ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་ཀ་མད་སུམ་ཅུར་འདུད།།
ཁ་བའི་ཡུལ་དུ་ཁྱེད་ཀྱི་མཛད་འཕྲིན་བསྐྱངས།།
ག་བུར་ཙན་དན་དྲི་ཞིམ་ཁྱེད་ལ་འབུལ།།
ང་ཚོ་ས་ཡ་དྲུག་གི་སྲོག་རྩ་རེད།།
ཅ་ཅོ་གྲངས་མང་གཞན་གྱི་སྐད་ཡིག་ལ།།
ཆ་རྒྱུས་མ་ལོན་བོད་མིས་ཤི་འཐམ་བྱེད།།
ཇ་དང་རྩམ་པ་ཤ་མར་ཟ་འཐུང་མིས།།
ཉ་ཟླ་འདྲ་བའི་ཀ་ཁ་སྦྱང་ན་དགའ།།
ཏ་ཐ་ག་ཏའི་བསྟན་པ་ཁྱེད་ཀྱི་གསུང་།།
ཐ་མཚམས་མི་ཡིས་ཁྱེད་ལ་དོ་སྣང་སྤྲད།།
ད་ལྟའི་སྐབས་སུ་ནང་ཆོས་ཁྱེད་ཀྱིས་བསྲུངས།།
ན་ལན་ཌ་ཡི་བསྟན་བཅོས་ཁྱེད་ཀྱིས་བསྐྱངས་།
པ་ཕ་ལྟ་བུའི་འགན་འཁུར་ཁྱེད་ཀྱིས་བླངས།།
ཕ་མ་འདྲ་བའི་ལྟོ་གོས་ཁྱེད་ཀྱིས་བསྩལ།།
མ་མ་ཇི་བཞིན་བལྟ་སྐྱོང་ཁྱེད་ཀྱིས་གནང་།།
རྩ་བ་འཛིན་མཁན་ཀ་ཁའི་སྐུ་ཚེ་བརྟན།།
ཚ་བའི་ཡུལ་དུ་ཀ་ཁར་ཚ་ནད་ཕོག །
མཛའ་བརྩེ་ཡོད་ན་ཀ་ཁ་མ་བརྗེད་རོགས།།
ཝ་ལེེར་སོམས་དང་ཀ་ཁ་བཀའ་དྲིན་ཆེ།།
ཞྭ་མོ་འཐོམ་ཞྭ་གྱོན་ནས་མ་བཞུགས་རོགས།།
ཟ་རྒྱུ་རོང་ཟས་བཟོས་ནས་མ་སྡོད་རོགས།།
འ་འུར་བརྒྱབ་ནས་གཞན་གྱི་སྐད་ཡིག་ལ།།
ཡ་མཚན་སྐྱེས་ནས་སྦྱངས་བརྩོན་སྨྱོན་པའི་ལས།།
ར་བ་གངས་རིའི་ཁྲོད་དུ་ལྟེ་ཁྲག་བོར།།
ལ་ལུང་བགྲོད་ཀྱང་རང་གི་སྐད་ཡིག་སྲུངས།།
ཤ་ཚ་ཅན་གྱི་གཏམ་ཞིག་བཤད་ཡོད་དོ།།
ས་ཆ་འདི་རུ་ཀ་ཁར་འགན་འཁུར་ཆུང་།།
ཧ་ཅང་མང་བའི་གཞན་གྱི་སྐད་ཡིག་ལ།།
ཨ་གསར་མ་བྱེད་ཡབ་མེས་སྐད་ཡིག་སློབས།།
ཛམ་གླིང་ཁྱོན་ཡོངས་སུ་བོད་སྐད་ཤོད་མཁན་བོད་རིགས་ས་ཡ་བརྒྱད་ལྷག་ཡོད་ཁུངས།
http://en.wikipedia.org/wiki/Tibetic_languages
ཀ་མད་སུམ་ཅུའི་སྐད་ཡིག །
ཁ་བའི་ལྗོངས་ནས་འཕེལ་བ། །
ག་ས་ག་རུ་སྦྱོང་མཁན། །
ང་ཚོ་ས་ཡ་བརྒྱད་པོ། །
ཅ་ལག་ཆུང་ལས་ལྷག་པ། །
ཆ་འཇོག་འཕེར་བའི་སྐད་ཡིག །
ཇ་ཆང་འཐུང་ཞོར་འོག་ལ། །
ཉམས་མྱོང་གོམས་འདྲིས་མཛོད་དང། །
ཏ་ཐ་ག་ཏའི་སྐད་ཡིག །
ཐ་ན་མགོ་སེར་ཚོས་ཀྱང་། །
ད་ནས་བརྩོན་པར་མཐོང་ན། །
ན་གཞོན་བོད་རིགས་ཁྱོད་ཚོས། །
པ་ཕའི་ཕ་སྐད་མ་ཐོས། །
ཕ་མའི་རང་སྐད་མ་ཤེས། །
བ་གཡག་འདྲེས་པའི་མཛོ་ཡང་། །
མ་སྐད་ད་ནས་སྦྱོངས་ཤིག །
ཙན་དན་ལྟ་བུའི་བསིལ་སྐད། །
ཚ་བའི་རོངས་ལ་སླེབས་ཀྱང་། །
ཛ་་ལངས་ལང་ཤོར་བྱས་ནས། །
ཝ་སྐྱེས་གྲལ་དུ་མ་སྡོད། །
ཞྭ་ལྟར་གུས་དུད་དགོས་ན། །
ཟ་འཐུང་གཅིག་པུར་མ་ཆགས། །
འ་ཆད་འུ་ཐུག་མེད་དུས། །
ཡར་ཐོན་བོད་སྐད་སྦྱོངས་དང་། །
ར་ལུག་བོད་ནང་འཚོ་དགོས། །
ལ་མོ་རྒྱབ་པའི་བུ་ཕྲུག །
ཤ་ཁྲག་གཅིག་སྐད་རིགས། །
ས་མཐའ་བསྐོར་ནས་སྦྱོངས་དགོས། །
ཧ་ཅང་རྙིང་ཞེན་མ་ཆེ། །
ཧ་ལས་བརྩོན་པ་མ་བསྟེན། །
ཨ་མའི་མ་སྐད་ཤེས་བྱུང་། །
ཨ་ཕའི་ཕ་སྐད་སྦྱངས་ཡིན། །
གཞན་སྐད་ཤེས་ན་ཡོན་ཏན། །
རང་སྐད་མ་ཤེས་ངོ་ཚ། །
གཞན་སྐད་ཤེས་པའི་དགོས་པ། །
རང་སྐད་མ་ཤེས་ཉམས་མྱོང་། །
བོད་སྐད་མ་ཤེས་བོད་པ། །
བོད་པ་ཕྱེད་ཀ་མིན་ནམ། །
རང་སྐད་མ་ཤེས་རང་མི། །
རང་མི་ཕྱེད་ཀ་མིན་ནམ། །