རྐ་འབྲོང་ཕྲུག
གལ་ཏེ་བརྩེ་བ་དེ་སོར་གདུབ་ཞིག་ཡིན་པའི་དབང་དུ་གཏོང་རྒྱུ་ན
དེ་ནི་ཁྱེད་ཀྱི་སྲིན་མཛུབ་ཁོ་ནར་རན་པའི་དངུལ་དཀར་དེ་ཡིན་ནའང་ཐང
ཡང་གལ་ཏེ་དུང་བ་དེ་ཉི་འོད་འདི་ཡིན་པའི་དབང་དུ་བཏང
དེ་ནི་ཁྱེད་ཀྱི་སྙིང་གི་འཁྱག་རོམ་ལྷག་མེད་ཞུ་བའི་དྲོད་ཁོལ་ཏེ་ཡིན་ནའང་ཐང
གལ་ཏེ་ཤེས་རབ་དེ་མེ་ལྕེ་ཞིག་ཡིན་པའི་དབང་དུ་གཏོང་རྒྱུ་ན
ཆེས་ཆེར་བཙན་པའི་མེ་ཞགས་དེས་དབང་གི
ཁྱེད་ཀྱི་མཛེས་སྡུག་གི་རྩ་ཐང་ཐལ་བར་སྲེག་ཡོད་ན་ཐང
ཁྱེད་ཀྱི་རྨི་ལམ་གྱི་དེ་མཛེས་པ་རྨག་མེད་དུ་བཅོམ་ཡོད་ནའང་ཐང
གལ་ཏེ་སྨྲ་བརྗོད་ནི་མཛུབ་མོ་དེ་ཡིན་པའི་དབང་དུ་གཏོང་རྒྱུ་ན
ཁྱེད་ཀྱི་སྐྱུག་བྲོ་བའི་ཕྱོགས་ཁོ་ནར་འཛུགས་དོན་དེ
ཁོའི་ནང་དུ་དུང་ཞེན་གྱི་རྐང་མར་མོད་པས་ཡིན་ན་ཐང
ཡང་ན་དེའི་ནང་དུ་མི་རིགས་ཀྱི་ཟུངས་ཁྲག་རྒྱུ་བས་ཡིན་འང་ཐང
གལ་ཏེ་ཕུག་འདུན་ནི་གཙང་པོ་ཞིག་ཡིན་པའི་དབང་དུ་གཏོང་རྒྱུ་ན
གཏན་ནས་བཞུར་ཚར་རྒྱུ་མེད་པ་ནི་གཅིག་བྱས་ན
ཁྱེད་རང་གཙང་པོའི་རྒྱུན་དང་དབྱེར་མེད་དུ་འདྲིས་ཡོད་པས་ཡིན་ན་ཐང
ཡང་ན་དེ་དུས་ཁྱེད་ལ་དུས་ཚོད་ཀྱི་དགའ་མས་ཟུར་མིག་འཕེན་བཞིན་ཡོད་ནའང་ཐང
གལ་ཏེ་སྒོར་མོ་དེ་མཛེས་མ་ཞིག་ཡིན་པའི་དབང་དུ་གཏོང་རྒྱུ་ན
གཅིག་བྱས་ན་ཁོ་མོས་ཁྱེད་ཀྱི་ཞེན་ཆ་བེད་སྤྱོད་དེ
ཁོ་མོར་གསང་དོར་ཡང་མེད་པར་ཁྱེད་ཀྱི་འཚོ་བའི་རུམ་དུ་འཛུལ་ནས
ཕར་འགྲོ་ཁ་ཁྱེད་ཀྱི་བདེ་སྐྱིད་ཀྱི་དངུལ་ཁུག་དེ་ཁུར་ནས་སོང་ནའང་ཐང
རྔས་འོག་ཏུ་ལག་པ་རྙོབས་དང ཁྲིག་ཁྲིག་མེད
༣༡/༡༢/༡༤