ཚེ་རིང་ཤཱཀྱ།
དེང་སང་རྒྱ་ནག་གི་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་གི་ཡོད་པ་རེད། འགྱུར་བ་དེ་གང་འདྲ་སེ་འགྲོ་གི་ཡོད་དམ། འགྱུར་བ་ཕྱིན་པར་བརྟེན་ནས་ང་ཚོ་བོད་ཀྱི་རང་སྐྱོང་ལམ་ལུགས་དང་། བོད་མིའི་དབང་ཆའམ། ཐོབ་ཐང་སོགས་ལ་ཕན་གནོད་འབྲེལ་བ་གང་འདྲ་ཡོང་གི་ཡོད་དམ། དེ་ཚོའི་སྐོར་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།
སྤྱིར་བཏང་ནུབ་ཕྱོགས་པའི་མཁས་པ་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་མང་གཙོར་གྱུར་ན་བོད་རང་བཙན་རྩོད་ལེན་བྱེད་པར་རེ་བ་ཆེ་བ་ཡོད་པ་དང་། ཡང་ཁ་ཤས་ཀྱིས་ཁག་ཏུ་འགྲོ་གི་རེད་ཅེས་ཤོད་མཁན་སྣ་ཚོགས་ཡོད་པ་རེད།
རྒྱ་ནག་མང་གཙོར་གྱུར་ནས་ང་ཚོར་རང་དབང་འཐོབ་རྒྱུ་ལས་སླ་བ་ཡོད་དམ་ཞེ་ན། ཧ་གོ་རྒྱུ་ཡོད་པ་མ་རེད། གཅིག་བྱས་ན་ཁག་ཏུ་འགྲོ་གི་རེད། དཔེར་ན། རྒྱ་གར་ནང་གི་སྲིད་དོན་ཚོགས་པ་གཅིག་གིས་ཀ་ཤི་སྨིར་པ་ཀི་སི་ཐན་ལ་སྤྲོད་དགོས་རེད་ཅེས་བཤད་ན། སྲིད་དོན་ཚོགས་པ་དེར་རྒྱལ་ཁ་ཐོབ་ཀྱི་མ་རེད། འོས་ཤོག་བླུག་མཁན་མ་རག་ན་རྒྱལ་ཁ་ཐོབ་ཀྱི་མ་རེད་པ། དེ་བཞིན་དུ་ཡང་གལ་སྲིད་རྒྱ་ནག་ནང་ཚོགས་པ་གཅིག་གིས་བོད་ལ་རང་བཙན་སྤྲོད་དགོས་རེད་ཅེས་བཤད་ནའང་། རྒྱ་མི་སུ་གཅིག་གིས་ཀྱང་ཚོགས་པ་དེར་འོས་ཤོག་མ་བླུགས་ན་ང་ཚོས་ག་རེ་བྱེད་དགོས་རེད། གཅིག་བྱས་ན་དེ་དུས་བོད་མི་ཚོ་འདོད་པ་ཡོངས་སུ་ཁེངས་ཏེ་རང་བཙན་བྱེད་ཀྱི་ཡིན་ཞེས་ཤོད་མདོག་ཁ་པོ་མ་རེད། ང་ཚོ་འདིའི་ནང་ལ་བསྡད་ན་སྐྱིད་པོ་འདུག་ཅེས་ཤོད་མདོག་ཁ་པོ་རེད། དེ་དུས་ང་ཚོས་རྩོད་ལེན་བྱེད་པའི་གནད་དོན་འདི་ངོ་བོ་གསར་བ་ཞིག་ཏུ་གྱུར་ཟིན་པ་རེད།
དངོས་གནས་བྱས་ན།ད་ལྟའི་རྒྱ་ནག་གཞུང་གི་ཕྱོགས་ནས་བོད་ཀྱི་གནད་དོན་སེལ་རྒྱུ་ལས་སླ་པོ་རེད་བསམ། གང་ཡིན་ཞེ་ན། བོད་ཀྱི་ས་ཆའི་ཐོག་རྒྱ་ནག་མི་མང་གི་ཚོར་བ་དེ་རྒྱ་གར་མི་མང་གིས་ཀ་ཤི་སྨིར་ལ་བཅངས་པའི་ཚོར་བ་ནང་བཞིན་རྩ་ནས་ཡོད་པ་མ་རེད། བོད་རྒྱ་ནག་གི་མངའ་ཁོངས་རེད། རྒྱ་ནག་ནས་ཁ་བྲལ་ཐབས་མེད་ཅེས་བརྗོད་པ་དེ་ནི་རྒྱ་ནག་གུང་ཁྲན་ཏང་གིས་ཉེ་དུས་བཟོས་པའི་བསམ་བློ་གསར་བ་ཞིག་རེད་མ་གཏོགས། མི་རབས་ནས་མི་རབས་བརྒྱུད་དེ་རྒྱ་མིས་དེ་འདྲ་བསམ་བློ་གཏོང་གི་ཡོད་པའི་གནས་ཚུལ་ཞིག་རྩ་ནས་མ་རེད། དཔེར་ན། རྒྱ་མིའི་སྙན་ངག་དང་། གཞས་ཚིག་ནང་དུ་ལྷོ་རྒྱ་མཚོའི་མཐའ་ནས་ནུབ་ཧི་མ་ལ་ཡའི་རི་རྒྱུད་བར་ང་ཚོའི་ཕ་ཡུལ་ཡིན་ཞེས་བྲིས་མྱོང་མཁན་གཅིག་ཀྱང་བྱུང་ཡོད་མ་རེད། དེ་འདྲ་བསམ་བློའི་ནང་འཁོར་མྱོང་ཡང་ཡོད་མ་རེད།
གལ་སྲིད་རྒྱ་ནག་གཞུང་གིས་ཐག་བཅད་དེ་བོད་སྤྲད་པ་ཡིན་ན། མི་ཁ་ཤས་ཤིག་གིས་ངོ་རྒོལ་བྱས་ན་མ་གཏོགས། རྒྱ་མི་མང་ཆེ་བས་ངོ་རྒོལ་བྱེད་ཀྱི་མ་རེད། བོད་འདི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་གཅིག་གྱུར་གྱི་གོང་བུ་ཡིན་ཟེར་བ་དེ་ནི་རྒྱ་ནག་གཞུང་གིས་གསར་དུ་བཟོས་པའི་སྐད་ཞིག་རེད་མ་གཏོགས། དེ་ཤ་རུས་པའི་གཏིང་ན་ཡོད་པའི་བསམ་ཚུལ་ཞིག་རྩ་བ་ནས་མ་རེད་བསམ།
(འདི་ནི་ཚེ་རིང་ཤཱཀྱ་ལགས་ཀྱིས་ ༢༠༠༥ ལོར་རྒྱ་གར་རྡ་རམ་ས་ལར་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་དང་བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་གྱི་བགྲོ་གླེང་ཚོགས་འདུའི་ཐོག་གསུངས་པའི་གཏམ་བཤད་ལས་ཉུང་སྡུས་ཤིག་ཟུར་འདོན་ཞུས་པ་ལགས)
མཁས་པ་འཆུག་ན་འདོམ་གང་རེད་བསམས། རྒྱ་མིས་བོད་ལ་བོད་སྤྲད་ན་རྒྱ་མི་ཁ་ཤས་ཀྱིས་མ་གཏོགས་ངོ་རྒོལ་བྱེད་ཀྱི་མ་རེད་ཟེར་བ་འདི་ཚེ་ཤཀ་གིས་གང་ནས་ཤེས་པ་རེད། རྒྱ་མི་སྤྱི་ད་ལོས་ཡིན། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡིན་ཟེར་མཁན་རྒྱ་རིགས་གཞན་དང་མི་འདྲ་བའི་བློ་ཁོག་ཡངས་མདོག་དེ་ཚོ་ཡང་བོད་རང་བཙན་ཟེར་དུས་ངམ་ནག་བཞིན་གྱི་གཉེར་མ་སྡུད་ཡོང་གི་ཡོད། དེ་བཞིན་རྒྱ་མིའི་སྙན་ངག་གི་ནང་དུ་རྒྱ་མཚོ་ནས་ཧི་མ་ལ་ཡ་བར་ངའི་ཕ་ཡུལ་ཟེར་བ་གཅིག་ཀྱང་མེད་ལུགས་བརྗོད་པ་དེ་ཁོ་རྒྱ་སྐད་རྒྱ་ཡིག་མི་ཤེས་མཁན་ཞིག་གིས་གང་ནས་རྟོགས་སོང་བ་རེད། རྒྱ་མི་སུ་ཐུག་ལ་བོད་ཅེས་དྲིས་དུས་རྒྱ་མིའི་མངའ་འོག་ཅིག་ཡིན་ཤག་མ་གཏོགས་དེ་ལ་ལོ་རྒྱུས་དང་ཆབ་སྲིད་ཀྱི་སྟེང་ནས་རྩོད་པ་ཞིག་ཡོད་སྙམ་པ་ཀླད་པའི་ཟུར་ཞིག་ལ་ཡང་མེད་པ་ང་ཚོ་བོད་ནས་ཡོང་བ་ཚོས་ལོས་ཤེས།
རྒྱ་རིགས་མཁས་པ་དང་གསར་འགོད་པ་མང་པོ་ཞིག་གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་རྗེས་སུ་ཁོང་ལ་འཛིན་པའི་ལྟ་བ་འགྱུར་སོང་ཟེར་བ་དེ་ཡང་གོང་ས་མཆོག་གིས་བོད་འདི་རྒྱ་མིའི་མངའ་འོག་ནས་འདུག་འདོད་ཡོད་ལུགས་གསལ་རྗེན་གསུངས་པ་དེ་རང་གིས་མིན་ནམ།
ཨ་རོ་་་་་་་་་་མྱི་ཆ་ཡོད་ཁ་ནས་གཏམ་ཆ་མེད་མ་ཤོད། བོད་ཡིག་འབྲི་ཀློག་འདྲ་དགོས་ན་བོད་ནས་ཡོང་མཁན་ཁ་ཤས་ལ་དམིགས་བསལ་ཡོད་ན་མ་གཏོགས། སྲིད་ཤོད་སར་བོད་ནས་ཡོང་མཁན་རྣམ་པར་དམིགས་བསལ་འདྲ་གང་ཡང་མཐོང་མ་སོང་། ཤཀྱ་དང་འཇམ་ནོར་གྲངས་འདི་བཙན་བྱོལ་ནང་ནས་ཅུང་དྲག་ཤོས་གྲངས་རེད། མི་བདེན་ན་ཡག་པོ་ལྟོས་དང་། ཁོས་བཤད་པར་གནས་ལུགས་གང་ཡང་མེད་པ་རེད་མི་འདུག་ག
ཚེ་རིང་ཤཱཀྱའི་གངས་ལྗོངས་ཀྱི་འབྲུག་ཅེས་པ་དེའི་ནང་དུ་ཁོ་བོད་ལ་ཤ་ཞེན་དང་རྒྱ་བོད་བར་གྱི་དཀའ་རྙོགས་སེལ་བ་ལ་ཕན་པ་འདུག་སྙམ་པ་ཞིག་བྲིད་མི་འདུག་ད། ནུབ་ཕྱོགས་པའི་མིག་སྔར་གང་མཛའ་མཛའ་ཞིག་ཨེ་ཡོང་ལྟ་རྒྱུ་དེ་གལ་ཆེན་དུ་བརྩིས་ནས་བྲིས་པ་འདྲ། དེ་བཞིན་པཎ་ཆེན་རིན་པོ་འདས་རྐྱེན་བྱུང་བ་དེས་ཏཱ་ལའི་བླ་མར་ཁེ་ཕན་བྱུང་ཡོད་མདོག་མདོག་ཅིག་ཀྱང་བྲིས་འདུག་ག
འཇམ་དབྱངས་ནོར་བུ་འདི་བོད་དོན་ལ་སི་འཐམ་རོ་འཐམ་བྱེད་མཁན་ཞིག་ཡིན་སྟབས་ངའི་སེམས་ནང་ལ་ཚེ་རིང་ཤཱཀྱ་ལས་སྟོང་འགྱུར་གྱི་རིན་ཐང་ཆེ།
སྐྱེ་བོ་མང་དུ་སྨྲ་བ་ལ། །བདེན་པའི་དོན་”གཅིག་”མེད་པ་མིན། །
ཡ་བཀྲ་ཤིས་བདེ་ལེགས། ཚེ་རིང་ཤཀྱ་ལགས། ཁྱེད་རང་གི་རྩོམ་འདི་ངས་ད་ལྟ་བར་མཐོང་མ་སོང་། ངས་འདིར་བཤད་འདོད་པ་ཞིག་ལ་ཁྱེད་རང་གིས་འདིར་རྒྱ་ནག་འགྱུར་བ་ཕྱིན་པ་ལ་བརྟེན་ནས་ཞེས་པའི་རྗེས་སུ་ང་ཚོ་བོད་ཀྱི་རང་སྐྱོང་ལམ་ལུགས་དང་། བོད་མིའི་དབང་ཆའམ། ཐོབ་ཐང་སོགས་བོད་རང་བཙན་དང་སྦྲེལ་ནས་བཤད་འདུག་པས་ང་ཅུང་ཟད་མགོ་འཐོམས་སོང་།
རྒྱ་ནག་དམངས་གཙོ་ཆགས་པའི་སྐབས་བོད་ཀྱི་དོན་དག་འདི་གསར་འགོད་རང་དབང་སོགས་ལ་བརྟེན་རྒྱ་ནག་ནང་ཕྱི་གསལ་ནང་གསལ་ཆགས་རྒྱུ་ཡིན་པ་རེད། དེ་བས་བོད་ནང་བོད་ཀྱི་རང་སྐྱོང་ལམ་ལུགས་། བོད་མིའི་ཐོབ་དབང་སོགས་ཡར་རྒྱས་ལ་ཕྱིན་ཡོད་མེད་དེ་སྲིད་དོན་ཚོགས་པ་བྱེ་བྲག་པ་ཞིག་ལ་རྒྱལ་ཁ་ཐོབ་མིན་ལ་འབྲེལ་བ་ཆེན་པོ་ཡོད་རེད་སྙམ། ཡིན་ན་ཡང་བོད་གཅིག་པོ་མིན་པར་གྲངས་ཉུང་མི་རིགས་གཞན་པ་ཚོ་ཡང་འདིར་འདུས་ཡོད། དེ་ཡིན་ན་བོད་མིའི་ཐོབ་ཐང་ཡར་རྒྱས་འགྲོ་རྒྱུ་ཡིན་པ་དེ་ལ་དོགས་པ་ཙམ་ཡང་བྱེད་དགོས་དོན་ཡོད་མ་རེད།
ད་བོད་རང་བཙན་ཞེས་བཤད་ཡོང་ན། དེ་གཙོ་བོ་རྒྱ་ནག་མི་མང་ལ་་མི་རིགས་གང་ཞིག་གི་ཁྲིམས་མཐུན་གྱི་དབང་ཆ་དེར་ངོས་ལེན་བྱེད་པའི་གོ་རྟོགས་ཡོད་མེད་ལ་ཐུག་ཡོད་རེད་སྙམ། དེ་ལ་དུས་ཚོད་གང་མཚམས་དགོས་ངེས་རེད། མཐར་དེད་ན་བོད་མི་མང་ལམ་ཁ་དེ་འདྲ་ཞིག་ལ་འགྲོ་འདོད་ཡོད་མེད་དེ་ཡང་དོན་དག་གཞན་ཞིག་རེད། དེ་གཙོ་བོ་བོད་མིའི་ཐོབ་ཐང་ལ་རེག་ལུས་ཡོད་རེད་སྙམ། ད་འདི་ཙམ་བྱེད། མུ་མཐུད་གླེང་ཆོག
ང་རང་ལ་མཚོན་ན་བོད་རང་བཙན་ཡིན་མིན་དེ་དེ་འདྲའི་གལ་ཆེན་པོར་བརྩི་གི་མེད། གཙོ་བོ་ཐོབ་ཐང་རེད། མི་མང་གི་བདེ་སྐྱིད་རེད། བོད་གཞུང་ཡིན་ན་ཡང་འདྲ་གང་ལྟར་ཡང་གཞུང་ཞིག་གི་འོག་ནས་བསྡད་དགོས་ཀྱི་རེད། ཡིན་ན་ཡང་། ད་ལྟའི་རྒྱ་གཞུང་ལྟ་བུ་མི་རིགས་གཞན་གྱི་བསམ་འདུན་ལ་བརྩི་འཇོག་མི་བྱེད་མཁན་གྱི་གཞུང་ཞིག་ཡིན་ན་ཁྱི་རྒན་ཐག་པས་བཏགས་ཀྱང་ཤོར་ལ་ཁད།
སྐད་དང་རིག་གཞུང་གི་ཐོབ་དབང་ཆ་ཚང་ཡོད་ཀྱང་དཔལ་འབྱོར་གྱི་གནས་སྟངས་སྐྱོ་བའི་ཉམ་ཆུང་གི་རྒྱལ་ཁབ་ཅིག་ལས་སྐད་དང་རིག་གཞུང་གི་ཐོབ་དབང་ཆ་ཚང་ལྡན་ལ་དཔལ་འབྱོར་ཡང་ཡར་རྒྱས་ཆེ་བའི་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་འདེམས། ཡིན་ན་ཡང་། གཙོ་བོ་ཐོབ་ཐང་རེད།
ང་ཚོས་བསམ་བློ་བཏང་སྟེ་དངོས་ཡོད་གནས་སྟངས་ལ་ཡག་པོ་ཞིག་ལྟ་ཐུབ་ན་ཧ་གོ་རྒྱུ་མེད་པ་ཡང་མ་རེད།
ཚེ་རིང་ཤཱཀྱ་ལགས་ཀྱི་གཏམ་བཤད་འདི་དེ་རིང་གཞི་ནས་མཐོང་། ཁོང་གི་སྐད་ཆ། (རྒྱ་ནག་ནས་ཁ་བྲལ་ཐབས་མེད་ཅེས་བརྗོད་པ་དེ་ནི་རྒྱ་ནག་གུང་ཁྲན་ཏང་གིས་ཉེ་དུས་བཟོས་པའི་བསམ་བློ་གསར་བ་ཞིག་རེད་མ་གཏོགས། མི་རབས་ནས་མི་རབས་བརྒྱུད་དེ་རྒྱ་མིས་དེ་འདྲ་བསམ་བློ་གཏོང་གི་ཡོད་པའི་གནས་ཚུལ་ཞིག་རྩ་ནས་མ་རེད། དཔེར་ན། རྒྱ་མིའི་སྙན་ངག་དང་། གཞས་ཚིག་ནང་དུ་ལྷོ་རྒྱ་མཚོའི་མཐའ་ནས་ནུབ་ཧི་མ་ལ་ཡའི་རི་རྒྱུད་བར་ང་ཚོའི་ཕ་ཡུལ་ཡིན་ཞེས་བྲིས་མྱོང་མཁན་གཅིག་ཀྱང་བྱུང་ཡོད་མ་རེད། དེ་འདྲ་བསམ་བློའི་ནང་འཁོར་མྱོང་ཡང་ཡོད་མ་རེད།)
འདི་ལ་གོ་རྒྱུ་ཞིག་ཏན་ཏན་འདུག