འཇམ་གཅེས།
བདག་ལ་མཚོན་ན་ཡེ་ཤུའི་སྟོན་པའི་འཁྲུངས་སྐར་ལ་མི་དགའ་བའི་སྡང་ཟུག་མེད་མོད། ཡིན་ནའང་འཁྲུངས་སྐར་དེའི་ཕྱིར་དུ་བོད་རིགས་ནང་ཕན་ཚུན་སུ་ལའང་དགའ་སྤྲོའི་བསྟོད་གླུ་ནམ་ཡང་འཐེན་མི་འདོད་ལ། ཤིས་ཚིག་དང་ཤིས་ཤོག་ནམ་ཡང་བསྐུར་མི་འདོད། འདི་ནི་ཡེ་ཤུའི་སྟོན་པ་ལ་མ་དགའ་བ་དང་། དེའི་རྗེས་འཇུག་དག་ལ་སྡང་ཟུག་གང་ཡང་མིན་ལ་ད་དུང་ཆོས་ལུགས་འཐེན་ཁྱེར་རམ་ཕྱོགས་ཞེན་སོགས་གང་ཡང་མིན།
གཙོ་ཆེར་རང་གི་སྟོན་པ་ལ་བཅངས་པའི་དད་མོས་བརྟན་པོ་ཞིག་རྒྱུན་གནས་ཐུབ་ཐབས་དང་། སྟོན་པའི་དམ་ཆོས་ཀྱི་སྙིང་དོན་ལས་ལྷག་པ་ཞིག་མེད་པར་ཡིད་ཆེས་དང་། རང་ཉིད་ཀྱི་མོས་བློ་དང་མཐུན་པའི་ཆོས་ལུགས་ནི་ནང་ཆོས་ལས་ལྷག་པ་ཞིག་མེད་པར་ངོས་འཛིན་གསལ་སྟོན་གྱི་ཕྱིར་དུ་ཡིན་ལ། དེ་བཞིན་དུ་མི་རིགས་རིག་གནས་ཀྱི་ལྟ་གྲུབ་དང་འབྱུང་ཁུངས་སོགས་ཕྱོགས་ཡོངས་ནས་འདྲ་འབྲེལ་གང་ཡང་མེད་པའི་རྒྱུ་མཚན་གྱིས་ཡིན་ཟེར་རུང་མི་ཆོག་པ་གང་ཡང་མེད།
བསམ་ཚུལ་ལམ་ལངས་ཕྱོགས་འདི་ལ་ཁྱེད་ཅག་གིས་བདག་ལ་མཁྲེགས་འཛིན་མཁན་དང་། གུ་དོག་རིང་ལུགས་པ། བླུན་པོ་དང་བསམ་བློ་རྗེས་ལུས་པ་སོགས་གང་འབོད་རུང་སྨྲ་བརྗོད་རང་དབང་ལ་གུས་བརྩི་དང་བསམ་ཤེས་བྱེད་ཐུབ། ཡིན་ནའང་ཆེས་གསར་འགྲོགས་དང་། རང་ཚུགས་བོར་བའི་བྱ་སྤྱོད་འདི་དག་ནི་སྐྱ་སེར་ཕོ་མོ་དང་། མཐོ་དམན་སུ་འདྲ་ཞིག་ལས་མཐོང་རུང་ནམ་ཡང་ཡིད་ཀ་མི་ཡོང་།
སྤྱིར་འཛམ་བུ་གླིང་འདིའི་ནང་དུ་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་ལེགས་ཆ་མེད་པའི་ཆོས་ལུགས་ཤིག་ཡོད་མི་སྲིད་ལ། ཆོས་ལུགས་རྗེས་འབྲངས་པ་སོ་སོའི་ངོས་ནས་ཀྱང་རང་ཉིད་ཀྱིས་དད་ཡུལ་ཆོས་ལུགས་དེ་ལས་ལྷག་པ་ཞིག་གཞན་དུ་མེད་པར་ལྟ་ཚུལ་ཡང་གཅིག་མཚུངས་སུ་ཡོད། དེ་ཡང་མི་རིགས་རིག་གནས་ཀྱིས་སྤྲད་པའི་བག་ཆགས་མཐུག་པོ་ཞིག་དང་འབྲེལ་བས་ཡིན་ལ། དེ་འདྲའི་བག་ཆགས་དེའི་ཤུགས་རྐྱེན་ལས་བྱུང་བའི་བསམ་སྤྱོད་དམ་ལྟ་གྲུབ་ནི་སྐྱེ་བོ་རང་རང་གི་ངོས་ནས་བཤད་ན་དགོས་གལ་ཆེན་པོ་ཡོད་པ་ཡིན་མོད། བསམ་སྤྱོད་དང་རིག་གནས་ཐ་དད་པ་ཡིན་པའི་སྐྱེ་བོ་སྒེར་བ་ཞིག་དང་། ཡང་ན་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་འདྲའི་རིན་ཐང་ཆེན་པོ་ཡིན་པར་སུས་ཀྱང་ངོས་འཛིན་མི་བྱེད།
གོང་དུ་ཞུས་མ་ཐག་པ་ལྟར། ལེགས་ཆ་རེ་ཡོད་པའི་རྒྱུ་མཚན་གྱིས་རང་རིགས་ཀྱི་རིག་གནས་དང་ལྟ་གྲུབ། ཁོར་ཡུག་དང་གནས་སྟངས་སོགས་གང་ལ་ཡང་ཇི་མི་སྙམ་པར་སྣང་ཆུང་ལྟ་བུའི་སྒོ་ནས་གཞན་རྐུབ་ཏུ་འཚང་འགྲོ་བ་ནི་ངོ་མ་སེམས་ན་བྱེད་ཅིག་དང་ཡིད་མུག་བྱེད་ཅིག་ལས་མ་འདས།
དེ་རིང་འདི་ནས་ངས་བསྐྱར་བཤད་ཡང་བཤད་མང་པོ་ཞིག་བཟོ་དགོས་པའི་གནད་དོན་འདི་ཡང་གུས་རང་ཉིད་ཀྱིས་སྤེལ་བའི་རྩོམ་ཐུང་སྟེ། བོད་པ་ཚོས་ཁ་ཆེ་སྟོན་པའི་འཁྲུངས་སྐར་ལའང་གུས་བརྩི་དགོས་སམ་ཞེས་པ་དེ་ལས་འཕྲོས་པའི་མཁས་བླུན་མང་པོ་ཞིག་གིས་བདག་ལ་དགག་བཞག་བྱས་སོང་མོད། དོན་དངོས་ཐོག་ནས་བཤད་ན་རེ་ཟུང་མ་གཏོགས་མང་ཤོས་ཀྱིས་ནི་འདྲེ་ཤར་སྒོ་དང་། གླུད་ནུབ་སྒོ་ལྟ་བུའི་དགོས་མེད་ཀྱི་འཆལ་གཏམ་དང་། འབྲེལ་མེད་ཀྱི་མི་གཞིར་སྨྲ་འབེབས་སོགས། མདོར་ན་མི་བུ་རང་ཉིད་ཀྱི་ཀུན་སྤྱོད་དང་མཐུན་པའི་ཡིག་རྙོག་དང་གཏམ་རྙོག་རྐྱང་རྐྱང་ལས་ལེགས་བཤད་སྣ་གཅིག་ཀྱང་མི་སྣང་། གཅིག་བྱས་ན་བདག་རང་ཉིད་ལ་རྣམ་དཔྱོད་ཀྱི་བློ་གྲོས་དང་། སྐྱེས་སྦྱངས་ཀྱི་ནུས་སྟོབས་ཞན་པའམ་ཡང་ན་ཆུ་ཚད་དམན་སོང་བའི་དབང་གིས་བོང་བུའི་རྣ་མཆོག་ནང་དུ་གསེར་དང་ཐལ་བའི་དཔེ་ལྟར་ཡིན་ནའང་ཆོག །
གང་ལྟར་ངས་གང་བཤད་པ་དེ་དག་གི་ནང་སྙིང་ངོ་མ་ནི་རང་རིགས་མང་པོ་ཞིག་གསར་འགྲོགས་སམ་ཨ་གསར་ཆེ་དྲགས་པ། གཞན་ཟེར་རྗེས་རྒྱུགས་སམ་གཡམ་རྒྱུགས་ལ་དགའ་དྲགས་པ། མི་རིགས་རིག་གནས་ཀྱི་བསམ་བློའི་འདུ་ཤེས་ལ་ཞན་ཆ་ཆེ་དྲགས་པ། འདས་མ་ད་གསུམ་གྱི་གནས་སྟངས་སྤྱི་དང་ཡང་སྒོས་མིག་སྔའི་གནས་ཚུལ་ལ་བསམ་ཤེས་གཏན་ནས་མི་བྱེད་པ། ད་དུང་བྱས་པ་ཅན་ལ་དྲིན་དུ་མི་ཚོར་བའི་ཁར། རང་ཉིད་ཀྱི་ཁ་ཕོར་མ་གཏོགས་སོ་སོའི་ཁོར་ཡུག་ཆ་ཚང་བ་ཞིག་ཀྱང་མིག་གིས་མི་མཐོང་།
མདོར་ན་དུས་རྟག་ཏུ་མི་རིགས་ཀྱི་ཁྱད་ཆོས་དང་། རིག་གནས་ཀྱི་རིན་ཐང་། ཡུལ་སྲོལ་དང་གོམས་གཤིས་འདི་དག་གལ་ཆེ་ཡིན་རབས་དང་། རིན་ཐང་ལྡན་རབས། རྒྱུད་འཛིན་དགོས་ཚུལ། ལྷག་པར་དུ་ཡང་རང་ཡུལ་གཞན་གྱི་བཙན་འོག་ཏུ་ཚུད་ནས་གཏོར་གཤིག་བཟོས་ཡོད་ལུགས་སོགས་ཁ་ན་ན་བར་དུ་ཤོད་ཀྱིན་ཡོད་མོད། དོན་དངོས་མི་བུ་རང་ཉིད་ཀྱིས་འགན་ཁུར་ལྡན་པའི་བྱ་བ་གང་ཞིག་སྒྲུབ་ཀྱིན་ཡོད་དམ། དེ་དག་རྒྱུད་འཛིན་དང་གཙང་ཉར་གྱི་ཐད་ནས་ཆོད་སེམས་དང་ལྷག་བསམ། རྣམ་དཔྱོད་དང་ལར་ཞེན། ཐབས་དང་ཇུས་སོགས་ག་ཚོད་ཡོད་དམ། འདི་དག་ནི་སོ་སོས་སོ་སོར་འདྲི་དགོས་པའི་དྲི་བ་གལ་ཆེ་ཁག་གཅིག་ཡིན།
ད་དུང་རང་དབང་ལུང་པར་གནས་བཅས་ནས་ཡོད་པའི་མི་བུ་དག་གིས། སོ་སོའི་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལས་ཀྱང་། གཞན་གྱི་ལམ་ལུགས་ལ་གལ་ཆེ་བའི་གསར་འགྲོགས་ཀྱི་བྱ་སྤྱོད་འདི་དག་གིས་མ་འོངས་པར་གཞོན་སྐྱེས་དག་གི་སེམས་སུ་བག་ཆགས་གང་འདྲ་ཞིག་འཇོག་འགྲོ་མིན་ཡང་བསམ་བློའི་ཟུར་ཙམ་ལ་ཡང་འཁོར་མྱོང་ཡོད་དམ། དུས་རྟག་ཏུ་འུར་བཞིན་པའི་བོད་མིའི་སྐད་དང་ཡི་གེ ཆོས་དང་རིག་གནས། ཡུལ་གོམས་གཤིས་ལུགས་སོགས་གཞན་གྱིས་གཏོར་གཤིག་བཏང་བ་ལ་མི་འདོད་པའི་སྐད་ངན་ནམ་སྡུག་སྐད་དེ་དག་ཁ་ཁོག་མཚུངས་པའི་སྒོ་ནས་ཡིན་ཚེ། ཅིའི་ཕྱིར། རང་ཉིད་ཀྱི་ངོས་ནས་སྣང་མེད་དང་ཁྱད་གསོད་བྱེད་ཀྱིན་ཡོད། ང་ཚོ་བོད་པའི་ངག་རྒྱུན་དུ། མགོ་གསེར་སྐུས་བཅག་དང་རྡོ་ཡིས་བཅག། བྱིན་རླབས་མེད་ན་འདྲ་འདྲ་དང་།། ཤ་ཕ་མས་བཅད་དང་ཤ་བས་བཅད།། བྱང་སེམས་མེད་ན་འདྲ་འདྲ་ཡིན།། ཟེར་སྲོལ་ཡོད་པའི་དཔེ་དེ་ལ་བདེན་ཁ་ཐེངས་གཅིག་མི་སྦྱིན་མཐུ་མེད་དུ་གྱུར་མི་འདུག་གམ།
ཡང་ཁ་ཅིག་ན་རེ། ཡེ་ཤུ་དང་ཁ་ཆེ་སོགས་ཀྱི་ཆོས་ལུགས་ལ་སྐྱེ་བོ་སུ་འདྲ་ཞིག་གིས་དད་པ་དང་གུས་བརྩི་བྱས་རུང་གལ་མི་ཆེ་སྟེ། དེ་དག་ལ་གུས་བརྩི་དང་དད་པ་བྱས་པ་ཙམ་གྱིས་རང་ཉིད་ནང་པ་མ་ཡིན་པར་འགྱུར་མི་འགྲོ་ལ། དེ་ལས་གཞན་པའི་གྱོང་ཁ་ཡང་གང་ཡང་མེད་ཏེ། དཔེ་ན་ཕྱི་གླིང་སྐྲ་སེར་མིག་སྔོན་ཅན་ཚོས་ནང་ཆོས་ལ་དད་པ་བྱེད་ཀྱིན་འདུག་ལ། ནང་པའི་བླ་མ་སྤྲུལ་སྐུ་སོགས་ལ་དད་པ་བཞག་ནས་ཕྱག་འཚལ་གྱིན་འདུག ཡིན་ནའང་ཁོང་ཚོས་གཞི་རྩའི་ཆོས་ལུགས་ནི་ཕ་མེས་ཀྱི་ཆོས་ལུགས་དེ་རང་ལ་གནས་ཀྱིན་ཡོད་པས། ང་ཚོས་ཀྱང་གུ་དོག་གི་ལྟ་ཚུལ་འདོར་དགོས་རབས་སོགས་གུ་ཡངས་ཡིན་མདོག་དང་ཟོ་བཟང་འཁྲབ་ཀྱིན་འདུག་ལ། ལྷག་པར་དུའང་གྲྭ་གོས་དམར་སེར་ཅན་གྱི་མི་བུ་རེ་འགས་ཀྱང་དེ་ལྟར་འུར་བཞིན་པ་མཐོང་དུས་རང་སེམས་རྡོ་ལས་མཁྲེགས་པའི་བླུན་པོ་བདག་གི་རྒྱུད་ལའང་སྙིང་རྗེ་ལྟ་བུའི་སེམས་བྱུང་ཞིག་ངམ་ངམ་ཤུགས་ཤུགས་ཀྱི་སྒོ་ནས་སྐྱེས་ཀྱིན་འདུག།
རྒྱུ་མཚན་གང་ལགས་ཤེ་ན། མི་བུ་འདི་དག་ནི་ཕ་མེས་ཡང་མེས་ནས་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པར་ཁས་འཆེས་པ་དག་ཡིན་པས། ད་དུང་རང་ཉིད་ཀྱི་ངོས་ནས་ནང་ཆོས་ལ་ཤེས་ནས་དད་པ་འཇོག་དགོས་ཚུལ་ཙམ་ཡང་མ་ཤེས་པ་དང་། ནང་པ་ལ་འཇུག་པའི་སྒོ་སྐྱབས་འགྲོའི་དགག་སྒྲུབ་ཀྱི་བསླབ་བྱ་ཙམ་ལའང་རྨོངས་ཡོད་ཚོད་དུ་འདུག་ན། མགོན་པོ་མཆོག་དེས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།།ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག། ཅེས་གསུང་མ་འགག་བར་དུ་ཡང་ཡང་ལུང་དོན་འགྲེལ་གནང་བ་དེ་ཚོ་ནི་སྣོད་ཞབས་བརྡོལ་བའི་ནང་དུ་བདུད་རྩི་བླུགས་པ་ནང་བཞིན་ཕྱིན་འདུག་སྙམ་པ་དང་། ལྷག་པར་དུ་ཡང་མི་ཚེ་དཀོར་ཟས་ལ་སྤྱོད་མཁན་དག་གི་གྲལ་དུ་འདི་ལྟར་ཡོད་ན། མི་སྐྱ་ཕོ་མོ་ཚོའི་ནང་དུ་ཡོད་པར་ལྟ་ཅི་སྨོས།
སྤྱིར་སྐྱེ་བོ་འདི་དག་གི་རིགས་ལ་ནི་ཆོས་དང་ཆབ་སྲིད། མི་རིགས་ཀྱི་ལས་དབང་དང་རིག་གནས་རྒྱུད་འཛིན། མཉམ་གནས་མཐུན་སྒྲིལ་སོགས་ལ་ཕན་པའི་ལམ་སྟོན་དང་སློབ་གསོ་སྣ་གཅིག་མངོན་ཡོང་རྒྱུ་མེད་པའི་ཁར། དེ་ལས་ལྡོག་སྟེ་ཆོས་ལུགས་དང་ཆོལ་ཁའི་སྦྲེལ་ཐག་ལ་ཕྱོགས་ཞེན་གྱི་སྟ་རེ་ནི་ནམ་ཡང་གཡུག་མཚམས་བཞག་མ་མྱོང་བ་དག་ཡིན། མདོར་བསྡུས་ན། འབྲི་ཚུགས་ཤོར་ན་འབྲི་མིན་ལ། གཡག་ཚུགས་ཤོར་ན་གཡག་མིན་པར་འདོད་དོ།།
ནོར་བཅོས། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།།ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག།
་་་་་་་་་་་་་་་་་་་ དུས་རྟག་ཏུ་འུར་བཞིན་པའི་བོད་མིའི་སྐད་དང་ཡི་གེ ཆོས་དང་རིག་གནས། ཡུལ་གོམས་གཤིས་ལུགས་སོགས་གཞན་གྱིས་གཏོར་གཤིག་བཏང་བ་ལ་མི་འདོད་པའི་སྐད་ངན་ནམ་སྡུག་སྐད་དེ་དག་ཁ་ཁོག་མཚུངས་པའི་སྒོ་ནས་ཡིན་ཚེ། ཅིའི་ཕྱིར། རང་ཉིད་ཀྱི་ངོས་ནས་སྣང་མེད་དང་ཁྱད་གསོད་བྱེད་ཀྱིན་ཡོད། ་་་་་་་་་་་་་་་་་་་་་་་་་་་་
བོད་འདི་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་མཉམ་གནས་ཀྱི་ཡུལ་ཁྱད་པར་བ་ཞིག་ཡིན། ལྷ་སའི་ཁ་ཆེ་ལྷ་ཁང་དང་སྨར་ཁམས་ཀྱི་ཡི་ཤུའམ་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་ནི་མིག་མཐོང་ལག་ཟིན་ཡིན། དེ་བས། དེ་ནི་གཟི་བརྗིད་ཅིག་དང་། མཉམ་གནས་མཉམ་རུབ་ཅིག་ལ་བལྟ་འོས་པ་ལས་ལོགས་སུ་དབྱེ་ས་ཞིག་མེད། འདིའང་བོད་འདི་བཞིན་གནའ་རྫས་ལས་ལྷག་པའི་སྲུང་སྐྱོབ་ཀྱི་རིན་ཐང་ཡོད་པའི་སྒྲུབ་བྱེད་ཡིན། སྐུ་གཅེས་ཚོ། ཁ་སྔ་མི་རུང་།
ཡག་པོ་བྲིས་འདུག བཙན་བྱོལ་བོད་པ་འདི་ཚོ་ཤོག་བུ་རླུང་ཁྱེར་རེད། རླང་གཡས་ལ་རྒྱབ་ན་གཡས་དང་། གཡོན་ལ་རྒྱབ་ན་གཡོན་ལ་ཁྱེར་ཆོག་ཆོག་རེད། མི་འདི་ཚོ་ལ་མི་གཤིས་ཟེར་རྒྱུ་ཞིག་མི་འདུག
ལོ་ལགས་སོ། སྐུ་ངོ་ཕེབས་པ་བཟང་། ཆོས་ལུགས་ཆེན་པོ་གསུམ་མཉམ་གནས་ཀྱི་དངོས་ཡོད་ལོ་རྒྱུས་འདི་ནི་བོད་ཀྱི་སྤོབས་པ་དང་འཛམ་གླིང་གི་མིག་དཔེ་ཡིན། ཧམ་པ་བཤད་པའི་རྨང་གཞིའང་ཡིན། ཆོས་ལུགས་འདི་དག་གི་རྗེས་འཇུག་པ་ཚོར་བོད་ལ་རོགས་བསྐྱོར་གནང་བའི་འོས་འགན་མེད་དམ། ཚང་མས་བསམ་བློ་རྒྱ་ཆེན་པོ་རེ་གཏོང་རོགས། ཁ་དྲོ།
ཆོས་ལུགས་མཉམ་གནས་ཟེར་ན་འདྲ། གང་ལྟར་ཡུལ་ལུང་རེ་འམ་ཡང་ན་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ཆོ་ལུགས་མི་འདྲ་བ་གཉིས་གསུམ་རེ་མེད་ས་ཞིག་ཡོད་མི་སྲིད། དེ་ལ་ཡང་སྒེར་སྐྱོན་གཉིས་ཀའི་ཆ་ནས་གླེང་དགོས་པ་ལས། དགེ་མཚན་ཁོ་ནའི་ཕྱོགས་ནས་གླེང་བ་ནི་དྲང་བདེན་ཞིག་ནམ་ཡང་མ་ཡིན། སྤྱིར་ཆོས་ལུགས་མཐུན་སྒྲིལ་དང་། ཆོས་ལུགས་ལ་གུས་བརྩི་དགོས་མོད། ཡིན་ནའང་གཙོ་བོ་སོ་སོའི་ཕ་མེས་ནས་ཆོས་རྒྱུད་གང་ཞིག་གི་རྗེས་འབྲངས་ཡིན་ན་དེའི་ལྟ་གྲུབ་དང་། ལམ་ལུགས་ལས་མ་རྒལ་བ་དགོས་པ་ལས་ཉ་ཉུང་མཉམ་བསྲེས་ཀྱི་ལས་སུ་འཇུག་པ་ཆེ་སོང་ན་ནམ་ཞིག་རང་ཚུགས་གང་ཡང་མེད་པ་དང་། ལྟ་གྲུབ་ཀྱི་གཞི་འཛིན་ས་གང་ཡང་མེད་པར་འགྱུར་ཉེན་ཆེ་བས་ཡིན། མདོར་ན་མང་པོ་ཞིག་ནས་ཡེ་ཤུའི་ཆོས་ལུགས་དང་། དེའི་རྗེས་འཇུག་པ་ཚོ་ལ་ཚད་ལས་རྒལ་བའི་བསྟོད་ར་འཐེན་མཁན་འདུག་མོད། དོན་དངོས་ཡེ་ཤུ་བ་ཚོས་འཛམ་གླིང་དངུལ་གྱིས་ཉོ་བཞིན་ཡོད་པ་ཡང་ཤེས་དགོས་ལ། ཕྱིར་ཚུལ་དུ་མི་ལ་ཕན་སེམས་ཀྱི་རྣམ་པར་མངོན་རུང་། དོན་དངོས་ཆོས་ལུགས་ཁྱབ་སྤེལ་ལམ་རྒྱ་བསྐྱེད་རིང་ལུགས་པ་ཡིན་པ་ནི་ཡོངས་གྲགས་སུ་ངོས་འཛིན་གྱི་ཡོད།
ཧ་ཅང་ཡག་གི བསམ་ཚུལ་བཤད།གཞན་ལ་ཉན། དེ་ནས་དཔྱད་པ་གཏོང་དགོས་པ་རེད། ངས་བཤད་ཀྱིན་པའི་བོད་པ་ཁ་ཆེ་དང་བོད་པ་ཡི་ཤུ་ནི་རྒྱལ་དབང་ལྔ་བས་དུས་ནས་དར་འཕེལ་བྱུང་བ་ཞིག་རེད། ཡི་ཤུའི་གསུང་རབ་བོད་ཡིག་ནང་འགྱུར་ནས་ཧ་ལམ་ལོ་ངོ་བརྒྱད་ཅུ་ལྷག་རེད། ཁ་ཆེ་གསུང་རབ་བོད་ཡིག་ནང་འགྱུར་ནས་ལོ་ངོ་གང་ཙམ་རེད། དེ་བས། བོད་པ་ཚང་མ་སྐྱ་ཆད་སྔོ་སྡུག་ལ་འཕྲད་པའི་དེ་རིང་། གལ་སྲིད་ཤུགས་ཆེན་པོས་བསྒྲགས་ཐུབ་ན་གཞོགས་འདེགས་ཡོང་ངེས་རེད། དེ་བས། ཆོས་ལུགས་གང་ཡག་གང་བཙོག་ཟེར་བ་དེ་རང་དབང་ཡོད་དུས་ཀྱི་སྐད་ཆ་ཞིག་མ་རེད་དམ།
ངས་གང་བཤད་པ་དག་ནི་ཆོས་ལུགས་ལེགས་ཉེས་ཀྱི་སྐད་ཆ་མ་ཡིན་པར། གཙོ་བོ་རང་ཉིད་ལ་གང་འཚམས་པའི་ཆོས་ལུགས་དང་། ལྷག་པར་དུ་འང་སོ་སོའི་རིག་གཞུང་གི་སྙིང་རྩ་རུ་གྱུར་ཟིན་པའི་ཆོས་ལུགས་དེ་བཞིན་བསྲེས་ལྷད་མེད་པའི་སྒོ་ནས་བདག་པོ་གནང་ཐུབ་དགོས་པ་དེ་མ་འོངས་པའི་གཞོན་སྐྱེས་ཚོས་ལས་འགན་རེད་ལ། གཞོན་སྐྱེས་དག་ལ་བརྩིས་སྤྲོད་གང་འདྲ་བྱེད་མིན་དེ་ནི་ད་ལྟའི་མི་ཐོག་འདི་ལ་རག་ལས་ཡོད་ཟེར་གྱིན་ཡོད། དེ་སྔར་ད་བར་དུ་འཛམ་གླིང་སྤྱི་ཡོངས་ཀྱིས་གུས་བརྩི་ཡོད་བཞིན་པའི་ནང་བསྟན་ཆོས་ལུགས་སྤྱི་དང་། ལྷག་པར་དུའང་བོད་རྒྱུད་ནང་བསྟན་ལ་མཚོན་ན་དག་གཙང་མ་ཡིན་པའི་ངོ་བོ་དང་རྣམ་པ་ཞིག་ལ་གྱུར་སོང་བ་ཡིན་ན་བློ་ཕམས་དགོས་པ་རེད།
༼བདག་ལ་མཚོན་ན་ཡེ་ཤུའི་སྟོན་པའི་འཁྲུངས་སྐར་ལ་མི་དགའ་བའི་སྡང་ཟུག་མེད་མོད། ཡིན་ནའང་འཁྲུངས་སྐར་དེའི་ཕྱིར་དུ་བོད་རིགས་ནང་ཕན་ཚུན་སུ་ལའང་དགའ་སྤྲོའི་བསྟོད་གླུ་ནམ་ཡང་འཐེན་མི་འདོད་ལ། ཤིས་ཚིག་དང་ཤིས་ཤོག་ནམ་ཡང་བསྐུར་མི་འདོད། འདི་ནི་ཡེ་ཤུའི་སྟོན་པ་ལ་མ་དགའ་བ་དང་། དེའི་རྗེས་འཇུག་དག་ལ་སྡང་ཟུག་གང་ཡང་མིན་ལ་ད་དུང་ཆོས་ལུགས་འཐེན་ཁྱེར་རམ་ཕྱོགས་ཞེན་སོགས་གང་ཡང་མིན།༽ ཞེས་བ་ལ་བལྟས་ན་བོད་ནང་སྨར་ཁམས་དང་དར་རྩེ་མདོ་སོགས་ན་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེང་པའི་བོད་པ་དེ་ཚོ་ལ་བོད་རིགས་མིན་པ་ཨེ་རེད།
གཞན་བོད་རང་གི་ཆོས་ཞེས་ད་ལྟའི་ནང་ཆོས་འདི་ཡང་ཁུངས་གཏུག་ས་རྒྱ་གར་པ་མ་རེད་དམ། ལ་རྒྱ་དང་ཤ་ཞེན་དེ་འདྲ་ཞིག་ཡོད་ན་བོད་ལ་རྒྱ་གར་གྱི་ཆོས་འཁྱལ་འདི་མ་ཡོང་སྔོན་ཡོད་བཞིན་པའི་བོན་པོའི་ཆོས་ལ་བརྩི་དགོས་པ་མ་རེད་དམ།
མཐར་རྩོམ་པ་པོ་ལ་merry Christmas ! ཞེས་ཤིས་ཚིག་དང་བཅས།
༼ཆོས་འཕེལ་དར་རྒྱས་ལ་ལན༽ནང་ཆོས་རྒྱ་གར་ནས་གདན་དྲངས་པའི་རྒྱུ་མཚན་གྱིས་ཆོས་འཆལ་འདོད་ན། དེའི་ཡར་སྔོན་དུ་དར་བའི་བོན་ཆོས་དེའི་འབྱུང་ཁུང་ངོ་མ་དེ་ཡང་ཤེས་པར་གྱིས། སྤྱིར་ནང་ཆོས་ནི་སྐྱེ་བོ་རེ་ཟུང་གིས་འགྲེལ་བཤད་གང་བྱས་རུང་། བོད་མི་རིགས་ཤིག་གམ་བོད་རྒྱལ་ཁབ་ཞིག་གི་ཆོས་ལུགས་ཡིན། དཔེ་ན། འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་དུ་ཆོས་ལུགས་མི་འདྲ་བ་གང་ཞིག་ཡོད་རུང་། གཙོ་བོ་མི་འབོར་དང་ཆོས་ལུགས་ཀྱི་ཁྱབ་ཚད་ལས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ལ་ཡེཤུའི་རྒྱལ་ཁབ་དང་། རྒྱ་གར་ལ་ཧིན་དྷིའི་རྒྱལ་ཁབ། པ་ཀེ་སི་ཐན་དང་། ཨ་རབ། ཨི་རག ཨ་གྷན་ནི་སི་ཐན་སོགས་ལ་ཁ་ཆེའི་རྒྱལ་ཁབ། དེ་བཞིན་འབར་མ་དང་། ཐ་ལན་ཌི། ཤྲི་རི་ལང་ཀ འབྲུག་པ། བོད་པ་སོགས་ལ་ནི་ནང་པའི་རྒྱལ་ཁབ་ལ་ངོས་འཛིན་ནི་འཛམ་གླིང་སྤྱིར་ཡོངས་ཀྱིས་ངོས་འཛིན་ལས། ངས་ཧམ་བཤད་གང་ཡང་བྱས་མེད། རྒྱལ་ཁབ་རེ་རའི་ནང་དུ་ཆོས་ལུགས་མི་འདྲ་བ་སྣ་ཚོགས་པ་ཡོད་ལ། ཡོད་ཆོག་པ་ཞིག་ཀྱང་ལོས་ཡིན། དེ་བཞིན་ཡེ་ཤུའི་རྗེས་འཇུག་པའི་བོད་རིགས་ཡིན་ཡང་། ཡེ་ཤུའི་དུས་ཆེན་དེ་ལ་འཚམས་འདྲི་ཞུ་མིན་ནི་སྐྱེ་བོ་སྒེར་གྱི་ཐོབ་ཐང་ཡིན་པས་ཕན་ཚུན་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ཡང་མིན་པར་ཤེས་ན་ལེགས།
ཧེ་པི། མེ་རི། ཀ་རིས་མས། ཊུ། ཡུ། ཨལ།། །།
ད་མང་པོ་བཤད་ན་རྙོག་འགྲོ། ཐུང་ཐུང་འབྲི། མ་གཞི་ཡུལ་གྱི་སྲོལ་རྒྱུ་ལ་མཐོང་ཆེན་བྱེད་དགོས་ཞེས་ཉིད་ནས་བསྐུལ་མ་བྱེད་བཞིན་པ་འདྲ། དེ་ན་སྒང་པ་བོད་ཡུལ་ན་རྒྱ་གར་གྱི་ཤཀྱའི་ལུགས་མ་དར་སྔོན་ནས་བོན་ཆོས་ཞིག་ཡོད་པ་དེ་མཐོ་སྒང་བའི་ཡུལ་སྲོལ་ཐོག་མ་མིན་སྲིད་ཡང་ཤཀྱ་བའི་སྔོན་ཡིན་པ་མིག་མཐོང་ལག་ཟིན་རེད། དེ་བརྩི་བར་བྱོས།
གཞན་ཉུང་ངུ་དོ་སྣང་མ་སྤྲད་པར་མང་པོས་དབང་ཆ་འཕྲོག་འགྲོ་བའམ་སྣེ་ཁྲིད་འགྲོ་བ་ཁས་ལེན་ན་ད་སྐབས་ཀྲུང་གོ་བས་བོད་མཐོ་སྒང་ལ་རྒྱ་མི་རིགས་ཀྱི་གོམ་སྲོལ་ལས་བོད་ལུགས་ཡལ་གི་འདུག་ཟེར་བ་དེ་དང་ཟློག་ཟླ་རེད། བསམ་བློ་ཐོང་།
ཡེ་ཤུའི་བའི་བུ། དཀོན་མཆོག་གི་ཐུགས་སྲས་དམ་པས་སྐྱོང་བའི་སྨོན་ལམ་དང་བཅས།
འཇམ་གཅེས༽ སྤྱིར་ཆོས་ལུགས་མཐུན་སྒྲིལ་དང་། ཆོས་ལུགས་ལ་གུས་བརྩི་དགོས་མོད། ཡིན་ནའང་གཙོ་བོ་སོ་སོའི་ཕ་མེས་ནས་ཆོས་རྒྱུད་གང་ཞིག་གི་རྗེས་འབྲངས་ཡིན་ན་དེའི་ལྟ་གྲུབ་དང་། ལམ་ལུགས་ལས་མ་རྒལ་བ་དགོས་པ་ལས་ཉ་ཉུང་མཉམ་བསྲེས་ཀྱི་ལས་སུ་འཇུག་པ་ཆེ་སོང་ན་ནམ་ཞིག་རང་ཚུགས་གང་ཡང་མེད༽
དེ་ལྟར་ན་བོན་པོའི་ཆོས་དེ་སོ་སོའི་ཕ་མྱེས་ཀྱི་ཆོས་རྒྱུད་ཡིན་པས་་་་བོད་པ་ཚོ་དེའི་ལྟ་གྲུབ་དང་ལམ་ལུགས་ལས་མ་རྒལ་བ་དགོས་པ་ཡིན་ནམ། ཡང་ན་ཉ་ཉུང་མཉམ་སྲེས་ཀྱི་ལས་སུ་འཇུག་པ་ཡིན་ནམ། དེ་ཡིན་ན་བོད་རྒྱུད་ནང་བསྟན་པ་ཚོ་རང་ཚུགས་གང་ཡང་མེད་པ་ཡིན་ནམ།
བོན་ཟེར་བ་དེ་བོད་ཀྱི་ཕ་མེས་ཀྱི་ཆོས་ལུགས་ཤིག་མ་རེད།
བདེན་རྫུན་གང་ལྟར་ཡང་བོན་རང་གི་ཡིག་ཆ་ལས་བོན་ནི་སྟག་གཟིག་གི་ཡུལ་ནས་བྱུང་ཞིང་དེ་ནས་ཞང་ཞུང་གི་སྐད་དུ་བསྒྱུར། དེ་ནས་བོད་སྐད་དུ་བསྒྱུར་ཚུལ་གསལ་ཡོད།
དུས་རབས་བཅུ་པའི་སྔོན་ལ་བོན་ཟེར་བ་ཞིག་ཡོད་མེད་ཁ་གསལ་པོ་མེད་ཐོག ད་ལྟའི་བོན་གྱི་བཀའ་བསྟན་ནི་མང་ཆེ་བ་རིག་གནས་གསར་བརྗེའི་རྗེས་སུ་ཉག་རོང་ནས་ཐོན་པ་རེད།
སྤྱིར་ན་སྟོན་པ་གཤེན་རབ་སྐྱེས་ཡུལ་ཤི་ཡུལ་དེ་ཤར་ལྷོ་ནུབ་བྱང་སྟེང་འོག་གང་ཞིག་ལ་ཡང་མཛུབ་མོ་གཏན་ཁེལ་འཛུབ་ཐུབ་གི་མེད་པའི་ཆ་ནས་བོན་ཞེས་པ་དེ་ལ་ཆ་འཇོག་དམིགས་གཏད་གང་ཡང་མེད་པ་གསལ་པོ་རེད།
སྤོབས་པ་མཐའ་ཡས་ལགས།
བོད་ནང་ལོགས་ཀྱི་མཁས་པ་ཞིག་གིས། ཏུན་ཧོང་ཡིག་རྙིང་ནས་དྲངས་འོང་བའི་བོན་དང་བོན་པོ་ཞེས་པའི་མིང་ཚིག་གི་སྐོར་ལ་དཔྱད་པ་གནང་བ་ཞིག་འདིར་འདུག ཁྱེད་རང་གི་ཐུགས་ལ་ཇི་ལྟར་གནག་པ་བཞིན་དེ་འདྲ་རང་ཡིན་ས་མི་འདུག་གོ །
http://himalayabon.com/review/comment/2014-04-21/395.html
ཏུན་ཧོང་ཡིག་རྙིང་དེ་ཚོ་དུས་རབས་བཅུ་གཅིག་པའི་སྟོད་ཙམ་ལ་ཐུག་གི་བར་དུ་བྱུང་བའི་ཡི་གེ་ཡོད་པར་འདོད་ཀྱིན་ཡོད། དེ་ཚོ་ནི་ཕྱི་རྒྱལ་གྱི་མཁས་པས་བཤད་པ་མ་གཏོགས་ང་རང་གིས་དངོས་སུ་མཐོང་བ་མེད། ཕྱི་རྒྱལ་གྱི་མཁས་པ་ཕལ་ཆེ་བ་བོད་སྐད་ཡིག་གི་ཆུ་ཚད་མི་བཟང་བས་ནོར་འཁྲུལ་བཤད་ས་ཡང་མང་པོ་འདུག ཏུང་ཧོང་ཡི་གེར་བོན་གྱི་སྐོར་ཅུང་ཟད་རེ་འདུག ཡིན་ན་ཡང་། དེ་དང་ཁར་སང་དེ་རིང་གི་བོན་གཉིས་ཀ་བསྡུར་ན་གནམ་དང་སའི་ཁྱད་པར་རེད།
བོད་རིག་པའི་མཁས་པ་དེ་ཚོས་ཏུན་ཧོང་གི་ཡིག་རྙིང་དེ་རྣམས་དུས་རབས་བདུན་པ་དང་བརྒྱད་པ་ཡང་ན། དུས་རབས་དགུ་པའི་མཇུག་དང་བཅུ་པའི་སྟོད་དེ་སྐོར་ལ་བྱུང་ཡོད་རབས་གླེང་གི་འདུག ཡིན་ནའང་ལོ་རྒྱུས་ཀྱི་ཟིན་མཚམས་འདི་ཚོ་ཕལ་ཆེ་བ་མ་མཐའི་ས་མཚམས་ངོས་འཛིན་གནང་བ་ཞིག་རེད་མ་གཏོགས། ཡ་མཐའི་ས་མཚམས་ངེས་བཟུང་གནང་བ་ཞིག་མ་རེད་དོ། འདི་ངེས་པར་དུ་མཁྱེན་དགོས། །
གནམ་དང་སའི་ཁྱད་པར་དེ་ཚོ་འཇོག་རེས་བྱས་ན། བོད་བླ་མའི་ཆོས་ལུགས་དང་རྒྱ་གར་སྦན་སྡེའི་ཆོས་ལུགས་གཉིས་ལའང་གནམ་སའི་ཁྱད་པར་འདུག་གམ་མི་འདུག་ལགས། །
Bonpoགསུངས་པ་བདེན། ཏུན་ཧོང་བྲག་ཕུག་གི་ཡིག་རྙིང་དག་ནི་དུས་རབས་བཅུ་པའི་གཞུག་གམ་བཅུ་གཅིག་པའི་སྟོད་ཙམ་གྱི་སྔོན་ལ་བྱུང་བའི་ཡིག་ཆ་ཡིན་པར་བཤད་འདུག ཏུན་ཧོང་ཡིག་རྙིང་ནང་དུ་བྱུང་བའི་བོན་གྱི་སྐོར་ཚིག་ཁ་ཤས་རེ་མཐོང་བྱུང་། དེ་དག་ནི་ནང་དུ་འཁོད་པ་དེ་དང་ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་གི་བོན་ཞེས་པ་དེ་གཉིས་ལ་གནམ་སའི་ཁྱད་པར་འདུག་དེ་དག་གི་ནང་དུ་བོན་ཞེས་པ་དེ་ལྷ་གསོལ་ཀླུ་གསོལ་དང་མོ་བཅོས་གཏོ་བཅོས་བྱེད་པ་ལ་ལས་ལྷག་ཅིག་མ་རེད། ཞིབ་ཏུ་བཤད་འདོད་ན་ང་ཚོས་ཞིབ་ཏུ་བསྡུར་ནས་བཤད་ན་འགྲིགས་ཀྱི། ངས་འདིའི་སྐོར་ལ་བགྲོ་གླེང་མང་པོ་བྱ་ས་རག་གི་མི་འདུག མི་མང་པོ་ཞིག་འདིའི་སྐོར་གླེང་བ་དགའ་གི་མི་འདུག
བོད་ཀྱི་བླ་མའི་ཆོས་ལུགས་ཞེས་པའི་བླ་མ་ཞེས་པའི་མིང་ཁོ་རང་རྒྱ་གར་སྐད་ནས་བསྒྱུར་བ་རེད། གུ་རུ་ཞེས་པ་དདེ་ཐད་བསྒྱུར་གྱི་བླ་མར་བསྒྱུར་བ་རེད། དེ་མ་རེད་ཟེར་ན་སྟག་གཟིག་གི་སྐད་ནས་བསྒྱུར་བ་རེད་དམ། སྟག་གཟིག་གི་སྐད་དོད་ཅི་རེད།
འཛམ་གླིང་འདིའི་སྟེང་དུ་འཁོད་པའི་ནང་པ་སངས་རྒྱས་པ་ཚང་མའི་ལྟ་གྲུབ་ཕལ་ཆེ་བ་གཅིག་ཆུ་ལ་ཆུ་བཞག་པ་ལྟ་བུ་རེད། དཔེར་ན་བདེན་པ་བཞི་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས། འཕགས་པའི་ལམ་ཡན་ལག་བརྒྱད་སོགས་ཀྱི་གཞི་བཏིངས་ནས་ཡོང་གི་ཡོད། སྔགས་ཉམས་སུ་ལེན་དང་མི་ལེན་སོགས་ཅུང་ཟད་རེ་མི་འདྲ་ས་ཡང་ཡོད། མི་ལོ་ཉིས་སྟོང་ལྔ་བརྒྱའི་རིང་ལ་འགྱུར་བ་གཏན་ནས་མ་ཐེབས་ཟེར་ག་ལ་ཐུབ།
བོན་པོ་བསྡུར་རྒྱུ་གཏན་ནས་མེད། མ་མཐའ་ཡང་སྟོན་པའི་འཁྲུངས་འདས་ཀྱི་ས་ཆ་དེ་ཚོར་གནས་སྐོར་ལ་ཚང་མ་མཉམ་དུ་འཛོམ་ཐུབ་ཀྱི་ཡོད། དེ་ཁོ་ནས་ཀྱང་ང་ཚོའི་ཕ་རྒན་དེ་གཅིག་ཡིན་པར་ཁ་གྲག་ནས་བསྡད་ཡོད།
བོད་ཀྱི་བན་དེའི་ཆོས་ལུགས་བཞིའམ་ལྔ་པོ་ནང་ཕན་ཚུན་ལ་གནམ་སའི་ཁྱད་པར་འདུག་གམ་མི་འདུག་ལགས། གལ་སྲིད་ཁྱད་པར་མེད་ན་གོ་ས་མང་པོ་བཀག་ན་དགེ་མཚན་གང་ཡོད་དམ། གཅིག་གྱུར་བྱས་ན་མི་འགྲིག་པ་གང་ཡིན་ནམ། །
གཡག་ཚུགས་ཤོར་ན། རྒྱ་ཁྱིར་འགྱུར།
འབྲི་ཚུགས་ཤོར་ན། དོལ་ཁྱིར་འབྲངས།
Bonpoལགས། བོད་ཀྱི་བན་དེའི་ཆོས་བརྒྱུད་ལྔ་པོ་ཙམ་དུ་མ་ཟད་རྒྱ་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་བསྟན་སོགས་བཅས་ཀྱང་སྟོན་པ་གཅིག་གི་སློབ་མ་རེད། བོད་ཀྱི་ཆོས་བརྒྱུད་ཁག་ནི་ཆབ་སྲིད་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བརྟེན་ནས་མིང་སོར་ཆགས་པ་ཙམ་རེད། སྟོན་པ་གཅིག་གི་བསྟན་པ་ཡིན་ན་ཡང་། དེ་དར་སྟང་སཀྱི་རྒྱབ་ལྗོངས་ལས་དུས་ཀྱི་ཆ་ནས་རྙིང་མ་པ་དང་གསར་མ་པ། གདན་ས་ལས་མིང་ཆགས་པ་ས་སྐྱ་པ་དང་། ཇོ་ནང་པ། དགའ་ལྡན་པ། ཤངས་པ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། སྟག་ལུང་འབྲི་ཁུངས་སོགས་དང་། གདམས་ངག་ལས་མིང་ཆགས་པ་རྫོགས་ཆེན་པ་དང་ཞི་བྱེད་པ། དེ་དག་ཚང་མས་བཀའ་བསྟན་འགྱུར་ཉམས་སུ་ལེན་མཁན་རེད། ལྟ་གྲུབ་གྱི་རྩོད་པ་ཆེན་པོ་ག་འདྲ་ཞག་ཡིན་རུང་རྒྱ་གཞུང་ལ་ཁུངས་གཏུག་ཚར་དུས་འཇམ་ཅག་གེར་འགྲོ་གི་རེད།
སྔོན་རབས་ཀྱི་དཔེ་ཆའམ་ཤོག་དྲིལ་དེ་ཚོ། དེང་སང་གི་དཔེ་ཆ་འདྲ་པོ་གླེགས་བམ་ཐུག་པོ་འདི་འདྲ་ཡོད་མེད་ཀྱང་དཔྱད་དགོས་པ་རེད། དཔེར་ན་བོན་གཞུང་གང་ཞིག་ལས་འདི་ལྟར་གསུངས་འདུག ཚིག་བཞི་ཚིགས་སུ་བཅད་པ་གཅིག་གིས་རྟོགས་ན་རབ་མཆོག་རྒྱལ་བ་ཡིན། ཚིག་གི་ལོ་མ་མང་པོ་མ་རྟོགས་བསྟན་ཕྱིར་ཡིན། གསུངས་བཞག །
སྤོབས་པ་མཐའ་ཡས་ལགས།
ད་ཡང་ཁྱེད་ཀྱིས་ངའི་ཐོག་ལ་དབྱིངས་བཏང་མ་ཡོང་རོགས། འཇམ་ཅག་གེར་འགྲོ་གི་རེད་ཡིན་ནམ་གཅིག། དེ་འདྲ་ལས་འདྲ་ལས་བསླ་པོ་ཞིག་ཨ་ཡིན་ན་ལགས། དམགས་འཁྲུགས་ཤོར་མྱངས་བ་རེད་ད། །
དམག་འཁྲུགས་ཤོར་མྱོང་བ་རེད། འགྲོ་མིའི་རིགས་ཀྱི་སྡེ་བ་ཚོ་བ་གང་དང་གང་ཞིག་ཡིན་ན་ཡང་ལོ་རྒྱུས་ཡོད་མཁན་ཚང་མ་ལ་དམག་འཁྲུགས་ཟེར་བ་དེ་ལོ་རྒྱུས་ཤོག་ལྷེ་རེ་རེ་བཞིན་དུ་མཐོང་རྒྱུ་ཡོད་པ་ཞིག་རེད། དམག་འཁྲུགས་མེད་པའི་སྤྱི་ཚོགས་ཤིག་ཡོད་ན་དེ་མིའི་སྤྱི་ཚོགས་མ་རེད། བོད་བརྒྱུད་ནང་བསྟན་པ་ཡང་འཛཅམ་གླིང་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་དུས་དམག་འཁྲུགས་དང་ཁྲག་དྲོན་བཞུར་བའི་ལོ་རྒྱུས་མང་རྒྱུ་རེད།
བོད་ཀྱི་ཆོས་བརྒྱུད་ཁག་གི་བར་ཡིན་ན་འདྲ། ཆོས་བརྒྱུད་ནང་ཁུལ་ཡིན་ན་འདྲ། དགོན་པ་དང་དགོན་པའི་བར། ཐ་ན་དགོན་པ་ནང་ཁུལ་ལ་ཡང་འཁྲུག་རྩོད་བྱུང་བ་མང་པོ་རེད། མི་བསད་རྟ་བསྒྱེལ་བྱས་པ་ཡང་མང་པོ་རེད། ཡིན་ན་ཡང་། དེ་ཚོ་ཚང་མ་ཆབ་སྲིད་དང་། དཔལ་འབྱོར། ཐོབ་དང་གོ་སའི་ཆེད་དུ་བརྩད་བསྡད་པ་རེད།
ཆོས་ཀྱི་ཆེད་དུ་དམག་བརྒྱབ་པ་མ་རེད། དཔེར་ན། དབུ་མའི་ལྟ་གྲུབ་གཏན་ལ་འབེབས་སྐབས་སུ་གཞན་སྟོང་དང་རང་སྟོང་གི་བར་ལ་རྩོད་པ་ཆེན་པོ་ཡོད། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དང་མ་རྟོགས་ལ་རྩོད་པ་ཆེན་པོ་ཡོད། སྟོང་ཉིད་མེད་དགག་དང་མ་ཡིན་དགག་ལ་རྩོད་པ་ཆེན་པོ་ཡོད། ཡིན་ན་ཡང་ལྟ་གྲུབ་དེ་ཚོའི་དོན་ལ་མི་གཅིག་གི་བ་སྤུའི་ཁུངས་བུ་ལ་གནོད་པ་བསྐྱལ་བའི་ལོ་རྒྱུས་མེད། དེའི་ཁྱད་པར་འབྱེད་ཤེས་པ་གནང་རོགས།
སྤྱིར་བཏང་བཤད་ན། བོན་ཆོས་དེ་བཞིན་བོད་དུ་ནང་ཆོས་མ་དར་གོང་ནས་དར་བ་དེ་ལ་རྩོད་པ་གང་ཡང་མེད། གང་ལྟར་ཆོས་རྒྱལ་ཚོས་ལེགས་སྤེལ་ཉེན་འགོག་དང་། སྙིགས་དོར་བཅུད་ལེན་ཟེར་ནའང་ཆོག མདོར་ན་བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས་སམ་འཕགས་མཆོགས་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཞེས་ཡོངས་གྲགས་སུ་བསྒྱུར་ཟིན་པ་ནི་མངོན་སུམ་ལ་བསྙོན་མི་ནུས། རྒྱུ་མཚན་དེའི་ཕྱིར། བོད་དུ་ཆོས་ལུགས་མི་འདྲ་བ་ཇི་ཙམ་ཡོད་རུང་། ཕ་མེས་ཆོས་རྒྱུད་གཙོ་བོ་ནི་ནང་ཆོས་རང་ལས་མ་འདས། བོན་ལ་མཚོན་ནའང་བོད་དུ་ཐོག་མར་གང་ལས་བྱུང་དང་། དུས་ནམ་ཞིག་ལ་བྱུང་བ། སྐྱེ་བུ་སུ་ཞིག་གིས་དར་སྤེལ་བྱས་ཡོད་མིན་སོགས་ལ་ད་བར་དུ་མཁས་པ་མི་རེ་དང་། དེབ་ཐེར་ལོ་རྒྱུས་མི་འདྲ་བ་རེ་རེ་ལ་བཤད་ཚུལ་མི་འདྲ་བ་དང་། ངོས་འཛིན་མི་འདྲ་བ། ད་དུང་སོན་པ་གཤེན་རབ་གང་དེ་ཡང་འཁྲུངས་ཡུལ་དང་། བཞུགས་གནས་། ཕེབས་ཡུལ་སོགས་ལའང་ལྷ་སྒྲུང་ལྟར་བུ་ཞིག་ལས་སུས་ཀྱང་གནད་ལ་སྨིན་པའི་ཁུང་སྐྱེལ་ཡང་དག་པ་ཞིག་མི་སྣང་། དཔེ་ན། སྟག་གཟིགས་འོལ་མོ་ལུང་རིང་སོགས་ནི་དེང་སྐབས་འདི་ཡིན་འཛིན་མེད་པ་དང་། ལྷག་པར་དུ་ཡང་གདོད་མའི་བོན་གཞུང་དག་དང་། དུས་ཕྱིས་སུ་ནང་ཆོས་དར་ཟིན་པའི་རྗེས་སུ་བོན་གཞུང་དག་ལ་ཡང་ཁྱད་པ་ཧ་ཅང་ཆེན་པོ་ཡོད་པ་དེ་ཡང་ཡོངས་གྲགས་ལྟ་བུར་ཡིན་འདུག་པས། ཕྱོགས་གང་ལ་གཞིག་རུང་དྲྭ་གྲོགས་སྤོབས་པ་མཐའ་ཡས་ལགས་ཀྱིས་སྤོབས་དང་ལྡན་པའི་དཔྱད་མཆན་ལ་བསམ་བློ་གཏང་ས་ཧ་ཅང་ཆེན་པོ་འདུག་སྙམ། གང་ལྟར་བོན་ཆོས་ལ་མ་གུས་པ་གང་ཡང་མིན་རུང་། ལོ་རྒྱུས་དང་ཆོས་ལུགས་མཁས་ཅན་པ་ཡིན་ཟེར་བ་ཚོས་བན་བོན་གྱི་གཞུང་ལུགས་དང་། ལྟ་གྲུབ་ཕན་ཚུན་ལ་བགྲོ་གླེང་གི་རྒྱུད་རིམ་མང་དག་ཞིག་ཐོས་རྗེས་སུ་རང་ཉིད་ཀྱི་བློ་ངོར་འཆར་བའི་བསམ་ཚུལ་ངོ་མ་དག་བཤད་པ་ཡིན། བདག་ལ་མཚོན་ན་སྔོན་ཆད་བོན་ཆོས་ལ་ཡིད་ཆེས་དང་དད་པ་གང་ཡང་མེད་མོད། དེང་སྐབས་ནང་ཆོས་ནས་གསུངས་པའི་སྐྱབས་འགྲོའི་སླབ་བྱའི་ནང་ཚན་ནས་བོན་གཞུང་ལའང་ཆོས་དཀོན་མཆོག་དངོས་ཀྱི་འདུས་ཤེས་འཇོག་དགོས་ཚུལ་དེ་ཡང་བོན་གཞུང་ལའང་འཇོག་མི་ཐུབ་པའི་རྒྱུ་མཚན་གང་ཡང་མ་མཐོང་ངོ་།།
མཁྲེགས་འཛིན་ཅན་གྱི་མི་ཡིས་རང་ཉིད་ནམ་ཡང་མཁྲེགས་འཛིན་ཅན་ཡིན་ཟེར་གི་མ་རེད།
ལྷ་སྡེ་གནམ་ལོ་ཡག་དང་བོན་པོ། ཆོས་འཕེལ་དར་རྒྱས་སོགས་ཀྱིས་གསུངས་པ་དག་ནི།
མཁྲེགས་འཛིན་མེད་པའི་སྐད་ཆའམ་བསླབ་བྱ་རང་རེད།
སོན་སྟོན་དེ་བོན་སྟོན་ལ་ཆོས། ཏ་ཟིག་གམ་སྟག་གཟིག་ནི་དེང་སྐབས་ཨེ་རན་ལ་གོ་བ་བཤད་ལ། ཡང་དབྱི་ལང་ཟེར་བ་ལ་གོ་བ་ཡང་བཤད།
འཇམ་གཅེས་ལགས། བོན་ལ་སྐྱབས་སུ་འགྲོ་རུང་དང་མི་རུང་དེ་སྔོན་གྱི་དམ་པ་གོང་མ་ཚོས་ཁ་གསལ་པོ་གྲག་འདུག དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པའི་རྗེ་མི་ལ་རས་པས་བོན་པོས་དམར་མཆོད་བྱེད་བཞིན་ཡོད་ཚུལ་ཁོང་རང་གིས་དངོས་སུ་མཐོང་ཚུལ་རྣམ་ཐར་དུ་གསལ་བ་དང་། དེ་ནས་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པའི་འབྲི་གུང་སྐྱོབས་པ་འཇིག་རྟེན་མགོན་པོས་བོན་ལ་འཁྱར་བརྡོལ་བསྒྱུར་གསུམ་གྱི་དབྱེ་བ་ཕྱེས་ནས་དགག་ཡོད་པ། དེ་དང་དུས་མཉམ་ཙམ་དུ་བྱོན་པའི་ཉང་ཉི་མ་འོད་ཟེར་གྱིས་བོན་པོས་དམར་མཆོད་བྱེད་ཚུལ་ཆོས་འབྱུང་ནང་དུ་ཁ་གསལ་པོ་བྲིས་ཡོད། དུས་རབས་བཅུ་བཞི་པའི་ནང་དུ་བྱོན་པའི་རྗེ་ཙོང་ཁ་པས་དཀོན་མཆོག་གསུམ་དང་མི་མཐུན་པས་་བོན་ལ་སྐྱབས་སུ་འགྲོ་མི་རུང་ཚུལ་ལམ་རིམ་ཆེན་མོའི་སྐྱབས་འགྲོ་བཤད་སྐབས་སུ་གསུང་ཡོད་པ། དེ་དང་དུས་མཉམ་ཙམ་དུ་བྱོན་པའི་ཡར་རྗེ་ཨོ་རྒྱན་གླིང་པས་བཀའ་ཐང་ཤེར་བྲག་མ་ལས་བོན་པོས་དམར་མཆོད་གཏོང་ཚུལ་མང་དུ་བྲིས་ཡོད། དུས་རབས་བཅོ་ལྔ་པའི་ནང་དུ་བྱོན་པའི་གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་ཕྱོགས་བསྒྲིགས་གནང་བའི་རྗེ་མི་ལའི་མགུར་འབུམ་དུ་ཡང་དེ་མཚུངས་ཁ་གསལ་དུ་བྲིས་ཡོད་པ། དུས་རབས་བཅུ་བདུན་པ་ཡས་མས་སུ་བྱོན་པའི་རིག་འཛིན་སྟག་ཤམ་པས་མཛད་པའི་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས་ཀྱང་བོན་པོས་སྔོན་དུས་སུ་དམར་མཆོད་གཏོང་ཚུལ་ཁ་གསལ་པོར་བྲིས་འདུག ཡིན་ན་ཡང་ཁྱེད་རང་བོན་ལ་སྐྱབས་སུ་སོང་ན་ང་ལ་དགག་བྱ་གང་ཡང་མེད་མོད་ལོ་རྒྱུས་ཀྱི་ཁུངས་དང་སྦྲགས་ཏེ་ཟུར་ཙམ་ཞུས་ན་དེ་ལྟར་རེད།
སྤོབས་པ་མཐའ་ཡས་ལགས་སུ་ལན། ངས་གོང་དུ་རོབ་ཙམ་ཞུས་པ་བཞིན་སྐབས་དེའི་དུས་སུ་བོན་དང་། དེང་སང་གི་བོན་ལ་ཁྱད་པ་ཧ་ཅང་ཆེན་པོ་ཡོད་ཚོད་འདུག དེང་སྐབས་བན་བོན་གྱི་གཞུང་ལུགས་ཕལ་མོ་ཆེ་དག་ནི་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་སམ་ཡང་ན། མིང་མི་འདྲ་བ་ཙམ་མ་གཏོགས། དོན་ལ་ཐ་དད་མེད་པ་ལྟ་བུ་ཡིན་འདུག་སྟབས། ཆོས་དཀོན་མཆོག་དངོས་ཀྱི་འདུས་ཤེས་འཇོག་ཐུབ་པ་འདུག་ཞུ་དགོས་དོན་ཡང་དེ་འདྲའི་ཐོག་ནས་ཡིན། སྔོན་གྱི་དུས་སུ་བོན་ནི་ཕྱི་རོལ་པ་ངོས་འཛིན་གནང་མཁན་གྱི་ནང་པའི་མཁས་པ་ཡོད་ཚོད་འདུག དཔེ་ན། དགེ་ལུགས་པའི་མཁས་པ་ཆེན་པོ་པཎ་ཆེན་བསོད་ནམས་གྲགས་པས་ཀྱང་བོན་པོ་ཕྱི་རོལ་པ་ཡིན་ཟེར་བ་མི་འཐད་ཏེ། བོད་གངས་ཅན་ལ་ཕྱི་རོལ་པ་མེད་པའི་ཕྱིར་ཞེས་གསུངས་འདུག་པས། སྔོན་མར་བོན་པོ་ཕྱི་རོལ་པ་ལ་ངོས་འཛིན་མཁན་ཡང་ཡོད་ཚོད་འདུག །
འོ་རེད་ལགས། རྩོམ་པ་པོ་འཇམ་གཅེས་ལགས།་གཅིག་བྱས་ན། པན་ཆེན་བསོད་ནམས་གྲགས་པའི་དུས་སུ་བོན་པོ་ཚང་གི་སྤུ་མདོག་གཞན་ཞིག་ལ་འགྱུར་ཚར་གྲབས་ཡིན་པས་ཁོང་གིས་དེ་ལྟར་གསུངས་པ་མིན་ནམ། གང་ལྟར་ཉིད་ཀྱི་དགོངས་ཚུལ་གླེང་པས་དགའ་བྱུང་།
ལྷ་སྡེ་ལགས།
ཆོས་ལུགས་མཉམ་གནས་ཟེར་ན་རྒྱ་དཀར་ནག་དང་ཨ་རི་ལྟ་བུའི་རྒྱལ་ཁབ་འདྲ་བ་ཡོད་ས་མ་རེད། བོད་ནས་འུ་ཚུགས་བརྒྱབ་ནས་མཉམ་གནས་བྱས་པ་མ་གཏོགས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་རྒྱུ་ན་ཁ་ཆེ་ཡུ་ཤུ་རྩ་བ་ཉིད་ནས་མེད་པར་གཏོང་རྒྱུ་རེད། གང་ཡིན་ཞེ་ན་དོལ་ཚོགས་གདོན་ཆོས་ལྟ་བུས་ཀྱང་བོད་ཕུ་དཀྲུགས་མདའ་བཀྲུགས་བྱས་པ་དེས་མཚོན་ནུས་སོ། དེ་བས་ཕྱིར་དགུ་དང་པོ་ས་གས། དགུ་གཉིས་པ་རྡོ་གས། དགུ་གསུམ་པ་གྲྭ་བའི་མགོ་གས་ཟེར་དོན་དེ་ཡིན། དེ་ཡིས་ཕྱིར་དུ་བོད་འདི་ནམ་ཆོས་ལུགས་མཉམ་གནས་བྱེད་ཐུབ་པས་རྒྱལ་ཁབ་ཅིག་ཡིན་མ་མྱོང་།
་་་་་་་་་་་་# 27 འཇམ་གཅེས།་ལགས་ཀྱིས་མཆན་བཏབ་པ།:
December 28th, 2014 at 1:49 AM
སྤྱིར་བཏང་བཤད་ན། བོན་ཆོས་དེ་བཞིན་བོད་དུ་ནང་ཆོས་མ་དར་གོང་ནས་དར་བ་དེ་ལ་རྩོད་པ་གང་ཡང་མེད། གང་ལྟར་ཆོས་རྒྱལ་ཚོས་ལེགས་སྤེལ་ཉེན་འགོག་དང་། སྙིགས་དོར་བཅུད་ལེན་ཟེར་ནའང་ཆོག མདོར་ན་བོད་ཡུལ་ཆོས་ལྡན་གྱི་ཞིང་ཁམས་སམ་འཕགས་མཆོགས་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཞེས་ཡོངས་གྲགས་སུ་བསྒྱུར་ཟིན་པ་ནི་མངོན་སུམ་ལ་བསྙོན་མི་ནུས།་་་་་་་་་་་་