འོས་སྦྱོར་བ། གཅན བཟོད་རྒྱམ།
འཛམ་གླིང་ལོ་རྒྱུས་རིག་པའི་འདུན་སར་ཁྲེལ་དགོད་ཀྱི་འབེན་དུ་གྱུར་པའི་རྒྱ་ནག་ལོ་རྒྱུས་གཡོ་འཁྱོག་མ།
པོར་ཅིན་ཝུའུ་ཉིས་རི་ཡིས་བརྩམས། [སོག་པོ] གུར་མགོན་སྐྱབས་ཀྱིས་བསྒྱུར།
སོག་པོའི་ལོ་རྒྱུས་གང་དེ་རྒྱ་ནག་གིས་རང་གི་ལོ་རྒྱུས་སུ་བཤད་དེ། ཇིང་གིར་རྒྱལ་པོ་ཡང་རྒྱ་ནག་གི་དཔའ་བོའི་གྲས་སུ་བགྲང་བས་རྒྱལ་སྤྱིའི་ལོ་རྒྱུས་རིག་པའི་འདུན་སར་ཁྲེལ་དགོད་ཀྱི་འབེན་དུ་གྱུར། དབྱིན་ཇིའི《ཐེ་ཊོ་ཝུའུ་ཧྲི་གསར་འགྱུར》དང་ལོ་རྒྱུས་རིག་གཞུང་གི་དྲ་ཚིགས་མིང་གྲགས་ཅན་དག་ཏུ《Outrage as china lays clim Genghiskhan》ཞེས་པའི་རྩོམ་ཡིག་སྤེལ་ནས་རྒྱ་ནག་ལོ་རྒྱུས་རིག་པའི་འདུན་ས་ན་རྒྱུ་བའི་ངན་གཡོ་སུན་འབྱིན་མཛད།
ལོ་རྒྱུས་སྨྲ་བ་ཁི་ལོ་ཅི་ཡིས་ལོ་རྒྱུས་ཀུན་དེང་རབས་ཀྱི་ལོ་རྒྱུས་ཡིན་ཞེས་གསུངས་མྱོང་སྟེ། དེའི་ནང་དོན་ནི་ལོ་རྒྱུས་སྨྲ་བ་ཀུན་གྱིས་ལོ་རྒྱུས་རྩོམ་པའི་ཚེ་ན་བསམ་དང་བསམ་བཞིན་མ་ཡིན་པར་ད་ལྟའི་མིག་དབང་སྤྱོད་ཅིང་། བསམ་དང་བསམ་བཞིན་མ་ཡིན་པར་ད་ལྟའི་དངོས་ཡོད་ཀྱི་ཕྱོགས་སུ་འཆེལ་ནས་ལོ་རྒྱུས་ཀྱི་དོན་རྐྱེན་ལ་མནོ་བསམ་གཏོང་བར་བྱེད་ཅིང་ད་ལྟ་མཁོ་བའི་དངོས་པོ་དག་བསལ་ལེན་བྱེད་པར་འགྱུར་ཟེར་བ་ཡིན་མོད། རང་ཅག་ད་ལྟའི་ཕྱོགས་སུ་འཆེལ་ནས་ལོ་རྒྱུས་ཀྱི་དོན་དངོས་ལ་ཧམ་འདོད་བྱེད་པའམ་ད་ལྟའི་ཁེ་ཕན་ཚད་གཞིར་བགྱིས་ནས་གང་འདོད་དུ་འདོར་ལེན་བྱེད་པ་དང་། ཐ་ན་ངན་གཡོས་དོན་དངོས་བསླད་ནས་འཁྱོག་བརྗོད་ཀྱིས་ད་ལྟའི་ཆབ་སྲིད་དགོས་མཁོ་དང་མཐུན་སྦྱོར་བྱེད་དུ་ཡང་རུང་ཟེར་བ་ནི་མ་ཡིན་ནོ།
དོན་དངོས་སུ་མན་ཆིན་རྒྱལ་ཁབ་འཛུགས་དུས་མན་ཇུའི་སྐད་ནི་རྒྱལ་ཁབ་ཀྱི་སྐད་དུ་གཏན་འབེབས་བྱས་པ་དེ་ནི་དོན་གྱིས་མན་ཇུའི་སྐད་ནི་ཆིན་ཆེན་མོའི་རྒྱལ་ཁབ་ཀྱི་གཞུང་ཕྱོགས་སྐད་རིགས་ཡིན་ནོ། །
ཆིན་གྱི་དུས་འགོའམ་དུས་དཀྱིལ་ལམ་ཐ་ན་དུས་རབས་བཅུ་དགུ་པའི་མཇུག་ལའང་གཞུང་ཕྱོགས་ཀྱི་ཡིག་ཆ་ཁག་མང་པོ་ཞིག་མན་ཇུའི་ཡི་གེས་བྲིས་ཡོད། དཔེར་ན་ཉིས་ཕུའུ་ཁྲུའུ་ཆིངས་ཡིག་གི་དངོས་གཞི་ནི་མན་ཇུའི་ཡི་གེ་དང་ཨུ་རུ་སུའི་ཡི་གེ ལ་ཊེན་ཡི་གེ་གསུམ་ཁོ་ནས་བྲིས་འདུག རྒྱའི་ཡི་གེ་ནི་ས་མཚམས་རྡོ་རིང་འབའ་ཞིག་ལ་སྤྱད(རྡོ་ཡིག་ལ་མན་ཇུ་དང་། སོག་ཡིག ཨུ་རུ་སུའི་ཡི་གེ ལ་ཊེན་ཡི་གེ་བཅས་ལྔ་ཀ་ཤན་སྦྱར་གྱིས་བྲིས་ཡོད)དུས་རབས་བཅུ་དགུ་པ་ནས་བཟུང་ད་གཟོད་གཉིས་ཀ་མཉམ་དུ་བྲིས་ཏེ་ད་ལྟ་ལ་ཐུག་གི་བར་དུའོ། ། EVEN,EVENKI,(ཨོ་ཝུན་ཁིའི་སྐད)NANAI,(ཧི་ཀྲིའི་སྐད)NEGIDAL,OROCH,OROK,UDIHE(UDGE),ULCH,ཐུང་ཀུའུ་སིའི་སྐད་འདི་དག་ད་དུང་ཡང་མོང་གོལ་རྒྱལ་ཁབ་དང་ཨུ་རུ་སུའི་མཉམ་སྦྲེལ་རྒྱལ་ཁབ་ཀྱི་མན་ཇུ་པས་སྤྱོད་ཀྱིན་ཡོད་ལ། རྒྱ་ནག་གིས་མན་ཇུ་པ་རིགས་བསྒྱུར་བྱས་ཟིན་པར་བཤད་པ་ནི་དངོས་གནས་རང་ཉིད་རང་གིས་བརྙས་པ་ལས་མ་འདས་ཏེ། ཏག་ཏག་དེ་ལས་ལྡོག་པར་ད་ལྟའི་རྒྱའི་སྤྱི་སྐད་འདི་ནི་སྐབས་དེར་མན་ཇུ་པས་དྲག་ཤུགས་ལ་བརྟེན་ནས་བཙན་ཐབས་སུ་ཁྱབ་སྤེལ་བྱས་པའི་སྐད་རིགས་ཤིག་ཡིན།
ཀྲང་ཐའེ་ཡན་གྱིས་རྒྱའི་སྤྱི་སྐད་ལ་དགག་པ་མཛད་ཅིང་ཀླ་ཀློའི་སྐད(མན་ཇུའི་སྐད)ཅེས་སྨྲས་མྱོང་། དེར་མ་ཟད་འཛམ་བུ་གླིང་འདིར་སྐད་རིགས་ཀྱིས་རྒྱལ་ཁབ་ཀྱི་དབྱེ་མཚམས་འབྱེད་པའི་སྲོལ་ནི་བྱུང་མ་མྱོང་། ཨ་ཧྥེ་རི་ཀའི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་དབྱིན་ཇིའི་སྐད་སྨྲ་བ་ཡིན་མོད། ཁོང་ཚོ་དང་དབྱིན་ཇི་གཉིས་རྒྱལ་ཁབ་གཅིག་ཡིན་ནམ། རྒྱ་ནག་དང་སིངྒ་ཕོར་གཉིས་ཀས་རྒྱ་སྐད་སྨྲ་ཡང་། སིངྒ་ཕོར་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ནམ། ཨ་རབ་བྷིའི་རྒྱལ་ཁབ་ཀུན་གྱིས་ཨ་རབ་སྐད་སྨྲ་ཡང་། དེ་དག་རྒྱལ་ཁབ་གཅིག་ཏུ་འདུ་བ་ཡིན་ནམ། འཇར་པན་དང་རྒྱ་ནག ཁོ་རེ་ཡ་རྣམས་བཞུ་ལུགས་རིག་གནས་ཀྱི་རྒྱལ་ཁབ་ཡིན་མོད། དེ་གསུམ་རྒྱལ་ཁབ་གཅིག་ཡིན་ནམ། འཇར་འགོག་དམག་འཁྲུག་ནི་རྒྱ་ནག་གི་ནང་འཁྲུག་ཏུ་བརྩི་འོས་སམ། ཧྥ་རན་སི་དང་འཇར་མན་གཉིས་མ་ཤུ་ཀའི་རྒྱལ་ཁབ་ཡིན་ཀྱང་། དེ་གཉིས་རྒྱལ་ཁབ་གཅིག་ཡིན་ནམ། དེ་ནི་རིགས་ལམ་ཉོག་འཁྲུལ་དཔེ་མཚོན་དུ་རུང་བ་ཞིག་གོ །
འོན་ཏེ་ད་ལྟ་ལ་ཐུག་གི་བར་དུ་རྒྱ་ནག་པས་ད་དུང་ཡང་མན་ཆིན་རྒྱལ་རབས་ནི་རྒྱ་ནག་གི་རྒྱལ་རབས་སུ་སེམས་བཞིན་ཡོད། ཡང་ཁོ་ཚོས་ད་ལྟའི་མན་ཇུ་པ་ནི་རྒྱ་ནག་གི་སྤྱི་དམངས་ཡིན་པས་སྐབས་དེའི་མན་ཇུ་པ་ཡང་རྒྱ་ནག་གི་ཁོངས་སུ་བརྩི་རིགས་ཞེས་ཟེར་སྲིད། རིགས་པ་འདི་ནི་ད་ལྟའི་ཨ་རིའི་མི་ནག་ཨ་རི་པ་ཡིན་པས་ཁོང་ཅག་གི་མེས་པོའི་རབས་རྣམས་ཨ་རི་པ་ཡིན་ཟེར་བ་དང་འདྲ།
མན་ཇུ་པ་ནི་རྒྱ་ནག་གི་སྤྱི་དམངས་འབའ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ཏེ། མན་ཇུ་པ་ནི་སྔར་ཞི་པོ་ལིས་ཡ་རུ་སྡོད་པའི་ཐུང་ཀུའུ་སི་ཀུའི་མི་རིགས་ཡིན། ད་ལྟ་ད་དུང་ཡང་མན་ཇུ་པ་དེ་གར་གཞི་སྡོད་བྱས་ཡོད། ད་ལྟའི་མན་ཀྲིག་གི་བྱང་ཁུལ་ད་དུང་ཡང་ཨུ་རུ་སུའི་ཁོངས་སུ་ཡོད། མན་ཇུ་པ་ནི་ཨུ་རུ་སུར་ཡོད་ལ་བྱང་ཁོ་རེ་ཡར་ཡང་ཡོད། མན་ཇུ་པ་ནི་དེ་དག་གི་སྤྱི་དམངས་ཀྱང་ཡིན། ཨུ་རུ་སུ་པ་དང་ཁོ་རེ་ཡ་བྱང་མ་དག་གིས་ངེད་ཅག་གི་གྲངས་ཉུང་མི་རིགས་ཀྱིས་རྒྱ་ནག་ཆམ་ལ་ཕབ་ཅིང་ལོ་ངོ་སུམ་བརྒྱར་དབང་བསྒྱུར་པ་ཡིན་ཞེས་བཤད་རུང་ངམ། དེར་མ་ཟད་རྒྱལ་སྤྱིའི་སྲོལ་ལ་འདས་ཟིན་པའི་མི་ཞིག་གི་རྒྱལ་ཁོངས་ཐག་གཅོད་བྱེད་ནི་མི་དེ་གསོན་པའི་ཚེ་ན་རྒྱལ་ཁོངས་གང་དུ་གཏོགས་པ་དེ་ཡིན་པ་ལས་ཁོ་རང་འདས་པའི་རྗེས་ལ་སྐྱེས་ཡུལ་རྒྱལ་ཁབ་གང་དུ་གཏོགས་པ་དེ་མ་ཡིན། ཐང་གི་སྙན་ངག་པ་ལིས་པའེ་ནི་སའེ་ཡེ་ནས་འཁྲུངས་ལ་ཡུལ་དེ་ད་ལྟའི་ཅིར་ཅི་སི་ཐན་གྱི་ཁོངས་སུ་ཡོད།
ཁོ་ཚོའི་བཤད་སྟངས་ལྟར་ན་ལིས་པའེ་ནི་ཅིར་ཅི་སི་ཐན་གྱི་མི་ཡིན་དགོས་སམ། སུན་ཀྲུང་ཧྲན་གྱིས《མི་རིགས་རིང་ལུགས》ཀྱི་རབ་བྱེད་གཉིས་པའི་ནང་ལ། “རྒྱ་ནག་གི་ལོ་ངོ་སྟོང་ཕྲག་དུ་མའི་ཡུན་ལ་ཆབ་སྲིད་གཉའ་གནོན་གྱིས་རྒྱལ་ཁབ་ཡོངས་སུ་འཇིག་པ་ལན་གཉིས་བྱུང་སྟེ། གཅིག་ནི་ཡོན་རྒྱལ་རབས་དང་ཅིག་ཤོས་ནི་ཆིན་རྒྱལ་རབས་ཀྱི་སྐབས་ཡིན། ”ཞེས་བཤད་མྱོང་། ཇི་སྟེ་ད་ལྟའི་རྒྱ་ནག་པས་ཆིན་རྒྱལ་རབས་ནི་རྒྱ་ནག་གི་རྒྱལ་རབས་ཡིན་པར་སྨྲ་རྒྱུར་མི་འདོད་པ་ཅི་ཡང་མེད་ནའང་། ཆིན་རྒྱལ་རབས་ཀྱི་དབང་སྒྱུར་པས་ནི་རང་ཉིད་རྒྱ་ནག་པ་ཡིན་པར་རྩ་བ་ཉིད་ནས་མི་འདོད་དོ། །
རྒྱལ་མོ་ཚིས་ཞི་ཡིས་“ཆིན་རྒྱལ་ཁབ་རྒྱ་ནག་མ་ཡིན་པས། རལ་བ་འབྲེག་ཏུ་མི་སྟེར། རལ་བ་བྲེག་པས་རྒྱ་ནག་མི་འཇིག་ཀྱང་ཆིན་ཆེན་མོ་འཇིག་པར་འགྱུར། ”ཞེས་དང་། “ཆིན་ཆེན་མོ་སྐྱོབ་པ་ལས་ཀྲུང་ཧྭ་སྐྱོབ་པར་མི་བྱ། ” “ ཀྲུང་ཧྭའི་ཡུལ་གྲུ་ཆེན་མོ་ནི་བདག་ཅག་མན་ཇུའི་འདོད་འདུན་དང་མཐུན་པའི་ཡུལ་ཞིག་གོ །”སོགས་གསུངས་མྱོང་། ཡུང་ཀྲིན་གྱིས་“ངེད་ནས་ཕྱི་རྒྱལ་གྱི་མངའ་བདག་བྱས་ཏེ་རྒྱ་ནག་གི་དོན་སྒྲུབ”ཅེས་དང་། ཆན་ལུང་གིས་དེ་ལས་ལྷག་པར“ངེད་རང་ལྷོ་བལ་གྱི་མངའ་བདག་ཡིན་ལ་རྒྱ་ནག་པ་ནི་མ་ཡིན་ནོ། ། ”ཞེས་ཐད་ཀྱིས་གསུངས་སོ། །
མན་ཇུའི་སྐུ་དྲག་གི་རིགས་སུ་གྱུར་པའི་ཆིན་ཕོ་བྲང་གི་སྐྱེས་མ་རྩོམ་པ་པོ་ཏི་ལིན་གྱིས་མོའི《ཆིན་ཕོ་བྲང་གི་ལོ་ངོ་གཉིས་ཀྱི་ཟིན་ཐོ》ལས། མོའི་ཕ་རྒན་གྱིས་མོར་རང་ཅག་རྒྱ་ནག་པ་མ་ཡིན་ཀྱང་རྒྱ་ནག་པའི་བདག་པོ་ཡིན་ཞེས་སྨྲས་མྱོང་བ་བཀོད་ཡོད། མན་ཀྲིག་གི་དབང་སྒྱུར་པ་ནི་ཆ་ཡོངས་ནས་མི་སེར་སྤེལ་མཁན་རིགས་གཞན་གྱི་རྣམ་པས་མངོན་ལ། རང་རྒྱལ་གྱི་ད་ལྟ་སྤྱོད་པའི་རྒྱལ་གླུ《མདུན་སྐྱོད་ཀྱི་གླུ》དེའི་མིང་ཡོངས་རྫོགས་ལ《མན་རྒོལ་འཇར་འགོག་མདུན་སྐྱོད་ཀྱི་གླུ》ཟེར་བ་ཡིན་ནོ། །
དུས་རབས༡༣པར་སོག་པོས་མན་ཀྲིག་དབང་དུ་བསྡུས་རྗེས་ཐུང་ཀུའུ་སི་ཀུ་པ་ལ་སོག་ཞད་འདྲེས་པར་གྱུར་ཅིང་། སོག་པོའི་མངའ་འོག་གི་དཔོན་རིགས་བྱས་ཤིང་སོག་མིང་བཏགས་པ་ལོ་རྒྱུས་ལས་གང་སར་རྙེད་དུ་ཡོད། ནུའུ་ཨར་ཧ་ཁྲིའི་མཚན་མིང་ཧྲུའུ་ལེ་པེ་ལིས་དང་ཁོན་ཏུའུ་ལོན་ཧན་གཉིས་ཀ་སོག་སྐད་དོ། ། ནུའུ་ཨར་ཧ་ཁྲི་དང་ཧོང་ཐའེ་ཅི་ཡང་སོག་པོའི་རིག་གནས་ལ་དུངས་བ་ཟབ། ནུའུ་ཨར་ཧ་ཁྲི་ཡི་མཚན་རྟགས་སུར་པེ་ལི་དང་ཁོང་ཏུ་ལིན་ཧན་གཉིས་པོ་སོག་སྐད་ཡིན་ལ། ནུའུ་ཨར་ཧ་ཁྲི་ཡི་ནུ་བོ་ཧྲུའུ་ཨར་ཧ་ཆི་ལ་ཧར་ཧན་པ་ཐུར་ལུའུ་ཞེས་པའི་གོ་མིང་བསྩལ་བ་དེ་ནི་སོག་སྐད་དེ་གཟི་ལྡན་དཔའ་རྟུལ་གྱི་དོན་དང་། ཡུམ་མི་གཅིག་པའི་ནུ་བོ་པ་ཡ་ལཱ་ལ་ཀྲོ་ལི་ཁུ་ཐུའུ་ལ་བསྩལ་བའི་གོ་མིང་ལ་བརྟུལ་ཕོད་ཀྱི་དོན་དང་། ཡུམ་མི་གཅིག་པའི་ནུ་བོ་ཅིག་ཤོས་ཏེ་མོར་ཧ་ཆི་ལ་བསྩལ་བའི་གོ་མིང་ལ་ཆིན་པ་ཐུའུ་ཟེར་ཞིང་དེ་ཡང་སོག་སྐད་དེ་གཞུང་དྲང་གི་དཔའ་རྟུལ་གྱི་དོན་ནོ། །
ནུའུ་ཨར་ཧ་ཁྲི་ཡིས་ད་དུང་རང་གི་བུ་དང་ཚ་བོར་སོག་སྐད་ཀྱི་མིང་བཏགས། ཧོང་ཐེ་ཇི་དང་ཁོང་གི་སྤུན་ཏའེ་ཧྲན་དང་མའང་ཀིར་ཐའེ་ལ་སོགས་པའི་མིང་ནི་སོག་སྐད་ཉིད་དོ། ། ཅིན་ཕྱི་མའི་དུས་ལ་ནུའུ་ཨར་ཧ་ཁྲི་དང་ཧྲུའུ་ཨར་ཧ་ཆིས་སོག་པོ་དང་གཉེན་བསྡེབས། ཝན་ལིས་ཁྲི་ལོ་ཉེར་གཅིག་པའི་ཕྱིས་ནས་སོག་པོའི་ཁིར་ཆིན་ཚོ་ཁག་དང་ནུའུ་ཨར་ཧ་ཁྲི་གཉིས་ཀྱིས་བྲོ་བོར་བར་མཛད། ཧོང་ཐའེ་ཅི་ཡི་སྐབས་སུ་མུ་མཐུད་དེ་མན་སོག་དམག་དོན་གཉེན་སྦྲེལ་ལ་ཤུགས་བསྣན།
ཧོང་ཐའེ་ཅི་རང་གིས་སོག་པོའི་སྲས་མོ་བཙུན་མོར་བླངས་པ་མ་ཟད། སྤུན་དང་ཚ་བོ། གུང་དང་པེ་ལི་རྣམས་ལ་ཡང་སོག་པོའི་སྲས་མོ་བསུས། གཞན་ཡང་ཕོ་བྲང་གི་སྲས་མོ་མང་པོ་སོག་པོའི་ཝང་གུང་གི་མནའ་མར་བརྫངས། མན་སོག་གཉེན་སྦྲེལ་ལམ་ལུགས་དེ་ལྟར་ཆིན་རྒྱལ་རབས་ཀྱི་དུས་མཇུག་གི་བར་དུ་རྒྱུན་བསྲིངས། ཏཱ་ཆིན་གོང་མའི་རིགས་ཀུན་མན་སོག་འདྲེས་མ་ཡིན་ཞིང་། ཐ་ན་རྒྱལ་ཁབ་ཀྱི་མཚན་མིང་ཏཱ་ཆིན་ཞེས་པ་ཡང་སོག་པོའི་སྐད་དེ་ཕུལ་དུ་བྱུང་བ་དང་གཡུལ་ལ་དཔའ་བའི་དོན་ཡིན་ལ་རྒྱ་ཡིག་ཏུ་་སྒྲ་བསྒྱུར་གྱིས大清ནམ代青ཞེས་བྲིས །
དེའི་རྐྱེན་གྱིས་སོག་པོ་སུ་ཞིག་གིས་ཀྱང་ངེད་ཅག་གིས་ཏཱ་ཆིན་བཙུགས་ནས་རྒྱ་ནག་ལ་དབང་བསྒྱུར་པ་ཡིན་ཞེས་སྨྲ་མཁན་མེད་དེ། ངེད་ཅག་ལ་དེ་ལྟར་སྨྲ་བའི་རྩིས་ཐང་མེད་དོ། ། ཆིན་དམག་འགག་སྒོ་ལས་ནང་དུ་འཛུལ་རྗེས་རྒྱ་ནག་པ་ཁྲི་སྟོང་མང་པོ་བསད། སྐྱི་གཡའ་བ་ནི“ཅ་ཏེན་གྱི་དམར་གསོད་ལན་གསུམ”དང“ཡཱང་ཀྲིག་གི་ཉིན་བཅུ”ལ་སོགས་པའི་སྡེབ་གསོད་ཆེན་པོ་དག་ཡིན། དེ་ནི་དྲག་འདུལ་མཁན་གྱིས་འགོག་རྒོལ་མཁན་ལ་བཅད་པའི་ཆད་པ་དང་དྲག་གནོན་ཡིན། འོན་ཏེ་ཆིན་དམག་གིས་མི་བསད་པའི་གྲངས་འབོར་གྱི་ཆ་ནས་སོག་དམག་གིས་བསད་པ་ལས་ཉུང་བར་གདའ་ནའང་། སོག་པོའི་དམག་གི་གྲི་ཐབས་ལས“ཐིག་པ”ཡོད།
དེ་དག་གིས་འཇིགས་སྐུལ་ལ་བརྟེན་ནས་རྒྱ་ནག་པ་ཆམ་ལ་ཕབ་ཅིང་དབང་དུ་ཁོལ་བས། རྒྱ་ནག་པ་འབོར་ཆེན་གྱི་སྲོག་ཤོར་བར་བྱས། དེ་ནི་འཇིགས་རུང་གི“སྐྲ་བཞར་བཀའ་རྒྱ”སྟེ། སྐྲ་བསྐྱུར་ན་མགོ་མི་བསྐྱུར་བ། མགོ་བསྐྱུར་ན་སྐྲ་མི་བསྐྱུར་བའོ། ། ཐུང་ཀུའུ་སི་ཀུ་པས་འདི་འདྲའི་ཐབས་ལམ་ལ་བརྟེན་ནས་རྒྱ་ནག་པ་རྩ་བ་ནས་ཆམ་ལ་ཕབ་ཅིང་རྒྱ་ནག་གི་སྲོལ་ལུགས་བསྒྱུར། རྒྱ་ནག་པས་འདི་ལྟར་ཐུང་ཀུའུ་སི་ཀུ་པའི་སྲོལ་རྒྱུན་ལྟར་རལ་བ་བཞག ད་ལྟ་ལ་ཐུག་གི་བར་དུ་ད་དུང་ཡང་ལ་ལས་བྱིས་པའི་བསམ་ཚོད་ལྟར་མན་ཇུ་པ་ནི་ཐ་མར་རིགས་བསྒྱུར་བྱས་ཟིན་པར་སྙམ་བཞིན་ཡོད་མོད། ཡ་ང་བའི་དོན་དངོས་ནི་རྒྱ་ནག་པ་མན་ཇུ་པས་རིགས་བསྒྱུར་བྱས་པ་དེའོ། །
ད་ལྟ་རྒྱ་ནག་གི་རྒྱལ་ཁབ་ཀྱི་སྐད་དམ་སྤྱི་སྐད་དུ་འབོད་པ་དེ་ཡང་མན་ཇུ་པའི་སྐད་ལས་བྱུང་། རྒྱལ་ཁབ་ཀྱི་རིག་གནས་ཉིང་བཅུད་ཅིན་ཅུས་ཟློས་གར་ཡང་མན་ཇུ་པའི་སྒྱུ་རྩལ་ཡིན་ལ། ཁ་ཤགས་དང་དང་གར་ཆུང་ཡང་ཆིན་རྒྱལ་རབས་ཀྱི་བྲན་ཁོལ་གཉིས་ཀྱིས་བདག་པོའི་མདུན་ནས་གཅིག་གིས་བླངས་ཤིང་གཅིག་གིས་མཐུན་འགྱུར་བྱེད་པའི་འཚོ་བའི་སླར་མཚོན་ནོ། ། ད་ལྟ་ནོར་བུར་སེམས་པའི“རྒྱལ་ཁབ་ཀྱི་ལྭ་ཐང་གོས”ཟེར་བ་དེ་ནི་དོན་དུ་མན་ཇུ་པའི་གོས་ཆེན་ཕྱུ་པའོ། ། དེ་བཞིན་ཐུང་ཀུའུ་སུ་ཀུ་མན་ཇུ་པས་ཀྱང་སོག་པོའི་བྱེད་ལུགས་ལ་ལད་མོ་བགྱིས་ཏེ་མི་ལ་རིགས་ཀྱི་དབྱེ་བ་བཞི་རུ་དགར་ཞིང་། མན་ཇུ་པ་དང་སོག་པོ་ནི་ཆེས་ཆེར་མཐོ་བར་བྱས། འོན་ཏེ། ངེད་ཅག་གི་མེས་པོའི་མིང་རུས་ངོ་མ་ནི“བྲན”ནོ། །
ད་ལྟ་རྒྱ་ནག་པ་མང་པོ་ཞིག་གིས་ངོ་ཚ་མི་ཤེས་པར་སྔར་ཨུ་རུ་སུས་རྒྱ་ནག་གི་མངའ་ཁོངས་བཟུང་ཞེས་ཟེར་ཡང་། ཨུ་རུ་སུས་བཟུང་བ་ནི་རྒྱ་ནག་གི་མངའ་རིས་རྩ་བ་ནས་མ་ཡིན་ཏེ། དེ་ནི་ཆིན་བཙན་རྒྱལ་གྱི་མངའ་ཁོངས་སོ། ། སྐབས་དེར་རྒྱ་ནག་པའི་རྒྱལ་ཁབ་འཇིག་ཟིན་ཙ་ན་མངའ་ཁོངས་ཤིག་ག་ན་མཆིས། ཚི་ཞིས་ཀྱིས“གྲོགས་རྒྱལ་ཁབ་ལ་འབུལ་དགོས་ཀྱང་། ཁྱིམ་གཡོག་ལ་སྟེར་བར་མི་བྱ།”ཟེར་བ་ནི་མན་ཇུ་པས་རང་གི་ས་རིས་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ལ་རིན་མེད་དུ་འབུལ་དགོས་ཀྱང་། ཁྱིམ་གཡོག་སྟེ་རྒྱ་ནག་པ་ལ་བསྐྱུར་བར་མི་འདོད་པའི་དོན་ནོ། ། མན་ཇུ་པས་དེ་དུས་ཀྱི་རང་གི་ཁྱབ་ཁོངས་ཏེ་ཞིན་ཨན་ལིན་ཕྱི་མ་དང་། ཧེ་ལུང་ཅང་གི་ཤར་ངོས། ཁུའུ་ཡེ་གླིང་ཕྲན་ཨུ་རུ་སུར་བསྟབས། དེ་ནི་མན་ཇུ་པ་འུ་ཐུག་པ་ཞིག་ཀྱང་ངོ་། །
མན་ཇུ་པའི་མངའ་རིས་ཤོར་བ་དེ་རྒྱ་ནག་ལ་འབྲེལ་བ་ཅི་ཡང་མེད་དེ། དེང་གི་རྒྱ་ནག་པས་སྔར་གྱི་རང་གི་བདག་པོར་ས་རིས་དོམ་འདེད་བྱེད་པའི་རྩིས་ཐང་ཅི་ཞིག་ཡོད་དམ། སུང་རྒྱལ་རབས་ཀྱི་མཇུག་ལ་གང་སར་སྡེ་གཟར་བྱུང་ཞིང་། བྱང་ཕྱོགས་ཀྱི་སོག་པོ་གསེར་གྱི་གུར་ཅན་རྒྱལ་ཁབ་ཀྱི་སྟོབས་མུ་མཐུད་ནས་ཆེར་བསྐྱེད་དེ་ཤར་ཕྱོགས་སུ་ཁོ་རེ་ཡའི་ཕྱེད་གླིང་དང། ནུབ་ཏུ་ཆུ་བོ་ཏོ་ནོའི་འགྲམ། ལྷོར་ནན་ཧེ། བྱང་དུ་ཞི་པོ་ལི་ཡའི་བར་དུ་སླེབས། ཧྭ་ཞ་མི་རིགས་ཀྱང་སོག་པོའི་དམག་རྟའི་རྨིག་འོག་ལ་བརྫིས་ནས་རྒྱལ་ཁབ་ཤོར། སྟོབས་ཀྱིས་དྲེགས་པའི་བཙན་འཛུལ་པ་སྟེ་སོག་པོ་རྣམས་རང་རྒྱལ་མི་དམངས་ཀྱིས་འགོག་མ་ནུས་པར་རྒྱལ་ཁབ་འཇིག་ཅིང་བྲན་ཁོལ་དུ་སོང་། ལ་ལས“ད་ལྟའི་རྒྱ་ནག་རྒྱལ་ཁབ་ལ་སོག་རིགས་ཡོད་པའི་རྒྱུ་མཚན་གྱིས་སོག་པོའི་ལོ་རྒྱུས་ནི་རྒྱ་ནག་གི་ལོ་རྒྱུས་ཡིན”ཟེར། སོག་དམག་གི་རྟའི་རྨིག་པ་སྔ་སོར་ཡོབ་ས་སྐམ་ས་ཆེན་པོའི་ཁྱོན་ལ་བརྡབས་མྱོང་།
རྒྱལ་ཁབ་མང་པོར་སོག་པའི་རྒྱུད་པ་མཆིས། སོག་རིགས་ནི་ཨུ་རུ་སུར་ཡོད་ལ་ཝུའུ་ཁི་ལན་དུ་ཡང་ཡོད། ཧྥིན་ལན་དུ་ཡོད་ལ་ཨེ་རན་དུ་ཡོད། ཐུར་ཁེར་ཡོད་ལ་ཞུང་ཡ་ལིར་ཡང་ཡོད། དེ་བཞིན་རྒྱ་གར་ལ་སོགས་པའི་རྒྱལ་ཁབ་མང་པོར་ཡོད་པ་ཡིན་གྱི། རྒྱ་ནག་གི་རྒྱལ་ཁབ་ཁོ་ནར་ཡོད་པ་མ་ཡིན། གལ་སྲིད་རྒྱ་ནག་གིས་སོག་པོའི་རྒྱལ་ཁབ་ལ་བརྟེན་ནས་ལབ་བརྒྱབ་པ་ཡིན་ན། ཕོ་ལན་པ་དང་ཞུང་ཡ་ལི་པས་ཀྱང་དེ་ལྟར་ལབ་ཏུ་རུང་། རྒྱ་ནག་གི་མི་རིགས56ལ་ཨུ་རུ་སུ་པ་ཡང་འདུ། ཧ་སག་རིགས་དང་ཁོ་རེ་ཡ་པ་དག་ཀྱང་འདུ། འདི་དག་ཇི་ལྟར་འགྲེལ་བཤད་བགྱི། དེས་ན་ཨུ་རུ་སུ་དང་། ཧ་སག་སི་ཐན། ཁོ་རེ་ཡ་བཅས་ཀྱི་ལོ་རྒྱུས་ཀྱང་རྒྱ་ནག་གི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་ནམ།
ད་དུང་ལ་ལས“ད་ལྟའི་ནང་སོག་ནི་རྒྱ་ནག་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པས། སོག་པོའི་ལོ་རྒྱུས་ནི་རྒྱ་ནག་གི་ལོ་རྒྱུས་ཡིན”ཟེར། ཁོ་བོས་དེ་ནི་མ་རྟོགས་པ་འབའ་ཞིག་རེད་ཅེས་པ་ཙམ་ལས་མི་སྨྲ། ད་ལྟའི་ཨུ་རུ་སུའི་མནའ་སྦྲེལ་གྱི་ཁྲོད་དུ། པུའུ་ལི་ཡ་ཐི་སྤྱི་མཐུན་རྒྱལ་ཁབ་དང་། ཁཱར་མེ་ཁི་སྤྱི་མཐུན་རྒྱལ་ཁབ། ཐ་ཐར་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐུའུ་ཝ་སྤྱི་མཐུན་རྒྱལ་ཁབ་རྣམས་ཀྱང་ཡོད་ལ། དེ་དག་ཀུན་སོག་པོས་བཙུགས་པའི་རྒྱལ་ཁབ་ཡིན་གྱི། རྒྱ་ནག་རྒྱལ་ཁབ་ཀྱི་ཁྲོད་དུ་སོག་རིགས་རང་སྐྱོང་ཁུལ་གཅིག་ཙམ་ལས་མེད་དོ། །
ཨུ་རུར་སུས་སོག་པོ་ཁོང་ཚོར་འདུ་ཞེས་བརྗོད་པའི་རྩིས་ཐང་རང་ཅག་ལས་ཆེ་བ་མ་ཟད། སོག་པོའི་མི་རིགས་ཀྱི་རྩ་བའི་ཡུལ་ཨེ་ཤ་ཡ་དབུས་མ་དང་ཞི་པོ་ལི་ཡ་རྩྭ་ཐང་ཆེན་མོ་གཉིས་ལོ་རྒྱུས་སྟེང་རྒྱ་ནག་ལ་མི་གཏོགས། ཇིང་གིར་རྒྱལ་པོ་འཁྲུངས་སའི་ཨོར་རན་ཆུ་བོ་ཡང་ད་ལྟའི་མོང་གོལ་རྒྱལ་ཁབ་དང་ཨུ་རུ་སུའི་འདྲེས་མཚམས་སུ་མཆིས། བཤད་མཚམས་འདིར་སླེབས་དུས་ཁ་ཅིག་གིས་ཕྱིར་རྒོལ་གྱིས“རྒྱ་ནག་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། མི་རིགས56པོ་ཀུན་ཀྲུང་ཧྭ་མི་རིགས་ཡིན་པ་ལས་རྒྱ་རིགས་ཁོ་ན་མ་ཡིན”ཞེས་ཟེར་སྲིད།
དེ་ལ་ཕྱིར་དྲི་རྒྱུ་ཞིག་ཡོད་པ་ནི་འཛམ་གླིང་སྟེང་དུ་མི་རིགས་མང་བའི་རྒྱལ་ཁབ་མ་ཡིན་པ་དུ་ཙམ་ཡོད། ཨུ་རུ་སུར་མི་རིགས170ཡོད། ཨུ་རུ་སུ་སོག་པོས་དབང་དུ་བསྒྱུར་དུས། སོག་པོས་རྒྱ་ནག་ཆམ་ལ་ཕབ། དེ་ནི་ཨུ་རུ་སུ་པའི་གཟི་བརྗིད་ཅིག་ཡིན་ནམ། དེ་ནི་ཨུ་རུ་སུ་པས་རྒྱ་ནག་དབང་དུ་བསྒྱུར་པ་ལ་བརྩི་འམ། རྒྱ་ནག་གི་མི་རིགས56གི་ཁྲོད་དུ་ཨུ་རུ་སུ་པ་ཡང་ཡོད་པས། རྒྱ་ནག་པའི་གཏན་ཚིགས་ལྟར་ན་སུའུ་ལེན་ཡང་རྒྱ་ནག་ལོ་རྒྱུས་སྟེང་གི་རྒྱལ་རབས་ཤིག་ཅིའི་ཕྱིར་མ་ཡིན།
དོན་དུ“ཀྲུང་ཧྭ་མི་རིགས”ཟེར་བ་ནི་ཆབ་སྲིད་ཀྱི་ཐ་སྙད་ཅིག་ལས་མ་འདས། གནས་ཚོད་ལ་མི་རིགས་དེ་གང་དུ་ཡང་ཡོད་པ་མ་ཡིན། ཨ་རིར་འཛམ་བུ་གླིང་གི་མི་རིགས་ཟེར་ཚད་ཡོད་ཅིང་། གལ་སྲིད་རྒྱ་ནག་གི“ཀྲུང་ཧྭ་མི་རིགས་ཟེར་བ”དེའི་གདགས་གཞི་རྙེད་དུ་རུང་ན། “ཨ་རིའི་མངའ་སྡེ་མནའ་འབྲེལ་”མི་རིགས་ཟེར་བ་ཡང་གདགས་སུ་རུང་། དེ་ལྟར་ན་རྒྱ་ནག་གི་རིགས་པ་ལྟར་ན། འཛམ་བུ་གླིང་གང་པོའི་མི་རིགས་ཡོད་དོ་ཅོག་གི་ལོ་རྒྱུས་རྣམས་ཨ་རིའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པར་འགྱུར།
ཨ་རིའི་གྲངས་ཉུང་མི་རིགས་ཁྲོད་ཀྱི་ཨ་རབ་དང་། ཨ་ཕ་གྷན། དབྱི་རག་ལ་སོགས་པའི་མི་རིགས་ཀྱིས་ཀྱང་གྲངས་ངེས་ཅན་ཞིག་ཟིན་ཡོད་པས། བྷེན་ལ་ཏིན་ཨ་རི་པ་ཡིན་ལ། སཱ་ཏ་མོ་ཡང་ཨ་རི་པ་ཡིན། ཧི་ཧི། གད་མོ་ཅི་ནས་ཀྱང་མ་དགོད་རོགས། འདི་ནི་ད་ལྟའི་རྒྱ་ནག་གཞུང་ཕྱོགས་དང་མི་མང་ཤོས་ཀྱི་ལོ་རྒྱུས་གཏན་ཚིགས་སོ། །
ད་དུང་ཡང་རྒྱ་ནག་པ་མང་པོ་ཞིག་གིས་རང་དགར་བསྐྱུར་མི་སྲིད་པ་ང་ལ་ཡིད་ཆེས་ཡོད་དེ། ཐ་ན་ཁ་ཅིག་གིས“མོང་གོལ་རྒྱལ་ཁབ་ནི་རྒྱ་ནག་ལས་ལོགས་སུ་བཀར་ནས་སྒེར་ཚུགས་སུ་སུ་ཕྱིན་པ་ཞིག་ཡིན་ལ། མོང་གོལ་ནི་གནའ་ནས་བཟུང་རྒྱ་ནག་གི་མངའ་ཁོངས་སུ་འདུ་བས། སོག་པོའི་ལོ་རྒྱུས་ནི་རྒྱ་ནག་གི་ལོ་རྒྱུས་ལས་མ་འདས”ཟེར་བ་མ་ཟད། མི་མང་པོ་ཞིག་གིས་ད་དུང“མོང་གོལ་རྒྱལ་ཁབ་ཕྱིར་བསྡུ་དགོས”ཞེས་ཤབ་ཤུབ་འདོན་པ་ཡང་ཡོད། “སོག་པོ་ནི་ལོ་རྒྱུས་སྟེང་རྒྱ་ནག་ལ་གཏོགས”ཟེར་བ་ནི་རྨོངས་པ་ཤ་སྟག་སྟེ། ལོ་རྒྱུས་སྟེང་སོག་པོ་རྒྱར་གཏོགས་པའི་བཤད་ལུགས་ཤིག་རྩ་བ་ནས་མེད།
དེ་ལས་ལྡོག་སྟེ། སོག་པོས་རྒྱ་ནག་རྩ་བ་ནས་ཆམ་ལ་ཕབ་སྟེ་ལོ་ངོ97གྱི་རིང་ལ་དབང་དུ་བསྒྱུར་ནས(སྤྱི་ལོ 1271-1368)རྒྱལ་ཐོག་ཉི་ཤུ་ཙམ་ཕྱིན། མཱིན་རྒྱལ་རབས་ལ་ཐུག་དུས་ད་གཟོད་སོག་པོ་ལས་ལོགས་སུ་སྒེར་བཙན་ཐོབ་པ་ཡིན།
གལ་སྲིད་ཆིན་བཙན་རྒྱལ་གྱི་ལོ་ངོ296བསྣན་ན(མན་སོག་ཐུན་མོང་གི་འཛིན་སྐྱོང)། རྒྱ་ནག་གི་ལོ་རྒྱུས་སྟེང་སོག་པོས་ཁྱོན་བསྡོམས་ལོ་ངོ400ལ་དབང་བསྒྱུར་པས། རྒྱ་ནག་ཁོ་རང་གི་རིགས་པས་གཞལ་ན“རྒྱ་ནག་ནི་གནའ་ནས་བཟུང་སོག་པོའི་ཆ་ཤས་ཤིག་གོ།” ལོ་རྒྱུས་སྟེང་རྒྱ་ནག་གི་བྱང་མཐར་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཅིག་ཡོད་མྱོང་སྟེ། ཁྱེད་ཅག་གིས་ཀྲའོ་ཅུན་ཕྱི་སྒོར་བུད་པ་དང་སུའུ་ཝུའུ་ཡིས་ལུག་འཚོས་པའི་གཏམ་རྒྱུད་དེ་བརྗེད་མེད་དམ་སྙམ།
རྒྱ་ནག་གི་བྱུང་རབས་རིམ་བརྒྱུད་ལ་སོག་པོ་དབང་དུ་བསྡུས་མ་མྱོང་བ་མངོན་གསལ་ཡིན་ལ། སོག་པོས་རྒྱ་ནག་ཡོངས་སུ་དབང་དུ་བྱས་པ་ཡང་མངོན་གསལ་ཡིན། མཱིན་རྒྱལ་རབས་ཀྱི་སྐབས་སུ་ད་དུང་ཡང་རྒྱལ་ཁབ་གཉིས་ཀྱིས་གཡུལ་འགྱེད་ཀྱིན་མཆིས་སོ། ། ཆིན་རྒྱལ་ཁབ་ཀྱི་དུས་རབས་སུ་མན་སོག་ཐུན་མོང་ནས་རྒྱ་ནག་བདག་སྐྱོང་བྱས་པ་ཡིན་ལ། མན་སོག་སྐུ་དྲག་གི་རིགས་ཕན་ཚུན་གཉེན་དུ་བསྡེབས། སྐབས་དེར་རྒྱ་ནག་མེད་པས། ཆིན་རྒྱལ་ཁབ་ཀྱི་དུས་སྐབས་སུ་ཡང་རྒྱ་ནག་གིས་སོག་པོར་དབང་བསྒྱུར་བྱས་པ་མ་ཡིན་པར། སོག་པོས་རྒྱ་ནག་ལ་དབང་བསྒྱུར་པ་ཡིན།
མི་སེར་རྒྱལ་ཁབ་ཀྱི་དུས་ལ་སླེབས་པ་ན་པེ་དབྱང་དམག་ཤེད་ཅན་ཞུའུ་ཧྲུའུ་ཀྲིན་གྱིས་སྐབས་འཕྲལ་ཙམ་དུ་ཁུར་ལོན་བཟུང་ནའང(1919.11-1920.10སྟེ་ལོ་འཁོར་གཅིག)མི་འགྱང་བར་ཕྱིར་བསྐྲད། སོག་པོས་ཀྱང་གོ་སྐབས་དང་བསྟུན་ནས་ཤོར་ཟིན་པའི་ས་རྣམས་ཕྱིར་བླངས། འཛམ་གླིང་དམག་ཆེན་གཉིས་པ་མཇུག་གྲིལ་བའི་ལོ་དེ་ལ་སོག་དམག་ཀྲང་ཅ་ཁི་ལས་ཐོན་ཏེ་ཐད་ཀྱིས་པེ་ཅིང་ལ་འཇིགས་སྣང་བསྐུལ། ཀྲུང་གོ་གསར་བ་དབུ་བརྙེས་དུས་ཀྲུང་གོས་ཕྱི་སོག་ལ་དམག་མངགས་མྱོང་། (བོད་དང་ཤིན་ཅང་ལ་དམག་མངགས་ནས་བཟུང་བའི་སྐབས་དེ་ཉིད་ཀྱང་ཡིན།)དམག་མི་ཁྲི20ཕྱིན་ནས་ཕྱིར་སླེབས་པ་སྟོང3ཡིན་ནོ། །
དེའི་ཕྱིར། ཉེ་བའི་ལོ་ངོ་བརྒྱ་ཕྲག་གི་ཡུན་ལ་སོག་པོ་ཉམས་རྒུད་དུ་གྱུར་མོད། རྒྱ་ནག་ཀྱང་དེ་བཞིན་རླུང་རྟ་མར་འགྲོའི་གནས་སུ་ལྷུང་། དེ་བས་སོག་པོ་ནི་རྒྱ་ནག་གི་མངའ་རིས་ལ་གཏོགས་ཞེས་པ་དེ་རྒྱ་ནག་པའི་ལྟ་སྟངས་ཀྱིས་ངོས་ནས་ཀྱང་ཤིན་ཏུ་བཙན་སྦྱོར་ཞིག་ཡིན་ལ་ཤིན་ཏུ་བཙན་རྒྱལ་རིང་ལུགས་ཤིག་གོ ། གོ་བདེ་བར་བཤད་ན། སོག་པོ་ནི་སྐབས་གང་དུ་ཡང་རྒྱའི་ཆ་ཤས་ཤིག་མ་ཡིན་ནོ། ། རྒྱ་ནག་གི་རིགས་པས་གཞལ་ན་རྒྱ་ནག་མ་ཟད་ཐ་ན་ཡོབ་ཡ་སྐམ་ས་ཆེན་པོ་ཡོངས་གནའ་ནས་སོག་པོའི་ཆ་ཤས་ཤིག་ཡིན་པར་འགྱུར།
གལ་སྲིད་སོག་པོ་ཡང་རྒྱའི་ཁོངས་སུ་བརྩི་དགོས་ན། སོག་པོས་ཡོབ་ཡ་སྐམ་ས་ཡང་བཟུང་མྱོང་བས་དེ་ཀུན་ཀྱང་རྒྱ་ནག་གི་ཡིན་པར་འགྱུར། ཨུ་རུ་སུ་ཡང་རྒྱ་ནག་གི་ཁོངས་འདུ་དགོས་པས་ད་ལྟ་ཁྱེད་ཅག་གིས་ཕྱིར་མི་བསྡུ་དོན་གང་ཡིན་ནམ། ལྷག་པར་ཡང་ཁ་ཅིག་ཚད་ལས་འདས་ཏེ“སོག་པོ་རྣམས་ད་ལྟ་རྒྱ་ནག་རིག་གནས་ཀྱིས་རིགས་བསྒྱུར་བྱས་ཟིན་པས། སོག་པོའི་ལོ་རྒྱུས་ནི་རྒྱ་ནག་ལོ་རྒྱུས་ཡིན”ཞེས་སྨྲ།
ལྟ་ཚུལ་འདི་ལ་མ་གཞིར་ཁོ་བོས་གསལ་བཤད་མང་དུ་བགྱི་མི་འདོད་དེ། དེ་ནི་དངོས་གནས་འཆལ་གཏམ་མདོ་མེད་སྙིང་རྗེ་བའི་ཡུལ་ཞིག་ཡིན་པས་སོ། ། འོན་ཀྱང་བསམ་ཡུལ་ལས་འདས་པ་ནི་ད་ལྟའི་དུས་འདིར་སྐད་ཆ་གང་དེ་འཁུར་དུ་ལེན་མཁན་གྱི་མི་ཡང་མི་ཉུང་ཙམ་མཆིས། སོག་པོ་རྣམས་རྒྱ་ནག་གིས་རིགས་བསྒྱུར་བྱས་ཟིན་པར་སྒྲོགས་མཁན་དག་ལ་ད་ལྟའི་སོག་པོ་དག་གིས་རྒྱ་སྐད་སྨྲ་བཞིན་ཡོད་དམ། ཅིའི་ཕྱིར་ད་ལྟའི་མོང་གོལ་རྒྱལ་ཁབ་ཀྱི་སོག་པོ་དང་ཨུ་རུ་སུའི་སོག་པོ་དག་གིས་ད་རུང་ཡང་སོག་སྐད་དང་ཨུ་རུ་སུའི་སྐད་སྨྲ་བ་ཡིན། ཅིའི་ཕྱིར་ཨེ་ཤ་ཡ་ནུབ་མ་དང་དབུས་མའི་སོག་པོ་དག་གིས་པར་ཟིག་གི་སྐད་སྨྲ་བ་ཡིན། ཞེས་འདྲིའོ། །
སོག་པོས་ཨུ་རུ་སུ་དབང་དུ་བསྒྱུར་དུས་གཞི་རྒྱ་ཆེན་པོའི་སྒོ་ནས་ཏུང་ཀྲིན་ཆོས་ལུགས་ཀྱི་ཆོས་ཁང་བརྩིགས་མོད། ཁོང་ཅག་གིས་རྒྱ་ནག་རིག་གནས་ལ་ནི་ནམ་ཡང་མཐོང་ཆུང་གི་རྣམ་འགྱུར་བཟུང་བ་ཡིན། ཡོན་བཙན་རྒྱལ་གྱི་ལམ་ལུགས་ཏེ། དཔོན་གཅིག་གཡོག་གཉིས་བཙུན་པ་གསུམ་ཏའོ་ལུགས་པ་བཞི་ལྷ་རྗེ་ལྔ་ལག་ཤེས་པ་དྲུག་གར་མ་བརྒྱད་བཞུ་ལུགས་པ་དགུ་སྤྲང་པོ་བཅུ་ཐམ་པའོ། ། འདི་ལས་བཞུ་ལུགས་པ་ནི་སྨད་འཚོང་མ་ལས་རིམ་པ་གཅིག་གིས་དམའ་ཞིང་སྤྲང་པོ་ལས་རིམ་པ་གཅིག་གིས་མཐོ་བ་ཙམ་མོ། ། ཡོན་ཐིན་ཧྥེ་ཡི་སྐད་ཆ་དུམ་བུ་ཞིག་དྲངས་ན། སེ་ཆེན་ཧན་ལ་རྒྱ་ཞད་ཅུང་ཟད་འདྲེས་ནའང་། རྒྱ་སྐད་ཆ་ལེ་ཆོ་ལེ་ཤེས་པ་ཙམ་མོ། །
སོག་པོས་རྒྱ་ནག་གི་བདག་པོ་བྱས་པ་ནས་བཟུང་། སོག་པོའི་གོང་མ་དག་གིས་རྩ་བའི་ཆ་ནས་རྒྱ་སྐད་ཙམ་ཡང་མི་མཁྱེན་ན། ཆ་ཡོངས་ནས་ཕྱི་རྒྱལ་པས་རྒྱ་ནག་དབང་དུ་བསྒྱུར་པ་ཡིན། སོག་པོས་ཕྱོགས་སུ་མངགས་པའི་ད་ར་ཁ་ཆེ་དག་གིས་ཀྱང་རྒྱ་སྐད་མི་མཁྱེན། སོག་པོའི་ལོ་རྒྱུས་བསྟན་བཅོས་ལས་དཔེ་གཅིག་བཞག་ན། པར་ཟིག་ག་འདྲ་ཡིན་པ་དང་ཨེ་ལག་སན་ཊར་ག་འདྲ་ཡིན་པ་དེ་བཞིན་ཡིན་ཏེ། ཁོང་ཅག་གིས་རྒྱ་ནག་དབང་དུ་མ་བསྒྱུར་པའི་གོང་རོལ་དུ་དབྱི་སི་ལན་གྱི་ཤེས་རིག་དང་མ་ཤུ་ཀའི་ཤེས་རིག་ལ་འབྲེལ་བྱུང་ཟིན། དེ་བས་བཞུ་ལུགས་རིག་གནས་ཀྱིས་དབང་དུ་བསྡུ་ནུས་པ་མ་ཡིན། སོག་པོས་ཅི་ཡང་མཐོང་མྱོང་ལ་ཆོས་གང་ལ་ཡང་དད། སོག་པོའི་གོང་མ་མང་ཤོས་མ་ཤུ་ཀའི་ཆོས་ལ་དད་པས་རྒྱ་ནག་གི་རིག་གནས་ཀྱང་དེ་ཙམ་མཚར་དུ་མི་འཛིན་པའི་རྣམ་འགྱུར་སྟོན།
ཡོན་རྒྱལ་རབས་ནི་རྒྱ་ནག་གི་ལོ་རྒྱུས་སྟེང་ལན་དང་པོར་རྒྱལ་ཁབ་འཇིག་བྱེད་ཅིག་ཡིན་པས་དེ་ལ་དྲན་གསོའི་རིན་ཐང་ཡོད་པ་མིན་ལ་དེ་ལས་ཀྱང་ང་རྒྱལ་དུ་འཛིན་མི་རིགས། ཁྱེད་རང་གཞན་གྱིས་བསྣུབས་ནའང་། ཁྱོད་ཀྱིས་ད་དུང་བཟང་རབས་བཤད་ན་ངོ་ཚ་བའི་གནས་སོ། ། ཏཱ་ཡོན་ཞེས་པའི་རྒྱལ་ཁབ་ཀྱི་མཚན་མིང་འདི་ཙམ་ནི་སོག་པོས་རྒྱ་ནག་པའི་མགོ་གཡོག་བྱེད་ཅིག་ཡིན་ཏེ། སོག་པོས་རྒྱ་ནག་བཟུང་ཞིང་སོག་པོའི་ཆ་ཤས་ཤིག་ཏུ་བསྒྱུར་རྗེས། རྒྱ་མིའི་རྣམ་དག་གི་འདུ་ཤེས་གཟུ་ལུམ་དུ་སྤྱད་དེ་ཏཱ་ཡོན་ཞེས་པའི་མིང་གཞན་ཞིག་གིས་རྒྱའི་མགོ་གཡོག་པ་ཡིན་མོད། སོག་པོ་རང་གི་ནང་ཁུལ་དུ་སྔར་བཞིན་ཐའོ་ལེ་ཧན་རྒྱལ་ཁབ་ཅེས་འབོད་པར་བྱེད། དེ་ནི་ཚ་ཧར་ཐའེ་ཧན་རྒྱལ་ཁབ་ཟེར་བ་ལ་སོགས་པ་གཞན་དག་ལྟ་བུའོ། ། སོག་པོ་དག་དངོས་གནས་མཛངས་པ་སྟེ། གླེན་རྨོངས་ཀྱི་ཁྱུ་ཚོགས་ཤིག་གི་མགོ་གཡོག་ནས་ལོ་ངོ700འདས…… སོག་པོས་བཙུགས་པ་ནི་མོང་གོལ་བཙན་རྒྱལ་ཆེན་མོ་ཡིན་ལ། དེ་ནི་གླིང་ཧྲིལ་པོས་ཤེས་པ་ཞིག་ཀྱང་ཡིན།
སྐབས་དེའི་རྒྱ་ནག་ནི་སོག་པའི་སྐྱ་དམག་གི་རྨིག་ལྕགས་འོག་ནས་འཇིག་པའི་རྒྱལ་ཁབ་གྲངས་མེད་པའི་གྲས་ཀྱི་གཅིག་ཡིན་ཅིང་མི་སེར་སྤེལ་ཡུལ་ཙམ་མོ། ། དེ་ལས་གཞན་ཅི་ཡང་མིན། མོང་གོལ་བཙན་རྒྱལ་དང་རྒྱ་ནག་གི་བར་གྱི་འབྲེལ་བ་ནི་དབྱིན་ཆེན་མོའི་བཙན་རྒྱལ་དང་རྒྱ་གར་གྱི་འབྲེལ་བ་བཞིན་ཏེ། ཇིང་གིར་རྒྱལ་པོ་དང་རྒྱ་ནག་པའི་འབྲེལ་བ་ནི་རྒྱལ་མོ་ཝེ་ཏོ་ལི་ཡ་དང་རྒྱ་གར་བའི་འབྲེལ་བ་བཞིན་ནོ། ། དབྱིན་ཆེན་མོའི་བཙན་རྒྱལ་གྱིས་རྒྱ་གར་བཟུང་ནས་རྒྱ་གར་ནི་རང་གི་མི་སེར་སྤེལ་དུ་བྱས་མྱོང་། རྒྱ་ནག་པས་མོང་གོལ་བཙན་རྒྱལ་རང་གི་རྒྱལ་རབས་ཤིག་ཏུ་བགྲངས་ཤིང་ཇིང་གིར་རྒྱལ་པོ་རྒྱ་ནག་པའི་གྲས་ལ་བཞག་པ་ནི་རྒྱ་གར་པས་དབྱིན་ཆེན་མོ་རྒྱ་གར་ལོ་རྒྱུས་སྟེང་གི་ཆེས་སྟོབས་ཆེ་བའི་རྒྱལ་རབས་ཤིག་ཏུ་བགྲངས་ཤིང་ཝེ་ཏོ་ལི་ཡ་རྒྱལ་མོ་རྒྱ་གར་བར་བཤད་པ་བཞིན་གྱི་འཆལ་གཏམ་མོ། །
གལ་སྲིད་ཇིང་གིར་རྒྱལ་པོ་རྒྱ་ནག་པ་ཡིན་པར་སྨྲ་ན། མོང་གོལ་རྒྱལ་ཁབ་ཆེན་པོ་བཞིའི་གནས་ཡུལ་ཏེ། ཨུ་རུ་སུས་ཇིང་གིར་རྒྱལ་པོ་ཨུ་རུ་སུ་ཡིན་པར་སྨྲ་ཆོག་གམ། དབྱི་རག་གིས་ཇིང་གིར་རྒྱལ་པོ་པར་ཟིག་པ་ཡིན་པར་སྨྲ་ཆོག་གམ། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་དག་གིས་ཇིང་གིར་རྒྱལ་པོ་རང་རང་གི་རྒྱལ་ཁབ་ཀྱི་མི་ཡིན་པར་སྨྲ་ཆོག་གམ།
དེས་ན་སེ་ཆེན་ཧན་ནི་རྒྱ་ནག་རྒྱལ་ཁབ་ཀྱི་མི་ཡིན་ནམ་ཞེ་ན། སེ་ཆེན་ཧན་གྱིས་རྒྱ་ནག་ཏུ་ཐེངས་དང་པོར་སོག་པོའི་སྲིད་དབང་བཙུགས། རྒྱ་ནག་གི་དབང་སྒྱུར་པ་མ་ཡིན་པའི་གོང་རོལ་དུ་ཁོང་རྒྱ་ནག་པ་མ་ཡིན། གལ་སྲིད་རྒྱ་ནག་པ་ཡིན་པའི་དབང་དུ་བཏང་ན་ཡང་ཡོན་རྒྱལ་རབས་བཙུགས་པའི་སྐད་ཅིག་གི་ཡུན་ལ་རྒྱ་ནག་པར་གྱུར་པ་ཡིན་སྲིད། རྒྱུ་མཚན་ནི་ཁོ་རང་རྒྱ་ནག་གི་དབང་སྒྱུར་པ་ཡིན་པས་རྒྱ་ནག་པར་གྱུར་པ་རེད། འདི་ནི་གཏན་ཚིགས་དང་མཐུན་ནམ་མི་མཐུན། གལ་སྲིད་མཐུན་ན་ཁོང་རང་སོག་པོ་དང་། ཨུ་རུ་སུ་པ་དང་། ཨ་རབ་པ་ལ་སོགས་པ་ད་དུང་གཞན་དང་གཞན་རྣམས་ཀྱང་ཡིན་སྲིད། འདི་གཏན་ཚིགས་དང་མཐུན་ནམ། མི་མཐུན་པ་མངོན་གསལ་ཡིན་པས། སེ་ཆེན་ཧན་རྒྱ་ནག་པར་བརྩི་ཐབས་མེད་དོ། །
གལ་ཏེ་སེ་ཆེན་ཧན་རྒྱ་ནག་པ་ཡིན་ན། པ་ཏུའུ་ནི་ཨུ་རུ་སུ་པ་ཡིན་ལ། ཞུའུ་ལེ་ཐུའུ་ནི་པར་ཟིག་པ་ཡིན། ཇིང་གིར་རྒྱལ་པོ་ནི་དོན་དུ་རྒྱལ་ཁབ་གང་གི་ཡིན་པའང་ཤེས་མི་ནུས། ཁྱེད་ཅག་གིས་བསམ་ན་བསམ་བློ་གཏོང་སྟངས་འདི་བྱུང་རྒྱལ་ཡིན་ནམ། ཅིའི་ཕྱིར་རང་སྟེང་ལ་བསྐོར་ན་དེ་འདྲའི་ཡང་དག་པར་གྱུར་པ་ཡིན་ནམ།
2004ལོར་མོང་གོལ་ཝུའུ་ལན་པ་ཐའོ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨུར་ཏི་ལེ་ཀིན་གྱིས་འཇར་པན་ལ་འཚམ་འདྲི་བྱས། འཇར་པན་གྱི་བརྙན་འཕྲིན་ཁངNHKཡིས་བཅར་འདྲི་དང་ལེན་བྱེད་དུས་ལོ་དེའི་ཨེ་ཤ་ཡ་རྟགས་མའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་སྟེང་རྒྱ་ནག་གིས་འཇར་པན་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ལ་དམིགས་ནས“རྒྱ་ནག་པས་ངེད་ཅག་གི་རྒྱལ་ཁབ་དང་མི་རིགས་ཀྱི་རླབས་ཆེ་བའི་དཔའ་བོ་ཆེན་པོ་སྟེ་ཁོ་ཚོ་ཆམ་ལ་འབེབས་མཁན་ཐེ་མི་ཅིན་ནི་ཁོ་རང་ཚོའི་མེས་པོ་དང་དཔའ་བོར་བརྩི།
ངེད་ཅག་གིས་ཁོ་ཚོར་མི་སེར་སྤེལ་བའི་ལོ་རྒྱུས་དེ་ཁོ་ཚོའི་ཆེས་སྟོབས་བཙན་གྱི་ལོ་རྒྱུས་སུ་བྱེད། གླེན་པ་གཏི་ཐུག་གི་གཏན་ཚིགས་ལྟ་བུ་འཛིན་པའི་མི་རིགས་ཀྱི་ཁྱུ་འདིས་ཐོབ་ཐང་ཅི་ཞིག་གི་ངོས་ནས་ཁྱེད་ཅག་གི་རྒྱལ་ཁབ་ཀྱི་མི་རིགས་ལོ་རྒྱུས་ལྟ་བར་ཁས་ལེན་མི་སྟེར་བ་དང་། ཐོབ་ཐང་ཅི་ཞིག་གི་ངོས་ནས་ཁྱེད་ཅག་གི་མི་རིགས་དཔའ་བོ་སྟེ་སྐབས་དེར་ཁོ་ཚོར་བཙན་འཛུལ་བྱེད་མཁན་གྱི་དམག་འཁྲུག་གི་མཐོ་རིམ་ཉེས་ཅན་ཟེར་བ་དག་ལ་རྒོལ་བ་ཡིན། ངས་བསམ་ན་ཐོབ་ཐང་དེ་མི་འདུག”ཅེས་གསུངས་མྱོང་།
ལུའུ་ཞུན་གྱིས《དཔེ་ཆ་གང་འདོད་ལྟར་སློག་པ》ཞེས་པའི་ཁྲོད་དུ“ཆུང་ངུའི་དུས་སུ་ཁོ་བོས་རྒྱ་ནག་ལ་ཕན་ཀུའུ་ཡིས་གནམ་ས་གོ་ཕྱེ་བའི་རྗེས་ལ་ཧོང་གསུམ་དྷི་ལྔ་ཡོད་ཅིང་། སུང་རྒྱལ་རབས། ཡོན་རྒྱལ་རབས། མིན་རྒྱལ་རབས། ‘བདག་ཅག་ཆིང་ཆེན་མོ’རྣམས་ཡོད་པར་ཤེས་ལ། ལོ་ན་ཉི་ཤུར་སོན་དུས་ཡང‘རང་ཅག་གི’ ཇིང་གིར་རྒྱལ་པོས་ཡོ་རོབ་གླིང་ཆམ་ལ་ཕབ་ཅིང་རང་ཅག་ཆེས་དགྱེས་དགྱེས་བྱས་ཆོག་པའི་དུས་རབས་ཤིག་ཡིན་པ་གོ ལོ་ཉེར་ལྔ་ལ་སོན་དུས་ད་གཟོད་ཆེས་དགྱེས་དགྱེས་བྱས་ཆོག་པའི་དུས་རབས་དེ་ནི་དོན་དུ་སོག་པོས་རྒྱ་ནག་ཆམ་ལ་ཕབ་ཅིང་རང་ཅག་བྲན་ཁོལ་དུ་བཅུག་པ་ཤེས། ད་ལོའི་ཟླ་བརྒྱད་པའི་ནང་ལ་གཏམ་རྒྱུད་ཅིག་འཚོལ་ཕྱིར་སོག་པོའི་ལོ་རྒྱུས་དེབ་གསུམ་སློག་པ་ཡིན།
ད་གཟོད་སོག་པོས་ཨུ་རུ་སུ་དབང་དུ་བསྒྱུར་ཅིང་། ཞུང་ཡ་ལི་དང་ཨོ་ཏི་ལི་ཡང་དབང་དུ་བསྒྱུར་པ་ཤེས། ད་དུང་རྒྱ་ནག་ཡོངས་དབང་དུ་མ་བསྒྱུར་པའི་གོང་རོལ་དུ་སྐབས་དེའི་ཇིང་གིར་རྒྱལ་བོ་ད་དུང་རང་ཅག་གི་ཧན་མ་ཡིན་ཞིང་། ཨུ་རུ་སུ་པ་བྲན་བགྱིས་པའི་ལོ་རྒྱུས་ཀྱི་ཐོབ་ཐང་རང་ཅག་ལས་སྔ། ཁོང་ཅག་གིས‘ངེད་ཚོའི’ཇིང་གུར་རྒྱལ་པོས་རྒྱ་ནག་ཆམ་ལ་ཕབ་མྱོང་བའི་སྐབས་དེ་ནི་ངེད་ཅག་ཆེས་དགྱེས་དགྱེས་བྱས་ཆོག་པའི་དུས་རབས་ཡིན་ཞེས་སྨྲ་བར་འོས་སོ།།” ཞེས་བྲིས།
མོང་གོལ་རྒྱལ་ཁབ་དང་ཨུ་རུ་སུ་ནི་མོང་གོལ་བཙན་རྒྱལ་གྱི་འཛིན་སྐྱོང་པ་ཡིན་ལ་རྒྱ་ནག་མ་ཡིན། སོག་པོས་ཨུ་རུ་སུ་ལོ་ངོ250ལ་དབང་དུ་བསྒྱུར་ཅིང་། དེའི་ཕྱིས་ཀྱི་ལོ་ངོ400ལྷག་གི་ཡུན་ལ་ཨུ་རུ་སུ་དང་ཁྲག་རྒྱུད་ཆེས་ཆེར་འདྲེས་པར་སོང་། ཡོ་རོབ་ཀྱི་རྒྱལ་ཁབ་དག་གིས་ད་ལྟ་ལ་ཐུག་གི་བར་དུ་ད་དུང་ཡང་ཨུ་རུ་སུ་པར་ཇིང་གིར་རྒྱལ་པོའི་བུ་རབས་ཚ་རྒྱུད་ཅེས་འབོད། ཡོ་རོབ་པ་ལ་གཏམ་དཔེ་ཞིག་ཡོད་དེ། ཨུ་རུ་སུ་པ་གཅིག་གི་ཁོག་ན། ཐ་ཐར་པ(སོག་པོ)གཅིག་སྦྲུམ་ཡོད། ཅེས་ཟེར་ཞིང་། ཨུ་རུ་སུ་པ་བརྟུལ་ཕོད་གཡུལ་ལ་དཔའ་བའི་གཤིས་ནི་སོག་པོའི་ཤན་ལས་བྱུང་བ་ཡིན། དུས་རབས19པ་ལ་ཐུག་གི་བར་དུ་ད་དུང་ཡང་ནུབ་གླིང་གི་རྒྱལ་ཁབ་དག་འཇིགས་སྣང་གིས་ཨུ་རུ་སུར“སོག་དཀར་པོ”ཞེས་འབོད།
མོ་སི་ཁོ་དང་ཁི་ལིན་མོ་ལིན་གཉིས་ཀ་སོག་པོའི་གྲུབ་འབྲས་ཡིན་ཏེ། ཐ་ཐར་སོག་པོས་གང་དེ་དབང་དུ་མ་བསྒྱུར་པའི་སྔོན་ལ་ཨུ་རུ་སུའི་ལྟེ་བ་ནི་ཅིས་ཧྥུའུ་ཡིན་ལ། སྐབས་དེའི་མོ་སི་ཁོ་ནི་ས་ཞིང་དང་ནགས་ཚལ་གྱིས་ཁྱབ་པའི་གནས་ཤིག་ཡིན་མོད། སོག་པོའི་དབང་བསྒྱུར་འོག་ཏུ་རིམ་གྱིས་མོ་སི་ཁོས་རང་གི་གོ་གནས་དང་རྒྱུ་ཤུགས་དབང་དུ་ཆུད་པར་བྱས་ཏེ་ཨུ་རུ་སུའི་གསར་དར་གྱི་སྟོབས་ཤུགས་ལ་གྱུར། ཁི་ལིན་མོ་ལིན་ཀྱང་དེའི་ཟླ་ལ་རྒྱ་བསྐྱེད་དེ་ཨུ་རུ་སུའི་ཆབ་སྲིད་དང་དཔལ་འབྱོར། དམག་དོན་གྱི་ལྟེ་བར་གྱུར། ཁི་ལིན་མོ་ལིན་ཟེར་བའི་མིང་འདི་ཡང་སོག་སྐད་ཡིན་ཏེ། དོན་ནི་རྫོང་འགག་གོ། ཝུའུ་ཁི་ལན་ཡང་སོག་སྐད་དེ་མཐའ་མཚམས་ཀྱི་དོན་ནོ། །
ཁཱར་མར་ཁེ་སི་ཡིས“མོ་སི་ཁོའི་དར་རྒྱས་ནི་ཐར་ཐར་པའི་འཆིང་སྒྲོག་ལས་བྱུང་ཞིང་། ད་ལྟའི་ཨུ་རུ་སུ་ནི་མོ་སི་ཁོ་ལས་མཆེད་པ་ཡིན། ”ཞེས་གསུངས། ཨུ་རུ་སུའི་གོང་མས་ནུབ་ཕྱོགས་ལ་ཧྲ་ཧོང་ཞེས་དང་ཤར་ཕྱོགས་ལ་ཙ་ཀུན་ཧན་(སོག་སྐད་དེ་དར་ཧན་དཀར་པོའི་དོན)ཞེས་བསྒྲགས། ཞོར་ལ་མོང་གོལ་བཙན་རྒྱལ་གྱི་ཟིལ་ཤུགས་སྤྱད་དེ་ཨེ་ཤ་ཡ་དབུས་མ་དང་ཞི་པོ་ལི་ཡའི་ཡུལ་ཁམས་གསར་དུ་སྤེལ། ཁཱ་ཧྲན་ཧན་རྒྱལ་ཁབ་དང་ཨ་ལ་སི་ཐི་ལ་ཧན། ཞི་པོ་ལི་ཡ་ཧན། ཁི་ལི་མིས་ཡ་ཧན། རོད་གེ་ཧན་གྱི་སོག་པོའི་ཐ་ཐར་སྐུ་དྲག་དག་ཕྱིས་སུ་ཨུ་རུ་སུའི་གུང་རྗེ་ཡི་ལས་ཀྱི་སྣེ་མོ་བར་གྱུར་ཏེ་གུང་ཆེན་མོ་དང་ཝང་ལ་སོགས་པ་སྐུ་དྲག་གི་རུས་ཀྱི་མཆེད་ཁོངས་སུ་སོང་། ཧྲ་ཧོང་ཁྱིམ་རྒྱུད་ལ་ཡང་སོག་པོའི་ཁྲག་རྒྱུད་འདྲེས་པ་སྟེ། དབྱི་ཧྥན་ཁྲི་རབས་བཞི་པའི་མ་ཡུམ་ཡེ་ལེ་ནཱ་ནི་ཇིང་གིར་རྒྱལ་པོའི་གདུང་རྒྱུད་འཁྲུལ་མེད་ཡིན་པ་ནས་པིས་ཏི་གོང་མ་ཆེན་པོ་ལ་ཐུག་གི་་བར་དུ་ཟམ་མ་ཆད། །
ལེ་ཉིན་གྲོང་ཁྱེར་དུ་བཞི་ཆའི་གཅིག་ནི་སོག་པའི་རྒྱུད་པ་ཡིན་ལ། སོག་པོ་ཐ་ཐར་གྱིས་ཨུ་རུ་སུར་རིགས་རྒྱུད་སྤེལ་བ་མ་ཟད། ཆབ་སྲིད་ལམ་ལུགས་དང་། ཁྲལ་སྡུད་ལམ་ལུགས། སྒོ་ཁྲལ་ལམ་ལུགས། དམག་དོན་ལམ་ལུགས་ཀྱང་སྤེལ། སོག་པོས་ཨུ་རུ་སུར་པོ་ལི་སི་དང་ཧྥེ་ཏིར་ཀི་ཏུའུ་ནོ་ཧྥུའུ་གོང་མ་གཉིས་དང་། སོ་ལོ་མིན་ཉིས་ཡ་ས་པུའུ་ལོ་ཝ་དང་། ཡེ་ལི་ནཱ་ཀི་ལིན་སི་ཁ་ཝ། དབྱི་ལིན་ནཱ་ཀི་ཏུའུ་ནོ་ཝ། ན་ཐ་ལིས་ཡ་ནཱ་ཧྲོན་ཧྲིས་ཅིན་ནཱ་མར་ཧྥ་ཨ་ཕུའུ་ལ་ཁི་ཞིས་ནཱ། ཡེ་ཧྥུའུ་ཏོ་ཅི་ཡ་ས་པུའུ་ལོ་ཝ། བཅས་བཙུན་མོ་དྲུག་རྣམས་ཆབ་སྲིད་ཀྱི་གར་སྟེགས་སུ་བསྐྱལ།
དེ་བཞིན་སོག་པོ་ཐ་ཐར་པས་རྟ་ཟམ་དང་དམག་དོན་འཐབ་ཇུས་དང་འཐབ་རྩལ་ཀྱང་ཨུ་རུ་སུ་པར་བརྒྱུད་སྤྲོད་གནང་བ་སྟེ། དཔེར་ན་མིང་དུ་གྲགས་པའི་དམག་སྤྱི་ ཡུག་ལི་མེ་ཞེར་སི་ཅིས་ཧན་དང་། ཨན་ཏི་ལེ་ཞེར་ཅིས་ཙོ་ཧྥུའུ། ཡེར་མོ་ལོ་ཧྥུའུ། ཏོ་ཧི་ཐའོ་ལོ་ཧྥུའུ། མ་ཆིག་ཧྲིས་ཅིན། མོར་ཏི་ཝེ་ནོ་ཧྥུའུ། ཡེ་ཕཱན་ཆན། པིས་ལིས་ལེ་ཧྥུའུ། རིས་ལིན་སི་ཅི། ཞེར་པ་ཆའེ་ཧྥུའུ་ལ་སོགས་པའི་དམག་སྤྱི་དང་ཚན་རིག་གི་འདྲེན་པ་ཆེན་པོ་ཅེ་ལེ་ཧྥུའུ། མེ་ཆིར་ཁི་ཧྥུའུ། པ་པུའུ་ལོ་ཧྥུའུ། ཅིས་མིས་ལི་ཡ་ཙེ་ཧྥུའུ་སོགས་དང་། དེ་བཞིན་ལོ་རྒྱུས་རིག་པའི་མཁས་པ་ཁན་ཅའེ་མིས་ཨར། ཁཱ་ལ་མུའུ་ཅིན་དང་། ས་ཁམས་མཁས་པ་ཆའེ་ལིག་སི་ཅིན། ཆིས་ལིས་ཁི་ཧྥུའུ་སོགས་པ་ཡང་སོག་པའི་རྒྱུད་པ་ཡིན་ནོ། །
ཨུ་རུ་སུའི་ཁ་རྒྱུན་ལ་ཨུ་རུ་སུའི་མི་ལ་བརྟག་ན། ཐ་ཐར་པ་གཅིག་མངོན་པར་འགྱུར། ཞེས་དང་། ཏི་མའེ་སི་ཐིས་ཀྱང“ཨུ་རུ་སུ་པ་གཅིག་བཟུང་བ་ནི་ཐ་ཐར་པ་གཅིག་བཟུང་བ་དང་མཚུངས་སོ”ཞེས་གསུངས་ལ། སོག་པོ་ཐ་ཐར་པས་ཨུ་རུ་སུར་ཐེབས་པའི་ཤན་ནི་ཆེས་གཏིང་ཟབ་པས། ཨུ་རུ་སུ་པ་ནི་ནུབ་གླིང་གི་ཤར་ཕྱོགས་པ་ཡིན་ལ། ཤར་གླིང་གི་ནུབ་ཕྱོགས་པ་ཡིན་པའི་ལྟ་ཚུལ་ཞིག་ཆགས་པར་གྱུར། དེ་ལས་གཞན་ཐ་ཐར་པས་ཨུ་རུ་སུའི་རིག་གནས་སྒྱུ་རྩལ་ལ་ཡང་རྐང་རྗེས་གསལ་ཅིང་ཟབ་པ་བཞག ཨུ་རུ་སུའི་རྩོམ་རིག་གི་ཐད་ནས་རླབས་ཆེ་བའི་བརྩམས་སྒྲུང་རྩོམ་པ་པོ་གསུམ་གྱི་ནང་ནས་ཐོ་སི་ཐའོ་ཡེ་ཧྥུའུ་སི་ཅི་དང་། ཐུའུ་ཀི་ཉེ་ཧྥུའུ་གཉིས་སོག་པོའི་རྒྱུད་པ་ཡིན་ལ། སོག་པོའི་རྒྱུད་ལས་འཁྲུངས་པའི་ཐུའུ་ཀི་ཉེ་ཧྥུའུ་འབའ་ཞིག་གིས་ད་གཟོད《དཀར་གཙང་གི་རྩྭ་ཐང》ཞེས་པའི་འཇིག་རྟེན་ན་འགྲན་ཟླ་མེད་པའི་རྩྭ་ཐང་གི་གཏིང་ཟབ་པའི་རྒྱུས་ལོན་དང་ཉམས་ཞིབ་ཀྱི་བརྩམས་སྒྲུང་འབྲི་ནུས་པར་གྱུར་པ་ཡིན། ཞབས་བྲོ་མཁས་པ་ནི་ཝུའུ་ལན་ནོ་ཧྥུའུ་དང་། ཨན་ནཱ་པ་པུའུ་ལོ་ཝ་སོགས་པ་སོག་པོའི་རྒྱུད་པ་ཡིན། ____《འབྲོག་པའི་ཤེས་རིག་ལོ་རྒྱུས》ལས་བདམས། ཡོན་གྱིས་ཡོ་རོབ་དབང་དུ་མ་བསྒྱུར་ལ། རང་ཅག་གི་དར་ཧན་ནི་ཨུ་རུ་སུ་མོང་གོལ་གསེར་གུར་ཧན་རྒྱལ་ཁབ་ཀྱི་དར་ཧན་པ་ཏུའུ་ཡི་ཞབས་གཏོགས་ཡིན་ཞིང་། ཡོན་གོང་མ་གཉིས་པ་ནས་བཞི་པའི་བར་གྱི་གོང་མ་རྣམས་པ་ཏུའུ་ཡི་ཞབས་གཏོགས་ཡིན། དེས་བས་ཨུ་རུ་སུར་སོག་པོ་གླེང་བའི་ཐོབ་ཐང་ཡོད་ཅིང་རྒྱ་ནག་ལ་ནི་སྟོང་ལབ་རྒྱག་པའི་ཐོབ་ཐང་ཙམ་ཡང་མེད་དོ། །
ལོ་རྒྱུས་ཀྱི་བཞིན་རས་ངོ་མ་ཕྱིར་སྤྲོད་རོགས། ཇིང་གུར་རྒྱལ་པོ་དང་ནུའུ་ཨར་ཧ་ཁྲི་གཉིས་རྒྱ་ནག་པ་མ་ཡིན་ལ། དེ་དག་ནི་རྒྱ་ནག་པ་དང་ཉེ་འབྲེལ་ཡོད་པ་ཡང་ངོ་མ་ཡིན། རྒྱུ་མཚན་ནི་ཁོང་ཅག་དང་ཁོང་གི་ཕྱི་རབས་པ་རྣམས་ཀྱིས་རང་གི་མེས་པོར་བཙན་གཡེམ་དང་གསོད་སྦྱོར། དམའ་འབེབས་བྱས་མྱོང་བས། རང་རེའི་ལུས་་སྟེང་ན་ད་དུང་ཡང་ཁོང་ཅག་གི་ཁྲག་བཞུར་གྱིན་ཡོད་པས་སོ། ། མོང་གོལ་བཙན་རྒྱལ་གྱིས་རྒྱ་ནག་ནང་ཁུལ་དུ་རིགས་རྒྱུད་རྩ་རྫོགས་བྱས་པ་ནི་ལོ་རྒྱུས་སྟེང་སྔ་ན་བྱུང་མ་མྱོང་བ་ཞིག་ཡིན། གནོད་འཚེ་ཐེབས་པའི་མི་འབོར་ཡང་འཛམ་གླིང་གི་ཟིན་ཐོར་བྱས་ཆོག དེ་སྤྱི་ལོ1985ལོའི་ཅིས་ཉིས་སི་འཛམ་གླིང་གི་ཟིན་ཐོར་བཀོད་ཡོད།
རིམ་བྱུང་རྒྱ་ནག་གི་ལོ་རྒྱུས་ལ་བལྟས་ན་ངོ་གནོང་བའི་ལོ་རྒྱུས་ཤིག་ཡིན་ལ། རང་ཉིད་རྒྱ་ནག་པར་ཁས་འཆེས་པ་ནི་དོན་དངོས་ཤིག་ཏུ་མཆིས་མོད། དེ་ཡང་ངོ་གནོང་དགོས་པ་ཞིག་རེད། འོན་ཏེ་ངོ་གནོང་དགོས་པ་འདི་ལ་གཡོལ་ཆེད་སོག་པོ་དང་ཐུང་ཀུའུ་སི་ཀུ་པ་རང་གི་མེས་པོར་བྱས་པ་ནི། ངོ་ཚའི་སྟེང་ལ་ངོ་ཚ་བརྩེགས་པ་ཙམ་མོ། །
ལོ་རྒྱུས་ཀྱི་སྟེང་ནས་རྒྱ་ནག་པས་ཡུན་རིང་བོར་ལུས་སེམས་གཉིས་ཀྱིས་མནར་གཅོད་མྱངས་པའི་རྐྱེན་བྱས་ནས་དཔེ་ཆའི་སྟེང་ན་སྔར་མི་ཆེ་གེ་མོ་ཞིག་ཕྱི་ལ་གཡུལ་འཐབ་པར་བསྐྱོད་དུས་ཇི་འདྲ་གྱོང་པོ་ཡིན་པ་མཐོང་ཙམ་གྱིས་ཕ་རོལ་པོ་སུ་ཡིན་ཡང་གསལ་བོར་མ་ངེས་ཙམ་ལ་རྒྱུགས་ནས་དེའི་ཞབས་ལ་མ་གཏུག་རོགས། གལ་སྲིད་འཇར་འགོག་གི་སྐབས་སུ་རང་ཅག་ཕམ་ཞིང་འཇར་པན་པས་རྒྱ་ནག་ཏུ་ཧི་རྒྱལ་རབས་བཙུགས་པ་ཡིན་ན། རང་ཅག་གིས་ཏུང་ཐེའོ་ཡུན་ཅི་ནི་ཆིག་སྒྲིལ་བྱེད་མཁན་གྱི“ཀྲུང་ཧྭ་མི་རིགས”ཀྱི་དཔའ་བོར་བཀུར་དགོས་པ་མ་ཡིན་ནམ། འཇར་པན་བཙན་འཛུལ་དམག་འཁྲུག་ནི“ཀྲུང་ཧྭ་མི་རིགས”ཀྱི་ནང་འཁྲུག་མ་ཡིན་ནམ། འཇར་འགོག་དམག་དཔུང་ནི་མི་རིགས་ཆིག་སྒྲིལ་འགོག་མཁན་གྱི་རྒྱུག་ཁྱི་མ་ཡིན་ནམ།
རྒྱ་ནག་པས་རྒྱུན་པར་ཁོ་རེ་ཡའི་མི་ལ་ངོ་ཚ་མི་འདུག ལོ་རྒྱུས་བསྒྱུར་འདུག་ཟེར་མོད། ཁོ་རེ་ཡའི་མིས་བསྒྱུར་པ་ནི་ཁུང་ཙི་དང་། ཆུའུ་ཡོན། སུན་ཀྲུང་ཧྲན་ལྟ་བུའི་ལོ་རྒྱུས་མི་སྣ་ཆུང་ཆུང་དག་ཡིན་ལ། རྒྱ་ནག་པས་ནི་རྒྱལ་སྤྱིའི་ལོ་རྒྱུས་ཀྱང་བསྒྱུར་དུ་བཏུབ། འདི་ནི་རང་སྐྱོན་རི་འདྲ་བ་མ་རིག་པར་གཞན་སྐྱོན་ཤིག་འདྲ་མཐོང་བ་མ་ཡིན་ནམ། ཡོན་རྒྱལ་རབས་ནི་རྒྱ་ནག་གི་རྒྱལ་རབས་ལ་འདོད་མཁན་གྱི་མི་རྣམས། ཁྱོད་ཚོས་རྒྱུན་པར་འཇར་པན་པས་རྒྱ་ནག་ལ་འགྱོད་བཤགས་ཞུ་དགོས་ཞེས་སྐད་འབོད་སྒྲོག་བཞིན་འདུག
དེས་ན་ཁྱོད་ཅག་གིས་ཡོན་རྒྱལ་རབས་ཀྱིས་ཐོག་མར་འཇར་པན་ལ་བཙན་འཛུལ་བྱས་པར་འགྱོད་བཤགས་མི་ཞུ་དོན་ཅི། མར་ཁེ་སི་མཚན་ཉིད་རིག་པས་རང་ཅག་ལ་འདི་ལྟར་བཤད་ཡོད་དེ། འདུ་ཤེས་ཀྱི་བྱ་དངོས་ཡང་དག་པར་ཕྱིར་སྣང་བྱ་ནུས། དེ་ནི་ཡང་ན་དུས་སྐབས་ལ་ལར་མིའི་རིགས་ཀྱི་འདུ་ཤེས་ལ་ནོར་འཁྲུལ་སྲིད་ནའང་། ཐ་མར་བདེན་ལུགས་ནི་མིའི་རིགས་ཀྱིས་ངོས་འཛིན་བྱ་ནུས་པར་འགྱུར་ཟེར་བ་ཡིན། རྒྱ་ནག་པས་ཐ་མར་ཡོན་ཆིན་རྒྱལ་རབས་གཉིས་བཙན་འཛུལ་བ་ཡིན་པའི་དོན་དངོས་རྟོགས་ནས་ལོ་རྒྱུས་ནི་གནས་ཚོད་ལ་ཕྱིར་སྤྲོད་པར་འགྱུར་སྙམ།
སོག་པོའི་དར་ཧན་རྒྱལ་ཁབ་བཞི་རྒུད་པའི་ཕྱིས་ལ་སྔར་གྱི་གསེར་གུར་ཧན་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཨུ་རུ་སུ་དར་ཞིང་རྒྱས་ནས་སྔར་གྱི་མོང་གོལ་བཙན་རྒྱལ་གྱི་ཆ་མང་ཤོས་ཤིག་བཟུང་། ཨུ་རུ་སུའི་དབང་སྒྱུར་པས་མོང་གོལ་གྱི་དོད་བགྱིས་ནས་ཁྲལ་བསྡུས་མྱོང་སྟེ། སོག་པོས་ནི་རང་གིས་བདག་གིར་བཟུང་བའི་ཡུལ་ལ་དངོས་སུ་བརྟག་དཔྱད་བྱས་པ་ཤིན་ཏུ་ཉུང་བའི་རྐྱེན་ནོ། །
ད་ལྟའི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་ཨུ་རུ་སུ་རྒྱལ་ཁབ་གྲུབ་པར་སྐབས་དེ་དུས་ཀྱི་སོག་པོའི་རྒྱུ་རྐྱེན་མང་པོ་འདུས་ཡོད་པ་ཡིན། ཁི་ལིག་ཆའེ་ཧྥུའུ་སི་ཅི་དང་ཁོང་གི་སློབ་མས་ཨུ་རུ་སུའི་ཆིག་སྒྲིལ་ནི་སོག་པོར་ཉུང་མཐར་ཡང་ཕྱེད་ཀ་ཙམ་གྱི་མཛད་རྗེས་ཡོད་པར་གླེང་། ཡོབ་ཡ་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་གཞན་ཞིག་སྟེ་ཐི་ལུའུ་ཚིས་ཁི་དབྱི་ཡིས་ཁོའི་བསྟན་བཅོས་སུ་མོ་སི་ཁོ་ནས་སོག་པོའི་དབང་བསྒྱུར་ལ་བཀའ་དྲིན་ཞུས་ན་འགྲིག ཨུ་རུ་སུས་ཁཱ་ཧྲན་དང་ཨ་སི་ཐི་ལ་ཧན་བཟུང་རྗེས་ད་གཟོད་སྟོབས་ལྡན་དུ་གྱུར་པ་ཡིན་ཟེར། ཨུ་རུ་སུའི་གོང་མ་དབྱི་ཧྥན་ཁྲི་ལ་འཁོད་པའི་སྐབས་སུ་ཨུ་རུ་སུའི་ཕོ་བྲང་གི་སུམ་ཆའི་གཅིག་ནི་སོག་པོའི་རྒྱུད་པ་ཡིན་ལ། ཨུ་རུ་སུའི་སྲིད་གཞུང་གི་ལམ་ལུགས་ཀྱང་སོག་པོའི་ལུགས་ཡིན།
ངོ་བོའི་ཆ་ནས་བཤད་ན་ཨུ་རུ་སུ་ནི་ཏུང་ཀྲིན་ཆོས་ལུགས་ཀྱི་སོག་པོའི་རྒྱལ་ཁབ་ཅིག་ཡིན་ལ། ཨུ་རུ་སུ་པའི་ཉིན་རྒྱུན་གྱི་འཚོ་བར་ཡང་སོག་པོའི་ཤན་ཆེན་པོ་འདྲེས་ཡོད། སྐད་ཀྱི་ནང་དུ་སོག་སྐད་ཕོན་ཆེན་པོ་འདྲེས་ཤིང་། སྦྲགས་སྲིད་དང་། ཁྲལ་བསྡུ། གྱོན་ཆས་དང་རྒྱན་ཆ་སོགས་ལ་ཡང་སོག་པོའི་ཤན་གྱིས་ཁྱབ་ནས་ཡོད་ཅིང་། དམག་སྡེའི་ལམ་ལུགས་དང་ཁྲིམས་ལུགས་ཀྱང་སོག་པོ་ལས་བླངས། དེ་བས་ཨུ་རུ་སུ་པ་ཡང་ཐུའུ་ལན་གྱི་ཁྱད་ཆོས་ཅན་དུ་སོང་ངོ་། ། མོང་གོལ་བཙན་རྒྱལ་གྱིས་ཡོབ་ཡ་སྐམ་ས་ཆེན་པོ་སྒྲིལ་གྱིན་འོངས་པ་ཡིན་ལ། ཡོན་རྒྱལ་རབས་ནི་དེའི་མི་སེར་སྤེལ་ཡུལ་གྱི་ཆ་གཅིག་ཙམ་མོ། །
ཡོན་རྒྱལ་རབས་ནི་རྒྱ་ནག་གི་རྒྱལ་རབས་ཤིག་ཏུ་བཤད་པ་ནི་ལྷག་པར་ཡང་བྱུང་རྒྱལ་འབའ་ཞིག་ཡིན་ལ། སོག་པོ་ནི་མན་ཆིན་མ་ཡིན་ཏེ། སོག་པོའི་ལོ་རྒྱུས་ནི་འཛམ་གླིང་རིམ་པའི་ལོ་རྒྱུས་ཤིག་ཡིན་ཞིང་། མན་ཆིན་གྱི་ལོ་རྒྱུས་བཞིན་བསྒྱུར་བཟོ་བྱེད་སླ་བ་ཞིག་ཀྱང་མ་ཡིན། རྒྱ་ནག་པས་སོག་པོའི་ལོ་རྒྱུས་རྒྱ་ནག་གི་ལོ་རྒྱུས་སུ་བཤད་ཅིང་ཇིང་གུར་རྒྱལ་པོ་རྒྱ་ནག་པར་བཤད་པ་ནི་འཛམ་གླིང་ལོ་རྒྱུས་རིག་པའི་འདུན་སར་ཁྲེལ་དགོད་ཀྱི་འབེན་དུ་གྱུར་ཚར། ཆིན་རྒྱལ་རབས་ནི་རྒྱ་ནག་ཆམ་ལ་ཕབ་ཅིང་མི་སེར་སྤེལ་ཡུལ་དུ་བྱས་ནས་རྒྱལ་ཁབ་ཤོར་བར་བྱས་པའི་དུས་སྐབས་ཤིག་ཡིན་གྱི། རྒྱ་ནག་གི་རྒྱལ་རབས་ཤིག་ནི་མ་ཡིན་ནོ། །
ཐུང་ཀུའུ་སི་ཀུ་པས(མན་ཇུ་རིགས)རྒྱ་ནག་ལ་བཙན་འཛུལ་བྱས་པའི་དོན་དེ་གླེང་ན། ཕལ་ཆེར་མི་ཀུན་གྱིས་མན་ཆིན་ནི་རྒྱ་ནག་གི་རྒྱལ་རབས་ཤིག་མ་ཡིན་ནམ། ཞེས་འདྲི་ངེས། མི་ཤིན་ཏུ་ཉུང་ཤས་ཤིག་གིས་ནི་མ་ཡིན་ཞེས་ལྡོན་པར་འགྱུར་ལ། མི་གྲངས་མེད་པ་ཞིག་གིས་ནི་ཡིན་ཐག་ཆོད་ཅེས་རྒོལ་ལན་གཏོང་སྲིད། ཅིའི་ཕྱིར་ཞེ་ན། ཡིན་པར་ཐག་གཅོད་མཁན་རྒྱ་ནག་པ་དག་གིས་མན་ཇུ་རིགས་ཀྱིས་རྒྱ་སྐད་སྨྲ་ཞིང་མན་ཇུ་པ་ནི་ཐ་མར་རྒྱ་ནག་གིས་རིག་གནས་ཀྱི་ཆ་ནས་རིགས་བསྒྱུར་བྱས་ཟིན་པས། མན་ཆིན་ནི་རྒྱ་ནག་གི་རྒྱལ་རབས་ཤིག་ཡིན་སྙམ་བཞིན་ཡོད་དོ། ། ། །
མཆན། བཞུ་ལུགས་ནི་ད་ལྟ་རུའུ་ལུགས(儒学)ཞེས་བསྒྱུར་བཞིན་ཡོད་པ་དེ་ཡིན་ལ། སྔར་བཞུ་ལུགས་ཞེས་སྐད་ལྔའི་ཤན་སྦྱར་སོགས་ན་སྣང་བ་འདི་ཁ་ལ་བདེའམ་སྙམ། ཀྲུང་ཧྭ་དྲ་བ(中华网)རུ་བཀོད་པའི་རྩོམ་གྱི་མ་ཕྱི་ལ་གཟིགས་ན་སྦྲེལ་ཐག་འདི་ནོན། http://club.china.com/data/thread/1011/2773/07/73/2_1.html རེན་རེན་དྲ་བ(人人网)རུ་བཀོད་པའི་རྩོམ་གྱི་མ་ཕྱི་ལ་གཟིགས་ན་སྦྲེལ་ཐག་འདི་ནོན། http://blog.renren.com/share/164627245/6045274235
སྒྱུར་རྩོམ་འདིའི་ཡོང་ཁུངས་བཙན་པོ་དྲ་བ་ཡིན།
་་་་་་་་་་་་་ ད་ལྟ་རྒྱ་ནག་གི་རྒྱལ་ཁབ་ཀྱི་སྐད་དམ་སྤྱི་སྐད་དུ་འབོད་པ་དེ་ཡང་མན་ཇུ་པའི་སྐད་ལས་བྱུང་། རྒྱལ་ཁབ་ཀྱི་རིག་གནས་ཉིང་བཅུད་ཅིན་ཅུས་ཟློས་གར་ཡང་མན་ཇུ་པའི་སྒྱུ་རྩལ་ཡིན་ལ། ཁ་ཤགས་དང་དང་གར་ཆུང་ཡང་ཆིན་རྒྱལ་རབས་ཀྱི་བྲན་ཁོལ་གཉིས་ཀྱིས་བདག་པོའི་མདུན་ནས་གཅིག་གིས་བླངས་ཤིང་གཅིག་གིས་མཐུན་འགྱུར་བྱེད་པའི་འཚོ་བའི་སླར་མཚོན་ནོ། །་་་་་་་་་་་་་་་་
་་་་་་་་་་་་་་་་ རྒྱ་ནག་པས་སོག་པོའི་ལོ་རྒྱུས་རྒྱ་ནག་གི་ལོ་རྒྱུས་སུ་བཤད་ཅིང་ཇིང་གུར་རྒྱལ་པོ་རྒྱ་ནག་པར་བཤད་པ་ནི་འཛམ་གླིང་ལོ་རྒྱུས་རིག་པའི་འདུན་སར་ཁྲེལ་དགོད་ཀྱི་འབེན་དུ་གྱུར་ཚར། ཆིན་རྒྱལ་རབས་ནི་རྒྱ་ནག་ཆམ་ལ་ཕབ་ཅིང་མི་སེར་སྤེལ་ཡུལ་དུ་བྱས་ནས་རྒྱལ་ཁབ་ཤོར་བར་བྱས་པའི་དུས་སྐབས་ཤིག་ཡིན་གྱི། རྒྱ་ནག་གི་རྒྱལ་རབས་ཤིག་ནི་མ་ཡིན་ནོ། །་་་་་་་་་་་་་་་་་་་་
རྒྱལ་རབས་གླེང་ནས་མ་བཞུགས་ས་ཆའི་བདག་དབང་བརྩོད་་།
མི་གི་ལས་འདོད་མི་ཡི་བྱས་།
འཛམ་གླིང་ལོ་རྒྱུས་དེ་ནས་འཕེལ་།
རྒྱ་སྐྱེད་རིང་ལུགས་དེ་ནས་དར་།
རྒྱ་ནག་མ་རེད།
བོད་ལྗོངས་རེད་དོ།
རྒྱ་རིགས་མ་རེད།
སོག་རིགས་རེད་གདའ།
བོད་རིགས་མ་རེད།
མ་འོ་རིགས་རེད།
མང་རིགས་མ་རེད།
དམར་རིགས་རེད།
གཅིག་བསྡུས་མི་དགོས།
མང་མོས་དགོས་འདུག
ཀ་རྡོ་ཟེར་བ་ཁྱི་ཁ་ཚུམས། ཁོམ་ནས་སྡོད་མཁན་ཞིག་རེད།
ལོ་རྒྱུས་དཔྱད་པ་མི་སྲིད་པའི་ཡག་པོ་གནང་འདུག་་་བཀའ་དྲིན་ཆེ།