ཟློས་གར་སྤྲུལ་པའི་རྣམ་དཔྱོད་རྟག་ཏུ་ལེགས།།
༡༥༽ མཁྱེན་ཀོང་མཆོག་གླིང་ཞེ་རྫོགས་བླ་མ་ཀུན།།
མཚན་ལྡན་བཤེས་གཉེན་དམ་པའི་ཞལ་རྒྱུན་རྣམས།།
བཀའ་བསྟན་མན་ངག་གདམས་པ་མ་ལུས་པ།།
བུམ་པ་གང་བྱོས་བཞིན་དུ་ཐུགས་ལ་གཏམས།།
༡༦༽ རྫ་རྒྱུད་ལྕང་མ་རི་ཁྲོད་དབེན་གནས་སུ།།
ཐུབ་བསྟན་ཆོས་འཕེལ་མཆོག་གི་སློབ་འབངས་ལས།།
འཇིགས་ཕུན་འཇིགས་རྣམ་ཀླུ་ཐོགས་ཟུང་གིས་མཛེས།།
ཡིད་བཞིན་ནོར་བུའི་ཐུགས་སྲས་ཟབ་རྒྱས་ལགས།།
༡༧༽ འཁོར་བ་ཞེན་པ་ལོག་པའི་ངེས་འབྱུང་ལྡན།།
གཞན་ཕན་དོན་ཆེན་གཉེར་བའི་བྱང་སེམས་ཅན།།
སྣང་སྲིད་དག་མཉམ་རྟོགས་པའི་རྣལ་འབྱོར་པ།།
རིག་འཛིན་ཀློང་གསལ་སྙིང་པོར་ཕྱག་གིས་འཚལ།།
༡༨༽ མཁྱེན་པའི་ཡེ་ཤེས་རྗེ་བཙུན་འཇམ་དཔལ་དབྱངས།།
བརྩེ་བའི་བྱམས་སྙིང་འཕགས་མཆོག་སྤྱན་རས་གཟིགས།།
ནུས་མཐུའི་སྟོབས་ཅན་ཕྱག་ལ་རྡོ་རྗེ་དངོས།།
རིགས་གསུམ་ཀུན་འདུས་ཐུབ་བསྟན་ལེགས་བཤད་རྒྱལ།།
༡༩༽ ཀ་དག་སྤྲོས་བྲལ་དེ་ཉིད་མངོན་སུམ་རྟོགས།།
ལྷུན་གྲུབ་ཐོད་རྒལ་སྣང་བཞིའི་རིག་འཛིན་བརྙེས།།
ཟུང་འཇུག་བདེ་ཆེན་ཡེ་ཤེས་རྩལ་རྫོགས་པའི།།
ཡང་གསང་རྫོགས་ཆེན་སྟོན་པ་སྙིང་ནས་གུས།།
༢༠༽ ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་དགོངས་པ་གཅིག།
སྦྱོར་དྲུག་ཡན་ལག་ཀུན་ལ་དཔལ་འབྱོར་གཉིས།།
སྒྲུབ་བརྒྱུད་བསྟན་པ་འཛིན་སྐྱོང་སྤེལ་མཛད་གསུམ།།
བསམ་ཚེ་བཀའ་བརྒྱུད་མེས་དབོན་རྒྱལ་བ་དངོས།།
༢༡༽ ཞེན་པ་བཞི་བྲལ་བྱ་བཏང་རྣལ་འབྱོར་པ།།
ཚད་མ་བཞི་ལྡན་ལམ་འབྲས་མདོ་སྔགས་ཀུན།།
མ་འདྲིས་ཐུགས་ལ་བཀྲ་བའི་པན་ཊི་ཏ།།
ཆོས་རྒྱལ་འཕགས་པའི་གདུང་རྒྱུད་འཁོན་རིགས་རྒྱལ།།
༢༢༽ རྒྱལ་བསྟན་བཤད་སྒྲུབ་ཟུང་འབྲེལ་རིང་ལུགས་སྤེལ།།
མདོ་སྔགས་ལམ་རིམ་གདམས་པའི་དགེ་བའི་བཤེས།།
རྗེ་བཙུན་བློ་བཟང་གྲགས་དང་དབྱེར་མེད་པའི།།
མཁན་ཆེན་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ།།
༢༣༽ ཁྱད་པར་གཞི་རྒྱུད་བདེ་གཤེགས་སྙིང་པོ་དང་།།
གཉིས་མེད་རྒྱུད་རྒྱལ་དུས་འཁོར་བཀའ་གཏེར་གཞུང་།།
ལུང་རིགས་བཤད་སྒྲུབ་དཔལ་ལ་དབང་འབྱོར་པའི།།
ཀུན་མཁྱེན་ཇོ་ནང་བརྒྱུད་པ་མཆོག་ལ་དབང་།།
༢༤༽ ཚོགས་གཉིས་རྣམ་དཀར་དགེ་ལེགས་བྱེ་བའི་མཛོད།།
མི་ཟད་ལོངས་སྤྱོད་གཏེར་ལ་དབང་ཕྱུག་དཔལ།།
གཟུགས་སྐུ་རྣམ་གཉིས་འགྲོ་བའི་དོན་མཛད་པའི།།
གདུལ་བྱའི་རེ་བསྐོང་ཡིད་བཞིན་ནོར་བུ་རྒྱལ།།
༢༥༽ ཐུབ་དགའ་ཡིད་བཞིན་ནོར་བུའི་ཐུགས་ཀྱི་སྲས།།
ལྕང་མ་རི་ཁྲོད་གནས་བརྟན་སྡེ་སྣོད་འཛིན།།
རྫོགས་ཆེན་དགོན་པར་པོད་ལྔའི་བཀའ་དྲིན་སྐྱོང་།།
དགེའུ་དགོན་དུ་དབྱར་གནས་རྒྱལ་མཚན་གཙུགས།།
༢༦༽ ཞེ་དབུས་དགོན་དུ་ལེགས་བཤད་གདམས་པ་སྤེལ།།
རྩེ་རེ་དགོན་པར་སོ་ཐར་སྡོམ་རྒྱུན་གནང་།།
ཞེ་ཆེན་དགོན་དུ་བཀའ་བསྟན་ལྗགས་ལུང་བསྩལ།།
ཆོས་སྤྱོད་བཅུ་ཡིས་སྐུ་ཚེའི་འཚོ་བ་རོལ།།
༢༧༽ དུས་འཁོར་དབྱེར་མེད་ཐུབ་བསྟན་ཆོས་འཕེལ་གཅིག།
མ་ཎིའི་བླ་མ་པདྨ་སིདྡྷི་གཉིས།།
རྫོགས་ཆེན་སྟོན་པ་ནམ་མཁའ་འཇིགས་མེད་གསུམ།།
མཆོག་གི་སོར་བྱང་སྔགས་ཀྱི་བཤེས་གཉེན་ལགས།།
༢༨༽ རྫོགས་ཆེན་མཁན་པོ་ཡོན་ཏན་མགོན་པོ་གཅིག།
ཀུན་མཁྱེན་དགེ་བཤེས་བོད་པ་སྤྲུལ་སྐུ་གཉིས།།
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གསུམ།།
མཆོག་གི་གདམས་ངག་ཐོབ་སའི་བརྒྱུད་པ་ལགས།།
༢༩༽ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་གཅིག།
སྐྱབས་རྗེ་བླ་མ་དིལ་མགོའི་མཁྱེན་བརྩེ་གཉིས།།
འཇིག་རྟེན་གསུམ་མགོན་དགེའུ་ཆོས་རྗེ་གསུམ།།
མཆོག་གི་ཆོས་མཆེད་ཐུགས་རྒྱུད་གཅིག་པ་བཞིན།།
༣༠༽ བཤད་པ་མདོ་སྔགས་འཆད་རྩོད་ཐོས་བསམ་ངང་།།
སྒྲུབ་པའི་རྒྱལ་མཚན་སྒོམ་ལམ་དད་བརྩོན་ཆེས།།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཀུན།།
ཀུན་བཟང་རྒྱལ་བའི་དགོངས་པ་བཞིན་དུ་མཛད།།
༣༡༽ དམར་ནག་བདུད་སྲིན་ནག་པོའི་དཔུང་ཤུགས་ཀྱིས།།
རྒྱལ་བསྟན་ཉི་མ་ནུབ་ཀྱི་ཕྱོགས་རྫོང་ཡང་།།
འཆི་མེད་དམ་ཆོས་སྣང་བ་རྟག་འགྲོག་ནས།།
བྱང་སེམས་དམ་པའི་འགྲོ་དོན་བསམ་ཡས་མཛད།།
༣༢༽ ཉིན་མོར་གྲལ་རིམ་ཟེར་ནས་མནར་གཅོད་ཀུན།།
མཚན་མོར་ཕན་བདེའི་དགེ་རྩ་དེ་རྣམས་བསྔོ།།
ཉིན་མཚན་བར་མེད་དགེ་སྦྱོར་ཁོ་ནས་འདས།།
སྙིགས་དུས་མཚུངས་མེད་རྒྱལ་བ་ཁྱེད་མིན་སུ།།
༣༣༽ འདུལ་བསྟན་སྲོག་གི་སྙིང་པོ་ཡོངས་དགོངས་ནས།།
དགེ་བསྙེན་དགེ་ཚུལ་དགེ་སློང་སྡོམ་རྒྱུན་སྤེལ།།
མདོ་དབུས་ཁམས་པའི་ཆོས་དད་ཆོས་ཀྱིས་སྨིན།།
བདེན་པའི་རྒྱལ་བསྟན་སླར་ཡང་གཞིར་བཞེངས་མཛད།།
༣༤༽ དགེ་མང་དགེ་གུང་ལྕང་མ་རི་ཁྲོད་སོགས།།
ཆོས་མཆེད་དམ་པའི་ཚོགས་ཀུན་སླར་མཇལ་ནས།།
དགེའུ་དགོན་དང་སྐྱེན་སྒྲུབ་དགོན་སྡེའི་ཚོགས།།
སྔར་བྱོན་གྲུབ་པའི་གདན་ས་སླར་གསོ་མཛད།།
༣༥༽ ཐུགས་ཀྱི་སྲས་མཆོག་ཀརྨ་ཤེས་རབ་དང་།།
སྒྲོལ་དཀར་ལྷ་སྐྱབས་དབང་ཆེན་སྤྲུལ་སྐུ་དང་།།
ཨོ་རྒྱན་བཀྲ་ཤིས་མཁའ་སྤྱོད་དབང་མོ་སོགས།།
མཁས་གྲུབ་བརྒྱུད་འཛིན་སློབ་ཚོགས་བགྲང་ལས་འདས།།
༣༦༽ བཀའ་བསྟན་དཀར་ཆག་རབ་གསལ་སྒྲོན་མེ་དང་།།
མཁས་འཇུག་སྤྱི་དོན་ཀུན་བཟང་འཁོར་ལོའི་རིགས།།
སྙན་པའི་གསུང་རྩོམ་ཐང་རིས་སྒྱུ་རྩལ་དཔལ།།
དད་གུས་རྗེས་འཇུག་སྤྱན་དུ་ལྷམ་མེར་བཤམས།།
༣༧༽ ཁྱད་པར་གསོ་བྱེད་ཡན་ལག་བརྒྱད་པའི་མཐུས།།
བླ་རྗེ་ཆོས་བཟང་གཡུ་ཐོག་མགོན་པོ་བཞིན།།
ཉམ་ཆུང་སྲོག་གི་འཚོ་བ་སྟེར་མཛད་པའི།།
སྨན་པའི་རྒྱལ་པོ་མཆོག་དང་དབྱེར་མ་མཆིས།།
༣༨༽ གདམས་པའི་བཀའ་ཆོས་འགྲོ་ཁམས་ཆེད་དུ་ཕུལ།།
འདུས་བྱས་ཆོས་ཀུན་མི་རྟག་མཚན་ཉིད་ཕྱིར།།
རེ་ཞིག་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས།།
གསང་གསུམ་མཆོད་རྟེན་རིན་ཆེན་དཔལ་དུ་གཏམས།།
༣༩༽ ཐུགས་ལྗགས་སྤྱན་ལ་རིགས་གསུམ་མགོན་པོའི་སྐུ།།
ཆོས་གོས་རྣམ་གསུམ་གཟི་བྱིན་འོད་འབར་བཅས།།
དད་གུས་སྐལ་ལྡན་རྒྱན་དུ་ལེགས་མཛད་པའི།།
མཁན་ཆེན་ཡིད་བཞིན་ནོར་བུ་སླར་ཡང་དྲན།།
༤༠༽ བསྟན་དང་འགྲོ་ལ་ཕན་བདེ་ཁོ་ནའི་ཕྱིར།།
སྐུ་ཚེ་གོང་བོར་བཤད་སྒྲུབ་ཕྲིན་ལས་ཅན།།
ཡང་ཡང་དྲན་པའི་གསོལ་འདེབས་སྨོན་ལམ་གྱིས།།
མཆོག་གི་དགོངས་པ་ཇི་བཞིན་དབང་འབྱོར་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ཧོར་ཟླ་བཅུ་བའི་གནམ་གང་ཉིན། བདག་ཅག་གངས་ཅན་དུ་བསྟན་པ་དང་འགྲོ་བའི་རྩ་ལག་གཅིག་པ་གྱུར་པ། ངེས་པ་དོན་གྱི་རྣལ་འབྱོར་པ་གྲུབ་པའི་དབང་ཕྱུག་ཆེན་པོ་མཚན་བརྗོད་པར་དཀའ་ཡང་། དོན་གྱི་སླད་དུ་མཚན་ནས་སྨོས་ན། བཀའ་དྲིན་མཚུངས་བྲལ། དཔལ་ལྡན་བླ་མ་དམ་པ་བརྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་གྱི་རྟོགས་བརྗོད་རིན་ཆེན་ཕྲེང་བ་ཞེས་པའི་ཚིགས་སུ་བཅད་པ་འདི་ནི། ༧མགོན་པོ་གང་གི་བཀའ་དྲིན་དང་ཐུགས་རྗེ་ཁོ་ནས་ཚེ་སྲོག་འཚོ་བའི་གྱི་ན་བ་དཔལ་དགྱེས་པ་རྡོ་རྗེས་རྨི་ལམ་བཟང་པོས་སྐུལ་མ་དང་མཁན་པོ་འོད་གསལ་མཐའ་ཡས་ཀྱི་ལོ་དེབ་ཨེ་ཝཾ་མེ་ལོང་ཆེད་རྩོམ་འབོད་འཆར་ལ་དམ་པ་གང་ལ་མི་ཕྱེད་པའི་དད་གུས་ཆེན་པོས་སྐྱབས་རྗེ་མགོན་པོ་གང་གིས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ནས་མི་ལོ་འཁོར་ཉེར་ལྔ་ཕྱིན་པའི་དུས་དྲན་དུ་སྙིང་ནས་གསོལ་བར་འདེབས་པར་དགེའོ།། །།
་དཔལ་དགྱེས་པ་རྡོ་རྗེས མཁན་ཆེན་འཇིགས་མེད་རྣམ་རྒྱལ་གྱི་རྟོགས་བརྗོད་དྭང་བ་ཆེན་པོས་བཀླགས། དམ་པ་ཉིད་སྐུ་མྱ་ངན་ལས་མི་ལོ་འཁོར་ཉེར་ལྔ་ཕྱིན་པའི་དུས་དྲན་གསུངས་པར་བདག་ལ་ཤེས་འདོད་ཅིག་བྱང་། གང་དུ་སྐུ་གཤེགས།
ཚིག་ཁ་ཤས་ལ་དཔྱད་ན། རང་གཞན་ལ་ཕན། དེ་ཡང་ཀུན་རྟོག་གི་འདས་ཚིག་ལ་ཀུན་བརྟགས་ཡིན། དེས་ན།
ཀུན་བཏགས་ལྷན་སྐྱེས་སྒྲིབ་པའི་སྤྲིན་བྲལ་བའི།།ཞེས་པར་ཀུན་བརྟགས་ལྷན་སྐྱེས་སྒྲིབ་པའི་སྤྲིན་བྲལ་བའི། ཞེས་དགོས།
་ཕྲེང་བ། ཞེས་པ་བཀའ་བསྟན་གསུང་འབུམ་དག་ཏུ། འཕྲེང་བ་དང་ཕྲེང་བ། ཞེ་ཅི་རིགས་པ་བྱུང་ཡང་། འ་སྔོན་འཇུག་ཡོད་མེད་གཉིས་ཀྱི་ནང་ན་ཡོད་པ་དེ་གཙོ་ཆེ་བར་བྱེད།
ཡུམ་ཆེན་ཚེ་རིང་སྒྲོལ་དཀར་རྨིས་བལྟས་བཟང་།། རྨིས་བལྟས་ལས་རྨི་ལྟས་ཞེས་པར་དག་པར་མཐོང་།
ཞེ་ཆེན་དགོན་དུ་བཀའ་བསྟན་ལྗགས་ལུང་བསྩལ།།བཀའ་བསྟན་གསུང་འབུམ་དག་གི་དག་ཆར་རྩི་ན།ཞེ་ཆེན་དགོན་དུ་བཀའ་བསྟན་ལྗགས་ལུང་སྩལ།། ཞེས་དགོས། བསྩལ་ཅེས་པ་བསལ་བའི་དོན་དུ་སྡེ་དགེ་བཀའ་འགྱུར་སོགས་ན་བཀོད་ཡོད་པ་སྣང་དུ་མཆིས། དཔལ་དགྱེས་པ་རྡོ་རྗེ་ལྟར་ཁོ་བོ་རྩོམ་མི་ཤེས་ཀྱང་། ་བོད་མཁས་པས་བྲིས་པའི་དཔེ་ཆ་མང་པོ་ཀློག་པའི་སྐལ་བཟང་ཐོབ་པས་དེ་ལྟར་བོད་སྐད་སློབ་གཉེར་པ་མང་པོར་ཕན་པ་དང་བཀའ་བསྟན་ཡི་གེ་དག་ཆ་མི་ཉམས་པའི་རེ་བས་བྲིས་པ་དགེ་བར་གྱུར་ཅིག །
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཀུན།། ཞེས་པར་འཕྲིན་ལས་ཞེས་པ་དག་པ་ཡིན་འདུག
འཆི་མེད་དམ་ཆོས་སྣང་བ་རྟག་འགྲོག་ནས།། ཞེས་པར་འགྲོགས་ནས། ཞེས་དགོས་་ཀྱང་ཁ་སྐད་བཙན་པས་དེ་ལྟར་བྱུང་།
བཀའ་བསྟན་དཀར་ཆག་རབ་གསལ་སྒྲོན་མེ་དང་།།སྒྲོན་མེ་ཞེས་པ་བོད་སྔ་རབས་པའི་སྐད་དུ། སྒྲོན་མ་ཞེས་པ་འདི་ཡང་ཨ་ཡིག་ཨེ་ཡིག་ཏུ་སྐད་འགྱུར་བའི་དབང་གིས་དེ་ལྟར་བྱུང་བ་དང་འབྱུང་བཞིན་པ་དང་འབྱུང་བར་འགྱུར་རོ།
འགྲོ་བའི་རྩ་ལག་གཅིག་པ་གྱུར་པ། ཞེས་པར་འགྲོ་བའི་རྩ་ལག་གཅིག་པུར་གྱུར་པ།
# 1 ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ཀྱིས་མཆན་བཏབ་པ།:
December 19th, 2014 at 9:49 PM
་
ཀུན་བཏགས་ལྷན་སྐྱེས་སྒྲིབ་པའི་སྤྲིན་བྲལ་བའི།།ཞེས་པར་ཀུན་བརྟགས་ལྷན་སྐྱེས་སྒྲིབ་པའི་སྤྲིན་བྲལ་བའི།
ཕྲེང་བ། ཞེས་པ་བཀའ་བསྟན་གསུང་འབུམ་དག་ཏུ། འཕྲེང་བ་དང་ཕྲེང་བ། ཞེ་ཅི་རིགས་པ་བྱུང་ཡང་། འ་སྔོན་འཇུག་ཡོད་མེད་གཉིས་ཀྱི་ནང་ན་ཡོད་པ་དེ་གཙོ་ཆེ་བར་བྱེད།
ཡུམ་ཆེན་ཚེ་རིང་སྒྲོལ་དཀར་རྨིས་བལྟས་བཟང་།། རྨིས་བལྟས་ལས་རྨི་ལྟས་ཞེས་པར་དག་པར་མཐོང་།
ཞེ་ཆེན་དགོན་དུ་བཀའ་བསྟན་ལྗགས་ལུང་བསྩལ།།བཀའ་བསྟན་གསུང་འབུམ་དག་གི་དག་ཆར་རྩི་ན།ཞེ་ཆེན་དགོན་དུ་བཀའ་བསྟན་ལྗགས་ལུང་སྩལ།། ཞེས་དགོས།
བསྩལ་ཅེས་པ་བསལ་བའི་དོན་དུ་སྡེ་དགེ་བཀའ་འགྱུར་སོགས་ན་བཀོད་ཡོད་པ་སྣང་དུ་མཆིས།
རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཀུན།། ཞེས་པར་འཕྲིན་ལས་ཞེས་པ་དག་པ་ཡིན་འདུག
འཆི་མེད་དམ་ཆོས་སྣང་བ་རྟག་འགྲོག་ནས།། ཞེས་པར་འགྲོགས་ནས། ཞེས་དགོས་་ཀྱང་ཁ་སྐད་བཙན་པས་དེ་ལྟར་བྱུང་།
བཀའ་བསྟན་དཀར་ཆག་རབ་གསལ་སྒྲོན་མེ་དང་།།སྒྲོན་མེ་ཞེས་པ་བོད་སྔ་རབས་པའི་སྐད་དུ། སྒྲོན་མ་ཞེས་པ་འདི་ཡང་ཨ་ཡིག་ཨེ་ཡིག་ཏུ་སྐད་འགྱུར་བའི་དབང་གིས་དེ་ལྟར་བྱུང་་་་་་
འགྲོ་བའི་རྩ་ལག་གཅིག་པ་གྱུར་པ། ཞེས་པར་འགྲོ་བའི་རྩ་ལག་གཅིག་པུར་གྱུར་པ།
ནོར་བ། བཅོས་པ།
ཕྲེང་བ། འཕྲེང་བ་
རྨིས་བལྟས། རྨི་ལྟས
བསྩལ། སྩལ།
ཕྲིན་ལས། འཕྲིན་ལས།
རྟག་འགྲོག་ནས། འགྲོགས་ནས།
སྒྲོན་མེ། སྒྲོན་མ།
གཅིག་པ་གྱུར་པ། གཅིག་པུར་གྱུར་པ།
རྨིལྟས་ཀུན་བཏགས་ཀྱི་འཕྲེང་བ་ལ་བརྟགས་ན། ལྷ་མོས་རྟག་ཏུ་འགྲོགས་ནས། འཕྲིན་ལས་ཀྱི་སྒྲོན་མ་གཅིག་པུར་གྱུར་པ་ལྟར་གསལ་བ་དེས། ངའི་བགེགས་འདོན་བར་ཆད་ཐམས་ཅད་༼བསྩལ་༽བསལ་བ་ལ་ཐེ་ཚོམ་མི་དགོས་པ་འདྲ། ལྟ་བུའོ།། །།