མགལ་དུམ།
(ཐག་རིང་ནས་ལྐོག་བཤད་བརྒྱབ་ཅིང་ངན་ལབ་པར་གོམས་པའི་བྱིས་བློ་མ་སྨིན་པའི་གསར་བུ་དེ་ཚོས་གོ་བར་གྱིས། དོན་མེད་དུ་ཇུས་གཏོགས་བྱས་ཏེ་དཀའ་ལས་མ་མྱངས་ཨ། ལས་ཀ་མི་རེག་ཚེ་ད་དུང་སློབ་སྦྱོང་བྱོས།)
ཁ་བ་ལེབ་མོ་ལྷབ་ལྷུབ་བབས་པའི་ས་སྲོད་ཅིག་གི་ལྟེ་བ་རུ།།
ཟུངས་ཁྲག་དྭངས་ཤིང་དྭངས་ཤིང་གཙང་བ་ཨ་མའི་སེམས་ཀྱི་མིག་ཆུ་ཡིན།།
རླུང་རྟའི་གསེབ་ཀྱི་བསང་དུད་སྔོན་མོ་ཨ་མྱེའི་སེམས་ཀྱི་སྨོན་འདུན་ཡིན།།
བལ་གདན་སྟེང་གི་ཚེ་སྲོག་གཉོམ་པོ་གཡང་ཁྱིམ་ཞིག་གི་ནོར་བུ་ཡིན།།
ཨ་ཕ་ཟེར་བའི་དཔུང་ཡ་མེད་ཀྱང་ན་ཟླའི་ཁྲོད་ནས་དཔའ་བོ་ཡིན།།
ཨ་མར་འབོད་པའི་མགོ་སྔས་སྟོང་ཡང་བཟའ་མིའི་གྲས་ཀྱི་ཉིང་ཁུ་ཡིན།།
རུ་ཁ་ཁྱིམ་མཚེས་ལྷན་དུ་འཛོམས་ན་ཡོད་ཚད་ཕ་འཛོམས་མ་འཛོམས་ཡིན།།
ན་ཆུང་བྱིས་པས་རྩེད་ཆས་བསྒྲིགས་ཚེ་ཕྲན་པ་སྙིང་ཇུས་གཏོང་ས་ཡིན།།
འབའ་འབའ་ལུ་གུའི་དབྱངས་ཀྱིས་འདྲིད་སྐབས་ཁོ་བོ་སྤང་ཁའི་མེ་ཏོག་ཡིན།།
འདོ་རིགས་རྟ་ཕོ་བང་གིས་བསྐྱོད་དུས་ཁོ་བོ་གསར་བུའི་དྭངས་མ་ཡིན།།
ན་ཚོད་མཉམ་པའི་རུ་སྡེ་ཞིག་ན་ཁོ་བོ་གསར་མོའི་དྲན་ཤིང་ཡིན།།
བསམ་ཞིང་དྲན་ན་དེ་དུས་ཁོ་བོ་འདྲ་འདྲའི་ནང་ནས་ཡང་རྩེ་ཡིན།།
མི་ཚེའི་རི་མོ་གྱ་གྱུ་འདྲ་བས་གང་ལ་འབྲེལ་འདུག་ངེས་མེད་རེད།།
སློབ་ཆུང་ཞིག་གི་སྒོ་ཐེམ་འཛེགས་དུས་རིག་པ་རྩེ་གྲིའི་རྣོ་ཞིག་ཡོད།།
དྲུག་གཅིག་བྱིས་པའི་དུས་ཆེན་རེ་རེར་སློབ་གྲྭའི་གསུམ་བཟང་སློབ་མ་ཡིན།།
ཕ་མའི་སློབ་གསོ་བདག་ལ་མེད་ཀྱང་ཡོད་པ་ཚོ་ལས་ལྷག་ཅིག་ཡིན།།
སྟོང་ལོ་འདི་ཡི་མགོ་སྟོད་ཅིག་ལ་མི་ཚེའི་ལམ་བུ་བསྒྱུར་བ་ཡིན།།
དབུ་སྐྲ་རྒྱ་ལྕང་ལོ་མ་འདྲ་བོ་ཕངས་མེད་སིལ་བུར་གཏོར་བ་ཡིན།།
གཟན་ཤམ་དམར་པོས་ལུས་པོ་དཀྲིས་ཏེ་སེམས་པ་ཆོས་ཀྱིས་ལྷན་པ་ཡིན།།
རྨོངས་བའི་གསེབ་ཏུ་གཉིད་ལ་ཡུར་སྐབས་དགེ་ཚུལ་འཆལ་མ་འཆོལ་ཞིག་ཡིན།།
གོམ་པ་རྒྱང་ནས་རིང་དུ་བསྲིངས་བ་རྨི་ལམ་ཆེན་པོ་རྨིས་ཚུལ་ཡིན།།
རྔམ་སྐྲག་ལྡན་པའི་ལམ་ཕྲེང་རེ་རེ་དམྱལ་བ་ལས་ཀྱང་འཇིགས་ན་རུང་།།
ཧི་མ་ལ་ཡའི་རི་བོའི་ཕྲག་པར་ཁྲག་གིས་ནོགས་ཤིང་བརྫིས་པ་ཉིད།།
མཚོ་མོའི་ཕར་གྱི་གཏམ་རྒྱུད་ཅིག་ལ་སྨོན་པ་ཡིད་ནས་ཤོར་བས་ཡིན།།
ས་མཐའ་ཟེར་བའི་གྲུ་ཟུར་དེ་ན་རང་ལ་དབང་བའི་ལམ་ཞིག་ཡོད།།
འཚོ་བ་འབོད་པའི་ཐ་སྙད་དེ་ལ་འགྲེལ་བཤད་འདྲ་མ་འདྲ་ཞིག་ཡོད།།
སང་ཉིན་བསུ་བར་སེམས་ཁྲལ་མངའ་ཡང་སེར་སྣ་བྱེད་པའི་ལུགས་ཤིག་མེད།།
མ་གྲོས་མཐུན་པའི་གྲོགས་ཀྱི་ཚོགས་དེ་རང་གི་ཕུ་ནུའི་ཚབ་ཅིག་ཡིན།།
ད་ལྟ་ཕྲན་པ་ས་མཐའ་ལས་ཀྱང་ཡང་མཐར་འཁྱམ་པའི་བུ་ཞིག་ཡིན།།
རི་བོ་ཕར་གྱི་ཆུ་བོའི་ཚུར་གྱི་གློ་ཉེ་དེ་ཚོ་བརྗེད་ཀྱིན་མེད།།
བརྩེ་བ་འགྲེལ་ན་ཚིག་ལ་དབུལ་བས་མགལ་དུམ་ཁྱེད་ཚོར་ཧད་དེ་ཡོད།།
བཀའ་དྲིན་ཟེར་བའི་གུས་ཚིག་འདི་ཉིད་ཇི་ལྟར་ཞུ་དགོས་རྨོངས་ནས་འདུག །
ཇི་ལྟར་བཀྲལ་ན་དེ་ལྟར་མང་བས་མི་ཚེ་འདི་ཚོ་ཨ་རེ་མཚར།།
གང་ལ་ཆས་འགྲོ་རང་ལ་དབང་པའི་རང་ཉིད་རང་གི་མ་མ་ཡིན།།
ལམ་བུ་གང་ལ་གོམ་པས་བསྐྱོད་མིན་རང་ལ་ཡོད་པའི་གདམ་ཁ་ཡིན།།
འབྲེལ་མེད་དག་གིས་ཇུས་གཏོགས་མ་གནང་ཁོ་བོ་ཁྱེད་ཚོར་ཉོབ་ཀྱིན་འདུག།
ཁ་ཡག་བཤད་པར་ཤིན་ཏུ་གོམས་པའི་སེམས་ཅན་དག་གིས་གོ་བར་གྱིས།།
ཆུང་དུས་ཟེར་བའི་འཆམ་གཏམ་དེ་ལ་རིན་ཐང་ཨེ་འདུག་རང་གིས་དཔྱོད།།
ཁོ་བོ་ཆུང་དུས་ཁེར་རྐྱང་ཡིན་པས་སྐད་དེ་ཐོས་ན་སུན་བཞིན་ཡོད།།
ད་ལྟ་ཁྱེད་ཚོའི་འཚམས་འདྲི་མི་དགོས་ཉོག་གཏམ་ཉན་པའི་ཆུ་ཚོད་མེད།།
ཡུན་རིང་མ་ཐུག་མ་མཐོང་ཟེར་བ་དྲན་པའི་རྣམ་འགྱུར་ཨེ་ཡིན་ནམ།།
འདྲ་པར་བསྐུར་རོགས་རོགས་གཅེས་ལབ་པ་དུང་བའི་ཚིག་ཅིག་ཨེ་ཡིན་ནམ་།།
སྐྲ་དང་གོན་པའི་ཚུགས་ཀར་བལྟས་ཏེ་ལྐོག་ནས་ངན་བཤད་རྒྱག་བཞིན་པ།།
ཁྱོད་ཚོས་གྲོགས་པོ་གླེང་ཚུལ་ཡིན་པས་བཟོ་ལྟ་དེ་ཡང་སྙིང་རེ་རྗེ།།
ང་ལ་བརྩེ་བའི་སྤོ་རྨོ་ཟུང་གིས་བདག་གི་ལམ་བུ་སྐྱོར་ཏེ་ཡོད།།
ཕྲན་ལ་བྱམས་པའི་ཞང་པོ་དག་གིས་ཚ་བོ་ཟེར་བཞིན་སྨོན་ནས་ཡོད།།
བདག་ལ་མཐུན་པའི་སྙིང་གྲོགས་ཚོས་ཀྱང་ཁོ་བོ་སེམས་ཀྱི་དྲོད་ཅིག་ཡིན།།
ད་ནི་ང་ལ་འབྲེལ་མེད་ཚོ་ཡི་སེམས་ཁྲལ་རྫུན་མ་དགོས་དོན་མེད།།
དྲང་པོའི་གཏམ་འདི་གོ་བར་དཀའ་བས་ཁྱོད་ཚོའི་རྣ་བ་འོན་ཡང་སྲིད།།
བདེན་པའི་ཚིག་ལ་རྣོ་ངར་ཡོད་པས་ཁྱོད་ཚོའི་སྙིང་ཁ་གཟེར་ཡང་སྲིད།།
གནད་ལ་ཕོག་ན་ཁྲོ་ཡང་སྲིད་པས་གློའུ་རྟགས་དེ་ལ་ཞེད་ཀྱིན་འདུག།
རེ་ཞིག་འདི་ནས་བཤད་མཚམས་བཞག་ཏེ་རང་ལ་མཁོ་བའི་ངལ་ཞིག་གསོ།།
༢༠༡༥-༡-༡༡ཉིན།
སེར་སྣ་བྱེད་པའི་ལུགས་ཤིག་མེད་ཅེས་འཆོས་ཤིག
ཚིག་གིེས་འགྲམ་ལྕག་ཚ་བོ་ཞིག་བྱས་འདུག སུ་ཞིག་ལ་ཕོག་ཡོད་མི་ཤེས། གང་ལྟར། རྩོམ་པ་བོའི་འདོད་མོས་བཞིན། ཅིག་ལ་ཕོག་ཡོད་པའི་སྨོན་ལམ།