འབའ་སྲས།
རྨ་ཡུལ་འབྲོག་ནས་སྐྱེས་པའི་འབྲོག་མོ་ཞིག །
ནགས་ཀྱི་ཁུ་བྱུག་སྤྲུལ་བའི་སྐད་ངག་ཅན།།
འཇའ་ཚོན་གོས་སུ་གྱོན་པའི་ལང་ཚོ་མ།།
ཟླ་བའི་འཛུམ་དང་ཡིད་ཀྱི་མཁའ་ལ་ཤར།།
རང་བྱུང་ངག་གི་པི་ཝང་རྟ་མགོ་མ།།
སྙམ་འཇེབས་དབྱངས་ཀྱི་སོར་མོས་དཀྲོལ་བས་ན།།
ཐོས་འཛིན་ལྡན་རྣམས་རྣ་ཡི་བདུད་རྩི་དང་།།
འོན་པའི་རྣ་ཡང་ཐོས་པ་དོན་ཡོད་བྱེད།།
རང་རེའི་གངས་ཅན་ལྗོངས་འདི་སྔ་མོ་ནས།།
གླུ་དང་གཞས་ཀྱི་སྟེགས་བུ་ཆེན་པོ་སྟེ།།
གངས་རིའི་ཁྲོད་ཀྱི་གླུ་སྐད་རེ་རེ་ཡིས།།
དུད་འགྲོ་ཟོག་ཀྱང་དགའ་བར་བྱེད་ཅེས་གསུངས།།
དཔེར་ན་འབྲུ་མོ་བཞོ་དབྱངས་རྒོ་རྒོ་དང་།།
བྱིས་པ་གཉིད་དུ་རེ་བའི་ལོ་ལོ་སོགས།།
སྙན་འཇེབས་དབྱངས་རྟ་ངག་གིས་གྱེར་བ་ཡིས།།
དེ་དང་དེ་ལ་དགའ་བ་ཉིད་དུ་བྱེད།།
རྨ་ཡུལ་འབྲོག་མོ་འདི་ཡང་དེ་ལྟ་སྟེ།།
ལུས་ཀྱི་རྣམ་འགྱུར་དེ་ཡི་མཛེས་སྡུག་དག །
མིག་གིས་མ་མཐོང་ན་ཡང་སྐད་ངག་གིས།།
འདོད་ལྡན་འདོད་མེད་ཡིད་འགུག་ལྕགས་ཀྱུ་ཉིད།།
ཁོ་བོས་འདི་ཡི་ལང་ཚོ་མ་མཐོང་ལ།།
བརྩེ་གཏམ་སྙིང་གཏམ་བཤད་ཀྱང་མ་མྱོང་མོད།།
རང་བྱུང་ངག་ལས་བརྡོལ་བའི་འགྱུར་ཁུག་གིས།།
སྙིང་ལ་རི་མོ་སྟོང་གི་མཛེས་རིས་བྲིས།།
ངལ་ཐང་ཆད་དུས་ཉན་ནས་སྟོབས་ཤུགས་རྒྱས།།
སྐྱོ་བའི་དུས་སུ་དགའ་བ་ཉིད་དུ་བྱེད།།
ཁྲོ་བའི་དུས་སུ་ཉན་ན་ཞི་བར་འགོད།།
རྨ་ཡུལ་འབྲོག་མོ་ཁྱོད་ལ་བཀའ་དྲིན་ཆེ།།
བདག་ནི་འཇིག་རྟེན་འདི་དང་མ་བྲལ་བར།།
ཁྱེད་ཀྱི་སྐད་ངག་དེ་དང་ལྷན་ཅིག་གསོན།།
ཤི་ཡང་མ་ཎི་སྟོང་གི་དབྱངས་རྟ་དང་།།
ལྷན་དུ་ཁྱེད་ཀྱི་སྐད་ངག་ཐོས་པས་ཆོག །
ཁ་ནས་བསྟོད་པའི་ལུགས་སྲོལ་བདག་ལ་མེད།།
སྙན་ངག་ལམ་ནས་གང་བརྗོད་བདེན་པ་ཡིན།།
བདག་གི་སྙན་ངག་ཁྱེད་ཀྱི་གླུ་སྐད་གཉིས།།
ནམ་ཡང་མི་ཉམས་མཉམ་དུ་གནས་པར་ཤོག །
༣༠/༡༢/༡༤ ཉིན་གུང་དུ།
ལ་སྐད་སྙན་མོས་བླ་འགུག་བྱས་བཞག་ཟིག།
མྱིག་གཉིས་བཙུམ་ནས་ཡིད་ལ་བསྒོམས་བཞག་ཟིག།
ལས་ངན་རོང་ལུ་འབྲོག་མོར་ཆགས་དང་ཟིག།
སྙན་ངག་ལག་པས་སྐད་ངག་བསྟོད་དང་ཟིག།
ཁ་ཐག་རིང་གི་ཕ་ཡུལ་གངས་ཅན་ལ།
སེམས་ཐག་བཅད་ནས་འགྲོ་རྒྱུ་མ་བྱུང་ན།
འབའ་འབའ་ལུ་གུ་འཚོ་བའི་འབྲོག་མོ་ཞིག།
རྒན་གྱི་རུམ་ལ་རུམ་རྒྱུ་དཀའ་མོ་རེད།
ཤ་ཁ་དཀར་པོ་རོང་མོ་ཡིན་ནི་རེད།
སྨུག་ཤ་ཅན་པོ་འབྲོག་མོ་ཡིན་ནི་རེད།
བརྩེ་བ་བསྡུར་ན་གཅིག་པ་ཡིན་ནི་རེད།
ཨ་དགའ་འཕྲུལ་གི་མ་འདུག་གཉིད་ལ་སྡོད། ཧ་ཧ་ཧ།
འབྲོག་མོ་འབྲོག་སྐད་སྙན་ལ་་ལས་་ལ་བརྩོན་།
འབྲོག་མོ་མི་ལ་མཐུན་་་ཞིང་་གུས་ཞབས་ཆེ་།
འབྲོག་མོ་ཤ་འཇམ་དྲི་མ་བཟང་།
འབྲོག་མོ་གཅིག་དང་འཕྲད་པ་ཤོག་།
སྙམ་འཇེབས། སྙན་ལ་བཅོས། དེ་མ་གཏོགས་ཅང་བཤད་རྒྱུ་མེད།
འབྲོག་མོའི་ཉལ་ས་དྲོས’ཆེ་ འབྲོག་མོའི་གཉའ་འཇམ་
འབའ་སྲས་ལགས། དྲང་མོ་མིན་པ། ཁ་སང་བཀྲ་བྷ་སྲིང་མོ་ཨ་རི་ན་འཁྲབ་མཁན་དང་ཁྱེད་ཚོས་ལ་གཞས་འགྲན་བསྡུར་སྐབས་དྲང་བོ་མ་བྱས་པར་མཐའ་མཇུག་གཞིས་བྱེས་གཉིས་ཀྱི་མི་ལ་ཐང་ཆད་བཅུག་ཡོད་ཨ།
འབྲོག་མོ་ཞིག་ལ་བསྟོད་སྟངས་ལ་ལྟོས་ན་འབྲོག་པ་ཞིག་ཡིན་པ་འདྲ།
འབའ་སྲས་འབའ་འབའ་ལུ་གུའི་རྩེ་འཇོ་རོལ།།
འབའ་སྲས་འབའ་ཐེངས་ཅིག་གིས་འབྲོག་མོ་གུག།
འབའ་སྲས་འབའ་བ་འབྲོག་པའི་རྩ་ཐང་འདྲ།།
འབའ་སྲས་འབའ་བ་ནོར་ལུག་གཡང་གི་རྒྱན།།
འབྲོག་མོའི་ལུས་དེ་འཁྱུག་སེ་འཁྱུག །
འབྲོག་མོའི་གླུ་དེ་སྙན་ཞིང་འཇེབས། །
འབྲོག་མོའི་ལས་འདི་དཀའ་ཡང་རེམས། །
འབྲོག་མོའི་སེམས་དེ་བརྩེ་བས་ཁྱབ། །