ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་བ་གདུང་མ་ཁང་པའི་རྒྱན།།
ཁ་བ་གངས་རི་དཀར་པོ་རེད།།
ག་པ་རོག་པོ་གཡག་གི་མིང་།།
ང་ཚོ་ཁོང་ཚོ་མིང་ཚིག་རེད།།
ཅ་ལག་དངོས་པོ་མང་ན་ཡང་།།
ཆ་ཤས་ཙམ་གྱིས་འགྲིག་པ་གྱིས།།
ཇ་མར་ཞིམ་པོ་བོད་མིའི་འཐུང་།།
ཉ་ཕག་གོང་གསུམ་དུག་ཟས་རེད།།
ཏ་ར་ལ་སོགས་གཟུངས་སྔགས་བསོག།
ཐ་མ་རང་གཞན་གཉིས་ལ་ཕན།།
ད་ལྟ་སྤྱང་པོ་མ་བསམ་ཨ།།
ན་རྒས་འཆི་དུས་འགྱོད་ཡོང་ངོ་།།
པ་སངས་བྱ་བ་ཀུན་ལ་བཟང་།།
ཕ་ཡུལ་བོད་ལྗོངས་མ་བརྗེད་ཨ།།
བ་མོའི་འོ་མ་བཅུད་ལ་ཕན།།
མ་ཡུལ་ཕ་ཡུལ་གང་བསམ་བརྗོད།།
རྩ་བ་བརྟན་པ་དམ་པའི་ཆོས།།
ཚ་གྲང་ཐུབ་ན་ཉམས་ལེན་ཟབ།།
ཛ་དྲག་མེད་པ་གང་ནས་ཡིན།།
ཝ་སྤྱང་འདྲ་བོ་ཆགས་མི་ཉན།།
ཞལ་ཞོབས་མང་ན་དོན་མི་འགྲུབ།།
ཟས་ལས་མེད་པའི་མི་འབོར་མང་།།
འ་འུར་ཆེ་བའི་སྤྱི་ཚོགས་འདིར།།
ཡ་མཚན་ལྟད་མོ་རྫོགས་མཐའ་མེད།།
ར་ལུག་མང་ན་འབྲོག་པ་དགའ།།
ལ་ལུང་མྱུལ་ནས་རྩ་ཆུ་གཏེར།།
ཤ་ཚ་ཆེ་བའི་འབྲོག་པ་ཚོ།།
ས་ཆུ་རྩྭ་བཟང་སྐྱེ་བར་ཤོག།
ཧ་ཅང་མང་བའི་སྐད་ཡིག་ལ།།
ཨ་གསར་མ་བྱེད་བོད་ཡིག་སྦྱོངས།།
ང་ཚོ་ཁོང་ཚོ་མིང་ཚིག་རེད།། བོད་ཕལ་སྐད་མང་ཚིག་ལ་ཚོ་བཀོལ་བའི་ལོ་རྒྱུས་འབྱུང་སྟངས་ལ་དཔྱད་དགོས། གཞན་ཡང་ཚོ་དང་ཚོམས་ལ་འབྲེལ་པ་ཡོད་དམ་མེད། འདི་དག་ཁོ་བའི་བློར་འཁོར་རོ།
ཚིག་གི་འགྱུར་སྟངས་ལ་བློ་གཏད་མཛད་མེད་པས། སུས་ཀྱང་རྣམ་དཔྱད་མ་བྲིས། ཁོ་བོ་རང་གི་རྣམ་དཔྱོད་བོད་སྐད་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཕྱིར་འདི་ལྟར་ལགས་ཏེ། སྔར་གྱི་དཔེ་ཆ་ཡི་གེ་དག་པ་རྣམས་ན། ཁྱེད་ཅག ངེད་ཅག ང་ཅག བདག་ཅག དེ་དག་ཟུར་ཆག་པ། ཁྱེད་ཅ ངེད་ཅ ང་ཅ བདག་ཅ། ཅེས་པར་ཆགས། དེ་དག་གྱུར་ནས། ཁྱེད་ཙོ། ངེད་ཙོ། ང་ཙོ། བདག་ཙོ་ཞེས་བཏོན་དང་འདོན་བཞིན་པ་ཡིན་ཀྱང་། གཅིག་གིས་ཚོ་བྲིས་པ་ཡོངས་གྲགས་མ་དག་རྒྱུན་འབྱམས་སུ་སོང་། འདི་དག་ལ་ཙོ་ཞེས་པ་མ་གཏོགས། ཚོ། ཤུགས་བརྒྱབས་ནས་འདོན་པ་ཁོ་བོའི་ཁར་མེད། དེ་བཞིན་བློ་གཟུ་བོར་གནས་པའི་རྟོག་དཔྱོད་ཀྱིས་ལམ་དྲང་པོར་ཞུགས་པ་ཅིས་མི་ལེགས་བྱ་བ་ཡིན།
དེ་ཡང་ཚོ་དང་ཚོམས་གཉིས་ཀ་ཚོགས་ལ་འཇུག མིའི་སྡེ་གཤོང་བའི་གནས་ལ་ཚོམས་དང་། ཚོམས་ཆེན། ཞེས་དང་། ཆེད་དུ་བརྗོད་པའི་ཚོམས་ཏེ། ལེའུ་སོ་གསུམ་ཚོགས་པ་ལ། ཆེད་དུ་བརྗོད་པའི་ཚོམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཡིན་པ་བོད་སྐད་དུ། བཀའ་འགྱུར་དང་། བསྟན་འགྱུར་གཉིས་ཀ་ན་བཞུགས་ཤིང་། ནུབ་ཕྱོགས་པའི་མཁས་པ་ཞིག་གིས་དོན་གཉེར་ཆེན་པོས་འདི་ཉིད་ཀྱི་ལེགས་སྦྱར་མ་དཔེ་དང་། རྒྱ་ནག་སྐད་ཡིག་དང་། བོད་སྐད་ཨིན་ཡིག་ཏུ་བྲིས་པ་དྲ་རྒྱ་ན་ཡོད་པ་བདག་ཅག་གིས་སྤར་དུ་བསྐྲུན་ཏེ། བཀླགས་དང་ཀློག་པ་ཡིན་ནོ།
ཡིག་ནོར་ལ་ཞུས་དག་མཛོད། བཀའ་དྲིན་ཆེའོ།
ངེད་ཅག་ནས། ང་ཅག
ང་ཅག་ནས། ང་ཙོག
ང་ཙོག་ནས། ང་ཚོ།
མཐའ་འཇུག་༼ང་ཚོ་་༽ཉིད་སྤྱི་སྐད་དོ།