(དུས་བབ་ནས་བླངས།)
བློ་བཟང་སེང་གེ།
རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཀྲོའུ་ཝེ་ཆོན་དང་། ༧གོང་ས་མཆོག་གི་སྐུ་ཚབ་ཚོའི་དབར་ཐེངས་དགུ་པའི་འབྲེལ་མོལ་གྲུབ་པའི་རྗེས། རྒྱུན་ལྡན་ནས་དྲེགས་ཉམས་ཆེ་བའི་ཁོ་པའི་གསར་འགོད་གསལ་བསྒྲགས་ཀྱི་ཐོག་ཏུ། བློན་ཆེན་གཞོན་པ་ཀྲོའུ་ཝེ་ཆོན་གྱིས་བག་ཚ་མེད་པའི་ཐོག་ནས། བཙན་བྱོལ་བོད་གཞུང་ཟེར་བ་དེ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད་ལ། འདིས་བོད་དང་བོད་མི་མང་གི་ཚབ་མཚོན་ཐུབ་ཀྱི་མ་རེད། <༢༠༡༠ ཟླ་བ་༢ པའི་ཚེས་༡ ཤིན་ཧྭ།> ཅེས་བརྗོད་ཀྱི་ཡོད་པར། ང་ཚོས་ངེས་པར་དུ་སྐད་ཆ་དེ་ནོར་འཁྲུལ་ཅན་ཞིག་ཡིན་པ་གསལ་བརྗོད་བྱེད་དགོས་ཀྱི་ཡོད་རེད། སྟབས་ལེགས་པ་ཞིག་ལ་ཡོང་རྒྱུར་བསྡད་པའི་གོ་སྐབས་བཟང་པོ་ཞིག་སྟེ། རྗེས་མའི་བཀའ་བློན་ཁྲི་པར་འོས་ཤོག་བླུག་རྒྱུ་དེས་རྒྱ་ནག་གཞུང་དང་ཀྲོའུ་ཝེ་ཆོན་གྱི་གདོང་ལ་སྣ་མཛུབ་སྤྲད་དེ། བཙན་བྱོལ་བོད་གཞུང་འདི་ཁྲིམས་མཐུན་ཡིན་པ་ཙམ་དུ་མ་ཟད། མང་གཙོ་སྲ་བརྟན་ཅན་ཞིག་ཡིན་པ་སྟོན་དགོས་ཀྱི་ཡོད་རེད། ཕྱོགས་གཞན་ཞིག་ནས། བོད་མི་ཚང་མས་འོས་འཕེན་གྱི་ཆ་ཤས་མ་བླངས་ན། ཀྲོའུ་ཝེ་ཆོན་གྱིས་ཁྱབ་བསྒྲགས་བྱས་པའི་སྐད་ཆ་དེར་བདེན་པ་ར་སྤྲོད་བྱས་པ་ཞིག་རེད། འདེམས་ཁ་འདི་ནི་ཧ་ཅང་གི་གསལ་པོ་ཡིན་ལ། ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇི་བྷུ་ཤུ་མཆོག་གིས། ཁྱེད་རང་ང་ཚོ་མཉམ་དུ་ཡོད་དམ་ཡང་ན་ཁོ་ཚོའི་མཉམ་དུ་ཡོད་ཅེས་གསུངས་པ་རེད། གནས་ཚུལ་འདི་ང་ཚོས་རྒྱ་ནག་གཞུང་དང་འཛམ་གླིང་གི་མི་མང་། བོད་ནང་ཡོད་པའི་བོད་མི་ཚོར་སྐད་ཤུགས་ཆེན་པོའི་ཐོག་ནས། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་མང་གཙོའི་རང་དབང་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ང་ཚོས་རང་ཉིད་ཀྱི་མ་འོངས་པའི་ལས་དབང་ལ་སྟངས་འཛིན་གྱི་ཆེད་དུ་མདུན་བསྐྱོད་བྱེད་ཀྱི་ཡོད་ཅེས་གནད་དོན་འདི་བརྡ་གཏོང་དགོས་པ་རེད།
སྟབས་ཉེས་པ་ཞིག་ལ། ང་ཚོས་འདས་པའི་གནས་སྟངས་ལ་ཕྱིར་མིག་ལྟ་དུས། ད་དུང་ང་ཚོ་འགྲོ་དགོས་པའི་ལམ་ཐག་རིང་པོ་ཡོད། རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་མང་གཙོའི་ལམ་ལུགས་ཐོག་ནས་འོས་བསྡུ་བྱས་པའི་རྒྱལ་ཁབ་གཞན་པ་དང་ང་ཚོ་བསྡུར་ན། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་སྔོན་མའི་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས་ཆ་ཤས་ལེན་མཁན་སྤྱིའི་འབོར་ཧ་ཅང་དམའ་པོ་ཡིན་པ་རེད། (ཚོད་རྩིས་བྱེད་སྐབས་འོས་འཕེན་གྱི་འོས་ཆོས་ཡོངས་སུ་ཚང་ཡོད་པའམ། ཡང་ན་རང་ལོ་ ༡༨ ལས་བརྒལ་ཡོད་པའི་ཁོངས་ནས། བརྒྱ་ཆའི་ ༣༠ ཙམ་གྱིས་མ་གཏོགས་ཆ་ཤས་བླངས་མེད) ང་ཚོས་བརྒྱུད་རིམ་འདི་ཁྱོན་ཡོངས་ནས་བརྗེ་བསྒྱུར་ག་འདྲ་བྱེད་ཐུབ་མིན་དང་། འོས་འཕེན་པའི་གྲངས་འབོར་གྱི་ཚད་གཞི་ཧ་ཅང་མཐོ་པོ་ཡོང་ནས་ཚད་ལྡན་གྱི་འོས་མི་འདེམས་སྒྲུབ། བཙན་བྱོལ་བོད་གཞུང་འདི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་མང་གཙོ་ཚད་ལྡན་གྱི་ངོ་བོ་མཚོན་ཐུབ་མཁན་ཞིག་ལ་བསྒྱུར་དགོས།
གལ་ཆེའི་བསྒྱུར་བཅོས་རིགས་བྱེད་ཐུབ་ན་དེར་རེ་བ་ཞིག་ཡོད་པ་རེད། དེ་ཡང་ཡར་རྒྱས་ཅན་གྱི་རྒྱལ་ཁབ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ་དར་ཁྱབ་ཆེ་བའི་འོས་བསྡུའི་བསྒྱུར་བཅོས་ཀྱི་སྟབས་བདེའི་ཐབས་ལམ་དེ་ངོ་སྤྲོད་བྱས་ན། དེ་ཡང་བསྒྱུར་བཅོས་ཀྱི་ཁོངས་སུ་སྦྲགས་ལམ་བརྒྱུད་ནས་འོས་འཕེན་མགོ་འཛུགས་རྒྱུ་དང་། དེབ་སྐྱེལ་མེད་པ་བཟོ་རྒྱུ། ཡང་ན་གལ་སྲིད་དེབ་སྐྱེལ་དེ་དགོས་པ་ཡིན་ན། འོས་འཕེན་དེབ་སྐྱེལ་རྣམས་འོས་བླུགས་པའི་ཉིན་དེ་རང་དང་ཡང་ན་དེའི་སྔོན་དུ་བྱེད་ཆོག་པ་དང་ལྷན་དུ་དང་བླང་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་གཅོག་ཆ་བྱེད་དགོས་ལ། དམིགས་བསལ་གྱི་ཡོང་འབབ་མེད་མཁན་ལ་གཅོག་ཆ་བྱེད་དགོས། དེས་ན་བསྒྱུར་བཅོས་འདིས་འོས་འཕེན་གྱི་འབོར་ཚད་ལྡབ་གཉིས་སམ་གསུམ་མང་དུ་འགྲོ་རྒྱུ་ཡིན་ཞིང་། འོས་འཕེན་མཁན་གཙོ་གྲས་བལ་གོས་ཚོང་པ་དང་། སློབ་ཕྲུག ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི། དམག་མི། སློབ་གཉེར་གནང་བཞིན་པའི་དགེ་འདུན་པ། ནང་ལས་བྱེད་མཁན་བུད་མེད་བཅས་ཀྱིས་འོས་འཕེན་གྱི་དཀའ་ངལ་རྣམས་ལ་ལས་སླ་པོའི་ཐོག་ནས་གདོང་ལེན་བྱེད་ཐུབ།
འདས་པའི་ལོ་རྒྱུས་ནང་བྱུང་བའི་ང་ཚོ་དང་བསྡུར་འོས་པའི་སྐྱབས་བཅོལ་གཞུང་མང་པོ་ཞིག་གིས་སྙན་པོ་མེད་པའི་གསང་བ་ཞིག་བརྗོད་བཞིན་པ་ནི། གལ་སྲིད་བཙན་བྱོལ་བོད་གཞུང་དེ་གསོན་གནས་མ་ཐུབ་པ་ཡིན་ན། ད་ལྟའི་སྐབས་མདུན་བསྐྱོད་བྱེད་བཞིན་པའི་ལས་འགུལ་འདི་ཉིད་ཞི་འཇམ་ངང་ནས་ཕམ་ཉེས་སུ་འགྲོ་རྒྱུ་ཡིན་པ་དང་། གསོན་གནས་དང་སྲ་བརྟན་ཡོང་བར་བྱེད་པ་ལ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ལམ་ལུགས་ལ་ནུས་ཤུགས་བསྐྱེད་དགོས་པ་དེ་ཡིན་ཞིང་། ནུས་སྟོབས་ལྡན་པའི་མང་གཙོའི་ཀ་བ་གཅིག་ནི་བོད་གཞུང་གི་དབུ་ཁྲིད་བཀའ་བློན་ཁྲི་པ་འོས་འཕེན་གྱི་གནད་དོན་འདི་ཡིན། ང་ཚོ་ཚང་མར་གཅིག་གྱུར་གྱི་མོས་མཐུན་ཡོད་པ་ནི། གལ་སྲིད་བོད་མི་རིགས་ཀྱི་འཐབ་རྩོད་འདི་ད་དུང་མི་ལོ་ ༥༠ རིང་སྲ་བརྟན་ངང་གནས་དགོས་ན། བཙན་བྱོལ་བོད་གཞུང་འདི་དང་། འདིའི་མང་གཙོའི་སྒྲོམ་གཞི་དེ་རྒྱང་རིང་པོར་འགྲུལ་བཞུད་བྱེད་དགོས་པ་དེ་ཡིན།
སྔོན་མའི་བཀའ་བློན་ཁྲི་པ་འོས་འཕེན་གྱི་སྤྱི་འབོར་དམའ་པོ་བྱུང་ཡོད་པ་དེས་ང་ལ་ཧང་སངས་དགོས་པ་དང་ཡིད་སྐྱོ་དགོས་པའི་གནས་ཚུལ་གཉིས་བྱུང་། མི་སུ་ཡང་ལས་སླ་པོའི་ཐོག་ནས་སེམས་ཤུགས་ཆག་གི་མེད་པས། ངས་རྒྱལ་ཁབ་གཞན་པ་ཁག་གཅིག་གི་འོས་བསྡུའི་གྲུབ་འབྲས་དང་བསྡུར་ནས། ང་ཚོའི་གནས་བབ་འདི་ཉེན་སྐྱོབ་བྱེད་རྒྱུའི་ཐག་བཅད་པ་ཡིན་ལ། གཤིབ་བསྡུར་གྱི་རེ་འདུན་ནི་ང་ཚོའི་འོས་འཕེན་དེ་མདུན་བསྐྱོད་དང་ལེགས་གྲུབ་ཡོང་རྒྱུ། ཡང་ན་ཉུང་མཐའ་ལའང་མང་གཙོའི་རྒྱལ་ཁབ་གཅིག་གམ་གཉིས་ཙམ་ལ་འདྲ་མཉམ་ཡོང་དགོས་པ་དེ་ཡིན་ཞིང་། ང་ཚོས་རང་ཉིད་ཀྱི་རང་དབང་གི་ཆེད་དུ་འཐབ་རྩོད་བྱས་ནས་བཟུང་། འོས་འཕེན་ནང་འཛུལ་ཞུགས་སྤྱི་སྙོམས་ཡོང་དགོས་ངེས་དང་། གལ་སྲིད་མང་གཙོ་སྲ་བརྟན་ཅན་གྱི་རྒྱལ་ཁབ་ཨོ་སི་ཊི་ལི་ཡ་བརྒྱ་ཆའི་ ༩༥་༡༧། བྷེལ་ཇམ་བརྒྱ་ཆའི་ ༩༡་༠༨། ལག་ཛེམ་བྷག་བརྒྱ་ཆའི་ ༩༡་༦༨། ཨོ་སི་ཊིར་བརྒྱ་ཆའི་ ༨༡་༧༡། ཨི་ཊ་ལི་བརྒྱ་ཆའི་ ༨༠་༥༤། བྷིར་ཛལ་བརྒྱ་ཆའི་ ༨༣་༢༧ བཅས་རྒྱལ་ཁབ་དེ་དག་ལས་ལྷག་པ་མ་བྱུང་ནའང་། རྒྱལ་ཁབ་འདི་དག་གི་འོས་འཕེན་གྱི་བརྒྱ་ཆའི་ཕྱེད་ཙམ་ལ་ཡང་ང་ཚོའི་འོས་འཕེན་གྱི་བརྒྱ་ཆས་ཟིན་ཐུབ་མེད་པ་དེ་སྐྱོ་བ་སྐྱེས་དགོས་པ་ཞིག་རེད།
ང་ཚོས་ནང་པའི་རྒྱལ་ཁབ་ཁག་དང་གཤིབ་བསྡུར་བྱས་ནའང་། འོག་ཏུ་འགོད་རྒྱུ་ཡིན་པའི་རྒྱལ་ཁབ་ཁག་ཅིག་གི་འོས་འཕེན་གྱི་གྲངས་འབོར་ལས་ལྷག་པ་གཅིག་ཀྱང་ང་ཚོ་མདུན་བསྐྱོད་བྱས་ཐུབ་མེད། དེ་ཡང་སིང་གྷ་ལ་བརྒྱ་ཆའི་ ༧༥་༩༦། ཐེ་ལན་ཌི་བརྒྱ་ཆའི་ ༧༨་༥༡། ཉི་ཧོང་བརྒྱ་ཆའི་ ༦༧་༤༦ ལྟ་བུ་རེད། དེ་བཞིན་སྐྱོ་བ་སྐྱེས་དགོས་པའི་གནད་དོན་གཞན་ཞིག་ནི། ང་ཚོ་ད་དུང་རང་ཉིད་དང་གཅིག་མཚུངས་ཡིན་སྙམ་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྗེས་སུ་ལུས་ཡོད། དེ་ཡང་འབྲུག་ལ་བརྒྱ་ཆའི་ ༧༩་༤༥། སོག་པོར་བརྒྱ་ཆའི་ ༧༤་༣༡། བལ་ཡུལ་ལ་བརྒྱ་ཆའི་ ༦༣་༢༩ བཅས་རེད། དེ་བཞིན་ང་ཚོའི་འཐབ་རྩོད་ཀྱི་སྦིར་སྒྲ་འདི་གཞིར་བཞག་ན་ཉེ་དུས་རང་བཙན་ཐོབ་པའི་རྒྱལ་ཁབ་ཁལ་ཊི་ཝི་ཡ་ལ་བརྒྱ་ཆའི་ ༦༠་༩༨། སི་ལོ་ཝི་ནི་ཡ་ལ་བརྒྱ་ཆའི་ ༦༣་༡ བཅས་དང་འོས་འཕེན་སྤྱི་སྙོམས་ཡོང་དགོས་ངེས་ཤིག་ཡིན་ཡང་། དེང་སྐབས་རྒྱལ་ཁབ་དེ་དག་གི་འོས་འཕེན་གྱི་གྲུབ་འབྲས་དོན་སྙིང་ལྡན་པའི་ངང་འཕེལ་རྒྱས་བྱུང་ཡོད། རྒྱལ་ཁབ་དེ་དག་གི་ཡུལ་མི་ཚོས་འོས་འཕེན་གྱི་རང་དབང་ལོངས་སུ་སྤྱོད་སྐབས། ཡུལ་དེར་ཡོད་པའི་འཇིགས་སྐུལ་རིང་ལུགས་ཚོགས་པ་ཊ་ལི་བྷན་དང། ཨལ་ཁི་ཌ་སོགས་ཀྱིས་འོས་བླུག་མཁན་ཚོ་གསོད་ཀྱི་ཡོད་པ་དང་། དེ་བཞིན་འོས་བླུག་མཁན་ཡུལ་མི་ཉམ་ཆུང་ཚོའི་མཐེབ་མོ་དང་མཛུབ་མོ་གཏུབ་པའི་གྱོད་གཞི་མང་དུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་གནས་སྟངས་དེ་འདྲའི་འོག་ནས་ཨབ་གྷ་ནི་སི་ཐན་དང་ཨི་རག་གི་ཡུལ་མི་ཚོས་སྲོག་ལ་ཐུག་ཀྱང་གདོང་ལེན་བྱས་ཏེ། ཨ་ཧྥི་གྷ་ནི་སི་ཐན་དུ་བརྒྱ་ཆའི་ ༨༣་༦༦ དང་ཨི་རག་ཏུ་བརྒྱ་ཆའི་ ༥༨་༣༢ བཅས་འོས་འཕེན་གྱི་གྲངས་འབོར་ཕོན་ཆེན་བྱུང་ཡོད་པ་རེད།
ཨི་རན་དུ་ཡུལ་མི་ཚོས་ཡུལ་དེའི་ཆབ་སྲིད་ཚོགས་པས་འོས་ཤོག་ལ་བསྒྱུར་བཅོས་བཏང་བར་ངོ་རྒོལ་བྱས་ཡོད་པས། ངོ་རྒོལ་བ་ཚོར་མེ་མདའ་བརྒྱབ་ནས་དྲག་གནོན་བྱས་ཡོད་ཀྱང་། འོས་འཕེན་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༥༩་༧ བྱུང་ཡོད་པས་བཙན་བྱོལ་བོད་མིིའི་གནས་བབ་ལས་མཐོ་བ་ཡོང་ཡོད། དེང་སང་གི་དུས་ལའང་། ཨི་རན་གྱི་ཡུལ་མི་ཚོས་སྲོག་ལ་ཐུག་ཀྱང་འཛེམས་ཟོན་མེད་པ། ཁྲོམ་གཞུང་ཁག་ཏུ་ལོ་སྔོན་མའི་སྲིད་འཛིན་འོས་ཤོག་ཁྲིམས་མཐུན་ཅན་དུ་བསྒྱུར་དགོས་པའི་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། འོས་འཕེན་སྐབས་སྲོག་ལ་འཇིགས་སྐུལ་ཡོད་པའི་གནས་སྟངས་དེ་འདྲ་གཅིག་མིག་དཔེ་ལ་བཟུང་ན། ང་ཚོ་བོད་མི་ཚོར་སྲོག་ཤོར་བའི་ཉེན་ཁ་མེད་པ་དང་། ཡང་ན་གནོད་འཚེ་བྱེད་མཁན་གཉིས་ཀ་མེད་པས་ལས་སླ་པོའི་ཐོག་ནས་འོས་འཕེན་གྱི་ལས་དོན་དེ་བསྒྲུབ་དགོས་པ་ཞིག་ཡིན་ཡང་། ང་ཚོའི་ལས་དོན་ད་དུང་འཐུས་ཤོར་འགྲོ་ཡི་ཡོད། མང་གཙོའི་རྒྱལ་ཁབ་གཞན་གྱི་འོས་བསྡུ་དང་ང་ཚོའི་དབར་གྱི་ཁྱད་པར་ནི། ང་ཚོའི་འོས་བསྡུ་དེ་ཚད་གཞི་སྐྱོ་ཤོས་དང་དམའ་ཤོས་ཆགས་ཀྱི་ཡོད་པ་རེད། པ་ལི་སི་ཐན་ནི་རྒྱལ་ཁབ་དང་ང་ཚོའི་དབར་གྱི་འོས་འཕེན་གྱི་གནས་བབས་བསྡུར་བ་ཡིན་ན། པ་ལི་སི་ཐན་ནི་འོས་འཕེན་གྱི་གྲངས་འབོར་ ༧༧་༧ ང་ཚོ་ལས་མཐོ་བ་ཡོད།
བོད་མིའི་གྲངས་འབོར་ཧ་ལམ་ ༡༥༠༠༠༠ ཡོད་པ་དང་། འོས་འཕེན་གྱི་ཁྱད་ཆོས་ཚང་མཁན་ ( རང་ལོ་༡༨ བརྒལ་བ ) ཚོད་རྩིས་བྱེད་སྐབས་༡༢༠༠༠༠ ཙམ་གྱི་གྲངས་འབོར་ཡོད་རེད། སྔོན་མའི་བཀའ་བློན་ཁྲི་པ་འོས་བསྡུའི་སྐབས་འོས་འཕེན་གྱི་དེབ་སྐྱེལ་བྱེད་མཁན་གྲངས་ ༧༢༠༠༠ ཙམ་བྱུང་ཡོད་པ་དང་། དེའི་ནང་ནས་ ༣༢༢༠༥ ཙམ་གྱིས་འོས་བླུགས་ཡོད་པས་བརྒྱ་ཆ་ ༤༤ ཆགས་ཡོད་པ་རེད། ཟམ་གདོང་རིན་པོ་ཆེར་འོས་ཤོག་ ༢༩༢༡༦ ཐོབ་ཡོད་པ་དང་དེ་བརྒྱ་ཆ་ ༩༠་༧༢ རེད། དེའི་སྐོར་ཕ་ཡུལ་དྲ་རྒྱར་གཟིགས་རོགས།
འོས་ཤོག་གི་བརྒྱ་ཆའི་ཚིག་འགྲོས་ནས་ཡིད་སེམས་སྐྱོ་དགོས་པ་ཤིག་ཤེས་རྟོགས་ཡོང་གི་ཡོད་པ་སྟེ། དེ་ཡང་འོས་འཕེན་གྱི་ཁྱད་ཆོས་ཚང་མཁན་གྱི་སྤྱི་འབོར་ ༧༢་༠༠༠ ཡོད་པའི་ནང་ནས། བརྒྱ་ཆའི་ ༦༠ ཙམ་གྱིས་མ་གཏོགས་འོས་འཕེན་གྱི་དེབ་སྐྱེལ་བྱས་མེད་པ་དང་། ཚོད་རྩིས་བྱེད་སྐབས་རྒྱུན་ལྡན་ནས་བརྒྱ་ཆའི་ ༣༠ ཙམ་གྱིས་འོས་ཤོག་བླུགས་ཡོད་པ་དེ་ཧ་ཅང་གི་སྐྱོ་པོ་རེད། ནམ་ཞིག་དེབ་སྐྱེལ་བྱས་པའི་འོས་འཕེན་པ་གྲངས་ཀ་བརྒྱབས་ན། བོད་མི་འོས་འཕེན་ནང་འཛུལ་ཞུགས་བྱེད་མཁན་དེབ་སྐྱེལ་གྱི་བརྒྱ་ཆའི་ ༤༤ ཙམ་ལས་ལོང་གི་མེད། འདིས་ཉེན་བརྡ་ཞིག་གཏོང་གི་ཡོད་པ་ནི། ད་དུང་བོད་མི་བརྒྱ་ཆའི་ ༤༠ སྐོར་ཞིག་གིས་འོས་འཕེན་གྱི་དེབ་སྐྱེལ་བྱེད་ཀྱི་མེད་པ་དང་། སྙིང་རླུང་ལངས་དགོས་པ་ཞིག་ལ་བརྒྱ་ཆའི་ ༧༠ ཡིས་འོས་ཤོག་བླུག་ཡོད་པ་མ་རེད། ཡོངས་ཁྱབ་ཀྱི་གྲངས་འབོར་འདིས་དངོས་གནས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ང་ཚོས་དམིགས་བསལ་གྱི་དུས་ཚོད་མང་དུ་བཏང་ནས། ང་ཚོའི་འོས་འཕེན་གྱི་བརྒྱུད་རིམ་ལ་བཟོ་དབྱིབས་ཤིག་ཐོབ་དགོས་པ་སྟོན་གྱི་ཡོད། འོས་ཤོག་གི་གྲངས་འབོར་གྱི་ཚད་གཞི་དམའ་པོ་ཡིན་སྐོར་བརྗོད་སྐབས། དམངས་ཁྲོད་དུ་ཟམ་གདོང་རིན་པོ་ཆེ་ལས་ལྷག་པ་མི་མང་གིས་དགའ་ཤོས་བྱེད་སའི་མི་སྣ་མེད་སྐོར་གྱི་རྩོད་པ་རྒྱག་ངེས་པ་རེད། གང་ལྟར་ཡང་ཨོ་སི་ཊི་ལི་ཡ་བརྒྱ་ཆའི་ ༩༥་༡༧ དང་། ལག་ཛེམ་བྷག་བཅས་སུ་གོ་གནས་འཛིན་པའི་དུས་ཡུན་ཡིན་རུང་མིན་རུང་། འོས་བླུགས་མཁན་ཚོས་རང་ཉིད་ཀྱི་ཡུལ་མིའི་ཐོབ་ཐང་ལག་བསྟར་བྱས་ནས་འོས་འཕེན་གྱི་གྲངས་འབོར་ཧ་ཅང་ཕོན་ཆེན་བྱུང་ཡོད།
ང་ཚོའི་སེམས་ལ་ངལ་གསོ་ཐེབས་པའི་གནད་དོན་གཞན་ཞིག་ནི་སྐྱབས་བཅོལ་གཞུང་ཤིན་ཅང་དང་། སོག་པོ། འབར་མ་བཅས་བོད་བཙན་བྱོལ་གཞུང་དང་བསྡུར་ན། བོད་གཞུང་ལ་འཛིན་སྐྱོང་དང་མང་གཙོའི་བརྒྱུད་རིམ་བཅས་ཆ་ཚང་ཡོད་པས། ང་ཚོའི་སྐྱབས་བཅོལ་གཞུང་དེ་དག་ལས་ཆེས་ཤུགས་རྐྱེན་ཆེ་བ་དང་ནུས་སྟོབས་རྒྱས་ཡོད་པ་རེད། གནད་དོན་དེ་འདྲ་ཡིན་རུང་ང་ཚོའི་དམིགས་ཡུལ་སྐྱོ་ཤོས་ནས་ཡག་ཤོས་ཆགས་རྒྱུ་དང་། སྐྱབས་བཅོལ་དུ་མུ་མཐུད་ནས་གནས་རྒྱུ་དེ་མ་རེད། ཡག་གྲས་ནས་ཡག་ཤོས་ཆགས་སྲིད་པ་དེ་འཛམ་གླིང་ལ་ངོམ་དགོས་པ་དང་། དེའི་ནང་ནས་རྒྱ་ནག་དང་བོད་ནང་གི་བོད་རིགས་སྤུན་ཟླ་ཚོར་བསྟན་དགོས་པ་རེད། དེས་ན་ང་ཚོས་མང་གཙོའི་གཞུང་ཡན་ལག་ཆ་ཚང་བ་ཞིག་གིས། རྒྱ་ནག་དམར་ཤོག་དབང་ཆ་གཅིག་སྡུད་ཚོགས་པ་དང་། རྒྱ་ནག་ཧན་མི་རིགས་ཀྱིས་བོད་ནང་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་དབང་ཆ་འཛུགས་སྐྲུན་གྱིས་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་པ་རྣམས་བརྗེ་བསྒྱུར་བྱེད་དགོས།
ངས་ནན་ཏན་ངང་བརྗོད་ཐུབ་པ་ཞིག་ནི། བཀའ་ཤག་དང། ཁྲིམས་བཟོ་ལྷན་ཚོགས། འོས་བསྡུ་ལྷན་ཁང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱིས། ང་ཚོའི་སྤྱི་ཚོགས་ཀྱི་མང་གཙོའི་བརྒྱུད་རིམ་འདི་འཕོ་འགྱུར་གཏོང་དགོས་པའི་ཉེས་སྐྱོན་མང་པོ་བགྲང་གི་ཡོད་པ་རེད། ཡིན་ནའང་། ཉེས་སྐྱོན་བགྲང་བའི་རྩེད་མོ་དེའི་ཚབ་ཏུ་གནད་དོན་ཤེས་རྟོགས་བྱས་ན་དགེ་མཚན་ཆེ་བ་ཡོད། འོས་འཕེན་གྱི་ཚད་གཞི་དམའ་པོ་ཡིན་པ་དེ་གཞུང་དང་མི་མང་གཉིས་ཀའི་ཕྱོགས་ནས་ཡོང་གི་ཡོད་ཅིང་། ང་ཚོའི་མང་གཙོ་ནུས་ཤུགས་ལྡན་པ་ཞིག་ཡོང་རྒྱུར་ཛ་དྲག་དང་ཧུར་བསྐྱེད་བྱེད་རྒྱུའི་ཚབ་ཏུ། ད་ལྟའི་སྐབས་གང་ཡོད་པ་ཚད་གཞི་གཅིག་ཁོ་ནའི་སྟེང་དུ་བསྐྱོད་པ་དང་། འདོད་པ་མ་ཚིམས་པ་འདི་ཉིད་སྟངས་འཛིན་ཁོ་ན་བྱེད་ཀྱི་ཡོད་པས། རང་བཞིན་གྱིས་དྲི་བ་ཞིག་ཡོང་གི་ཡོད། དེ་ཡང་ད་ལྟ་ཡོད་བཞིན་པའི་འོས་འཕེན་གྱི་སྒྲོམ་གཞི་འདི་ཡར་རྒྱས་ག་རེ་གཏོང་ཐུབ་ཀྱི་ཡོད་མེད་དང་། ལོ་རྒྱུས་ཅུང་ཟད་ཡོད་པའི་བོད་པའི་འོས་བསྡུའི་སྒྲིག་གཞི་འདིས། དུས་ཡུན་རིང་པོའི་རིང་ལ་ཤུགས་རྐྱེན་ཐེབས་ནས་འགྲོ་རྒྱུ་ཡིན་པ་དང་། ཡར་རྒྱས་གཏོང་དགོས་པའི་ལས་གཞི་མང་པོ་ཞིག་ལམ་ལུགས་འདི་ཁོ་ན་བརྒྱུད་ནས་འགྲོ་རྒྱུ་དེ་རེད། ཡིན་ནའང་། གནའ་བོའི་འོས་བསྡུའི་བརྒྱུད་རིམ་ཅན་གྱི་ང་ཚོའི་ལམ་ལུགས་འདི་ལ། དུས་རབས་ ༢༡ པ་འདི་དང་འཚམ་པའི་བསྒྱུར་བཅོས་གཏོང་གལ་ཆེན་པོ་ཡིན།
འོས་འཕེན་སྒྲིག་གཞིའི་ལོ་རྒྱུས།
ཕྱི་ལོ་ ༡༩༥༩ ཟླ་བ་ ༧ པའི་ཚེས་ ༡ ཉིན་ཌ་ལ་ཧའོ་སི་ནང་༧གོང་ས་མཆོག་གིས་བཀའ་སློབ་དང་པོ་གནང་སྐབས། བཙན་བྱོལ་ནང་གི་བོད་མི་ཚོས་དེང་རབས་ཀྱི་མང་གཙོའི་ལྟ་གྲུབ་དམ་འཛིན་བྱས་ནས་མདུན་བསྐྱོད་བྱེད་དགོས་པའི་བཀའ་ནན་པོ་བསྩལ་ཡོད་པ་དང་། དེ་དང་ཕྱོགས་མཚུངས་པ་ཕྱི་ལོ་ ༡༩༥༩ ཟླ་བ་ ༡༢ ཚེས་ ༧ ཉིན་རྡོར་གདན་དུ་མནའ་གན་མཐུ་མོ་ཆེ་འཇོག་པའི་སྐབས། ཁོང་གིས་ནུབ་ཕྱོགས་ཀྱི་ འདུམ་སྒྲིག་མང་གཙོའི་ལམ་ལུགས་ consociationalism (འདུམ་སྒྲིག་གི་ལམ་ལུགས་འདི་ཨི་སི་ཊོ་ནི་ཡ་ Estonia ནང་ལག་བསྟར་བྱས་ཡོད་པ་དང་། པཱ་པུ་ཡ་ནིའུ་ཇུས་ནི་ཡ་ Papua New Guinea ནང་ལམ་ལུགས་སྔོན་མ་དེ་ཆགས་ཀྱི་ཡོད་པ་རེད།) གཞིར་བཞག་ནས་ས་ཁུལ་ཁག་གི་འཐུས་མི་འདེམས་དགོས་པའི་སྐོར་ཆོས་བརྒྱུད་ཁག་གི་དབུ་ཁྲིད་ཚོར་བཀའ་སློབ་ནན་པོར་བསྩལ་ཡོད་པ་རེད། གང་ལྟར་ཡང་། སྐབས་དེར་འོས་བསྡུའི་སྒྲིག་གཞི་གཏན་འབེབས་བྱས་མེད་པས། འོས་བསྡུའི་ལམ་ལུགས་བརྒྱུད་མི་དགོས་པའི་ཐོག་ནས། མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཁམས་དང་ཨ་མདོའི་ས་ཁུལ་གྱི་འཐུས་མི་མི་གྲངས་ ༦ བདམས་བཀོད་བྱས་ཡོད་པ་དེ་སྤྱི་འཐུས་ཐོག་མ་དེ་ཆགས་ཡོད་ཅིང་། དེ་དང་ཕྱོགས་མཚུངས་པ་བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞིའི་འཐུས་མི་བདམས་བཀོད་གནང་ཡོད་པ་རེད། ཡིན་ནའང་། བོན་གྱི་འཐུས་མི་ཕྱི་ལོ་ <༡༩༧༥-༧༨ > སྤྱི་འཐུས་ཐེངས་ ༦ པའི་སྐབས་བར་བདམས་བཀོད་གནང་མེད་པ་རེད། བུད་མེད་འཐུས་མི་སྤྱི་འཐུས་སྐབས་གཉིས་པའི་སྐབས་ <༡༩༦༣-༦༦> སུ་༧གོང་ས་མཆོག་གི་བཀའ་རྒྱ་བཞིན་དུ་བདམས་བཀོད་གནང་ཡོད་ཀྱང་། ཕྱི་ལོ་༡༩༧༤- ༡༩༩༠ བར་བུད་མེད་འཐུས་མི་རྣམས་དགོས་ངེས་བཞིན་ཐོན་ཐུབ་མེད་པ་དེ། གཅིག་བྱས་ན་སྐྱེས་པའི་དབང་འཛིན་ལམ་ལུགས་ཀྱི་བསམ་བློའི་རྒྱུ་ཕྱོགས་ཀྱིས། བུད་མེད་དེ་དག་ལ་ཤུགས་རྐྱེན་ཐེབས་པ་ཡིན་རྒྱུ་རེད། དབུས་གཙང་ཆོལ་ཁའི་འཐུས་མི་ཁོ་ན་ཕྱིའི་རྣམ་པའི་ཐོག་ནས་སྐབས་དང་པོའི་སྤྱི་འཐུས་འོས་བསྡུའི་རྣམ་པའི་ཐོག་ནས་ཡོང་ཡོད། གང་ཡིན་ཞེ་ན། དབུས་གཙང་ཆོལ་ཁར་དབུས་ཀྱི་ཚོགས་པ་མེད་པས། སི་ཀིམ་དང་དེ་མིན་ས་གནས་གཞན་ཁག་གི་མི་རྣམས་འཛོམས་ཏེ། ཕན་ཚུན་འབྲེལ་ལམ་བརྒྱུད་ནས་དམིགས་འཛུགས་བྱས་པ་དང་། ཕྱག་བརྐྱངས་ཀྱི་ཐོག་ནས་འོས་མི་རྣམས་གྲངས་འདྲེན་བྱས་ཏེ་དྷ་སར་བཏང་ཡོད་པ་རེད།
འོས་བསྡུའི་སྒྲིག་གཞི་ཟིན་བྲིས་ཐོག་མ་དེ་ཕྱི་ལོ་ ༡༩༧༡-༧༥ སྐབས་སུ་གཞི་ནས་ཡོང་ཡོད་པ་རེད། སྐབས་དེར་འོས་བསྡུ་ལས་ཁང་གི་ཚོགས་མི་ (བཀའ་ཟུར་བློ་བཟང་དར་རྒྱས་) དང། དེའི་སྐབས་ཅན་དྷི་གྷར་གཙུག་ལག་སློབ་གྲྭ་ཆེན་པོའི་ནང་། ཆབ་སྲིད་ཚན་རིག་ལ་སློབ་སྦྱོང་བྱེད་མཁན་སློབ་མ་འགའ་ཡོད་པ་རྣམས་རྒྱ་གར་གྱི་འོས་བསྡུའི་ཁྲིམས་ལུགས་བོད་ཡིག་ཐོག་བསྒྱུར་མཁན་གྱི་མི་སྣའི་ཁོངས་སུ་གླས་ཡོད་པ་རེད། འོས་བསྡུའི་ཁྲིམས་ལུགས་དེ་བོད་ཀྱི་ལས་དོན་མང་པོ་དང་འབྲེལ་བ་ཆགས་ཡོད་པས་ཡིག་བསྒྱུར་ཚོགས་པས་ཕབ་བསྒྱུར་ཞུས་པ་དང། འོས་བསྡུའི་སྒྲིག་གཞི་དེར་བསྐྱར་ཞིབ་ཡུན་རིང་བྱས་ཏེ་ཕྱི་ལོ་ ༡༩༩༡ ཟླ་ ༢ ཚེས་ ༢༤ ཉིན་དངོས་སུ་ལག་བསྟར་བྱས་ཡོད་ཅིང་། འོས་བསྡུ་དེ་རྒྱ་གར་དང་། བལ་ཡུལ། ཨ་རི། ཡུ་རོབ་བཅས་སུ་དབུས་ས་གནས་འོས་བསྡུ་ཁང་ ༧༠ ཙམ་རྒྱ་བསྐྱེད་བཏང་ཡོད་པ་རེད། (བོད་མི་ཡོད་སའི་ས་གནས་ཁུག་དཀྱོག་དང་ཡང་ན་བོད་མི་འགའ་ཤས་ལས་མེད་སའི་ས་ཆ། དཔེར་ན། ཀུའུ་ཊིང་དང་། དྷི་མར་པུར། ཀིན་ནུར། བྷོ་པལ། ལིམྦྷི་ནི། ཀ་ལི་ཀ་ཏ་བཅས་སུ་འགྲིམ་འགྲུལ་སོགས་དཀའ་ངལ་གྱི་རྐྱེན་བྱས་ཏེ་འོས་འཕེན་བྱེད་ཐུབ་ཡོད་མ་རེད།)
ད་ལྟའི་འོས་བསྡུའི་སྒྲིག་འཛུགས་ཀྱི་མ་འོངས་འཆར་རྩིས་ལ་མཁས་པའི་ཚིག་འགྲོས་དང་། འོས་འཕེན་གྱི་བརྒྱུད་རིམ་གཉིས་ཐད་ནས་ཕྱི་ལོ་ ༡༩༦༠ དང་བསྡུར་ན་ཏན་ཏན་ཡར་རྒྱས་ཕྱིན་ཡོད་ཀྱང་། མཐའ་མཇུག་འོས་འཕེན་གྱི་གྲུབ་འབྲས་མུ་མཐུད་ནས་ཚད་གཞི་དམའ་པོ་ཡོང་གི་ཡོད་པ་རེད། འོས་བསྡུའི་སྒྲིག་གཞི་ད་ལྟའི་བར་ལོ་བཅུ་ཕྲག་གཉིས་སོང་བའི་རྙིང་པ་རེད། ད་ལྟ་ང་ཚོ་བཙན་བྱོལ་བའི་གནས་བབ་ཀྱི་དགོས་མཁོ་སྐོང་པའི་འོས་བསྡུའི་བརྒྱུད་རིམ་ངོ་སྤྲོད་བྱེད་པའི་དུས་ལ་སླེབས་ཡོད་པ་རེད། ང་ཚོར་དགོས་པའི་ཐབས་ལམ་ནུས་ཤུགས་ཅན་ཞིག་གཞིར་འཇོག་དགོས་པ་ནི། དེ་ཡང་མཁས་དབང་ཀཱ་སི་སན་སི་ཊིན་ (Cass Sunstein) མཆོག་གིས། དཔལ་འབྱོར་ཚན་རིག་ནང་དུ་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་སྲིད་ཇུས་དང་ཁྲིམས་ལུགས་གཏན་འབེབས་བྱས་ཏེ། མཇུག་སྐྱོང་དགོས་པ་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་པ་དེས། ཁྲིམས་ཀྱི་སྒྲོམ་གཞི་དང་ཆབ་སྲིད་ཀྱི་ལམ་ཕྱོགས་ཞིབ་འཇུག་གིས། རྒྱུན་ལྡན་མི་མང་གི་གཤིས་སྤྱོད་སྟོན་གྱི་ཡོད་པ་རེད། དེའི་སྐོར་དྲ་ངོས་འདིར་གཟིགས་རོགས། ཁྲིམས་དང་ཚུལ་མཐུན་གྱི་དཔལ་འབྱོར་ལམ་ལུགས་མ་དཔེ་འོས་འཚམ་ཞིག་བསྐྲུན་རྒྱུ་དང་། དེ་བཞིན་ངའི་བསམ་ཚུལ་ནི་འོག་འཁོད་ཀྱི་བྱེད་ཐབས་འདི་ལག་ལེན་བསྟར་རྒྱུར་བསམ་གཞིག་བྱེད་དགོས་པ་སྟེ།
ཀ༽ སྦྲགས་ལམ་བརྒྱུད་ནས་འོས་འཕེན་པ།
ཁ༽ འོས་འཕེན་གྱི་དེབ་སྐྱེལ་མེད་པ་བཟོ་རྒྱུ། གལ་སྲིད་མ་བཟོས་ན། འོས་འཕེན་དེབ་སྐྱེལ་རྣམས་འོས་བླུགས་པའི་ཉིན་དེ་རང་དང་ཡང་ན་དེའི་སྔོན་དུ་བྱེད་ཆོག་པ།
ག༽ དང་བླང་དཔྱ་དངུལ་ལག་དེབ་འབུལ་འབབ་གཅོག་ཆ་བྱེད་རྒྱུ་བཅས་རེད།
ལག་བསྟར་འདི་དག་བསྡུར་གཤིབ་ཀྱིས་བོད་པའི་འོས་འཕེན་གྱི་གནས་བབ་ལ་འཚམ་པའི་ལམ་ཕྱོགས་ཀྱི་ཚད་གཞི་གསར་པ་ཞིག་འཐོབ་ངེས་དང་། ང་ཚོས་ལམ་ལུགས་འདི་དག་ནམ་ཞིག་རྒྱུན་སྐྱོང་གིས།མང་གཙོ་སྲ་བརྟན་ཅན་གྱི་རྒྱལ་ཁབ་ཁག་གི་འོས་འཕེན་གྱི་གྲུབ་འབྲས་བཞིན་བྱུང་ན། དེ་ནི་ང་ཚོའི་མ་འོངས་ཡུན་རིང་གི་དམིགས་ཡུལ་ཞིག་ཏུ་འགྱུར་རྒྱུ་རེད།
བསྒྱུར་བཅོས་ཀྱི་བསམ་འཆར།
སྦྲགས་བརྒྱུད་འོས་འཕེན། འདིའི་ནང་དོན་སྟབས་བདེ་ཞིག་ནི་བོད་མི་ཚོས་རང་ཉིད་ཀྱི་འོས་ཤོག་སྔོན་ཚུད་ནས་ཡིན་ནའང་ཆོག ཡང་ན་འོས་བསྡུ་བྱེད་པའི་ཉིན་དེ་རང་ལ། སྦྲགས་ཟམ་གྱི་ལམ་ལུགས་བརྒྱུད་ནས་འོས་ཤོག་བླུགས་ཆོག དལ་ལྷོད་རང་བཞིན་གྱི་རྒྱ་གར་གྱི་སྦྲགས་ཟམ་ལམ་ལུགས་དེ་བརྒྱུད་དགོས་པའི་སྐབས། དོན་དངོས་ཐོག་བོད་མི་རྣམས་ཧ་ལམ་ལུང་པ་ ༣༠ ཙམ་ནང་ཁ་འཐོར་ནས་གནས་སྡོད་བྱེད་ཀྱི་ཡོད་པས། ཟླ་གྲངས་གཉིས་ཙམ་གྱི་རིང་ལ་སྦྲགས་ཟམ་འོས་འཕེན་བྱེད་དགོས་ངེས་དང་། དུས་ཚོད་འདིས་དམངས་ཁྲོད་དུ་གྲོས་བསྡུར་བྱེད་རྒྱུར་འུར་སྒྲའི་ཕན་རླབསཆེན་པོ་ཞིག་བསྐྲུན་ངེས་ཡིན་ལ། འགུལ་བསྐྱོད་དེ་དག་གིས་བོད་མི་ཚོས་གནད་དོན་དང་འོས་མི་ལ་གོ་བསྡུར་བྱེད་ཐུབ་པ། དེ་ནས་འོས་འཕེན་གྱི་གྲངས་འབོར་ཕོན་ཆེན་བཟོ་ཐུབ།
མི་མང་གིས་འོས་འཕེན་གྱི་ཤོག་བུ་རྣམས་དྲ་ལམ་དངོས་བརྒྱུད་ནས་ལེན་ཐུབ་དགོས་ངེས་དང་། ད་དུང་མི་མང་ལ་བོད་གཞུང་གི་ལས་ཁུངས་དང་། ས་གནས་འོས་བསྡུ་ལས་ཁང་ངམ་འོས་བསྡུ་ཚོགས་པ་བརྒྱུད་དེ། འོས་འཕེན་གྱི་ཤོག་བུ་སྤྲད་ཆོག ཡིག་སྐོགས་དང་པོའི་ནང་འོས་འཕེན་ལ་འོས་ཤོག་གི་དམ་ཕྲུག་དང་མཉམ་དུ་རང་ཉིད་ཀྱིས་འདེམས་པའི་འོས་མི་དགོས། ཡིག་སྐོགས་གཉིས་པའི་ནང་འོས་འཕེན་ཚོའི་དཔྱ་ཁྲལ་ཕུལ་ཟིན་པའི་དང་བླང་དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས། རབ་བྱུང་ན་ས་གནས་དང་བླང་དཔྱ་དངུལ་ལག་དེབ་ཚོགས་ཆུང་གི་དམ་ཕྲུག་དགོས། ལམ་ཕྱོགས་འདི་བརྒྱུད་ནས་ས་གནས་འོས་བསྡུ་ལྷན་ཁང་གི་མིའམ། ཡང་ན་བོད་གཞུང་གི་ལས་ཁུངས་ཀྱིས་ཡིག་སྐོགས་དང་པོ་དེ་ཁ་ཕྱེས་སྐབས། ཕོ་མོ་སུ་ཡིན་རུང་དེབ་སྐྱེལ་དང་། དཔྱ་ཁྲལ་ཕུལ་ཡོད་མེད་ཞིབ་དཔྱོད་ཀྱིས་གལ་སྲིད་གཉིས་ཀ་ཚུལ་མཐུན་ཡིན་ན། ཁ་མ་ཕྱེས་བའི་ཡིག་སྐོགས་གཉིས་པ་དེ་འོས་སྒམ་ནང་བླུགས་ཏེ་གཞན་ལ་འོས་བཤེར་ཆེད་དུ་གཏོང་དགོས། བརྒྱུད་ལམ་འདི་ནས་འོས་འཕེན་པ་རེ་རེ་ནས་དེབ་སྐྱེལ་དང་། དང་བླང་དཔྱ་དངུལ་ལག་དེབ་ཀྱི་དཔྱ་ཁྲལ་ཞིབ་དཔྱོད་ཀྱི་ཐོག་ནས། འོས་ཤོག་གི་གསང་བ་དམ་པོར་གཅེས་སྐྱོང་བྱེད་ཐུབ། བསྒྱུར་བཅོས་ལས་སླ་པོ་ཞིག་གིས་གྲུབ་འབྲས་ནུས་སྟོབས་དང་ལྡན་པ་ཞིག་ཡོང་ཐུབ། (ཨ་རིའི་མངའ་སྡེ་ཨོར་གྷོན་ནང་སྦྲགས་བརྒྱུད་འོས་འཕེན་གཏན་འབེབས་བྱས་ཚར་པའི་རྗེས་སུ། འོས་འཕེན་གྱི་གྲངས་འབོར་ ༨༤ ནས་ ༨༧ མང་དུ་སོང་ཡོད། སྦྲགས་བརྒྱུད་འོས་འཕེན་གྱི་ལམ་ལུགས་འདི་ནི་འཇར་མ་ནི་དང་། དབྱིན་ཡུལ། སུད་སི་སོགས་རྒྱལ་ཁབ་འགའ་རེའི་ནང་ལག་བསྟར་བྱེད་ཀྱིན་ཡོད། ནེ་ཌར་ལན་ཌུའི་ནང་དུ་ངོ་ཚབ་ཀྱི་འོས་ཤོག་འཕེན་པ་སྟེ། མི་གཅིག་གི་ངོ་ཚབ་ཏུ་མི་གཞན་ཞིག་གིས་འོས་ཤོག་འཕེན་ཆོག་པའི་ལམ་ལུགས་ཡོད་ལ། གློག་རྡུལ་འོས་ཤོག་ཅེས་པའི་སྔོན་ཐོན་གྱི་ལམ་ལུགས་དེ་ཨེ་སེ་ཊོ་ནི་ཡའི་ནང་ལག་བསྟར་བྱེད་ཀྱིན་ཡོད་ལ། དེར་མང་ཚོགས་ཀྱིས་དྲ་ཐོག་ནས་འོས་ཤོག་འཕེན་གྱི་ཡོད།) ཞིབ་ཕྲའི་གནས་ཚུལ་དྲ་ངོས་འདི་ནས་ཀློག་རོགས། ཡང་ན། དྲ་ངོས་འདི་ནས་གཟིགས་ཀྱང་ཆོག
འོས་འཕེན་གྱི་དེབ་སྐྱེལ་མེད་པ་བཟོ་རྒྱུ།
འདི་ཆ་ཚང་བ་འོས་འཚམ་ཡིན་མིན་གང་ལྟར་ཡང་། ལག་ལེན་གྱི་ཐོག་ནས་ཚང་མ་མཉམ་འཛོམས་བྱེད་དགོས་པའི་དེབ་སྐྱེལ་དེ་བརྗེ་བསྒྱུར་བྱེད་དགོས་རྒྱུ་དང་། དང་བླངས་དཔྱ་དངུལ་ལག་དེབ་ལ་ལྟ་ཞིབ་བྱེད་པ་དེས་དེབ་སྐྱེལ་གྱི་དོན་གོ་ཆོད་དགོས། དང་བླངས་དཔྱ་ཁྲལ་ཕུལ་ཡོད་མེད་དེའི་ཐོག་ནས། གང་ཟག་གང་ཞིག་གིས་འོས་འཕེན་ཐུབ་མིན་གྱི་དབྱེ་མཚམས་འབྱེད་དགོས་པ་ལས། མི་གཅིག་གིས་དེབ་སྐྱེལ་བྱས་པ་ཙམ་གྱིས་འོས་འཕེན་བྱེད་མི་ཆོག བསྐྱར་བརྗོད་བྱེད་རྒྱུ་ཞིག་ལ། སྔོན་མ་འོས་འཕེན་མཁན་ ༧༢༠༠༠ ཙམ་མམ། འོས་འཕེན་པའི་ཁྱད་ཆོས་ཚང་བ་བརྒྱ་ཆའི་ ༦༠ སྐོར་ཞིག་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ད་དུང་བརྒྱ་ཆའི་ ༤༠ ལས་མང་བས་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་པ་དེས་གྲངས་འབོར་ཕོན་ཆེན་ལ་ཉེན་ཟོན་བྱེད་དགོས་པ་སྟོན་གྱི་ཡོད། དཀའ་ངལ་མང་པོ་ཞིག་སྡེབ་གསོག་བྱས་པ་དེ་ནི། ལོ་ལྔ་རེའི་ནང་གི་འོས་བསྡུ་ཆེན་མོའི་ནང་། རང་ལོ་ ༡༨ དང་ ༢༣ ཅན་འོས་འཕེན་པ་གྲངས་ཚད་(༦༠༠༠ ནས་ ༡༠༠༠༠ )དབར་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་པ་དང་། འོས་བསྡུའི་ལས་འགུལ་རྒྱུ་ཕྱོགས་ཚང་མ་གྲོས་མཐུན་ཡོང་ན་མ་གཏོགས། བར་སྟོང་འདི་སྦྱར་མཐུད་བྱེད་ཐུབ་ཀྱི་མ་རེད་ལ། གང་ལྟར་ཡང་ལས་འགུལ་དེ་ཚོ་ཧ་ཅང་གི་དཀའ་ལས་ཁག་པོ་ཡོད་རེད། རྒྱུ་མཚན་གང་ཡིན་ཟེར་ན། གནས་སྐབས་ཙམ་གྱི་འོས་བསྡུའི་ལྷན་ཚོགས་དེ། ཟླ་གྲངས་འགའི་རིང་ལ་འོས་བསྡུའི་བྱེད་སྒོས་བྲེལ་ནས་འགྲོ་བ་ལས་དེ་ནས་རྒྱུན་གནས་མིན་པ་དང་། མཐོ་རིམ་སློབ་མ་དང་ན་གཞོན་ཁྲོད་ནས་འོས་འཕེན་གྱི་སྤྱི་འབོར་དམའ་ཤོས་ཡོང་བསྡད་པ་དེ་ཡ་མཚན་སྐྱེས་དགོས་པ་ཞིག་མ་རེད། རྒྱུ་མཚན་གང་ཡིན་ཞེ་ན། ཁོ་ཚོར་དེབ་སྐྱེལ་ལ་དཀའ་ངལ་ཡོད་པ་དང་ད་དུང་དེ་རིན་གོང་མཐོ་པོ་ཞིག་ཀྱང་ཆགས་ཀྱི་ཡོད།
ད་དུང་ད་ལྟའི་སྐབས་ཀྱི་འོས་བསྡུའི་སྒྲིག་གཞི་འདིའི་འོག་ནས། འོས་འཕེན་བའི་དཀའ་ངལ་མང་དུ་འགྲོ་རྒྱུ་ཡིན་ལ། མི་མང་གིས་ཟླ་གྲངས་གཉིས་ཙམ་གྱི་རིང་ལ་དེབ་སྐྱེལ་བྱེད་དགོས་པ་དང་། སྔོན་མའི་བཀའ་བློན་ཁྲི་པ་ཟླ་བ་གསུམ་པའི་ནང་འོས་བསྡུ་བྱས་པ་དང་། འདི་དང་འབྲེལ་ནས་སྐབས་དེའི་དེབ་སྐྱེལ་ཟླ་བ་དང་པོའི་ནང་མཇུག་རྫོགས་པ་རེད། དུས་དེར་གཞིས་ཆགས་ཁག་ནང་ཡོད་པའི་བོད་མི་མང་ཆེ་བས་དགུན་ཚོང་གི་ལས་དོན་སྒྲུབ་ཀྱི་ཡོད་པ་དང་། འོས་འཕེན་ལ་དོན་དངོས་ཀྱི་བར་ཆད་གཞན་ཞིག་ཡོད་པ་ནི། གལ་སྲིད་མི་གཅིག་གིས་སྔོན་འགྲོའི་དུས་བཀག་ནས་དེབ་སྐྱེལ་བྱས་མེད་ན། མི་དེས་དེབ་སྐྱེལ་བྱ་ཐུབ་ཀྱི་མེད་པའམ། ཡང་ན། མཐའ་མཇུག་གི་འོས་འཕེན་བཅུག་གི་ཡོད་མ་རེད། འོས་འཕེན་གྱི་བར་ཆད་དེ་དག་གི་འོག་ནས། ཉེ་དུས་འགྲོ་བཞིན་པའི་འོས་འཕེན་བའི་དེབ་སྐྱེལ་གྱི་ཐབས་ལམ་དེ་མེད་པ་བཟོས་ན། དོན་དངོས་དང་དོ་ནན་གྱི་ཐོག་ནས་འོས་འཕེན་བའི་གྲངས་འབོར་མང་དུ་འགྲོ་ངེས་ཡིན།
འོས་འཕེན་སྔོན་གྱི་དེབ་སྐྱེལ།
གང་ལྟར་ཡང་། གལ་སྲིད་འོས་འཕེན་བའི་དེབ་སྐྱེལ་དེ་བརྟན་འཛུགས་བྱེད་ན། དེབ་སྐྱེལ་འདི་འོས་འཕེན་ལ་ཟླ་གྲངས་གཉིས་ཙམ་གྱི་ནང་མཇུག་བསྡུས་བྱེད་མི་རུང་ལ། དེབ་སྐྱེལ་འདི་འོས་བླུགས་པའི་ཉིན་དེ་རང་བར་དུ་རྒྱུན་གནས་བྱེད་དགོས། སྦྲགས་བརྒྱུད་འོས་འཕེན་གྱི་བསམ་འཆར་ལྟར་ན། དེབ་སྐྱེལ་གྱི་དུས་ཚོད་ཟླ་གྲངས་གཉིས་དེས། དེབ་སྐྱེལ་སྐོར་ལ་གྲོས་བསྡུར་གྱི་འུར་སྒྲ་མང་དུ་འགྲོ་བར་ཕན་ཐོག་ཡོང་རྒྱུ་དང་། བོད་མི་ཚོས་ས་གནས་འོས་བསྡུ་ལྷན་ཁང་དང་། ཡང་ན་དང་བླངས་དཔྱ་དངུལ་ལག་དེབ་ཚོགས་ཆུང་། ཡང་ན་། ས་གནས་བོད་ཀྱི་ཚོགས་པ་བཅས་སུ་འོས་འཕེན་དེབ་སྐྱེལ་བྱེད་པར་བསྐྱོད་ཆོག
འོས་བླུགས་པའི་ཉིན་རང་ལ་དེབ་སྐྱེལ།
འོས་འཕེན་བ་ཚོས་དང་བླང་དཔྱ་དངུལ་འབུལ་པ་དང་། ཡང་ན། འོས་བླུགས་པའི་ཉིན་དེ་རང་ལ་དེབ་སྐྱེལ་བྱེད་ཐུབ། དཔྱ་དངུལ་ཕུལ་བ་དང་དེབ་སྐྱེལ་དེ་དག་གྲུབ་རྗེས། མི་མང་གིས་རང་ཉིད་ཀྱི་འོས་མི་འདེམས་བསྒྲུབ་ཆེད་བང་སྒྲིག་བྱེད་དགོས། བརྒྱུད་ལམ་དེ་ནས་འོས་འཕེན་བ་ཚོས་དང་ཐོག་དེབ་སྐྱེལ་དང་དཔྱ་ཁྲལ་འབུལ་པ། དེ་ནས་འོས་འཕེན་པ་བཅས་ཀྱི་བང་ཐེངས་གཉིས་བསྒྲིགས་དགོས། འོས་འཕེན་དང་དེབ་སྐྱེལ་འོས་བླུགས་པའི་ཉིན་རང་ལ་ལས་དོན་བསྒྲུབས་པའི་ས་གནས་ཤིག་འོས་སྦྱོར་བྱེད་ན། ༢༠༠༤ ལོར་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། ཨ་རིའི་མངའ་སྡེ་མིན་ནི་སོ་ཊ་ནང་འོས་བླུགས་པའི་ཉིན་རང་ལ་དེབ་སྐྱེལ་གྱི་ལས་དོན་དེ་བསྒྲུབས་ཡོད་པས། འོས་འཕེན་གྱི་སྤྱི་འབོར་བརྒྱ་ཆ་ ༡༠ ནས་ ༡༢ ཙམ་བྱུང་ལ། དེ་འོས་བླུགས་པའི་ཉིན་རང་ལ་དེབ་སྐྱེལ་གྱི་ལས་དོན་བསྒྲུབས་མེད་པའི་ཨ་རིའི་མངའ་སྡེ་ཁག་ལས་མཐོ་བ་ཡོང་ཡོད་པ་རེད། འདིའི་སྐོར་གྱི་གནས་ཚུལ་དྲ་ངོས་འདི་ནས་གཟིགས་རོགས།
འདི་ནས་ཁོ་བོས་ངེས་པར་དུ་གསལ་བརྗོད་བྱེད་དགོས་པ་གཅིག་ནི། གང་ཟག་རང་ཉིད་དངོས་སུ་ཕྱིན་ནས་འོས་བླུག་དགོས་པའི་ལམ་ལུགས་ཏེ། དེང་སྐབས་ལག་བསྟར་བྱེད་བཞིན་པ་འདི་མུ་མཐུད་ནས་འགྲོ་རྒྱུ་ཡིན་རུང་། དེའི་ཐོག་གོང་བརྗོད་ཀྱི་འོས་བསྡུའི་བསྒྱུར་བཅོས་དེ་དག་དེང་སྐབས་ལག་བསྟར་བྱེད་བཞིན་པའི་འོས་བླུགས་པའི་ཉིན་རང་ལ་ཁ་སྣོན་བརྒྱབ་དགོས། ད་དུང་འདི་ནས་དོ་སྣང་བྱེད་དགོས་པ་ཞིག་ནི། སྦྲགས་བརྒྱུད་འོས་འཕེན་དང་འོས་བླུག་པའི་ཉིན་རང་ལ་དེབ་སྐྱེལ་བྱེད་དགོས་པའི་རིགས་ལ། ངོ་རྒོལ་གྱི་ཚིག་རྙོག་སོགས་མངོན་གསལ་ཅན་དང་རྒྱ་ཁྱབ་ཏུ་འགྲོ་བར་ཡོང་ངེས་ཀྱང་། དེ་དག་སྣང་མེད་དུ་བཞག་ན་འགྲིག གང་གིས་ཞེ་ན། དེང་སྐབས་འགྲོ་བཞིན་པའི་འོས་བསྡུའི་ནང་ཤེས་རྟོགས་ཐུབ་པ་ཞིག་ནི། བོད་མི་རྒན་གྲས་འབྲི་ཀློག་མི་ཤེས་མཁན་ཚོས། རང་ཉིད་ཀྱི་འོས་མི་འདེམས་སྒྲུབ་ཆེད་མི་གཞན་རོགས་པར་འཚོལ་གྱི་ཡོད་པ་རེད། ཡིན་ནའང་། དངོས་ཡོད་ཀྱི་གནས་ཚུལ་འདི་སྣང་མེད་དུ་འཇོག་གི་ཡོད་པ་རེད། རྒྱུ་མཚན་གང་ཡིན་ཞེ་ན། གནད་དོན་འདི་སྣང་མེད་བཞག་པ་ཙམ་གྱིས་འོས་འཕེན་བཅས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་མ་རེད།
དང་བླང་དཔྱ་དངུལ་ལག་དེབ།
ཁྲིམས་བཟོ་ལྷན་ཚོགས་ཀྱིས་ ༢༠༠༨ ལོའི་ཟླ་བ་ ༣ པའི་ནང་ལོ་གཅིག་གི་རིང་དང་བླང་དཔྱ་ཁྲལ་ལག་དེབ་ཀྱི་དེབ་སྐྱེལ་མང་དུ་འགྲོ་ཆེད་དུ་སྒྲིག་གཞི་རང་མོས་ཀྱིས་བློས་བཏང་བྱས་ཏེ། དེའི་ཐོག་ཟླ་བ ༦ ཁ་སྣོན་བྱས་ཏེ་དུས་ཚོད་རྒྱ་བསྐྱེད་བཏང་ཐོག དང་བླང་དཔྱ་ཁྲལ་ལག་དེབ་གཅིག་སྐྱར་གསོ་བྱེད་པར་ཨ་སྒོར་ ༡༡ མ་གཏོགས་འབུལ་དགོས་ཀྱི་ཡོད་མ་རེད། གནས་སྟངས་འདིས་དེབ་སྐྱེལ་གྱི་གྲངས་འབོར་མང་དུ་སོང་ཡོད་པ་རེད། གང་ལྟར་ཡང་། ༢༠༠༨ ལོར་བོད་ནང་ཞི་བའི་གྱེན་ལངས་བྱས་པའི་སྐབས། གྱེན་ལངས་འདིས་བདེན་པ་དག་སྐྱེལ་གྱི་ཐོག་ནས་གསར་འགྱུར་ཁག་བོད་ཀྱི་གནས་ཚུལ་གྱིས་དབང་དུ་བསྒྱུར་ནས། འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་ཐད་ལ་དོ་སྣང་བསྐྲུན་པ་རེད། དེ་བཞིན་ས་གནས་བོད་རིགས་ཚོགས་པའི་ངོས་ནས་ཀྱང་། དང་བླང་དཔྱ་དངུལ་ལག་དེབ་སྐྱར་གསོའི་ཁ་སྒྱུར་ཕྱོགས་ཐད་ལ་དོ་སྣང་བྱེད་ཐུབ་མེད་པ་དང་། ད་ལྟའི་དུས་ཚོད་འདིར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་དང་བླང་དཔྱ་དངུལ་ལག་དེབ་སྒྱུར་ཕྱོགས་སླར་ཡང་ངོ་སྤྲོད་ཀྱིས། འདིས་དང་བླང་དཔྱ་དངུལ་ ལག་དེབ་སྐྱར་གསོ་མང་དུ་འགྲོ་རྒྱུའི་གོ་སྐབས་དོན་ཕན་ལྡན་པ་ཞིག་ཆགས་རྒྱུ་རེད། ད་དུང་རྒྱ་གར་དང་བལ་ཡུལ། འབྲུག་བཅས་ཀྱི་ནང་ལས་མེད་དང་གྲྭ་བཙུན་བཅས་ལ། དཔྱ་ཁྲལ་ཉུང་དུ་གཏོང་རྒྱུར་སྤྱི་འཐུས་ཚོས་བསམ་ཞིབ་བྱེད་དགོས་པ་དང་། དེས་ན་མི་དེ་དག་ལ་ཟླ་བ་གཅིག་གི་ནང་ཧིན་སྒོར་གཅིག་འབུལ་བཅུག་ན། (ལོ་གཅིག་གི་ནང་ ༡༢ ཡོང་གི་རེད།) འདིས་འཐུས་སྒོ་ཚང་བའི་ཐོག་ནས་དེབ་སྐྱེལ་མང་དུ་འགྲོ་ཐུབ་རྒྱུ་རེད། རྒྱུ་མཚན་གང་ཡིན་ཞེ་ན། དང་བླང་དཔྱ་དངུལ་ལག་དེབ་ཡོད་ན་བོད་མི་རྒྱལ་གཅེས་པ་ཞིག་ཡིན་པར་ངོས་འཛིན་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅིང་། རྒྱལ་ཁབ་མང་ཆེ་བའི་ནང་གང་ཟག་གང་ཞིག་ལ་ཡོང་སྒོ་ཉུང་ངུ་ལས་མེད་ན་དཔྱ་ཁྲལ་ལ་ཆག་ཡང་ཡོད་པ་རེད། འདི་ནི་ལུགས་མཐུན་གྱི་ལག་བསྟར་ཡིན་པས། ང་ཚོས་བོད་མི་ཚོའི་ཆེད་དུ་གཅེས་སྐྱོང་བྱེད་འོས་པ་ཞིག་ཡིན།
མཇུག་བསྡོམས།
དོན་དངོས་ཀྱི་དམིགས་ཡུལ་དང་བཙན་བྱོལ་ནང་གི་མང་གཙོའི་འོས་བསྡུའི་དགོས་དོན་ནི། ང་ཚོར་མང་གཙོའི་ལམ་ལུགས་ཀྱི་བརྒྱུད་རིམ་ཐད་ལ་སློབ་སྦྱོང་ཐོབ་རྒྱུ་དང་། བོད་ནང་ཡོད་པའི་བོད་མི་ཚོ་དང་། འཛམ་གླིང་མི་མང་ལ་མིག་སྟོན་བྱེད་རྒྱུ། རྒྱ་ནག་གི་ལམ་ལུགས་དེ་དག་བརྗེ་བསྒྱུར་བྱེད་དགོས་རྒྱུ་དེ་རེད། དེ་བཞིན་བཙན་བྱོལ་ནང་ང་ཚོར་འོས་བསྡུའི་ཐད་ལ་སློབ་སྦྱོང་ཐོབ་པ་དེས། ང་ཚོར་རང་དབང་ཐོབ་ནས་བོད་ནང་ཕྱིར་ལོག་པའི་སྐབས་ལག་བསྟར་དང་འཛིན་སྐྱོང་བྱེད་ཐུབ་ཀྱི་རེད། གང་ལྟར་ཡང་། ཚུལ་མཐུན་གྱི་བསྒྱུར་བཅོས་དང་སྒྲིག་འཛུགས་ཀྱི་བརྒྱུད་རིམ་ལྡན་པའི་བསྒྱུར་བཅོས་ལ་ཚད་གཞི་ངེས་ཅན་ཡོད་པ་རེད་ལ། མཐའ་མཇུག་གི་གྲུབ་འབྲས་ནི་མི་མང་འོས་འཕེན་ནང་འཛུལ་ཞུགས་བྱེད་དང་མི་བྱེད་ལ་རག་ལས་པ་ཞིག་རེད། གནད་དོན་འདི་ནི་ང་ཚོ་གང་ཟག་མི་རེ་ངོ་རེས། བཙན་བྱོལ་ནང་གི་མང་གཙོ་དོན་ཕན་དང་ལྡན་པའི་ཐོག་ནས་ལག་བསྟར་བྱེད་རྒྱུ་དེ་རེད།
ཉེ་དུས་ང་ཚོའི་མང་གཙོའི་ལམ་ལུགས་ཀྱི་འོས་བསྡུའི་དགོས་དོན་དེ་འགྲུབ་པར་ཧ་ཅང་གི་ཕམ་ཉེས་བྱུང་ཡོད་པ་དང་། གལ་སྲིད་ང་ཚོའི་འོས་འཕེན་པ་བརྒྱ་ཆ་དམའ་པོ་ ༣༠ ཙམ་དེ། ཐེངས་རྗེས་མའི་འོས་བསྡུའི་སྐབས་སུའང་མུ་མཐུད་ནས་གནས་ན། གནས་སྟངས་འདི་ནི་རྒྱ་ནག་གཞུང་གིས་གོ་མཚོན་གྱི་ཚབ་ཏུ་བེད་སྤྱད་ནས། ང་ཚོར་འཕྱ་སྨོད་དང་། བོད་མི་མང་ཆེ་བས་རྒྱབ་སྐྱོར་དང་འོས་འཕེན་བྱེད་ཀྱི་མེད་པས། བཙན་བྱོལ་བོད་གཞུང་ཁྲིམས་མཐུན་མིན་ཚུལ་བརྗོད་ཀྱི་རེད་ལ། དེ་བཞིན་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ཞིག་ལ། གལ་སྲིད་འོས་འཕེན་པའི་གྲངས་འབོར་དམའ་པོ་ཆགས་ན། རྒྱ་ནག་གིས་བརྒྱུད་ལམ་ཁག་གི་འགོ་བརྗོད་དུ་བཀོད་ནས་སྐྱོན་འཛུགས་ཀྱི་འུར་སྒྲ་སྒྲོག་གི་རེད་ལ། གཅིག་བྱས་ན་ཕྱི་ལོག་ནས་གཞན་དག་གིས་དེ་ལྟར་བསྐྱར་ཟློས་བྱེད་སྲིད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལ་བརྡ་ལན་འཚམ་ཤོས་ནི། ཁྲིམས་མཐུན་གྱི་འོས་སྒམ་བེད་སྤྱོད་བརྒྱུད་ནས་འགྲོ་རྒྱུ་དེ་ཡིན་ཞིང་། བོད་མི་ཚོས་འོས་འཕེན་བྱས་པ་དེ་སྤྱི་ཚོགས་ཀྱི་འོས་འགན་ཙམ་མ་རེད་ལ། ལས་དོན་འདི་ནི་བཙན་བྱོལ་བོད་གཞུང་དེ་བོད་དང་བོད་མི་མང་གི་ཁྲིམས་མཐུན་གྱི་སྐུ་ཚབ་ཏུ་བསྒྱུར་བའི་ལས་དོན་ཞིག་ཡིན་པ་དང་། དེ་བཞིན་བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་བྱེད་བཞིན་པའི་ངན་ཇུས་ཉམས་རྒུད་དུ་གཏོང་རྒྱུ། བཙན་བྱོལ་བོད་གཞུང་འདི་བོད་མི་མང་གི་དོན་དངོས་ཀྱི་སྐུ་ཚབ་ཡིན་པ། རྒྱ་ནག་གི་འཁྱོག་བཤད་དེ། “བཙན་བྱོལ་བོད་གཞུང་ཟེར་བ་དེ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད་ལ། འདི་ནི་བོད་དང་བོད་མི་མང་གཉིས་་ཀའི་ཚབ་མ་རེད་” ཅེས་(༢༠༡༠ ཟླ་བ་༢ པའི་ཚེས་༡ ཉིན་ཤིན་ཧྭ)ནང་བརྗོད་ཡོད་པར་ལན་འདེབས་ཀྱི་ལས་དོན་ཆགས་ཀྱི་ཡོད་རེད།
དེང་སང་ཨབ་གྷན་སི་ཐན་དང་ཨི་རག ཨི་རན་བཅས་ཀྱི་མི་མང་གིས་འོས་འཕེན་གྱི་ཆ་ཤས་ལེན་སྐབས་སྲོག་ལ་ཉེན་ཁ་ཡོད་པ་བཞིན། བཙན་བྱོལ་ནང་ང་ཚོས་འོས་འཕེན་སྐབས་འཇིགས་སྐུལ་ལ་གདོང་ལེན་བྱེད་དགོས་པ་དེ་འདྲ་ཡོད་པ་མ་རེད། གང་ལྟར་ཡང་། ང་ཚོར་ཤེས་རྟོགས་ཡོད་པ་བཞིན་ ༢༠༠༨ ལོ་དེས་བདེན་པ་ར་སྤྲོད་གསལ་པོ་བྱས་པ་རེད་ལ། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གིས་རང་ཉིད་ཀྱི་འབོད་སྒྲ་གསལ་བོར་བསྒྲགས་ཡོད་པར། དེ་མ་ཐག་ཏུ་གདུག་རྩུབ་ཀྱི་ཐོག་ནས་འབོད་སྒྲ་དེ་ཁ་ཁུ་སིམ་པོར་བཏང་བ་རེད། མི་མང་པོ་ཞིག་གིས་རང་ཉིད་ཀྱི་རྩ་ཆེའི་ཚེ་སྲོག་བཏང་ཡོད་པ་དང་། དེ་བཞིན་དུ་ཁེར་རྐྱང་གི་བཙོན་འཇུག་འོག་ཏུ་བོད་མི་མང་པོ་གནས་ཡོད་པ་རེད། མང་པོ་ཞིག་སྲོག་ཁྲིམས་ལ་བང་བསྒྲིགས་ནས་བསྡད་ཡོད། གང་ཡིན་ཞེ་ན། ཁོ་ཚོའི་སྙིང་སྟོབས་དེས་བརྗོད་འདུན་ཡོངས་རྫོགས་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་རེད། ཁོ་ཚོས་རང་དབང་དང་མང་གཙོར་རེ་འདུན་བྱེད་བཞིན་ཡོད་པས། དུས་ཚོད་འདི་ནི་ང་ཚོར་བབས་པའི་འོས་འགན་ཏེ་བོད་མི་དེ་དག་གི་རེ་འདུན་བསྐོང་རྒྱུ་དང་། ང་ཚོའི་རྨི་ལམ་འགྲུབ་རྒྱུར་འབད་བརྩོན་བྱེད་པའི་དུས་ཡིན་ལ། འོས་འཕེན་རྗེས་མ་འདི་ནི་ང་ཚོ་རང་ཉིད་ཀྱི་རྐང་པའི་སྟེང་ནས་ལངས་དགོས་པ་དང་། རང་ཉིད་ཀྱི་ལས་དབང་ལ་སྟངས་འཛིན་བྱེད་དགོས་པ་བཅས་སོ།
༼མཁས་དབང་བློ་བཟང་སེང་གེ་ལགས་ནི་ཧར་ཝར་ཌི་ཁྲིམས་ལུགས་གཙུག་ལག་སློབ་གྲྭའི་ནང་གི་ཤར་ཨེ་ཤ་ཡའི་ཁྲིམས་ལུགས་ཞིབ་འཇུག་སྡེ་ཚན་གྱི་མཁས་དབང་རྒན་རིམ་པ་ཞིག་ཡིན་ལ། ཁོང་གིས་ ༡༩༩༦ ལོར་གོང་གསལ་གཙུག་ལག་སློབ་གླིང་དེ་ནས་ཁྲིམས་ལུགས་སློབ་རམས་པའི་ (LLM) པའི་ཤེས་ཚད་ཕྱག་འཁྱེར་བླངས་ལ། ༢༠༠༤ ལོར་ཁྲིམས་ལུགས་དགེ་རམས་པའི་ (Ph.d) ཕྱག་འཁྱེར་བཞེས་ཤིང་། དེ་ནི་བོད་མི་ཡ་ས་དྲུག་ཙམ་མིན་པར་འབྲུག་དང་བལ་ཡུལ། སོག་པོ་བཅས་ཧི་མ་ལ་ཡའི་མངའ་ཁུལ་ནས་འདི་ལྟའི་ཕྱག་འཁྱེར་བཞེས་མཁན་ཐོག་མ་དེ་ཆགས་ཡོད་པ་རེད། ལོ་དྲུག་གི་རིང་ཁོང་གིས་ངྷ་རམ་ས་ལ་གཙོ་བྱས་པའི་ས་གནས་ཁག་ནས་ཞིབ་འཇུག་བྱས་མཐར་ཁོང་གི་མཐར་ཕྱིན་ཞིབ་འཇུག་ཆེད་རྩོམ་དུ། ༡༩༥༩ ལོ་ནས་ ༢༠༠༤ ལོའི་བར་གྱི་དམངས་གཙོ་དང་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་སྐོར་བྲིས་ཤིང་། དེར་ Yong K. Kim 95 Special Award of Excellence ཞེས་པའི་དམིགས་བསལ་ཕུལ་བྱུང་གཟེངས་རྟགས་ཀྱང་ཐོབ་ཡོད་འདུག ཁོང་གིས་བོད་ཡིག་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དཔེ་དེབ་ཅིག་ཀྱང་བཏོན་ཡོད་ལ། ༢༠༠༦ ལོར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཨེ་ཤ་ཡའི་སྤྱི་ཚོགས་ཞེས་པས་ཁོང་ཉིད་ཨེ་ཤ་ཡའི་མངའ་ཁུལ་གྱི་དབུ་ཁྲིད་གཞོན་རབས་པ་ ༢༡ གི་ཁོངས་སུ་བདམས་ཡོད་འདུག ཁོང་ལ་འབྲེལ་གཏུགས་བྱ་འདོད་ཡོད་མཁན་ཚོས་གློག་འཕྲིན་ཁ་བྱང་ losangsengye@gmail.com ཐོག་འབྲེལ་བ་གནང་རོགས།༽
བློ་བཟང་སེང་གེ་ལགས་ཀྱི་བཀའ་བློན་ཁྲི་པའི་འོས་བསྡུའི་བསྒྱུར་བཅོས་ཀྱི་སྙིང་དོན་དུ།
་་་་ལས་དོན་འདི་ནི་བཙན་བྱོལ་ བོད་གཞུང་དེ་བོད་དང་བོད་མི་མང་གི་ཁྲིམས་མཐུན་གྱི་སྐུ་ཚབ་ཏུ་བསྒྱུར་བའི་ལས་ དོན་ཞིག་ཡིན་པ་དང་། དེ་བཞིན་བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་བྱེད་བཞིན་པའི་ངན་ཇུས་ཉམས་ རྒུད་དུ་གཏོང་རྒྱུ། བཙན་བྱོལ་བོད་གཞུང་འདི་བོད་མི་མང་གི་དོན་དངོས་ཀྱི་སྐུ་ཚབ་ཡིན་པ། རྒྱ་ནག་གི་འཁྱོག་བཤད་དེ། “བཙན་བྱོལ་བོད་གཞུང་ཟེར་བ་དེ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད་ལ། འདི་ནི་བོད་དང་བོད་མི་མང་གཉིས་་ཀའི་ཚབ་མ་རེད་” ཅེས་(༢༠༡༠ ཟླ་བ་༢ པའི་ཚེས་༡ ཉིན་ཤིན་ཧྭ)ནང་བརྗོད་ཡོད་པར་ལན་འདེབས་ཀྱི་ལས་དོན་ཆགས་ཀྱི་ཡོད་རེད། ་་་ཅེས་པའི་གསུང་ནི། རྗེས་སུ་ཡི་རང་བའི་གནས་སོ། །
དཔྱད་རྩོམ་ཡག་གོ་འདུག་། ཐུགས་རྗེས་ཆེ་།
ཐུགས་རྗེ་ཆེ། དཔྱད་རྩོམ་ཡག་པོ་འདུག དཔྱད་པ་གནད་དུ་ཁེལ་བ་ཡིན་ས་རེད།
དངོས་ཡོད་ཀྱི་དཔྱད་རྩོམ་ཞིག་རེད།་ཐུགས་རྗེཆེ།
བློ་སེང་གི་བསམ་ཚུལ་དེ་ལག་ལེན་འཁེལ་ཐུབ་ཚེ་ཕན་ཐོགས་ཡོང་ངེས། ཡིན་ན་ཡང་དང་བླངས་དཔྱ་དངུལ་དེ་གཅོག་ཆ་བྱེད་དགོས་ཞེས་པ་དེར་བསམ་ཚུལ་ཞིག་ཞུས་ན། བོད་མི་སྤྱི་ཡོངས་ཀྱི་དཔྱ་དངུལ་དེ་རྒྱ་བལ་འབྲུག་གསུམ་ལ་ལོ་རེ་ཧིན་སྒོར་ ༥༨ ཡིན་པ་དང་། དེ་ཟླ་རེ་ལ་བགོས་ཚེ་ཧིན་སྒོར་ ༥ མ་ཟིན་ཙམ་ཡིན་པ་དེས་རྒྱལ་ཁབ་གཞན་གྱི་ཉིན་གཅིག་གི་དཔྱ་ཁྲལ་དེ་ང་ཚོས་ལོ་གཅིག་ལ་འབུལ་གྱིན་མེད་པས་དེ་ལ་གཅོག་ཆ་བྱེད་རྒྱུའི་ཚབ་ཏུ་སྤར་ཆ་གནང་དགོས་པར་ཆགས་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ས་གནས་དེ་རང་དུ་བསམ་བློ་བཏང་ཚེ་དཔྱ་དངུལ་དེ་ཡང་ཆེན་པོ་མ་རེད་སྙམ། དངོས་གནས་བྱས་ན་བོད་ནང་དུ་བོད་མིའི་ཆེད་དུ་རང་སྲོག་ཡན་བློས་གཏོང་སྟངས་ལ་བལྟས་ན་ང་ཚོ་བཙན་བྱོལ་དུ་དཔྱ་དངུལ་དེ་ལྡབ་སྟོང་གིས་མང་དུ་བཏང་རུང་དེའི་དོད་ཡོང་མི་ཐུབ་པ་གསལ་པོ་རེད། དེར་བརྟེན་ཟླ་རེ་ཇ་ཕོ་བ་གང་གི་དོད་ཅིག་རང་གི་རྩ་དོན་ཆེད་བཏང་མ་ཐུབ་ན་གནས་སྟངས་ག་བར་སླེབས་སོང་། བསམ་བློ་ཐོངས་་་་་་།
ཇ་ཕོ་བ་ཞེས་པ་ཇ་ཕོར་བར་བཅོས་རོགས།
བློ་བཟང་སེང་གེ་ལགས་ཀྱིས་དམངས་གཙོ་ལམ་ལུགས་ཀྱི་འོས་བསྡུས་བྱ་ཕྱོགས་སྦྲགས་ཐོག་ཏུ་བྱ་དགོས་གསུངས་པར་རྒྱུ་མཚན་ཆེན་པོ་འདུག འདི་ཡང་སེང་གེ་ལགས་མ་འོང་བཀའ་བློན་ཁྲི་བ་ཕེབས་ཐུབ་ན་མ་འོང་འོས་བསྡུས་བྱ་ཕྱོགས་ཀྱི་ལས་དོན་གསར་གཏོད་གཅིག་ཡིན་པ་བསྟན་གྱིན་འདུག
མ་ཟད་སེང་གེ་ལགས་ནི་རྒྱལ་དར་སེང་གེ་ཁ་སྤྲོད་དགུང་དུ་ཕྱར་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་འོས་མི་ནང་དུ་བཞུགས་ཡོད་པའི་མི་བུ་སྙིང་སྟོབས་དང་སྤོབས་པའི་ཐོག་ནས་བོད་མི་རིགས་ཀྱི་ལས་དོན་དང་འཐབ་རྩོད་ཆེད་དུ་ཕེབས་པ་དངོས་གནས་དགའ་བསུ་ཡོད།
༄༅། །བཀའ་བློན་ཁྲི་པ་བྱ་འདོད་ན་དྲི་བ་འདིར་ལན་ཞིག་དགོས།
ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་མང་གཙོ་ལམ་ལུགས་ལ་དབྱེ་བ་ཁ་གསུམ་ཕྱེ་ནས་བསམ་ཚུལ་ཞིག་ཞུ་པ་ཡིན་ན། དང་པོ་ཆོས་ལུགས་རྨོངས་དད་རིང་ལུགས་པའི་མང་གཙོ་ལུགས་སྲོལ་དང་གཅིག གཉིས་པ་དཔལ་འབྱོར་སླུ་ཁྲིད་རིང་པའི་མང་གཙོ་ལུགས་སྲོལ་དང་གཉིས།
གསུམ་པ་ཕ་ཡུལ་གཅིག་པའི་ཕྱོགས་རུག་རིང་ལུགས་པའི་མང་གཙོ་ལུགས་སྲོལ་དང་གསུམ་བཅས་ཀྱིས་ཐོག་ནས་ད་ལྟ་བར་དུ་བེད་སྤྱོད་བྱས་པ་རེད། དེ་འདྲ་ཡིན་དུས་བླ་མ་དང་རིན་པོ་ཆེན་རྣམས་ནི་རྨོངས་དད་རིང་ལུགས་པའི་བློ་གཏད་བཅོལ་ས་
ཞིག་དང་ཁང་པ་ཐོག་རྩེག་ཅན་གྱི་བོད་མི་འབྱོར་ལྡན་པ་ཁག་ནི་ང་རང་ཚོ་བཙན་བྱོལ་བ་རྣམས་ཀྱི་ཁ་རྒྱུན་ལ་ཡོད་པ་བཞིན་མི་དེར་ཡིད་ཆེས་བྱ་ན་འགྲིག་གི་རེད་ད་མི་དེ་ལ་ཁང་པ་ཐོག་རྩེག་ཅན་ཡོད་ནི་རེད་ཞེས་ཟེར་སྲོལ་ཡོད་པ་བཞིན་དཔལ་འབྱོར་སླུ་འོག་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཡིད་ཆེས་བྱས་ས་དེ་རེད།
གསུམ་པ་རང་གི་ཕ་ཡུལ་གཅིག་པ་ཡིན་ཙམ་གྱི་མི་དེ་ལ་ཕྱོགས་ཞེན་ཐོག་ནས་ཡིད་ཆེས་པ་བཅས་སོ།
དེ་གསུམ་པོ་གང་ཡང་མིན་པའི་ཚོད་ལྡན་གྱི་མང་གཙོ་བེད་སྤྱོད་ཐུབ་པ་ནི་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཁག་པོ་རེད་བསམ་གྱིན་འདུག་གོ
ཡིན་ཡང་མ་འོང་སྐབས་བཅུ་གཅིག་པའི་བཀའ་བློན་ཁྲི་པའི་འོང་མི་ནང་ཕེབས་པའི་སྤུན་ཟླ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འོང་མི་ནང་དུ་ཕེབས་པའི་མཚན་བྱང་དྲ་ངོ་བཀོད་པ་རྣམས་ཡིན།
བློ་བཟང་སེངྒེ། བཀྲ་ཤིས་དབང་འདུས། བསྟན་འཛིན་བཀྲས་མཐོང། བློ་བཟང་སྤྱིན་པ། སྤེན་པ་ཚེ་རིང། རྔ་བ་ཚེ་རྒྱམ། རྒྱ་རི་སྒྲོལ་མ། ཕུར་བུ་རྡོ་རྗེ། སྐལ་བཟང་ཕུན་ཚོགས།
ཐུབ་བསྟན་ལུང་རིག བསྟན་པ་ཚེ་རིང། བློ་བཟང་སྤྱིན་པ། བཅས་ལ་དྲི་བ་ཞུ་རྒྱུ།
ཁྱེད་རྣམ་པ་ཚོས་དྲི་བ་རྣམས་ལ་ལན་རེ་སྦེལ་རོགས་ཞུ། དྲི་བ་རྣམས་ལ་ལན་ཡག་པོ་ཞིག་དང་གནད་དོན་ལ་འགྱུར་བ་བཏོང་ཐུབ་པའི་ལན་ཡོད་ན་ཁྱེད་ལ་
འོས་ཤོག་50་ནས་100་བར་དུ་ཐོབ་ཐུབ་པའི་རོགས་ཕུན་བྱ་ཆོག
དྲི་བ་དང་པོ།
བོད་ནས་རྒྱ་བལ་འབྲུག་གསུམ་ནང་དུ་སླེབས་པའི་གསར་འབྱོར་བ་རྣམས་ལ་ལོ་མང་རིང་གནས་སྡོད་སའི་སྐྱབས་བཅོལ་བའི་ཁུངས་ཞིག་ཡོད་ཀྱི་ཕར་ཞོགས། སྐྱབས་བཅོལ་བའི་ལག་ཁྱེར་མེད་པ་དང་
འགྲོ་ས་འདུག་ས་མེད་པའི་དཀའ་ངལ་ཕྲད་དུས་འགའ་རེ་དབྱིན་ཇུས་བུ་མོའི་མཉམ་དུ་འགྲོ་བ་དང་
འགའ་རེ་ཡེ་ཤུ་ཆོས་ལུགས་ཚོགས་པ་འདྲ་མིན་ནང་དུ་འཛུལ་བཞུགས་བྱས་པ་དང་འགའ་རེ་རྒྱ་མི་
གཞུང་ཚབ་ལ་མི་འདོད་བཞིན་དུ་འགྲོ་དགོས་པའི་དཀའ་ངལ་དང་གཅིག
དྲི་བ་གཉིས་པ། རྒྱ་བལ་འབྲུག་གསུམ་ཡོད་པའི་གཞི་ཆ་ཁག་གི་བོད་མི་ཉམ་ཐག་བ་བཙན་བྱོལ་གཞུང་གི་གོ་གནས་
དང་ལས་གནས་མེད་པ་དང་གཞུང་གི་དཔལ་འབྱོར་དང་གོ་གནས་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་
ཁག་གི་ནང་དུ་རང་གི་ནང་མི་སུ་ཡང་བཏང་མ་ཐུབ་པ་རྣམས་ཀྱི་འཚོ་བའི་དཀའ་ངལ་ལ་བརྟེན་ནས་
གཞོན་སྐྱེ་བུ་མོ་ཚོ་མཐོ་སློབ་སྐབས་སུ་སྨད་བཙོང་གི་ལས་ཀར་ཞུགས་པ་དང་རྗེས་སུ་སློབ་མཐར་ཕྱིན་རྗེས་ཕྱི་རྒྱལ་བ་རྒ་པོ་མཉམ་དུ་མི་འདོད་བཞིན་དུ་ཆང་ས་རྒྱག་དགོས་ཐུག་པའི་དཀའ་ངལ་དང་
གཉིས།
དྲི་བ་གསུམ་པ།
རྒྱ་གར་བལ་ཡུལ་དུ་ཡོད་པའི་སློབ་ཕྲུག་རྣམས་ལ་མ་འོང་རང་ཉིད་ཀྱི་འཚོ་རྟེན་ཟླ་རེ་གླ་ཕོག་ཨ་རིའི་རྒྲོ་ལོ་3000་ཐོབ་ཐུབ་པའི་ལས་དོན་སློབ་སྦྱོང་ཇི་ལྟར་སྤྲོད་རྒྱུ་ཡིན་མིན་དང་ལས་དོན་སློབ་སྦྱོང་
ཚར་རྗེས་ལས་ཀ་ཇི་ལྟར་ཐོབ་ཐུབ་མིན་དང་གསུམ།
དྲི་བ་བཞི་པ།
རྒྱལ་ཁབ་37་ནང་དུ་ཁ་ཐོར་རུ་ཡོད་པའི་བོད་མི་རྣམས་མགོ་བསྡུ་སྟངས་དང་འབྲེལ་ལམ་སྐད་ཡིག་གང་གི་ཐོག་ནས་ལས་ཀ་བྱ་རྒྱུ་ཡིན་མིན་དང་བོད་ཡིག་ཐོག་ནས་བྱེད་ན་དུས་རབས་གསར་པའི་རིག་གནས་དང་ལག་ཤེས་རྣམས་བོད་ཡིག་ནང་དུ་ཇི་ལྟར་བསྒྱུར་ཐུབ་མིན་དང་བཞི།
དྲི་བ་ལྔ་པ།
བཙན་བྱོལ་བོད་གཞུང་གི་ལྐོག་ཟ་རུས་ཟུངས་ཀྱི་ཟ་ནད་བཅོས་ཐུབ་པའི་རིག་གནས་ཇི་ལྟར་བེད་སྤྱོད་བྱ་རྒྱུ་ཡིན་མིན་དང་བཙན་བྱོལ་གཞུང་དེ་འཛམ་བུ་གླིང་གིས་ངོ་ལེན་ཡོད་པའི་སྐྱབས་བཅོལ་གཞུང་
ཞིག་ལ་ཇི་ལྟར་སྒྱུར་རྒྱུ་ཡིན་མིན་དང་ལྔ།
ཡ་ཡ་ད། ལོ་ལྔ་ཡི་རིང་གི་བཀའ་བློན་ཁྲི་བ་ཞིག་ལ་དྲི་བ་ལྔ་ཡི་ཆོག་པ་བྱས་རྒྱུ་ཡིན། མ་གཞི་ནས་འོས་མི་ནང་དུ་ཕེབས་པ་རྣམས་ཀྱིས་རང་ཉིད་མཐོ་སློབ་ཐོན་པའི་ལག་ཁྱེར་དང་སྔོན་
བྱས་དཔའ་གཏམ་བཤད་ནས་ཡོང་བ་ལས་མ་འོང་རང་ཉིད་ཀྱིས་ལས་དོན་འདི་དང་འདི་འདྲ་བྱ་རྒྱུ་
ཡིན་ཞེས་ཡིག་ཐོག་ནས་སྤེལ་ན་ང་ཚོ་བཙན་བྱོལ་མི་མང་ལ་ཡང་བསམ་བློ་གཏོང་ས་ཞིག་དང་དཔྱད་པ་བྱེད་ས་རྙེད་པ་རེད། གལ་སྲིད་དྲི་བ་རྣམས་ལ་སུ་ལན་ཡག་པོ་ཞིག་དང་སྣང་བ་འགྲོ་པོ་བྱུང་ན་དེར་འོས་ཤོག་སྤྲོད་ཀྱིན་ཡིན་ནོ། འདི་ནི་ངའི་མང་གཙོ་གི་རང་དབང་རེད་ལྭོ། མ་ཟད་དྲ་གྲོགས་སྐར་ཁྲི་བཙན་འོས་མི་ནང་དུ་ཕེབས་ཐུབ་ན་དེ་ལས་དགའ་པོ་ཡོང་བ། ཅོ་རི་ཉི་མ་ཡིས་བྲིས།
མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་དཔྱད་རྩོམ་གནད་ལ་སྨིན་པ་ཞིག་བྲིས་འདུག་པར་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་ཡི་ཡོད། མ་འོངས་བཀའ་བློན་ཁྲི་པའི་ཞབས་སྟེགས་གང་དུ་ཕེབས་ཤོག་ དངོས་གནས་དོན་དང་ལྡན་པའི་ཤེས་ཡོན་ཅན་གྱི་མི་སྣ་འདི་འདྲ་བཙན་བྱོལ་ནང་དུ་མཐོང་རྒྱུ་འདུག ང་ཧ་ཅང་དགའ་གི་ཡ།
བློ་བཟང་སེང་གེ་ལགས་ཀྱིས་ལྷག་བསམ་གྱིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་དཔྱད་བརྗོད་དེའི་ནང་རྒྱལ་ཁབ་མང་བོའི་འོས་བསྡུས་གྲངས་ཚད་དང་བསྡུར་ནས་སྐྱབས་བཅོལ་བོད་གཞུང་གི་འོས་བསྡུའི་ཕྱོགས་ནས་གླེང་འདུག་པས། དེའི་ཕྱོགས་བསམ་བློ་གཏོང་དགོས་སའི་གནད་དོན་མང་སྲིད་དོན་ཚོགས་པ་ཚད་ལྡན་མང་བོ་མེད་པའི་སྐྱབས་བཅོལ་བའི་གཞུང་ཞིག་རྒྱལ་ཁབ་གཞན་ཞིག་དང་བསྡུར་ཐབས་མེད། ང་ཚོའི་བོད་མི་སྐྱབས་བཅོལ་དེ་དག་ཁ་འཐོར་དུ་རྒྱལ་ཁབ་མང་བོའི་གནས་ཡོད་ལ། འབོར་ཆེ་ཤོས་རྒྱ་བལ་འབྲུག་གསུམ་ནས་གནས་ཡོད་མོད་དེ་དག་ཀྱང་ཁ་འཐོར་རང་བཞིན་གནས་ཡོད་པས་ཕན་ཚུན་འབྲེལ་འདྲིས་རྒྱུས་མངའ་དེ་ཙམ་མེད། ང་ཚོར་ཁྱབ་ཚད་ཆུང་བའི་གསར་ཤོག་ཤིག་དྲ་རྒྱ་ཞིག་ལས་བོད་མི་ཁ་འཐོར་དེ་དག་བར་རྒྱུས་མངའ་གོ་རྟོགས་སྤེལ་བྱེད་གཞན་མེད་པས། ཇི་ཙམ་རྙོག་དྲ་ཆེ་རུང་རྒྱལ་ཁབ་ཅིག་དང་ང་ཚོའི་སྐྱབས་བཅོལ་གཞུང་བསྡུར་ཐབས་མེད་པས་གནས་ལུགས་ཤེས་དགོས།
བློ་བཟང་སེང་གེའི་རྩོམ་འདི་ལ་མཆན་ཞིག་འདེབས་དགོས་འདེབས་དགོས་བསམ་བཞིན། ཉིན་འགའ་ལྷག་སོང་།
དེ་རིང་སྐད་ཆ་ཚིག་འགའ་ཞུ་གི་ཡིན།
ང་ཚོའི་སྤྱི་ཚོགས་སུ། མི་མང་གིས་འོས་བསྡུའི་ཆ་ཤས་ཡག་པོ་ཞིག་ལེན་གྱི་མེད་པའི་དཀའ་ངལ་གྱི་ཐུག་ས་གཙོ་བོ་དེ། འོས་བསྡུའི་ལམ་ལུགས་མ་འགྲིག་པས་མ་རེད་ལ་དེ་ལ་འགྱུར་བཅོས་བཏང་བ་ཡིན་ན་ཡང་། འོས་བསྡུའི་གྲངས་ཀ་མང་དུ་འགྲོ་མིན་བཤད་ཁག་པོ་རེད།
ངེད་ཀྱིས་འདི་འདྲ་བསམ། ད་ཕན་བཙན་བྱོལ་སྤྱི་ཚོགས་སུ། མི་མང་གིས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་སོགས་ལ་ཆ་ཤས་ཡག་པོ་ལེན་གྱི་མེད་པའི་རྐྱེན་རྩ་ནི།
དང་པོ།
བཙན་བྱོལ་གྱི་མང་གཙོའི་ལམ་ལུགས་འདིའི་འབྱུང་ཁུངས་ལ་གཅིག་བལྟ་དགོས་རེད་དྲན། ང་ཚོའི་མང་གཙོའི་ལམ་ལུགས་འདི་༧གོང་ས་མཆོག་གིས་མར་གནང་བ་རེད་ཞིག་རེད།
དེར་བརྟེན། ལམ་ལུགས་འདིའི་ཆེད་དུ། མི་མང་གིས་ཚེ་སྲོག་བཏང་བ་དང་འཐབ་རྩོད་བྱས་བའི་སྐད་ཆ་ཡོད་མ་རེད། དེར་བརྟེན། ལམ་ལུགས་གང་ཞིག་ལ་འཐབ་རྩོད་མ་བྱས་བ་དང་དེའི་ཆེད་དུ་བློས་གཏོང་བྱས་མེད་ན། དེ་ཙམ་གྱིས་དེའི་ཆ་ཤས་ཀྱང་ཡག་པོ་ལེན་གྱི་མ་རེད་འདོད། ལུང་པ་གཞན་པའི་ནང་དུ། ལམ་ལུགས་འདིའི་ཆེད་དུ་ཚེ་སྲོག་གི་འགྲོ་གྲོན་ཕོན་ཆེ་བཏང་ཡོད་པ་རེད། དེར་བརྟེན། ང་ཚོས་འོས་བསྡུར་ཆ་ཤས་ལེན་སྟངས་དང་ལུང་པ་གཞན་པས་འོས་བསྡུར་ཆ་ཤས་ལེན་སྟངས་གཉིས་ཀ་བར་ཁྱད་ཤོར་བ་རེད། བར་ཁྱད་ཆེན་པོ་ཤོར་བཞིན་ཡོད་པ་རེད། འདི་གཅིག་རེད།
གཉིས་པ།
མང་གཙོའི་ཡུལ་ལུང་གཞན་ཁག་ཏུ་། འོས་བསྡུའི་ཆ་ཤས་ཤུགས་ཆེར་ལེན་གྱི་ཡོད་པའི་རྒྱུ་མཚན་ལྟེ་བ་གཅིག་ནི། འོས་བསྡུ་དེ་མི་སེར་སྒེར་བ་རེ་རེའི་འཕྲོད་བསྟེན་དང་ཤེས་ཡོན། བདེ་སྲུང་། འགྲུལ་བཞུད། ཁྲལ་གྱི་ཆག་ཡང་། བུན་གཡར། ལས་ཀའི་ཡོང་སྒོ་སོགས་དང་འབྲེལ་བ་རྒྱ་ཆེར་ཆགས་ཀྱི་ཡོད་པ་རེད། འོན་ཀྱང་། ང་ཚོའི་མི་མང་དང་གཞུང་གི་བར་ན་དེའི་འབྲེལ་བ་དེ་མེད། ང་ཚོའི་མི་མང་དང་གཞུང་གི་བར་ན། འདིའི་འབྲེལ་བ་རྣོ་ངར་ཅན་འདི་མེད། མེད་པའི་རྒྱུ་མཚན་གཅིག་ནི་ང་ཚོ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཆགས་མེད་པ་དེ་རེད། གལ་སྲིད། བོད་མི་སྒེར་བ་རེ་རེའི་ཟླ་རེའི་ཡོང་སྒོ་དང་འགྲོ་སོང་། དེ་ཡང་། འཕྲོད་བསྟེན་གྱི་འགྲོ་སོང་། ཤེས་ཡོན་གྱི་འགྲོ་སོང་། བདེ་སྲུང་གི་འགྲོ་གྲོན། ཁང་པའི་གླ་ཆ་སོགས་གཞུང་དང་འབྲེལ་བ་ཆགས་ཀྱི་ཡོད་ན། མི་མང་གིས་ཏན་ཏན་གཞུང་དེ་སྐྱོང་མཁན་གྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ལ་ཆ་ཤས་ལེན་གྱི་རེད། ཆ་ཤས་རྒྱ་ཆེར་ལེན་གྱི་རེད།་ འོན་ཀྱང་། ང་ཚོ་གནས་སྟངས་འདིའི་ངོ་བོར་མེད་ཙང་། འོས་བསྡུའི་ལམ་ལུགས་ལ་འགྱུར་བ་ཕྱིན་མ་ཕྱིན་དེ་། འོས་བསྡུའི་གྲངས་ཀ་འཕར་ཆགས་ཐུབ་མིན་གྱི་གནད་དོན་ལྟེ་བ་དེ་ཆགས་ཀྱི་མེད།
གསུམ།
གཞན་དོན་གཞན་ཞིག་ནི། ང་ཚོའི་མི་མང་གིས་གཞུང་གི་འཛིན་སྐྱོང་དང་སྒྲོམ་གཞི་ལ་དོ་སྣང་ཆུང་བ་དང་གཞུང་གི་ངོས་ནས་ཀྱང་མི་མང་ལ་གོ་རྟོགས་བསྐྲུན་སའི་བརྒྱུད་ལམ་རྒྱ་ཆེར་བསྐྲུན་ཐུབ་ཀྱི་མེད་པ་འདི་གཉིས་ལ་ཡང་རག་ལས་ཀྱི་ཡོད། ང་ཚོའི་གཞུང་གི་མང་གཙོ་ཡང་དག་པ་ཟེར་བ་དེ། ད་དུང་ཡང་ཤོག་བུའི་སྒང་ན་གཉིད་ཁུག་ནས་ཡོད།
དེ་ཙམ་ཡིན། དུས་ཚོད་རག་ན་། ད་དུང་མུ་མཐུད་དུ་ཚིག་འགའ་ཞུ་གི་ཡིན།
འོ་ཡ། ད་འདི་ཚོ་བཙན་བྱོལ་སྤྱི་ཚོགས་མ་ཤེས་པར་ཡིག་ཐོག་དཔེ་ཐོག་གི་སྐད་ཆ་དང་། གཞན་ལྟོས་རང་འགེབ་བྱེད་མཁན་རྐྱང་རྐྱང་རེད།
ད་ངས་ཁ་ཤས་བཤད། དང་པོ་རྒྱ་བལ་འབྲུག་གསུམ་གྱི་བོད་མི་མང་ཆེ་ཤོས་ས་གནས་སུ་འཚོ་རྟེན་མེད་སོང་ཙང་། འཚོ་རྟེན་དུ་ཚོང་ལ་འགྲོ་བའི་དུས་སྐབས་རེད། དེ་བས་ན་གཞི་ཆགས་ན་ལོ་ན་མ་སོན་པའི་བྱིས་པ་ཚོ་དང་ལོ་ཚད་བརྒལ་བའི་རྒན་འགོ་ཚོ་མ་གཏོགས་ལྷག་ཡོད་པ་མ་རེད། དེ་བས་ན་འོས་འཕེན་མཁན་ནི་གཞི་ཆགས་ལ་ལྷགས་ཡོད་པའི་རྒན་འགོ་ཚོ་རེད།
གཉིས་པ་ཨ་རི་ལྟ་བུ་ལ་མཚོན་ན་བོད་མི་རྣམས་ནི་ཁ་འཐོར་དགུ་འཐོར་ཡིན་པའི་སྟེང་དུ། ལྟ་བ་གསར་བ་ཅིག་སླེབས་ཡོད་པ་ནི་ཁེ་སང་མེད་ན་ཉིན་གཅིག་གི་ལས་ཀ་ཆགས་འཇུག་རྒྱུ་མ་རེད། འདི་ནི་ཁེ་ན་ཀྲ་དང་ཡོ་རོབ་ལ་ཡང་འགེབ་ཆོག་སྙམ།
ཚང་མས་འོས་བླུག་དགོས་ན་དེ་ལ་དམིགས་བསལ་འགྲོ་སོང་བཏང་ནས་ས་གནས་སོ་སོ་ནས་འོས་ཤོག་ངེས་པར་དུ་བསྡུ་ཐུབ་པ་བྱ་རྒྱུ་དེ་རེད། དཔེར་ན་རྒྱ་བལ་འབྲུག་གསུམ་ལ་མཚོན་ན་གཞི་ཆགས་ཙམ་དུ་མ་ཟད་བོད་མིའི་ཁྲོམ་ས་གང་ན་ཡོད་ན་དེ་ལ་འགྲོ་ཐུབ་པ་བྱ་རྒྱུ་དང་གཅིག གཉིས་ཕྱི་རྒྱལ་ལ་ཡིན་ནཡང་ས་གནས་སོ་སོར་འགྲོ་ཐུབ་པ་བྱས་ནས་འོས་ཤོག་བསྡུ་ཐུབ་པ་བྱ་རྒྱུ་དེ་རེད།
འོན་ཀྱང་འོས་བསྡུ་མཁན་ནི་ཨ་རི་ལ་མཚོན་ན་དུས་ཐོག་ཏུ་དོན་སྤྱོད་ཀྱི་མི་ས་གནས་ས་ཐོག་ཏུ་སླེབས་མ་ཐུབ་ན་ཡང་འོས་འཕེན་སའི་ཤོག་བུ་ས་གནས་ས་ཐོག་སུ་སླེབས་བཅུག་ན་ས་གནས་བོད་རིགས་ཚོགས་པས་ཕྱག་ལས་གནང་རྒྱུ་རེད་བསམ། འོན་ཀྱང་ཁག་པོ་ཡིན། དོན་སྤྱོད་ཁང་ནས་དུས་ཐོག་ཏུ་སླེབས་རྒྱུ་དཀའ་ལས་ཁེག་པོ་ཡིན་སྙམ།
ང་ཡོད་ས་འདི་ལ་མཚོན་ནས་བཤད་ན་འོས་འགེང་ཤོག་དེ་དུས་ཐོག་སླེབས་པ་ཡིན་ན་བསྡུ་མི་བརྒྱ་ཐམ་པའི་ནང་ནས་བརྒྱད་ཅུ་བསྡུ་ཐུབ་རྒྱུ་རེད། འདི་ནས་མི་དམངས་བསྡུ་རྒྱུ་ལ་ངེས་པར་དུ་གཟའ་སྤེན་པ་ཉི་མ་གང་རུང་ཡིན་དགོས་ཀི་འདུག
ཨ་ཁུ་རྒྱག་པས་སྙིང་དམར་རོ་ཁ་ནས་བཏོན་འདུག་ག བདེན་པ་རེད་ས་གནས་སོ་སོའི་མགོ་འཛིན་དེས་འགན་ཡག་པོ་བླངས་ན་ཏན་ཏན་ཕན་ཐོགས་ཀི་རེད།
སྤྱིར་བཏང་གིས་གཞན་གྱི་རྩོམ་ཞིག་ལ་མཆན་བུ་བཏབ་ན་ལེགས་མོད་ཀྱང་། འོན་ཀྱང་དེའི་ནང་དོན་མ་གཏོགས་པར་ཁྱི་རྒྱགས་སྐར་མར་ཟུག་པའི་རྟུལ་ཞུགས་འཛིན་མཁན་དག་ལ་ནི་དགོད་བྲོ་བ་རང་རེད་དོ།།
ངས་གོང་གི་མཆན་ནང་་དོན་དངོས་བཤད་ཀྱི་ཡོད། གཏམ་བཤད་དང་སྙན་ངག ལྷག་པར་དུ་རབ་བཏགས་བྱེད་ཀྱི་མེད། དཔེ་ཐོག་གི་སྐད་ཆ་ཡང་བཤད་མེད། འོས་གྲངས་གང་མང་བསྡུ་རྒྱུ་དེ་ཚང་མའི་འོས་འགན་ལྟ་བུ་རེད། གོང་དུ་རིག་འབྱུང་གིས་དོན་ལ་གཞོལ་བ་མང་པོ་ཅིག་གསུང་འདུག་པས། དེའི་ཁ་སྐོང་ལྟ་བུ་བཤད་པ་ཡིན། དེ་མིན་གཞན་དཔེ་རང་འགེབས་དང་། དཔེ་ཐོག་གི་སྐད་ཆ་ཁོ་ནས་མི་ཕན་གི་ཅེས་ཞུ་བ་ཡིན་ཡ། དེ་འེ་རེད་གནམ་ལྕགས་ལགས།
འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་བསྡུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་སྟབས། ངེས་པར་དུ་བོད་མི་ཡོངས་ནས་ཆ་ཤས་ལེན་དགོས་ཀྱི་ཡོད།
འོན་ཀྱང་འོས་བསྡུའི་སྐབས་སུ་བོད་མི་ཆ་ཤས་ལེན་མཁན་ཉུང་ཉུང་ཡིན་པ་དངོས་ཡོད་གནས་ཚུལ་ཞིག་ཆགས་ཡོད། དེའི་རྒྱུ་རྐྱེན་གསལ་རྟོགས་དགོས་པ་དེ་འབྲེལ་ཡོད་ལས་ཁུངས་དང་ཤེས་ལྡན་མི་སྣ་དག་གིས་མཁྱེན་རྟོགས་གནང་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་སྙམ།
གོང་གསལ་བློ་སེང་ལགས་ཀྱི་རྩོམ་ཡིག་ནང་༼བློན་ཆེན་གཞོན་པ་ཀྲོའུ་ ཝེ་ཆོན་གྱིས་བག་ཚ་མེད་པའི་ཐོག་ནས། བཙན་བྱོལ་བོད་གཞུང་ཟེར་བ་དེ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད་ལ། འདིས་བོད་དང་བོད་མི་མང་གི་ཚབ་མཚོན་ཐུབ་ཀྱི་མ་རེད། ཅེས་བརྗོད་ཀྱི་ཡོད་པར། ང་ཚོས་ངེས་པར་དུ་སྐད་ཆ་དེ་ནོར་འཁྲུལ་ཅན་ཞིག་ཡིན་པ་གསལ་བརྗོད་བྱེད་དགོས་ཀྱི་ ཡོད་རེད། སྟབས་ལེགས་པ་ཞིག་ལ་ཡོང་རྒྱུར་བསྡད་པའི་གོ་སྐབས་བཟང་པོ་ཞིག་སྟེ།
རྗེས་མའི་བཀའ་བློན་ཁྲི་པར་འོས་ཤོག་བླུག་རྒྱུ་དེས་རྒྱ་ནག་གཞུང་དང་ཀྲོའུ་ཝེ་ ཆོན་གྱི་གདོང་ལ་སྣ་མཛུབ་སྤྲད་དེ། བཙན་བྱོལ་བོད་གཞུང་འདི་ཁྲིམས་མཐུན་ཡིན་པ་ཙམ་དུ་མ་ཟད། མང་གཙོ་སྲ་བརྟན་ཅན་ཞིག་ཡིན་པ་སྟོན་དགོས་ཀྱི་ཡོད་རེད། ཕྱོགས་གཞན་ཞིག་ནས། བོད་མི་ཚང་མས་འོས་འཕེན་གྱི་ཆ་ཤས་མ་བླངས་ན། ཀྲོའུ་ཝེ་ཆོན་གྱིས་ཁྱབ་བསྒྲགས་བྱས་པའི་སྐད་ཆ་དེར་བདེན་པ་ར་སྤྲོད་བྱས་པ་ཞིག་རེད། ༽
ཅེས་གསུངས་པ་དོན་ལ་གནས་འདུག་ན་རྒྱ་ཆེའི་བོད་རིགས་ཡོད་དོ་ཅོག་ནས་ཆ་ཤས་ངེས་པར་དུ་བླངས་དགོས།
འོས་བསྡུའི་དེབ་བསྐྱེལ་དུས་ཚོད་ཕྱི་2010ཟླ་06ཚེས་18ནས་ཟླ་08ཚེས18་བར་རེད་འདུག་གོ།
ཡག་པོ་གསུང་འདུག་ག
བཀའ་ཁྲིའི་འོས་མི་བློ་བཟང་སེངྒེ་ལགས་སུ་ཞུ་རྒྱུ། རྩ་བའི་བཀའ་ཟུར་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ལགས་མཆོག་དང་། སྐུ་ངོ་བཀྲིས་དབང་འདུས་ལགས་རྣམ་པ་གཉིས་ལ་སྐྱོན་འཛུགས་སྔར་ནས་ཞུ་མ་མྱོང་། ད་ལྟ་ཡང་ཞུ་གི་མེད་ལ་མ་འོངས་པ་ལ་ཡང་ཞུ་ག་ལ་ཕོས། གང་ལགས་ཞུ་ན། སྐུ་ངོ་རྣམ་པ་གཉིས་ནས་བཙན་བྱོལ་ནང་བཞུགས་རིང་ཧ་ཅང་གི་བཀའ་དྲིན་བརྗོད་ལས་འདས་པ་ཞིག་གནང་ནས་གྲུབ་འབྲས་ཀྱང་ཕུལ་ཏུ་ཕྱིན་པ་ཐོབ་ཡོད་པ་ནི་ད་ལྟའི་མིག་མཐོང་ལག་ཟིན་དུ་གྱུར་ཡོད། མཁས་དབང་བློ་བཟང་སེངྒེ་ལགས་ནི་དགུང་ན་གཞོན་པ་ཞིག་དང་། དེང་དུས་ཀྱི་ཤེས་བྱ་ཡོནྟ་མཁས་པའི་མཚན་སྙན་ཐོབ་པའི་བོད་རིགས་གཞོན་སྐྱེས་ཞིག་ལ་དམངས་གཙོའི་ལམ་ལས་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་ན་གཞིས་ལུས་བོད་མི་རྣམས་མཉམ་འཛོམས་ཡོང་བས་རེ་བ་དང་སྨོན་འདུན་ཞུ་རྒྱུ་ཡིན། མཁས་དབང་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།