སྐར་ཆེན་།
ཁ་སང་། གློག་འཕྲིན་བརྒྱུད་ཁྱེད་རང་ཅུང་ཙམ་ན་བྱུང་ཟེར།
ན་བའི་རྐྱེན་གྱིས།
རི་ལྟར་སྤུངས་བའི་ལས་ཀ་དག།
རྗེས་སུ་ལྷག་སོང་ཟེར།
རྗེས་སུ་ལྷག་སོང་བསམ་པའི་སེམས་ཁྲལ་དེའི་དབང་གིས།
ཁྱེད་ཀྱི་ཕྲག་པ་བསྐྱར་དུ་མནན་བྱུང་ཟེར།
དྲན་པ། ངལ་གསོ་ཅུང་ཙམ་གནང་རོགས།
མཚམས་ལན་རེར།
བྲེལ་བྲེལ་འཚུབ་འཚུབ་ཀྱི་ལས་ཀའི་ཁྲོད་དུ།
ཕར་འགྲོ་ཚུར་འོང་གི་བར་གསེང་ཁྲོད་ནས།
མི་འདོད་པའི་དཀའ་ངལ་དག་གིས།
མངོན་ལྐོག་གི་བྱེད་ལས་དག་གིས།
ཁྱེད་སེམས་མནར་བྱུང་ཟེར།
དྲན་པ། ངལ་གསོ་ཅུང་ཙམ་གནང་རོགས།
དོ་དགོང་། ཁ་པར་ལས།
སྡུག་བསྔལ་ཆུང་ཆུང་དེས།
སེམས་ཁྲལ་བསྐྱེན་པོ་དེས།
ཁྱེད་སེམས་ད་དུང་ཡང་མནན་ནས་འདུག་པ་ཚོར།
སྡུག་བསྔལ་དེ་ཁྱེད་ཀྱི་ཚོར་བས་སྦྲུམ་འདུག་པ་ཚོར།
དྲན་པ། ངལ་གསོ་ཅུང་ཙམ་གནང་རོགས།
དྲན་པ་། ངལ་གསོ་ཅུང་ཙམ་གནང་རོགས།