སེང་གདོང་སྐྱབས།
——གྲོགས་ཀྱི་དྭངས་མ་ཨ་པ་ཡག་པར་གྱེས་ཕྱག་ཏུ།
རྡ་སའི་རི་ངོགས་དེ་ན་ང་ལ་དབང་བའི་ཁྱིམ་ཞིག་ཡོད།།
ཁྱིམ་གཞི་དྲོན་མོ་དེ་ན་འཛེམ་དོགས་མེད་པའི་ཐོབ་ཅིག་ཡོད།།
ཐོབ་དེའི་སྔ་རྗེས་གཉིས་ན་སྐྱིད་ལ་སྡུག་པའི་གཏམ་ཞིག་ཡོད།།
གཏམ་ཚོགས་སྣ་བརྒྱའི་ཁྲོད་ན་ལས་ཀྱིས་བཏུས་པའི་སྤུན་ཞིག་ཡོད།།
ལྷོ་ཕྱོགས་ཆོས་གྲོགས་དག་གིས་ཁྱེད་ལ”ཚོགས་གཉིས་རྒྱ་མཚོ”ཟེར།།
བྱང་ཕྱོགས་སློབ་གྲོགས་ཁྱུ་ཡིད་ཁྱེད་ལ”རྟ་མགྲིན་རྟོ་རྗེ”ཟེར།།
ལུས་དང་གྲིབ་མའི་ཚོགས་ཀྱིས་ཁྱེད་ལ”ཨ་པ་ཡག་པ”ཟེར།།
ང་དང་ང་འདྲ་དག་གིས་ཁྱེད་ལ་ཡུལ་སྤུན་དགའ་བོ་ཟེར།།
ཆུ་འཁྱགས་རྩམ་སྐྱར་རོལ་བའི་སློབ་གྲྭའི་གཏམ་རྒྱུད་འུ་གཉིས་ཡོད།།
ཕྱི་གླིང་ཞི་མོ་བདའ་བའི་”ཟ་ལེ”འི་རྩེད་མཚར་འུ་གཉིས་ཡོད།།
ཡོད་དུས་ཡོད་ཚད་ཟས་ཡོད་ད་ལྟ་བསམ་ན་སྐྱིད་པ་ལ།།
མེད་དུས་མེད་ཚད་སྒོམ་ཡོད་དེ་རིང་དྲན་ན་སྐྱོ་བ་ལ།།
“ཞིན་ཧྥོ”ནག་རྡོ་ཡིན་ཚུལ་གཏམ་དེ་ཁྱེད་རྣར་མི་སྙན་པས།།
“ཏོའུ་ཐེ”རྡོ་ལྡག་ཡིན་ལུགས་ལུང་རིག་སྟོང་གིས་སྒྲུབ་ཚུལ་སོགས།།
མི་མཐུན་ཆ་ཞིག་ཡིན་ཡང་དེ་ཡིས་འུ་གཉིས་སྦྲེལ་ནས་ཡོད།།
སྦྲེལ་ཐག་དེ་ཡི་ཁྲོད་ན་ཕྱི་ནང་གསང་གསུམ་འདྲེས་ནས་ཡོད།།
ལས་ཀྱི་བསྐོས་ཐང་ཞིག་གིས་ད་ནི་འུ་གཉིས་གྱེས་ནས་འགྲོ།
དེ་རིང་ནམ་འཕང་བཅད་ནས་ཁྱེད་ཉིད་འདི་དང་བྲལ་ནས་འགྲོ།
ང་ཡི་ཕྱིར་མིག་སྟོང་ཕྲག་རླུང་གི་གཤོག་པར་འཇུས་ནས་ཡོད།།
སང་གི་ཞིང་ཁོལ་དེ་ལ་བདེ་འབྱོར་ཡོང་བའི་སྨོན་ལམ་ཡོད།།
བྱས་བྱས་ལས་ཀྱི་འཕྲེང་ནི་གཏན་དུ་རྫོགས་མཐའ་མ་ཡོད་པས།།
རེ་ཞིག་རང་རང་ས་རུ་ངལ་བའི་གཞལ་བྱར་ཧུར་གྱིས་བརྩོན།།
མི་འགྱངས་རེ་བའི་གྲོང་གི་ལམ་གསུམ་མདོ་རུ་སླར་ཡང་མཇལ།།
མཇལ་ཐེངས་མཐའ་མ་དེ་ནི་ཕ་ཡུལ་ཧོལ་གཞུང་ཡིན་པར་ཤོག།
༼“(ཞིན་ཧྥོ)”ནག་རྡོ་ཡིན་ཚུལ་གཏམ་དེ་ཁྱེད་རྣར་མི་སྙན་པས།།
“(ཏོའུ་ཐེ)”རྡོ་ལྡག་ཡིན་ལུགས་ལུང་རིག་སྟོང་གིས་སྒྲུབ་ཚུལ་སོགས།།
མཇལ་ཐེངས་མཐའ་མ་དེ་ནི་ཕ་ཡུལ་(ཧོལ་གཞུང)་ཡིན་པར་ཤོག།༽
ཚིག་དེ་ཚོ་ལ་ཚིག་འགྲེལ་མེད་ན། སྐྱག་པ་ལ་མ་རེད། འདི་ཁ་བརྡ་ཚང་ལ་གཡུག་དོན་ཅི་ཡིན། ཁ་བརྡ་ཚང་གི་ཁ་མེད་མགོ་མེད་ཚོ་ལ་ཁ་ཡ་ཞིག་བྱེད་འདོད་མིན་ན། ང་ཚོའི་དུས་ཚོད་དང་གློག་རིན། དྲ་སྐུད་མཐུད་རིན་སོགས་ལ་གྱོང་ཁ་སྟེར་ནས་ཅི་བྱེད། སེམས་མེད་སེང་གདོང་སྐྱབས།
ཞིན་ཧྥོ་དང་ཏོའུ་ཐེ་གཉིས་ནི་སྡེ་མིང་རེད་ལ། ཧོལ་གཞུང་ནིི་ས་མིང་ཞིག་རེད།
བློ་ལྡན་ལགས། དེ་འདྲ་ཞིག་ཨེ་ཡིན་ལ་ཨ། གསལ་ཆ་ཡོད་ལ་ཨ།