( བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་སྐབས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོར་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད། )
ངོ་སྤྲོད།
ཡིག་ཆ་འདིིའི་ནང་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་པེ་ཅིང་དུ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་(འདིའི་རྗེས་‘‘བསམ་འཆར་’’ཞེས་འབོད་རྒྱུ།)ནང་གསལ་བའི་དོན་གནད་རྣམས་ཀྱི་ཐོག་རྒྱ་ནག་དབུས་གཞུང་གི་ཐུགས་འཚབ་དང་དགག་བྱ་གཙོ་ཆེ་ཁག་ལ་འགྲེལ་བརྗོད་བྱས་ཡོད། འབྲེལ་མོལ་སྐབས་བློན་ཆེན་ཏུའུ་ཆིང་ལིན་དང་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་རྣམ་གཉིས་ནས་གནང་བའི་ལན་འདེབས་གསུང་བཤད་དང་། ཡིག་ཐོག་ཡོད་པའི་ལན། དེའི་རྗེས་སུ་སྤེལ་བའི་བསྒྲགས་གཏམ་ཁག་ལ་ཞིབ་དཔྱད་བྱས་སྐབས་‘‘བསམ་འཆར་’’ནང་གསལ་བའི་གནད་དོན་ཁ་ཤས་རྒྱ་ནག་དབུས་གཞུང་གིས་མ་རྟོགས་པའམ་ལོག་པར་རྟོགས་པས་འགྲེལ་བརྗོད་བྱས་འདུག
རྒྱ་ནག་དབུས་གཞུང་གིས་‘‘བསམ་འཆར་’’དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བ་མ་ཟད། རྒྱུན་འཁྱོངས་གསུམ་དང་ཡང་འགལ་བ་ཡིན་པར་གསུངས་འདུག ང་ཚོའི་ངོས་ནས་བོད་མིའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་ནང་འཚོལ་ཐུབ་པ་དང་། ‘‘བསམ་འཆར་’’གྱི་ནང་དོན་རྣམས་རྩ་ཁྲིམས་དང་རྒྱུན་འཁྱོངས་གསུམ་དང་འགལ་བ་གཏན་ནས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པས། འགྲེལ་བརྗོད་འདིའི་བརྒྱུད་དེ་དག་གསལ་རྟོགས་ཡོང་བའི་ཡིད་ཆེས་ཡོད། ཕྱི་ལོ་ ༡༩༧༤ ལོ་ནས་༸གོང་ས་མཆོག་གིས་བོད་ཀྱི་མ་འོངས་པའི་གནས་བབ་རང་བཙན་མ་ཡིན་པར་རང་སྐྱོང་གི་ལམ་ནས་འགྲིག་ཆགས་འཚོལ་ཐབས་སྐོར་ནང་མོལ་གོ་བསྡུར་གནང་འགོ་ཚུགས་ཟིན་པ་དང་། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་‘‘བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་གྱིས་ཐག་གཅོད་བྱེད་ཆོག་’’ཅེས་གསུངས་པ་ནས་བཟུང་༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་གཉིས་མོས་འགྲིག་ཆགས་ཡོང་ཆེད་འབད་རྩོལ་རབས་དང་རིམ་པ་གནང་ཞིང་། གཉིས་སྨན་དབུ་མའི་ལམ་གྱི་བཞེངས་ཕྱོགས་རྒྱུན་འཁྱོངས་གནང་ཡོད། དབུ་མའི་ལམ་གྱི་གོ་དོན་ནི་ཕན་ཚུན་གུ་བཤངས་དང་བསམ་ཤེས་ཀྱིས་གྲོས་མོལ་གྱི་ལམ་ནས་གཉིས་མོས་གཉིས་ཕན་ལྡན་པའི་ཐག་གཅོད་ཡོང་ཐབས་བྱེད་རྒྱུ་དེ་རེད། ཞི་བའི་འཆར་གཞི་དོན་ཚན་ལྔ་དང་སི་ཏྲས་སྦག་གྲོས་འཆར་ཡང་དེ་འདྲའི་དགོངས་ཚུལ་གྱིས་ཀུན་ནས་བསླངས་པ་ཞིག་ཡིན་ནའང་། རྒྱ་ནག་དབུས་གཞུང་གིས་༸གོང་ས་མཆོག་གི་འབད་རྩོལ་དེ་དག་ལ་བཟང་ཕྱོགས་ཀྱི་ཡ་ལན་མ་གནང་བ་མ་ཟད། ཁྱད་པར་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༣ ནས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམས་པ་སོགས་གནས་སྟངས་ཇེ་སྡུག་ཏུ་སོང་སྟབས་ཕྱི་ལོ་ ༡༩༩༡ ལོར་༸གོང་ས་མཆོག་གིས་སི་ཏྲས་སྦག་གི་གྲོས་འཆར་རང་བཞིན་ནུས་མེད་ཡིན་ཞེས་གསུངས་དགོས་བྱུང་ནའང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་གནང་ཡོད།
ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དབུས་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་ཚོའི་དབར་ཐད་ཀའི་འབྲེལ་ལམ་བསྐྱར་གསོ་བྱུང་བ་ལ་བརྟེན་ནས་ཕན་ཚུན་ལངས་ཕྱོགས་གསལ་སྟོན་དང་། ཕྱོགས་སོ་སོའི་སེམས་འཚབ་དང་། དགོས་མཁོ། ཁེ་ཕན་ཇི་ཡིན་བཅས་ཤེས་རྟོགས་བྱེད་རྒྱུའི་གོ་སྐབས་བྱུང་ཞིང་། ཁྱད་པར་རྒྱ་ནག་དབུས་གཞུང་གི་དངོས་ཡོད་ཀྱི་ཐུགས་འཚབ་དང་། མངོན་འདོད། དེ་བཞིན་དངོས་ཡོད་གནས་སྟངས་བཅས་ལ་གཟིགས་ནས་དགོངས་བཞེས་གཏིང་ཟབ་གནང་སྟེ་༸གོང་ས་མཆོག་གིས་གུ་བཤངས་དང་སྟབས་བསྟུན་མང་པོ་གནང་བ་འདིས་༸གོང་ས་མཆོག་ཇི་ཙམ་དགོངས་ཡངས་དཀྱེལ་ཆེ་དང་། དངོས་ཐོག་བདེན་འཚོལ་གནང་བ་མཚོན་པ་མ་ཟད། ཁྱད་པར་གཉིས་མོས་འགྲིག་ཆགས་འཚོལ་རྒྱུའི་ཆོད་སེམས་དང་ལྷག་བསམ་མཚོན་གྱི་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༧ པའི་ནང་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་དབུས་གཞུང་གིས་དགོངས་འཆར་གནང་བ་ལྟར་‘‘བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་’’བཟོ་བཀོད་ཞུས་པ་རེད། འོན་ཀྱང་རྒྱ་ནག་དབུས་གཞུང་གིས་‘‘བསམ་འཆར་’’དེར་གནང་བའི་ལན་འདེབས་དང་སྐྱོན་བརྗོད་གཙོ་བོ་ཁག་ནི་གཞུང་འབྲེལ་ཐོག་ཕུལ་བའི་‘‘བསམ་འཆར་’’གྱི་ནང་དོན་ལ་གཞི་བཅོལ་བ་མ་ཡིན་པར་དུས་སྐབས་གཞན་དང་གནས་སྟངས་གཞན་གྱི་འོག་མང་ཚོགས་སུ་གནང་བའི་གྲོས་འཆར་དང་གསུང་བཤད་སྔ་མ་རྣམས་ལ་གཞི་བཅོལ་འདུག ༸གོང་ས་མཆོག་གིས་བོད་མིའི་འདུན་ལམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་ནང་ཐག་གཅོད་ཡོང་ཐབས་ཁོ་ན་གནང་བ་ལས། རང་བཙན་ནམ་ཁ་བྲལ་རྩོད་ཀྱི་མེད་པ་དེ་སྔོན་ནས་ཡང་ཡང་གསལ་བརྗོད་གནང་གྲུབ་པ་དེ་དག་‘‘བསམ་འཆར་’’དང་ད་ལྟའི་འགྲེལ་བརྗོད་འདི་གཉིས་ཀྱིས་བསྐྱར་ནན་ཤུགས་ཆེ་བྱས་ཡོད། ཕྱི་ལོ་ ༢༠༠༨ ཟླ་ ༡༡ པའི་ནང་དྷ་རམ་ས་ལར་ཚོགས་པའི་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་གྱིས་གཉིས་སྨན་དབུ་མའི་ལམ་གཞིར་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་འབྲེལ་མོལ་གྱི་༣ ལས་རིམ་རེ་ཞིག་མུ་མཐུད་རྒྱུའི་དབང་ལུང་བསྐྱར་ནན་བྱས་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་ཕྱོགས་གཉིས་ཀར་གྲོས་བསྡུར་མུ་མཐུད་དགོས་པའི་སྐུལ་མ་བྱས་པ་མ་ཟད། ‘‘བསམ་འཆར་’’དེ་གྲོས་བསྡུར་བྱེད་སའི་གཞི་རྩ་ཡག་པོ་ཞིག་ཡིན་པའི་བསམ་ཚུལ་བཏོན་ཡོད།
དང་པོ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན།
༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་བོད་ཁ་བྲལ་དང་། བོད་རང་བཙན་རྩོད་ཀྱི་མེད་པའི་གསལ་བཤད་ཡང་ཡང་གནང་ཡོད་པ་མ་ཟད། བོད་ཀྱི་གནས་བབ་སྐོར་རྒྱུན་གནས་ཐུབ་པའི་འགྲིག་ཆགས་ཤིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོང་ཐབས་གནང་གི་ཡོད། བཞེངས་ཕྱོགས་འདི་‘‘བསམ་འཆར་’’ནང་གསལ་པོ་བཀོད་ཡོད།
‘‘བསམ་འཆར་’’ནང་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་ཡོང་ཐབས་ཁོ་ནའི་དགོས་འདུན་བཏོན་པ་ལས་‘རང་བཙན་’དང་། ‘ཕྱེད་རང་བཙན།’ ‘རྣམ་པ་འགྱུར་བའི་རང་བཙན་’བཤད་མེད་ཅིང་། མིང་དོན་མཚུངས་པའི་རང་སྐྱོང་གི་གོ་དོན་ཇི་ཡིན་འགྲེལ་བཤད་གསལ་པོ་བྱས་ཡོད། ‘‘བསམ་འཆར་’’ནང་གསལ་བའི་རང་སྐྱོང་གི་རྣམ་པ་དང་ཚད་གཞི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་དང་ཡོངས་སུ་མཐུན་པ་ཡིན། འཛམ་གླིང་གི་རྒྱལ་ཁབ་མང་པོར་‘‘བསམ་འཆར་’’ནང་གསལ་བ་ལྟར་གྱི་རང་སྲིད་རང་སྐྱོང་དེ་རིགས་གྲངས་ཉུང་མི་རིགས་རང་ཉིད་གང་དུ་གཏོགས་སའི་རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་བསྒྲིལ་ལ་གནོད་སྐྱོན་དང་ཉེན་ཁ་གང་ཡང་མེད་པར་གཅིག་སྡུད་དང་མཉམ་འབྲེལ་གྱི་ལམ་སྲོལ་གཉིས་ཀའི་ནང་གཅིག་མཚུངས་ལག་ལེན་བསྟར་མུས་རེད། ‘‘བསམ་འཆར་’’ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་རང་སྐྱོང་འཚོལ་ཐབས་ཀྱི་དགོས་འདུན་བཏོན་པ་ལས་རང་བཙན་ནམ་ཁ་བྲལ་རྩོད་ཀྱི་མེད་པ་རྒྱལ་སྤྱིའི་ནང་གཟུ་བོར་གནས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་དང་མཁས་དབང་ཁག་ཚུད་པའི་གནད་དོན་རྟོག་ཞིབ་པ་མང་པོས་ངོས་འཛིན་གནང་ཡོད།
བོད་ཀྱི་བྱུང་རབས་ལོ་རྒྱུས་ཐད་རྒྱ་ནག་གཞུང་གི་ལྟ་ཚུལ་བོད་མིའི་ལྟ་ཚུལ་ལས་ཐ་དད་ཡོད་པ་དང་། རྒྱ་གཞུང་གི་ལྟ་ཚུལ་ལ་བོད་མིས་མོས་མཐུན་བྱེད་མི་ཐུབ་པ་༸གོང་ས་མཆོག་གིས་གསལ་པོ་མཁྱེན་གྱི་ཡོད། ལོ་རྒྱུས་ནི་འདས་པའི་བྱུང་བ་ཡིན་པས་དེ་ད་ལྟ་བསྐྱར་བཅོས་བྱེད་ཐབས་མེད། འོན་ཀྱང་༸གོང་ས་མཆོག་ནི་མདུན་དུ་བསྐྱོད་མཁན་ལས་རྒྱབ་ཞེན་གནང་མཁན་ཞིག་མིན་པས་ལོ་རྒྱུས་སྐོར་ལྟ་ཚུལ་མི་མཐུན་པ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་གཉིས་མོས་ཀྱི་འདུན་ལམ་འཚོལ་རྒྱུར་བར་ཆད་བཟོ་གནང་འདོད་མེད། རྒྱ་ནག་དབུས་གཞུང་ནས་༸གོང་ས་མཆོག་གི་གྲོས་འཆར་ཁག་རང་བཙན་གྱི་སྦས་པའི་དམིགས་ཡུལ་སྒྲུབ་ཐབས་ཀྱི་ལས་འཆར་ཡིན་པའི་དོགས་པ་མུ་མཐུད་གནང་གི་ཡོད་པ་‘‘བསམ་འཆར’’་གྱི་ལན་འདེབས་ཁག་ནས་གསལ་པོ་མངོན་ཐུབ། ད་ལྟའི་བོད་ཀྱི་ཁྲིམས་མཐུན་གནས་སྟངས་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུགས་༤ འཚབ་དང་ཚོར་ཤུགས་རྣམས་༸གོང་ས་མཆོག་གིས་མཁྱེན་རྟོགས་ཐུབ་ཀྱི་ཡོད། དེའི་དབང་གིས་༸གོང་ས་མཆོག་གིས་རང་སྐྱོང་གི་འགྲིག་ཆགས་བྱུང་མཚམས་དེ་དག་ཁྲིམས་མཐུན་ཡོང་ཆེད་མི་མང་གི་དགོས་ངེས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་དང་། ལག་བསྟར་འཐུས་ཚང་ཡོང་བར་ཁོང་གི་བཟང་སྤྱོད་ཀྱི་ནུས་པ་བེད་སྤྱོད་གནང་རྒྱུའི་གྲ་སྒྲིག་ཡོད་པ་སྐུ་ཚབ་ཚོའི་བརྒྱུད་དང་ཡོངས་གྲགས་སུའང་བཀའ་གནང་ཡོད།
གཉིས་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཆ་འཛིན།
༸གོང་ས་མཆོག་གིས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་ནང་འཚོལ་སྒྲུབ་གནང་བ་ཞིག་ལས་དེའི་ཕྱི་རོལ་ནས་མ་ཡིན་པ་‘‘བསམ་འཆར་’’ནང་གསལ་པོ་འཁོད་ཡོད། མི་རིགས་ས་གནས་རང་སྐྱོང་གི་གཞི་རྩའི་ལྟ་གྲུབ་ནི། མི་རིགས་མང་བའི་རྒྱལ་ཁབ་ནང་འདྲ་མཉམ་དང་། མཐུན་བསྒྲིལ་གྱི་ལམ་ནས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག གོམས་གཤིས། སྲོལ་རྒྱུན། ལེགས་བྱང་བཅས་རྒྱུན་འཛིན་ཐུབ་པ་བྱེད་རྒྱུ་དེ་ཡིན་པས། རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་རྣམས་སུ་རང་སྐྱོང་གི་དབང་ཆ་ལག་བསྟར་ཡོང་ཆེད་རང་སྲིད་རང་སྐྱོང་གི་ལས་ཁུངས་འཛུགས་རྒྱུའི་ཆ་རྐྱེན་ཞིབ་གསལ་འཁོད་ཡོད། དེ་མཚུངས་ཕྱི་ལོ་ ༢༠༠༤ ཟླ་ ༥ པའི་ནང་བཏོན་པའི་‘‘བོད་ལྗོངས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་’’ཞེས་པའི་ཤོག་བུ་དཀར་པོའི་ནང་གྲངས་ཉུང་མི་རིགས་རྣམས་‘‘རང་ཉིད་ཀྱི་ལས་དབང་སྒྱུར་ཞིང་རང་ཁྱིིམ་རང་བདག་’’ཡིན་པ་འཁོད་ཡོད། གཞི་རྩའི་ལྟ་གྲུབ་དང་མ་འགལ་ཕྱིན་རྩ་ཁྲིམས་ནི་དུས་ཀྱི་དགོས་མཁོ་དང་གནས་སྟངས་ཀྱི་འགྱུར་བར་བསྟུན་དགོས་པ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་གནས་སྟངས་དང་མཐུན་པར་དུས་ནས་དུས་སུ་རྩ་ཁྲིམས་ལ་འགྱུར་བ་དང་ལེགས་བཅོས་བཏང་བའི་སྒོ་ནས་འགྲེལ་བརྗོད་བྱེད་ཕྱོགས་དང་། ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་གུ་ཡངས་ཀྱི་རྣམ་པ་གསལ་པོ་བསྟན་ཡོད། གལ་སྲིད་གུ་ཡངས་ཀྱི་རྣམ་པ་དེ་དག་བོད་ཀྱི་གནས་སྟངས་ཐོག་སྦྱར་ན་‘‘བསམ་འཆར་’’ནང་གསལ་བའི་བོད་མིའི་གཞི་རྩའི་དགོས་མཁོ་རྣམས་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་དང་ཆ་རྐྱེན་ཁག་ནང་ངེས་པར་དུ་སྒྲུབ་ཐུབ།
གསུམ་པ། རྒྱུན་འཁྱོངས་གསུམ་ལ་ཆ་འཛིན།
‘‘བསམ་འཆར་’’ནང་གསལ་བ་ལྟར་༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཤོག་ཚོགས་པའི་དབུ་ཁྲིད་ལ་ྐླན་ཀའམ་ཁ་གཏད་ནམ་ཡང་གནང་གི་མེད། དེ་དང་ཆབས་ཅིག་ཆིག་བསྒྲིལ་དང་། བརྟན་ལྷིང་། འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་ཆེད་དམར་ཤོག་ཚོགས་པའི་ངོས་ནས་ཀྱང་བོད་མིའི་ཆོས་དང་༥
ལེགས་བྱང་། བོད་མིའི་ངོ་བོ་བཅས་པ་ཉེན་ཁའི་ངོ་བོར་བརྩི་བའི་བལྟ་སྟངས་འགྱུར་བ་གཏོང་དགོས་པའི་རེ་བ་གནང་བ་ནི་རྒྱུ་མཚན་ལྡན་པ་ཞིག་རེད།
དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལའང་ཁ་གཏད་གནང་གི་མེད། ‘‘བསམ་འཆར་’’གྱི་ཚིག་ཟུར་གང་དུའང་ལམ་ལུགས་དེར་བསྒྱུར་བཅོས་དགོས་པའམ་བོད་ཀྱི་ས་ཁུལ་རྣམས་སུ་ལག་བསྟར་མི་དགོས་པ་གསལ་མེད། མི་མང་ཉམ་དམས་ཚོའི་ཡར་རྒྱས་དང་། ཁེ་ཕན། འདྲ་མཉམ་བཅས་བསྐྲུན་རྒྱུའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་༸གོང་ས་མཆོག་གིས་ཐུགས་མོས་ཆེན་པོ་གནང་གི་ཡོད་པ་ཡོངས་གྲགས་རེད། ༸གོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་འཚོལ་སྒྲུབ་གནང་བཞིན་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དེས་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་གི་ལྟ་གྲུབ་ངོས་ལེན་གནང་བ་མ་ཟད། ལྟ་གྲུབ་དེ་དག་གི་དགོས་དམིགས་དང་ཡང་མཐུན་པ་ཡིན། ‘‘བསམ་འཆར་’’ནང་འཁོད་པ་ལྟར། ད་ཡོད་རང་སྐྱོང་གི་ཆ་རྐྱེན་ལག་བསྟར་བྱེད་ཕྱོགས་འདིས་བོད་མིར་རང་སྐྱོང་མིང་དོན་མཚུངས་པའམ། རང་སྲིད་རང་སྐྱོང་དང་‘རང་ཁྱིམ་རང་བདག་’བྱེད་རྒྱུའི་ཐོབ་ཐང་ཆ་ཚང་སྤྲད་ཐུབ་མེད། ད་ལྟའི་ཆར་བོད་མིའི་བདེ་དོན་དང་འབྲེལ་བའི་ཐག་གཅོད་གལ་ཆེ་བ་རྣམས་བོད་མི་ཚོས་བྱེད་ཀྱི་མེད། ‘‘བསམ་འཆར་’’ནང་གསལ་བའི་མིང་དོན་མཚུངས་པའི་རང་སྐྱོང་དངོས་སུ་ལག་བསྟར་བྱེད་ན་གཞི་ནས་བོད་མི་ཚོར་རང་སྐྱོང་ངོ་མ་བྱེད་རྒྱུའི་ཐོབ་ཐང་དང་ནུས་པ་རྙེད་ཐུབ་ཅིང་། རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་དང་མཐུན་པར་རང་ཁྱིམ་རང་བདག་ཡོང་ཐུབ། དེར་བརྟེན་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་འདིས་‘‘རྒྱུན་འཁྱོངས་གསུམ་’’ལ་རྩིས་མེད་བྱེད་མེད།
བཞི་པ། རྒྱ་ནག་དབུས་གཞུང་གི་དབང་ཚད་དང་གོ་རིམ་ལ་ཆ་འཛིན།
‘‘བསམ་འཆར་’’དུ་གསལ་བའི་གྲོས་འཆར་ཁག་གི་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱ་ནག་དབུས་གཞུང་གི་ལས་ཁུངས་གང་ཞིག་གི་དབང་ཚད་ངོས་ལེན་མི་བྱེད་པ་མེད། ‘‘བསམ་འཆར་’’ནང་འཁོད་པའི་གྲོས་འཆར་ཁག་གིས་དབུས་གཞུང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གཙོས་པའི་དེའི་ལས་ཁུངས་ཁག་དང་བོད་ཀྱི་རང་སྐྱོང་ས་གཞུང་གཉིས་དབར་གྱི་གོ་རིམ་ལ་ཆ་འཛིན་ཆ་ཚང་བྱེད་ཡོད། མིང་དོན་མཚུངས་པའི་རང་སྐྱོང་གང་འདྲ་ཞིག་ཡིན་ནའང་དབུས་དང་ས་གནས་རང་སྐྱོང་ས་གཞུང་གཉིས་དབར་ཁྲིམས་དང་སྲོལ་ཡིག་བཟོ་རྒྱུས་མཚོན་པའི་དབང་ཆ་དང་ལས་འགན་ཆ་བགོས་དང་དབྱེ་འབྱེད་དགོས་ཀྱི་ཡོད། འོན་ཀྱང་རང་སྐྱོང་ས་གནས་ལ་ཁྲིམས་དང་སྲོལ་ཡིག་གཏན་འབེབས་བྱེད་རྒྱུའི་དབང་ཆའི་ཁྱབ་ཁོངས་ཚད་གཞི་ངེས་ཅན་ཡིན་པ་གསལ་པོ་རེད། དེ་ནི་གཅིག་སྡུད་དང་མཉམ་འབྲེལ་གྱི་ལམ་ལུགས་གཉིས་ཀའི་ནང་གཅིག་མཚུངས་རེད། ༦ རྩ་ཁྲིམས་ནང་ཡང་ལྟ་གྲུབ་འདི་དག་ངོས་འཛིན་བྱས་ཡོད། རང་སྐྱོང་གི་ཆ་རྐྱེན་བཟོ་རྒྱུའི་རྩ་ཁྲིམས་ཀྱི་དགོངས་དོན་ནི་རང་སྐྱོང་ས་གནས་ཁག་ལ་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཞིང་ཆེན་དཀྱུས་མ་ལས་ཆེ་བ་སྤྲོད་ཆེད་རེད། འོན་ཀྱང་ཁྲིམས་དང་སྲོལ་ཡིག་ཚང་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཀྱི་བཀའ་འཁྲོལ་ཐོབ་དགོས་(རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག)པའི་ཆ་རྐྱེན་བཞག་པ་དེས་རང་སྐྱོང་ས་གནས་ལ་སོ་སོའི་གནས་སྟངས་དང་འཚམས་པའི་ཐག་གཅོད་བྱེད་རྒྱུའི་དབང་ཆ་རྒྱ་ནག་གི་(རང་སྐྱོང་མ་ཡིན་པའི་)ཞིང་ཆེན་ཕལ་པ་ལས་ཆུང་བ་ཆགས་ཡོད།
གཞུང་རིམ་པ་འདྲ་མིན་གྱི་དབར་ཐག་གཅོད་བྱེད་རྒྱུའི་དབང་ཆ་དབྱེ་བ་དང་ཆ་བགོས་བྱེད་སྐབས་(དབུས་གཞུང་དང་རང་སྐྱོང་གཞུང་དབར་)གྲོས་བསྡུར་དང་མཉམ་རུབ་ཀྱི་བརྒྱུད་རིམ་ཡོད་དགོས་པ་གལ་ཆེན་པོ་ཡིན། དེས་ཕྱོགས་གཉིས་དབར་གོ་རྟོགས་སྤེལ་ཐུབ་པ་མ་ཟད། སྲིད་བྱུས་དང་། བཅའ་ཁྲིམས། སྲོལ་ཡིག་བཅས་ཀྱི་དབར་འགལ་ཟླ་དང་མི་མཐུན་པ་རྣམས་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད། དེ་མཚུངས་གཞུང་གི་ལས་ཁུངས་རིམ་པ་ཁག་གི་དབར་དབང་ཆ་ཆ་བགོས་བྱས་པ་རྣམས་ལག་བསྟར་བྱེད་སྐབས་རྩོད་གླེང་ཡང་ཉུང་དུ་གཏོང་ཐུབ། དེ་འདྲའི་བརྒྱུད་རིམ་དང་ཐབས་ལམ་བཟོས་པས་དབུས་གཞུང་དང་རང་སྐྱོང་གཞུང་གཉིས་གོ་གནས་གཅིག་པ་ཡིན་པ་ཆགས་ཀྱི་མེད་པ་མ་ཟད། དབུས་གཞུང་གི་འགོ་ཁྲིད་ངོས་ལེན་མ་བྱས་པའང་ཆགས་ཀྱི་མེད། རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་བཀོད་སྒྲིག་བྱེད་ཕྱོགས་ཀྱི་གལ་ཆེའི་ཆ་རྐྱེན་རྣམས་སམ། ཡང་ན་འོས་འཚམས་ཀྱི་ཐབས་ཚུལ་གཞན་གང་འདྲ་ཞིག་ཡོད་ནའང་དེས་དབུས་དང་ས་གནས་གཞུང་གཉིས་དབར་གོ་གནས་འདྲ་མཉམ་ཡིན་པ་མི་མཚོན་པ་མ་ཟད། དབུས་གཞུང་གི་དབང་ཚད་ལ་བཀག་འགོག་བྱེད་པའམ་ཆུང་དུ་གཏོང་བ་ཆགས་ཀྱི་མེད། དེ་ནི་དབུས་ཀྱི་དབང་ཚད་དང་རང་སྐྱོང་གི་སྒྲིག་འཛུགས་གཉིས་ཀ་ཁྲིམས་མཐུན་འགན་སྲུང་ཡོང་ཐབས་དང་། བཀོད་སྒྲིག་ཟིན་པའི་རང་སྐྱོང་གི་གཞི་རྩའི་ཆ་རྐྱེན་རྣམས་ཕྱོགས་གཅིག་རྐྱང་པས་བསྒྱུར་བཅོས་མི་བྱེད་པ་དང་། མ་མཐར་ཡང་གཞི་རྩའི་འགྱུར་བ་རྣམས་ལག་བསྟར་བྱེད་པར་གྲོས་བསྡུར་གྱི་ལས་རིམ་བརྒྱུད་རྒྱུའི་ཆ་རྐྱེན་ངེས་པར་དུ་དགོས།
ལྔ་པ། ‘‘བསམ་འཆར་’’ནང་གསལ་བའི་གནད་དོན་བྱེ་བྲག་པ་དང་འབྲེལ་བའི་རྒྱ་ནག་དབུས་གཞུང་གི་ཐུགས་འཚབ་ཁག
ཀ༽ མང་ཚོགས་ཀྱི་བདེ་འཇགས།
‘‘བསམ་འཆར་’’ནང་རང་སྐྱོང་ས་གནས་ཀྱི་དབང་ཚད་ཁོངས་མང་ཚོགས་ཀྱི་བདེ་འཇགས་སྐོར་འཁོད་པ་དེ་རྒྱལ་སྲུང་ཀྱི་གནད་དོན་ཡིན་པའི་འགྲེལ་བརྗོད་བྱས་ནས་ཐུགས་འཚབ་གནང་འདུག རྒྱལ་ཁབ་ཀྱི་རྒྱལ་སྲུང་དང་མང་ཚོགས་ཀྱི་བདེ་འཇགས་གཉིས་ནི་གནད་དོན་ཐ་དད་པ་གཉིས་རེད། འདིའི་ཐད་༸གོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་ནི་གསལ་པོ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་གི་ལས་འགན་དབུས་༧གཞུང་ལ་ཡོད་པ་མ་ཟད། ཡོད་དགོས་པའང་བཞེད་ཀྱི་ཡོད། དེ་རང་སྐྱོང་ས་གནས་ཀྱིས་ལག་བསྟར་བྱེད་རྒྱུའི་དབང་ཚད་མིན་པ་རང་སྐྱོང་གི་བཀོད་སྒྲིག་ཕལ་ཆེ་བར་གཅིག་མཚུངས་རེད། དོན་དངོས་ཐོག་‘‘བསམ་འཆར་’’ནང་‘‘མང་ཚོགས་ནང་ཁུལ་གྱི་སྒྲིག་ལམ་དང་བདེ་འཇགས་’’སྐོར་དམིགས་སུ་བཀར་ནས་བཀོད་ཡོད་པ་དང་། བདེ་འཇགས་མི་སྣའི་ཁོངས་མང་ཆེ་བ་བོད་རིགས་ཡིན་དགོས་པ་དོན་གནད་གལ་ཆེན་པོར་བརྩིས་ཡོད། གང་ཡིན་ཟེར་ན་ཁོང་ཚོར་ས་གནས་ཀྱི་གོམས་གཤིས་དང་སྲོལ་རྒྱུན་ཤེས་རྟོགས་ཡོད་པ་དང་། ས་གནས་ཀྱི་བྱུང་རྐྱེན་རྣམས་མི་རིགས་ཀྱི་འགལ་ཟླ་ལྟ་བུར་མི་འགྲོ་བའི་ཁྱད་གནད་ཡོད་པས་ཡིན། འདིའི་ཐད་ཀྱི་གྲོས་འཆར་རྣམས་རྩ་ཁྲིམས་དོན་ཚན་བརྒྱ་དང་ཉི་ཤུའི་(མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་བཞིར་ཡང་གསལ།)ནང་གསལ་བའི་ལྟ་གྲུབ་དང་མཐུན་པ་ཡིན་པ་ནི། ‘‘མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དམག་དོན་ལམ་ལུགས་དང་ས་གནས་དེ་གའི་དགོས་མཁོ་དངོས་ལ་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་མཚམས་སུ་ས་གནས་དེ་གའི་སྤྱི་ཚོགས་བདེ་སྐྱོང་བྱེད་པའི་སྤྱི་བདེའི་དམག་དཔུང་སྒྲིག་འཛུགས་བྱས་ཆོག’’ ཅེས་འཁོད་ཡོད། སྐབས་འདིར་ཡང་བསྐྱར་གནད་དོན་ནན་བརྗོད་དགོས་པ་ཞིག་ལ་བོད་རིགས་ས་ཁུལ་ནས་མི་དམངས་བཅིངས་འགྲོལ་དམག་ཕྱིར་འཐེན་བྱེད་རྒྱུའི་སྐོར་‘‘བསམ་འཆར་’’ནང་གཏན་ནས་མེད།
ཁ༽ སྐད་ཡིག
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། བེད་སྤྱོད། ཡར་རྒྱས་གཏོང་རྒྱུ་ནི་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཉམས་སུ་མྱོང་པའི་གནད་དོན་གཙོ་གནད་ཆེ་བའི་གྲས་ཤིག་རེད། བོད་རིགས་ས་ཁུལ་རྣམས་ཀྱི་སྐད་ཡིག་གཙོ་བོའམ་ཨ་མ་བོད་ཡིག་བྱེད་རྒྱུའི་གལ་འགངས་ནན་བརྗོད་བྱེད་པ་དེ་རྩོད་གཞི་ཅན་གང་ཡང་མ་རེད། གང་ཡིན་ཟེར་ན་རྒྱ་ནག་དབུས་གཞུང་གིས་བཏོན་པའི་‘‘བོད་ལྗོངས་ཀྱི་མི་རིགས་ས་ཁོངས་རང་སྐྱོང་’’ཞེས་པའི་ཤོག་བུ་དཀར་པོའི་ནང་ཡང་དེ་མཚུངས་འཁོད་ཡོད་པ་ནི། བོད་ས་གནས་གཞུང་གིས་སྲོལ་ཡིག་གཏན་འབེབས་ཀྱི་ལམ་ནས་‘‘བོད་རང་སྐྱོང་ལྗོངས་སུ་བོད་རྒྱ་ཡིག་རིགས་གཉིས་ཀ་གལ་ཆེར་འཛིན་པ་དང་བོད་ཡིག་དེ་གཙོ་བོར་བཟུང་དགོས་པའི་གཏན་འབེབས་ཁ་གསལ་བཟོས་པ་’’ཞེས་འཁོད་ཡོད། ལར་ནས་‘‘བསམ་འཆར་’’ནང་གསལ་‘‘སྐད་ཡིག་གཙོ་བོ་’’ཞེས་པའི་ཚིག་གི་ནུས་པས་དེ་མཉམ་སྐད་ཡིག་གཞན་ཡོད་པ་གསལ་པོར་བསྟན་གྱི་ཡོད། ‘‘བསམ་འཆར་’’ནང་རྒྱ་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་དགོས་སྐོར་མ་འཁོད་པ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་སྐད་གཙོ་བོ་དེ་‘‘ཕྱིར་འབུད་’’གཏོང་བ་ལྟ་བུ་འགྲེལ་བརྗོད་བྱེད་རྒྱུ་མེད། གནད་དོན་འདི་དང་འབྲེལ་བའི་ཐུགས་སྣང་དགོས་པ་ཞིག་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་བཙན་བྱོལ་ནང་རྒྱ་ཡིག་སློབ་གཉེར་བྱེད་པར་སེམས་སྐུལ་གཏོང་རྒྱུའི་ལས་དོན་འགོ་ཚུགས་ཟིན་པ་རེད།
དེར་བརྟེན་བོད་རིགས་ཀྱིས་རང་གི་སྐད་ཡིག་གཙོ་བོར་སྦྱང་དགོས་པའི་བསམ་འཆར་ལ་ཁ་བྲལ་གྱི་ཀུན་སློང་ཡིན་༨
པའི་ངོས་འཛིན་གནང་རྒྱུ་མེད།
ག༽ ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག
‘‘བསམ་འཆར་’’ནང་ས་གནས་རང་སྐྱོང་སྲིད་གཞུང་ལ་ས་ཁུལ་གཞན་ནས་བོད་རིགས་ས་ཁུལ་རྣམས་སུ་ཡོང་མཁན་ཚོ་གནས་སྡོད་བྱེད་པ་དང་། གཞིས་ཆགས་པ། ལས་རིགས་དང་དཔལ་འབྱོར་གྱི་ལས་དོན་གཉེར་ཕྱོགས་བཅས་ཀྱི་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་དགོས་ཚུལ་འཁོད་པ་དེ་ནི་རང་སྐྱོང་གི་སྤྱི་སྲོལ་ཁྱད་ཆོས་ཤིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བྱུང་མ་མྱོང་བ་ཞིག་ནི་དེ་བས་ཀྱང་མ་རེད། རྒྱལ་ཁབ་མང་པོའི་ནང་གདོད་མའི་མི་རིགས་དང་གྲངས་ཉུང་མི་རིགས་ཡོད་སའི་ས་ཁུལ་དང་། ཁོར་ཡུག་ཉམས་ཆག་འགྲོ་སླ་བའི་ས་ཁུལ་རྣམས་ལ་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ནས་མི་འབོར་ཕོན་ཆེ་སྤོ་ཤུགས་མི་ཡོང་བའི་སྲུང་སྐྱོབ་བྱེད་རྒྱུའི་སྒྲིག་འཛུགས་རང་བཞིན་གྱི་ལམ་ལུགས་སམ་ཁྲིམས་ཡིག་གཏན་འབེབས་བྱས་ཡོད། བོད་རིགས་ས་ཁུལ་ཁག་ནང་ཡུན་རིང་འཚོ་སྡོད་བྱེད་པའི་བོད་རིགས་མ་ཡིན་པ་རྣམས་ཕྱིར་འབུད་གཏོང་ཆེད་མ་ཡིན་པ་ནི་‘‘བསམ་འཆར་’’ནང་ཁ་གསལ་པོ་འཁོད་ཡོད། གྲོས་བསྡུར་སྐབས་སྐུ་ཚབ་ཚོས་གསལ་བཤད་ཞུས་པ་ལྟར་༸གོང་ས་མཆོག་དང་བཀའ་ཤག་གིས་ཀྱང་དེ་སྔོན་གསུང་བཤད་ཁག་གི་ནང་གསལ་པོ་གསུངས་ཡོད། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༤ ཉིན་༸གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་གསུང་བཤད་ནང་ ‘‘བོད་རིགས་མ་ཡིན་པ་རྣམས་ཕྱིར་འབུད་གཏོང་རྒྱུ་ང་ཚོའི་དམིགས་ཡུལ་མ་ཡིན་པ་གསལ་པོ་བཤད་ཡོད། ང་ཚོའི་སེམས་འཚབ་བྱེད་གཞི་ནི་རྒྱ་རིགས་གཙོ་བོར་གྱུར་པའི་མི་རིགས་གཞན་འབོར་ཆེན་བོད་ཀྱི་ས་ཁུལ་ནང་ཆེད་དུ་གཉེར་ནས་སྤོ་ཤུགས་བྱས་པའི་དབང་གིས་བོད་མི་རྣམས་རང་གི་ལུང་པར་གྲངས་ཉུང་ཆགས་པ་དང་། ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལའང་ཉེན་ཚབས་བཟོ་བཞིན་པ་དེ་རེད།’’ ཅེས་བསྐྱར་ནན་གྱིས་གསུངས་ཡོད་པ་དེས་བོད་ཀྱི་ས་ཁུལ་དུ་བོད་རིགས་ཁེར་གཙང་ལས་མི་རིགས་གཞན་འཚོ་སྡོད་མི་ཆོག་པ་གཏན་ནས་གསུང་གི་མེད་པ་གསལ་པོ་རེད། དེར་བརྟེན་གནད་དོན་དེ་ནི་འཇིག་ཉེན་ཆེ་བའི་བོད་ཀྱི་གདོད་མའི་མི་རིགས་རྣམས་སྲུང་སྐྱོབ་བྱེད་ཆེད་གནས་སྐབས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཕྱོགས་མི་དང་ལས་འཚོལ་བ། གཏན་དུ་གཞིས་ཆགས་གསར་པ་བྱེད་མཁན་རྣམས་ཀྱི་སྐོར་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་ཆ་བགོས་བྱེད་རྒྱུའི་སྐོར་རེད། ‘‘བསམ་འཆར་’’ལ་ལན་འདེབས་ཀྱི་ཁོངས་རྒྱ་ནག་དབུས་གཞུང་གིས་ ‘‘རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་ཕྱོགས་མི་དོ་དམ་བྱེད་རྒྱུའི་ཆ་རྐྱེན་ཡོད་མ་རེད།’’ ཅེས་རང་སྐྱོང་ས་གནས་ལས་ཁུངས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ནས་ཡོང་མཁན་ཚོ་འཛུལ་ཞུགས་བྱེད་པ་དང་དཔལ་འབྱོར་གྱི་ལས་དོན་གཉེར་ཕྱོགས་སྲོལ་ཡིག་བཟོ་རྒྱུའི་དབང་ཚད་ནག་བསུབ་བཏང་འདུག འོན་ཀྱང་དོན་དངོས་ཐོག་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་གསུམ་ནང་ ‘‘མི་རིགས་རང་༩
སྐྱོང་ས་གནས་ཀྱི་ལས་ཁུངས་ཀྱིས་བཅའ་ཁྲིམས་ནང་འཁོད་གཏན་འབེབས་ལྟར་ཕྱོགས་མིའི་སྐོར་གྱི་དོ་དམ་བྱེད་ཐབས་བཟོ་འགོད་བྱ་རྒྱུ།’’ ཞེས་སྲོལ་ཡིག་བཟོ་རྒྱུའི་ཆ་རྐྱེན་གསལ་པོ་འཁོད་ཡོད། དེར་བརྟེན་འདིའི་ཐད་‘‘བསམ་འཆར་’’ནང་གསལ་བའི་གནད་དོན་རྣམས་རྩ་ཁྲིམས་དང་མི་མཐུན་པ་གཏན་ནས་མེད།
ང༽ ཆོས་ལུགས།
‘‘བསམ་འཆར་’’ནང་བོད་མི་ཚོ་སོ་སོའི་དད་མོས་ལྟར་ཆོས་ཉམས་ལེན་བྱེད་པའི་རང་དབང་དགོས་གནས་འཁོད་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་ཆོས་དད་རང་དབང་གི་ལྟ་གྲུབ་དང་ཡོངས་སུ་མཐུན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ལག་ལེན་བྱེད་བཞིན་པའི་ཆོས་དང་ཆབ་སྲིད་ཀྱི་བྱ་བ་གཉིས་ཐ་དད་དབྱེ་བའི་ལྟ་གྲུབ་དང་ཡང་མཐུན་པ་ཡིན། རྩ་ཁྲིམས་དོན་ཚན་སུམ་ཅུ་སོ་དྲུག་པའི་ནང་སུ་ཞིག་གིས་ཀྱང་ ‘‘བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་ལ་དད་མོས་བྱེད་དུ་འཇུག་པའམ། དད་མོས་བྱེད་དུ་མི་འཇུག་པ་བྱེད་མི་ཆོག’’ པའི་འགན་ལེན་གནང་ཡོད། འོན་ཀྱང་ད་ལྟའི་ཆར་གཞུང་གི་དབང་འཛིན་པ་ཚོས་བོད་མིས་རང་གི་ཆོས་ཉམས་ལེན་བྱེད་རྒྱུའི་ནུས་སྟོབས་ལ་ཐེ་བྱུས་ཤུགས་ཆེ་བྱེད་ཀྱིན་འདུག
བླ་སློབ་དབར་གྱི་འབྲེལ་བ་དང་གསུང་ཆོས་གནང་རྒྱུ་སོགས་ནི་ཆོས་ཉམས་ལེན་བྱེད་པའི་ཆ་ལག་གལ་ཆེ་ཞིག་རེད། དེ་དག་ལ་འགོག་རྐྱེན་བཟོས་པ་ནི་ཆོས་དད་རང་དབང་རྩིས་མེད་བཏང་བ་ཆགས་ཀྱི་ཡོད། དེ་མཚུངས་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༡༨ ཉིན་གཏན་འབེབས་བྱས་པའི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག་ལྟ་བུ་བླ་མའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐད་གཞུང་དང་གཞུང་གི་སྒྲིག་འཛུགས་ཁག་ནས་དངོས་སུ་ཐེ་བྱུས་དང་འཛུལ་ཞུགས་བྱས་པ་ནི་རྩ་ཁྲིམས་སུ་གསལ་བའི་ཆོས་དད་རང་དབང་དང་ཡོངས་སུ་འགལ་བའི་བྱ་བ་ཚབས་ཆེན་ཞིག་ཆགས་ཡོད། ཆོས་ཀྱི་བྱ་བ་ནི་དར་ཁྱབ་ཤིན་ཏུ་ཆེ་བས་བོད་མིའི་གཞི་རྩའི་གནད་དོན་ཆགས་ཡོད། འབྲེལ་ཡོད་དབང་འཛིན་པ་ཚོས་ནང་ཆོས་ཉམས་ལེན་བྱེད་རྒྱུ་དེ་ཉེན་ཁའི་ངོ་བོར་མི་བལྟ་བར་དེ་ལ་བརྩི་འཇོག་གནང་དགོས། གང་ལགས་ཤེ་ན། དཔེར་ན་དེ་སྔའི་བྱུང་རབས་སུའང་ནང་ཆོས་ནི་རྒྱ་བོད་མི་རིགས་དབར་མཐུན་བསྒྲིལ་སྤེལ་བའི་བཟང་ཕྱོགས་ཀྱི་ཆ་རྐྱེན་གཙོ་བོ་ཞིག་ཆགས་ཡོད།
ཅ༽ རང་སྐྱོང་འཛིན་སྐྱོང་གཅིག
བོད་མི་རྣམས་རང་སྐྱོང་ལྗོངས་གཅིག་གི་ནང་འཛིན་སྐྱོང་བྱེད་རྒྱུའི་མངོན་འདོད་དེ་ནི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་ལྟ་གྲུབ་ལ་གཞི་རྩ་བཅོལ་བ་ཞིག་ལས་བོད་ཆེ་ཆུང་གི་གནས་ཚུལ་མིན་པ་‘‘བསམ་འཆར་’’ནང་༡༠ གསལ་པོ་འཁོད་ཡོད། དངོས་འབྲེལ་བྱེད་ན་‘‘བསམ་འཆར་’’ནང་གསལ་བ་ལྟར་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་རང་གི་ནང་བརྒྱུད་རིམ་འཐུས་ཚང་བྱུང་ན་འཛིན་སྐྱོང་གི་ས་མཚམས་བསྒྱུར་བཅོས་བྱེད་ཆོག་པ་གསལ་ཡོད། དེར་བརྟེན་གནད་དོན་དེ་རྩ་ཁྲིམས་དང་འགལ་བ་ནམ་ཡང་ཆགས་ཀྱི་མེད། འབྲེལ་མོལ་སྔ་མ་ཚོའི་སྐབས་སྐུ་ཚབ་ཚོས་གསལ་སྟོན་བྱས་པ་ལྟར་སྲིད་བློན་ཀྲོའུ་ཨེན་ལེ་དང་། སྲིད་བློན་གཞོན་པ་ཁྲེན་དབྱི། དམར་ཚོགས་དྲུང་ཆེ་ཧུའུ་ཡའོ་པང་སོགས་རྒྱ་ནག་གི་དབུ་ཁྲིད་མང་པོས་བོད་རིགས་ས་ཁུལ་རྣམས་འཛིན་སྐྱོང་གཅིག་བཟོ་རྒྱུའི་བསམ་ཚུལ་ལ་རྒྱབ་སྐྱོར་གནང་ཡོད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་དང་། ང་ཕོད་ངག་དབང་འཇིགས་མེད། འབའ་པ་ཕུན་ཚོགས་དབང་རྒྱལ་སོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་རིགས་མཐོ་རིམ་དབུ་ཁྲིད་ཚོས་ཀྱང་རེ་འདུན་བཏོན་པ་མ་ཟད། དེ་ལྟར་བྱེད་རྒྱུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས་བཅས་དང་མཐུན་པ་ཡིན་པའི་ངོས་འཛིན་ངེས་གཏན་གནང་ཡོད། ཕྱི་ལོ་ ༡༩༥༦ ལོར་རྒྱ་ནག་དབུས་གཞུང་གིས་བོད་རིགས་ས་ཁུལ་རྣམས་རང་སྐྱོང་ལྗོངས་གཅིག་གི་ནང་གཅིག་གྱུར་བཟོ་ཐབས་ཀྱི་ཞིབ་ཕྲའི་འཆར་གཞི་བཟོ་བཀོད་ཆེད་དམར་ཤོག་ཚོགས་པའི་ཚོགས་མི་རྒན་པ་སངས་རྒྱས་ཡེ་ཤེས་(ཐེན་པའོ་)སོགས་ཀྱི་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ཡོད། འོན་ཀྱང་དེ་དག་རྗེས་སུ་གཡོན་ཐལ་གྱི་རྐྱེན་པས་ལམ་ལྷོང་བྱུང་མེད། བོད་རིགས་ས་ཁུལ་རྣམས་འཛིན་སྐྱོང་གཅིག་གི་ནང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་མི་ཚོས་ཞེ་གཏིང་ནས་སོ་སོའི་རང་སྐྱོང་དེ་མི་རིགས་ཤིག་གི་རང་སྐྱོང་གི་ངོ་བོར་ལག་བསྟར་ཐུབ་ཐབས་དང་། དེ་འབྲེལ་རང་གི་ལེགས་བྱང་དང་ནང་དོན་རིག་པའི་རིན་ཐང་རྣམས་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུའི་ཆེད་དུ་རེད། དེ་ནི་རྩ་ཁྲིམས་དོན་ཚན་བཞི་པར་གསལ་བ་ལྟར་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་ཀྱི་དགོས་དམིགས་དང་གླེང་གཞི་གཙོ་བོ་དེ་རེད། བོད་མིིའི་སེམས་འཚབ་བྱེད་གཞི་བོད་རིགས་གཅིག་གྱུར་བྱེད་རྒྱུ་དེ་ཡིན་པས་‘‘བསམ་འཆར་’’ནང་དེ་དག་ལ་བརྩི་བཀུར་ཞུས་ཡོད་ཅིང་། ད་ལྟའི་‘‘དུམ་བུར་བགོས་ནས་དབང་སྒྱུར་བྱེད་’’པའི་ལམ་ལུགས་མུ་མཐུད་ལག་བསྟར་བྱེད་པས་གོང་གསལ་དགོས་མཁོ་རྣམས་བསྒྲུབ་མི་ཐུབ། བོད་རིགས་རྣམས་ནི་རང་གི་ཐུན་མོང་བྱུང་རབས་དང་། ཆོས། ལེགས་བྱང་གི་ངོས་འཛིན། སྐད་ཡིག ཐ་ན་ས་ཁམས་ཁོར་ཡུག་བཅས་ཀྱི་ཆ་ནས་ཀྱང་གཅིག་གྱུར་དུ་གནས་ཡོད། བོད་རིགས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་མི་རིགས་གཅིག་གི་ཁོངས་སུ་གཏོགས་པ་ལས་མང་པོ་མིན། ད་ལྟ་ཞིང་ཆེན་གཞན་གྱི་ནང་ཟླ་བསྒྲིལ་བཏང་བའི་བོད་རིགས་རང་སྐྱོང་ཁུལ་དང་μོང་བཅས་སུ་གནས་པའི་བོད་མི་རྣམས་ཀྱང་མི་རིགས་གཅིག་རང་ཡིན། ༸གོང་ས་མཆོག་གིས་དབུས་པའི་བོད་མི་རྣམས་ཀྱི་སེམས་འཚབ་བྱེད་གཞི་གཙོ་བོ་བོད་མིའི་ལེགས་བྱང་དང་། ནང་དོན་རིག་པའི་རིན་ཐང་། མི་རིགས་ཀྱི་ངོ་བོ། ས་ཁམས་ཁོར་ཡུག་བཅས་པ་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུ་དེ་རེད། བོད་མི་ཚོས་བོད་རིགས་རང་སྐྱོང་ས་ཁུལ་རྒྱ་བསྐྱེད་བྱེད་དགོས་ཞུས་ཀྱི་མེད། ད་ལྟ་བོད་རིགས་རང་སྐྱོང་ས་ཁུལ་དུ་ངོས་འཛིན་གནང་བཞིན་པ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་གཞན་དང་འདྲ་བར་འཛིན་སྐྱོང་༡༡ གཅིག་གི་ནང་ཚུད་དགོས་པ་ཞུས་ཀྱི་ཡོད། ཇི་སྲིད་བོད་མི་རྣམས་འཛིན་སྐྱོང་གཅིག་གི་འོག་རང་སྲིད་རང་སྐྱོང་བྱེད་རྒྱུའི་གོ་སྐབས་མ་བྱུང་བ་དེ་སྲིད་ཀྱི་བར་བོད་མིའི་ལེགས་བྱང་དང་འཚོ་སྡོད་བྱེད་སྟངས་སྲུང་སྐྱོབ་ལག་བསྟར་འཐུས་ཚང་ཡོང་ཐབས་མེད། ད་ལྟའི་ཆར་བོད་མིའི་མི་འབོར་ཕྱེད་ལྷག་གིས་ཞིང་ཆེན་གཞན་གྱི་ཁེ་ཕན་དང་དགོས་མཁོ་གཞིར་བཟུང་མ་གཏོགས་དོན་ཕན་ལྡན་པའི་ཆ་ཤས་གང་ཡང་བླང་ས་མེད་པར་འགྲོ་དགོས་ཆགས་ཡོད། ‘‘བསམ་འཆར་’’ནང་འགྲེལ་བཤད་ཞུས་པ་ལྟར་མི་རིགས་ས་གནས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ལག་བསྟར་ཡོང་བར་བོད་མི་ཚོར་བོད་རིགས་ཡོངས་ལ་ཁྱབ་པའི་བོད་མི་རང་གི་རང་སྐྱོང་གཞུང་དང་། མི་མང་འཐུས་མི་ཚོགས་ཆེན། དེ་བཞིན་རང་སྐྱོང་གཞུང་གི་ལས་ཁུངས་ཁག་བཅས་ངེས་པར་ཡོད་དགོས་པ་ཡིན། ལྟ་གྲུབ་འདི་ནི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་‘‘གང་དུ་འདུས་སྡོད་བྱེད་སའི་ས་ཁུལ་’’ལ་ས་གནས་རང་སྐྱོང་ལག་བསྟར་བྱེད་རྒྱུའི་ཐོབ་ཐང་དང་། ‘‘རང་སྐྱོང་གཞུང་གི་ལས་ཁུངས་འཛུགས་རྒྱུའི་རང་སྐྱོང་གི་དབང་ཆ་’’ (རྩ་ཁྲིམས་དོན་ཚན་བཞི་པ།)ངོས་འཛིན་གནང་ཡོད། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་‘‘རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་སོ་སོའི་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པར་བརྩི་འཇོག་དང་འགན་སྲུང་ལེགས་པར་བྱེད་པ་’’ཞེས་གཙིགས་ཆེན་པོའི་སྒོ་ནས་གསལ་བ་དེའི་ནང་ས་མཚམས་བར་མ་ཆད་པར་མུ་འབྲེལ་བའི་ས་ཆ་གཅིག་ཏུ་འདུས་སྡོད་བྱེད་པའི་མི་རིགས་ཡོངས་μོགས་གཅིག་གྱུར་གྱི་རང་སྐྱོང་ལྗོངས་བཟོ་རྒྱུའི་མངོན་འདོད་དེ་ཚུད་ཀྱི་མེད་ན་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་ལག་བསྟར་མ་ཐུབ་པར་འགྱུར་འགྲོ
བོད་རིགས་རྣམས་དུམ་བུར་བཏང་ནས་ཁྲིམས་དང་སྲོལ་ཡིག་མང་པོའི་བཀག་རྒྱའི་འོག་བཞག་པ་དེས་བོད་མི་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་མ་བྱུང་བ་དང་། རང་གི་ཐུན་མོང་མ་ཡིན་པའི་ལེགས་བྱང་རྒྱུན་འཛིན་བྱེད་རྒྱུར་དཀའ་ངལ་ཡོང་གི་ཡོད། དབུས་གཞུང་གིས་འཛིན་སྐྱོང་གི་དགོས་ངེས་བསྒྱུར་བཅོས་བྱེད་མི་ཐུབ་པ་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་དང་། ཁྱད་པར་ནང་སོག་དང་། ཉིང་ཞ། ཀོང་ཞི་རང་སྐྱོང་ལྗོངས་སོགས་སུ་བསྒྱུར་བཅོས་བཏང་ཡོད།
ཆ༽ ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ལམ་ལུགས།
༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༩ སྔོན་དུ་བོད་ནང་ལག་བསྟར་བྱས་པའི་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ལམ་ལུགས་རྙིང་པ་བསྐྱར་གསོ་བྱེད་འདོད་བོད་མི་སུ་གཅིག་ལའང་མེད་ཅེས་འགྱུར་བ་མེད་པར་རྒྱུན་དུ་ཡང་ནས་ཡང་དུ་གསུངས་ཡོད། མ་འོངས་པར་རང་སྐྱོང་གི་བོད་ནང་བོད་མིའི་སྤྱི་ཚོགས་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ལམ་ལུགས་མུ་མཐུད་ཡར་རྒྱས་གཏོང་འདོད་ཡོད་པ་མ་གཏོགས་འདས་པའི་དུས་རབས་སུ་བསྐྱར་ལོག་བྱེད་འདོད་མེད། དངོས་དོན་དང་མི་མཐུན་བཞིན་དུ་༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་༡༢ འཛུགས་ཀྱིས་ལམ་ལུགས་རྙིང་པ་བསྐྱར་གསོ་བྱེད་འདོད་ཡོད་ཚུལ་གྱི་ཉེས་འཛུགས་མུ་མཐུད་ཨུ་ཚུགས་བྱེད་པ་ནི་གཞི་མེད་ཅིང་བསུན་གཙེར་དང་མི་གཞན་མགོ་རྨོངས་སུ་འཇུག་གཞི་ཞིག་རེད། ད་ལྟའི་ཆར་རྩ་བ་ནས་ངོས་ལེན་ཐུབ་ཐབས་མེད་པའི་ཆབ་སྲིད་ཀྱི་ལམ་ལུགས་དེ་རིགས་འདས་པའི་བྱུང་རབས་ནང་རྒྱ་ནག་ཐེ་བའི་འཛམ་གླིང་གི་རྒྱལ་ཁབ་དང་སྤྱི་ཚོགས་ཚང་མར་བྱུང་ཡོད། བོད་ཀྱི་ལམ་ལུགས་རྙིང་པ་དེ་ཡང་དེ་མཚུངས་རེད། འཛམ་གླིང་ཧྲིལ་པོར་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ཐད་མདུན་བསྐྱོད་ཤུགས་ཆེ་ཕྱིན་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ངོས་འཛིན་དང་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཆེད་འབད་རྩོལ་ཤུགས་ཆེ་བྱས་ཡོད། བཙན་བྱོལ་བོད་མི་ཚོ་ཡང་དེང་རབས་མང་གཙོའི་ལམ་ལུགས་ཀྱི་ཡར་རྒྱས་དང་། དེ་མཚུངས་ཤེས་ཡོན་དང་། འཕྲོད་བསྟེན། སྒྲིག་འཛུགས་བཅས་ཀྱི་ལམ་ལུགས་ཡར་རྒྱས་ཕྱིན་ཡོད། དེར་བརྟེན་ཡུལ་ལུང་གཞན་དང་དཔུང་པ་མཉམ་གཤིབ་ཐོག་འཛམ་གླིང་གི་ཡུལ་མི་གཅིག་མཚུངས་ཆགས་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོ་ཡང་རྒྱ་ནག་གི་འཛིན་སྐྱོང་འོག་སྤྱི་ཚོགས་དང་། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་གྱི་གནས་སྟངས་བཅས་ཡར་རྒྱས་གང་ཙམ་ཕྱིན་ཡོད་པ་གསལ་པོ་རེད། འོན་ཀྱང་བོད་མིའི་འཚོ་བའི་གནས་སྟངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ད་དུང་ཡང་རྗེས་ལུས་ཆེ་གྲས་སུ་གནས་ཡོད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཐོབ་མེད།
དྲུག་པ། ངོས་འཛིན་དགོས་པའི་གཞི་རྩའི་གནད་དོན།
༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོར་སྒེར་གྱི་གནད་དོན་དང་འབྲེལ་བའི་རེ་འདུན་ཞུ་དགོས་སྣེ་གཅིག་མེད། ༸གོང་ས་མཆོག་གིས་ཐུགས་འཚབ་གནང་གཞི་ནི་བོད་མི་ཚོའི་ཐོབ་ཐང་དང་བདེ་དོན་ཁོ་ན་རེད། དེར་བརྟེན་གཞི་རྩའི་གནད་དོན་ཐག་གཅོད་དགོས་པ་དེ་ལྷག་བསམ་རྣམ་དག་ཐོག་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་གྱི་ལམ་ནས། བོད་མི་རྣམས་སོ་སོའི་ནུས་པ་དང་དགོས་མཁོར་གཞིགས་པས་རང་གི་འཛིན་སྐྱོང་རང་གིས་ཐུབ་པ་བྱེད་རྒྱུ་དེ་རེད།
༸གོང་ས་མཆོག་གིས་བོད་མི་མང་གི་མགྲིན་ཚབ་པ་གནང་སྟེ་བཀའ་མོལ་གསུང་གི་ཡོད་པ་དང་། ༸གོང་ས་མཆོག་ལ་བོད་མི་མང་གིས་ཡིད་ཆེས་དང་ཕན་ཚུན་བྱུང་རབས་རང་བཞིན་ཅན་གྱི་འབྲེལ་བ་གཏིང་ཟབ་ཡོད། ༸གོང་ས་མཆོག་བོད་དུ་ཕྱིར་ཕེབས་གནང་རྒྱུའི་གནད་དོན་ཐད་བོད་མི་ཡོད་དོ་ཅོག་བསམ་པ་ཡོངས་སུ་གཅིག་མཐུན་ཡིན་པ་དང་འདྲ་བ་གནད་དོན་གཞན་གང་གི་ཐོག་ཏུའང་མེད། བོད་མི་ཚོས་༸གོང་ས་མཆོག་བོད་མིའི་ངོ་ཚབ་དང་རང་གི་མགྲིན་ཚབ་ངོ་མར་ངོས་འཛིན་བྱེད་ཀྱི་ཡོད། ༸གོང་ས་མཆོག་བོད་མི་མང་གི་ཁྲིམས་མཐུན་ངོ་ཚབ་ཡིན་པ་དེ་ནི་རྩོད་གཞི་ནམ་ཡང་བྱེད་ཐབས་བྲལ་བ་ཞིག་རེད། དེར་བརྟེན་༸གོང་ས་མཆོག་དང་མཉམ་གྲོས་མོལ་བྱེད་པའི་ལམ་ཁོ་ནའི་བརྒྱུད་བོད་ཀྱི་གནད་དོན་འགྲིག་ཆགས་ཐུབ་རྒྱུ་ཡིན་པའི་བདེན་དོན་ངོས་འཛིན་གནང་གལ་ཆེ། ༡༣
༸གོང་ས་མཆོག་གིས་བོད་དོན་འགན་འཁུར་བཞེས་པ་དེ་རང་ཉིད་སྒེར་གྱི་ཆབ་སྲིད་གོ་གནས་དང་། ཐོབ་ཐང་རྩོད་རྒྱུའམ། ཡང་ན་བཙན་བྱོལ་བོད་གཞུང་གི་ཐོབ་ཐང་རྩོད་ཆེད་མིན། བོད་ཀྱི་མ་འོངས་པའི་གནས་སྟངས་སྐོར་འགྲིག་ཆགས་བྱུང་ཕྱིན་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱེད་རྒྱུ་དང་། བོད་ཀྱི་རྩ་བའི་འགན་འཁུར་བོད་ནང་ལས་ཀ་བྱེད་མུས་རྣམས་ནས་རྐང་འགན་བླང་དགོས། ༸གོང་ས་མཆོག་གིས་བོད་ནང་ཆབ་སྲིད་ཀྱི་སྐུ་དབང་གང་ཡང་བཞེས་རྒྱུ་མིན་པ་ལན་མང་གསུངས་ཡོད།
བདུན་པ། ༸གོང་ས་མཆོག་གི་མཐུན་འགྱུར།
གོང་དུ་ངོས་འཛིན་ཞུས་པའི་གནད་དོན་རྣམས་ཀྱི་ཐོག་༸གོང་ས་མཆོག་གི་བཞེངས་ཕྱོགས་དང་དགོངས་ཚུལ་ཇི་ཡིན་ལ་རྒྱ་ནག་དབུས་གཞུང་གི་དོགས་པ་དང་ཐུགས་འཚབ་རྣམས་བསལ་ཆེད་༸གོང་ས་མཆོག་སྐུ་དངོས་ནས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་འཐུས་གསུངས་ཟིན་པ་ལྟར་གནང་རྒྱུའི་གྲ་སྒྲིག་ཡོད།
དེ་འདྲའི་བསྒྲགས་གཏམ་དེས་རྒྱ་ནག་དབུས་གཞུང་དང་བོད་མིའི་གཞི་རྩའི་དགོས་མཁོ་གཉིས་ཀ་འདོད་བློ་ཚིམས་ངེས་ཡོང་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཚོའི་དབར་གྲོས་བསྡུར་ཞིབ་ལྷུག་གནང་དགོས། ཕྱོགས་གཉིས་ཀས་བསམ་ཚུལ་ཇི་ཡོད་ཐད་ཀར་ཞུ་གལ་ཆེ་བ་ལས། དེ་སྔོན་ལྟར་འབྲེལ་མོལ་གྱི་ལས་རིམ་ལ་འགོག་རྐྱེན་བཟོ་བར་བེད་སྤྱོད་བྱེད་རྒྱུ་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་དགོངས་དོན་གཞིར་བཟུང་བོད་མིའི་ཁེ་ཕན་ཁག་ལ་མོས་མཐུན་ཡོང་རྒྱུའི་ཡིད་ཆེས་ཀྱིས་༸གོང་ས་མཆོག་ནས་འབད་རྩོལ་འདི་དག་གནང་གི་ཡོད་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོས་‘‘བསམ་འཆར་’’དང་། འགྲེལ་བརྗོད་འདིས་བསྐྲུན་པའི་གོ་སྐབས་དམ་འཛིན་གྱིས་མདུན་བསྐྱོད་དང་གཉིས་མོས་ཡོང་ཆེད་གྲོས་བསྡུར་གཏིང་ཟབ་ཏུ་བཏང་གནང་བའི་ཐུགས་རེ་གནང་གི་ཡོད།
ད་ལྟའི་རྒྱ་ནག་གཞུང་གིས།
བོད་ནང་བོད་ཀྱི་སྐད་ཡིག་གཙོ་བོ་བེད་སྤྱོད་བྱེད་བགྱིད་ཡོད་མ་རེད།
བོད་ནང་ཆོས་དད་རང་དབང་མེད་པ་ནི་ཕྱི་གསལ་ནང་གསལ་རེད།
བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་ནི་ཤིན་ཏུ་དམའ་བོ་རེད།
གཞིས་བྱེས་བོད་མི་རིགས་གྱི་ལ་རྒྱ་ལ་རྨ་ཁ་བཟོས་འཚབ་ནི་ཤིན་ཏུ་མཐོ་བོ་རེད།
བོད་ནང་བདེ་འཇགས། བརྟན་ལྷིང་། འཆམ་མཐུན་ག་འདྲ་ཟེ་ཡོང་བགྱི་རེད།
ཏང་གི་ལས་བྱེད་ཚོས་སླར་ཡང་བསམ་བློ་ཡང་ཡང་གཏོང་དགོས་བགྱིད་མི་འདུག་གེ།
གཅིག་གི་བསམ་པ་གཅིག་གི་མ་རྟོགས་པའི།།
རྒྱ་བོད་གཉིས་ཀྱི་ཁ་མཆུ་ནག་མོ་འདིས།།
གཅིག་གི་སྐད་ཆ་གཅིག་པོས་ཉན་པ་ཡི།།
རེ་བའི་སྐུད་པ་བཅད་ནས་ལོ་མང་ཡིན།།
བོད་ནི་རེ་བ་རྒྱ་ནི་དྭོགས་པས་ཁེངས།།
རྒྱ་བོད་ཁ་ཐོར་འགྲོ་ཚུལ་འདི་ལ་ལྟོས།།
ནམ་ཞིག་རེ་དྭོགས་ཞི་བའི་ཕ་རོལ་ནས།།
དགའ་མཐུན་མཛའ་པའི་ལོངས་སྤྱོད་སྲིད་དམ་ཀྱེ།།
གཉིད་དུ་ཡུར་དུས་རྨི་ལམ་དེ་ཡང་བདེ།།
སད་ནས་འཁྲུལ་བ་ཙམ་དུ་གོ་བ་འདིས།།
ཡང་ན་གཉིད་འདི་སད་རྒྱུ་མེད་ན་བསམ།།
ཡང་ན་རྨི་ལམ་ཡལ་རྒྱུ་མེད་ན་ཨང་།།
བོད་ཀྱི་རིགས་སུ་སྐྱེས་པ་ལས་ཀྱི་མཐའ།།
བསམ་པའི་མ་བཟོད་པ་འདི་སྡུག་པའི་རྒྱུ།།
ཀྱི་ཧུད་གཞན་ལ་བརྟེན་དགོས་འདི་ཡིས་སྐྱོ།།
སེམས་གསོ་བྱོས་ཨང་ང་ལ་ཐུགས་མ་ཁྲོ།།