ས་འཛིན་དཀར་པོ།
མཐོ་སྒང་གསེར་མདོག་ཉི་མའི་དྲོད་ཁ་དེ་ཡལ་ནས།།
མི་ལོ་གྲངས་ཆུང་ཉེར་དྲུག་མུན་ནག་གིས་གྲང་ངར།།
བོད་ལ་བྱམས་པའི་དྲིན་གྱི་སྣུམ་ཞག་དེ་ཟད་དུས།།
གོ་ལའི་ཡང་རྩེ་སྲིད་པའི་མི་རིགས་ཀྱི་སྐྱོ་གདུང་།།
དུང་ལྟར་འཛུམ་ཞལ་མངོན་པའི་ཟླ་བ་དེ་ཡལ་དུས།།
དྲན་གདུང་ཉི་མ་ལྕི་བའི་ཆུ་གཉེར་གྱིས་འཁུམས་སོང་།།
མ་འོངས་གངས་རིའི་ལྗོངས་སུ་བདེ་སྐྱིད་ཀྱི་འཚོ་བ།།
མགོ་ནག་བོད་ཀྱིས་གློ་སྙིང་ཁྱོད་རང་ལ་གཏད་ཡོད།།
ཡབ་མེས་བཙན་པོ་བོད་ཀྱི་དཔའ་ངར་དེ་གོ་སྐབས།།
བྱམས་ལྡན་བླ་མ་ཁྱོད་རང་སྙིང་སྟོབས་དེ་དྲན་སོང་།།
ཀ་མད་སུམ་ཅུ་འཆི་ཁའི་སྲོག་དབུགས་དེ་གསོ་དུས།།
མུན་ནག་སྟུག་པོའི་ཁྲོད་ན་སྣང་གསལ་དེ་ཁྱོད་ཡིན།།
མཐོ་སྒང་སྲིད་པའི་ལས་དབང་དར་རྒུད་ཀྱི་དབར་ན།།
ཡབ་མེས་སྲོང་བཙན་ལྟ་བུའི་རྟུལ་ཕོད་དེ་ཁྱོད་ཡིན།།
སྦྲ་ནག་གྲུ་གཞིའི་ཁྱིམ་ལ་སྣུམ་ཞག་ཅིག་བསྐྲུན་དུས།།
གངས་རིའི་ལ་རྒྱ་ལྡན་པའི་དཔའ་བོ་ཞིག་ལོས་ཡིན།།
པཎ་ཆེན་དྲིན་གྱིས་བསྐྱངས་པའི་དྲིན་དེ་ནི་དྲན་དུས།།
བླ་མས་ངལ་སྡུག་ལྕི་བའི་ལས་དབང་ཀུན་དྲན་སོང་།།
ཞུམ་མེད་བློ་ཡིས་ཡིག་འབྲུ་ཁྲི་བདུན་ལ་བཀོད་དུས།།
ཁ་བའི་བོད་ལ་དགྱེས་པའི་རྐང་ལམ་དེ་བསྐྲུན་སོང་།།
ཆོལ་གསུམ་རུས་གཅིག་ལྡན་པའི་བོད་པ་ཞིག་ཡིན་ན།།
མཐོ་སྒང་སྲིད་པའི་མ་བཅོས་རང་མདངས་དེ་ལྡན་ན།།
ཡབ་མེས་བཙན་པོའི་རང་གཤིས་བློ་སྟོབས་རེ་ཡོད་ན།།
མགོན་མཆོག་བླ་མའི་དྲིན་དེ་རང་སེམས་ནས་མ་ཡལ།།
སྡེབ་སྦྱོར་རིག་པའི་ཐོག་ལ་གོམས་པ་ཞིག་མིན་ཡང་།།
བརྡ་སྤྲོད་རིག་པའི་གནས་ལ་དེ་བས་ཀྱང་མེད་ཀྱང་།།
དག་ཡིག་རིག་པའི་ཕྱོགས་ཀུན་ཧ་ཅང་ནི་ཞན་ཡང་།།
པཎ་ཆེན་དྲིན་དེ་འཁོར་བའི་སྐྱོ་གདུང་ཞིག་ཤོར་སོང་།།
པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་།
འཇིག་རྟེན་འདི་རུ་འཚོ་ཞུགས་མི་ཤེས་ཀྱང་།
བོད་འབངས་སྤྱི་མཐུན་བསོད་ནམས་འཐུ་དང་འབྲེལ་།
ལས་སྨོན་ཡོད་ན་ཡང་སྲིད་མྱུར་དུ་མཇལ་།
མཆོག་གསུམ་བསླུ་བ་མེད་པའི་སྦྱིན་འཐུ་དང་།
ལས་འབྲེལ་སྨོན་ལམ་བདེ་རླག་མྱུར་དུ་སྨིན་།
གཞིས་བྱེས་མཉམ་འཛོམས་རྒྱལ་བ་ཡབ་སྲས་གཉིས་།
བོད་ཡུལ་གངས་ལྗོངས་ཉི་ཟླ་གཉིས་ཀྱི་སྐྱབས་།
འོག་ཏུ་མི་འདུས་བོད་རིགས་སུ་གཅིག་མེད་།