འབའ་སྲས།
ཞོགས་པའི་ཉི་ཟེར་འོད་ལྡན་འཛུམ་འཛུམ་གྱིས་ཤར་བྱུང་།།
ཆུང་མ་སྔ་བོ་ལངས་ནས་འོ་ཇ་ཞིག་བསྐོལ་བྱུང་།།
གཅེས་ཕྲུག་གསུམ་གྱིས་ཨ་ཕར་འཚམས་འདྲི་ཞིག་བྱས་བྱུང་།།
དེ་རིང་ཉིན་མོ་ཅི་འདྲ་སྐྱིད་ལ་ཞིག་འདོད་བྱུང་།།
ཁ་སང་ལུས་སེམས་གཉིས་ཀ་བྲེལ་བ་ཅུང་ཆེ་བས།།
སྙན་ངག་འབྲི་བའི་དུས་ཚོད་ལམ་བར་ནས་ཟད་སོང་།།
དེ་རིང་ཅུང་ཙམ་ལྷོད་ཀྱིས་རང་ཁྱིམ་ན་སྡོད་དུས།།
སྙན་ངག་འབྲི་འདོད་སེམས་པ་ཡང་ཡང་དུ་སྐྱེས་བྱུང་།།
ཁ་པར་ལག་ཏུ་བཟུང་ནས་སྙན་ངག་ཅིག་འབྲི་བསམས།།
ཅི་ཞིག་འབྲི་བའི་བརྗོད་བྱ་གཏན་ཁེལ་ཞིག་མ་ཐུབ།།
ཆགས་རྩོམ་བྲིས་ན་ངག་ནས་ཤར་ཤར་དུ་བཞུར་མོད།།
དབང་བོ་འདོམས་འཇུག་འབྲི་བ་དེ་སྔ་ནས་སྤངས་ཟིན།།
འབྲོང་གི་རྭ་དང་སེང་གེའི་འོ་མ་ལ་དཔེ་སྦྱར།།
མི་ཡི་སྙིང་སྟོབས་མཁས་པའི་རྣམ་དཔྱོད་ལ་དོན་སྦྱར།།
རྨ་བྱའི་སྒྲོ་ཐིག་མཛེས་མ་གཉིས་ཀ་ལ་བློས་བསླངས།།
འོན་ཀྱང་བྲིས་བྲིས་ཚང་མ་ཚིག་དོན་གྱིས་སྟོང་སོང་།།
གཞུ་དང་མདའ་མོ་འཕེན་རྩལ་གཉིས་ཀ་ལ་དཔེ་བྱས།།
མཁས་པའི་རྣམ་དཔྱོད་བློ་སྦྱངས་འདི་འོ་ཞེས་དོན་སྦྱར།།
དཔེ་དོན་སྦྱར་བའི་ངག་གི་བཤད་ཐབས་ཀྱིས་མ་འགྲིག །
ལག་པས་མིག་མཐའ་ཕྱིས་ནས་འདུག་དགོས་རང་བྱུང་སོང་།།
ཝ་མོས་རྔ་མ་འདྲུད་པའི་ངང་ཚུལ་ལ་དཔེ་བླངས།།
ཕག་པའི་རྣ་བས་གྱང་གཏིང་སློག་པ་ཡང་དེ་བཞིན།།
བླུན་པོའི་ངག་ནས་གང་བྱུང་ཟློ་བ་ལ་དོན་བཀོད།།
གང་ལྟར་བྱས་ཀྱང་དེ་རིང་སྙན་ངག་ཅིག་མ་བྲིས།།
མཛུབ་མོ་གྲིས་ཡིས་བཅད་ན་ཁྱིམ་ཚང་ཞིག་གསོ་དགོས།།
མགྲིན་པ་ཐག་པས་བསྡམས་ན་ད་རུང་ང་འཚོ་དགོས།།
སྙིང་ཁར་གྲི་ཡིས་འཛུགས་རྒྱུར་ང་རང་ཡང་འཇིགས་འཇིགས།།
སྙན་ངག་འདི་ཡིས་དེ་རིང་སྡུག་བསྔལ་ལ་སྦྱར་སོང་།།
ཆང་རེག་བཏུང་ནས་ངག་ནས་གང་བྱུང་དུ་མི་བརྗོད།།
ཉལ་ཐ་འཐེན་ནས་ཚོར་བ་སྐྱེན་པོ་ལ་མི་རེ།།
གཅེར་བུར་བུད་ནས་སྒྱུ་རྩལ་ཡིན་མདོག་ལ་མི་དགའ།།
ཚོར་བ་བཏང་སྙོམས་ངང་ནས་སྙན་ངག་ཅིག་འབྲི་འདོད།།
ཇི་ལྟར་བྲིས་ཀྱང་རང་བློ་ཁེངས་པ་ཞིག་མ་བྱུང་།།
ཅིའི་ཕྱིར་འབྲི་བའི་བློ་ཐག་ཆོད་པ་ཞིག་མ་བྱུང་།།
ཚིག་སྦྱོར་སྙན་པོར་སྦྱར་བའི་རིག་པ་ཡང་ཡལ་སོང་།།
ད་ནི་མིག་ཆུ་ཐིགས་པ་སྙིང་ཁ་ནས་བརྡོལ་སོང་།།
དེ་རིང་སྙན་ངག་འབྲི་བར་ཉིན་ནག་ཅིག་རེད་དམ།།
ཡང་ན་ཆོས་སྒྲུབ་བྱེད་པའི་དུས་བཟང་ཞིག་ཨེ་རེད།།
ནམ་རྒྱུན་ངག་ནས་དྭངས་གཙང་ལྷུང་ལྷུང་དུ་བཞུར་བའི།།
སྙན་ངག་གཙང་བོ་འབབ་པའི་མགྲིན་པ་འདི་འགག་སོང་།།
༢༠/༠༡/༡༥ ཕྱི་དྲོར།
ད་འདི་འཛག་རྐྱལ་ཟིག་ནས་ལབ་རྐྱལ་ཟིག་ག་འགྱུར་འདུག
ཨ་ལགས་ཚང་གིས་ཨ་དགའ་ལ་ཟག་འབྲུ་འི་མ་འདུག། ཁ་ཤོ་ཞིག་གིས་སྣ་ཤོ་ཞིག་ལ། ཁྱོའི་ངོ་ལ་ཅིག་ལྟོས་ཟེར་ན། འདི་མོ་དགོད་སྤྱད་ཟིག་མྱི་ཚེ་གང་བོར་གོ་མ་མྱོང་། ཧ་ཧ་ཧ། འཛེག་རྐྱལ་དང་གཡབ་རྐྱལ་ཞིག་ཡིན་མིན་ནི་གང་ཤེས་སྟེ། ། ཆགས་རྐྱལ་ཞིག་ཡིན་པ་ནི་གཅིག་པ་ཡིན་པ་ཨ། ཧ་ཧ་ཧ།
དེ་མོ་དེ་མ་བཤད། ང་སྐད་ཆ་འདི་རིགས་ལ་ཧ་ཅང་འཛེམ་མཁན་ཞིག་ཡིན།