རྡོ་མེ་འབུད།
__ བདག་སེམས་ལ་མེ་ཁ་གསོ་མཁན་དེར།
ཉིན་དེ་ནས་བཟུང
ངས་རི་མོ་ཞིག་ལ་སྐྱ་ཐིགས་བཀོད་ཡོད
ཀུན་གྱིས་འབྲི་ཤེས་ལ
སུས་ཀྱང་བྲིས་མ་མྱོང་བའི་རི་མོ་ཞིག
རི་མོ་དེའི་ངོས་སུ
དཔྱིད་ཁ་ཞིག་ནས་འབྲི་མགོ་བརྩམས་པའི་
དབྱར་གཞུང་ཞིག་མཐོང་སྲིད
ད་དུང་། ལྟེམས་མེར་འཁྱིལ་བའི་མཚོ་མོ་ཞིག་གི་ངོས་ན
སྐར་ཚོགས་དང་ཟླ་བ་ཁ་རུ་གཡེང་བའང་བལྟ་ཐུབ
དེ་ལྟར། ངའི་དོན་ལྔ་སྣོད་དྲུག་གིས
དུས་ཚིགས་དེ་དག་རེ་རེའི
ནང་སྙིང་ལ་སྙོབས་དུས
ངའི་སེམས་པ་འདིའི་ཕྱི་ནང་ཡོད་ཚད
ཆུ་ཁོལ་བཞིན་ལྷོག་ལྷོག་གདུ་ཞིང
ཐ་ན་ལག་གི་སྤུ་སྨྱུག་དེ་ཡང་ཚོར་བས་སྦྲིད
ཡིན་ཡང་། ངས་རུས་རྐང་གི་གཏིང་འཁྱག་པར་ཞེད་ནས
ཁ་བ་དང་མཉམ་དུ
དགུན་ཁ་དེ་འབྲི་མ་སྤོབས
དེ་བས། ངས་རང་ཉིད་ཀྱང་དབྱར་ཁ་ཞིག་ཡིན་པའི་སེམས་གསོ་བྱས།
20/1/2015་ལ་ཕ་རེ་སི་ནས།
མེ་ཤིང་རྡོར་བྱས་མེ་ཁ་གསོ་སེམས་དེ།
འདབ་ཆགས་བློ་ལོག་ནམ་མཁའི་མཐའ་འཚོལ་འདྲ།
རྡོ་འབུད་ཆུ་ཁོལ་ལྷོག་ལྷོག་སྣང་བ་འདི།
རང་སྣང་དགྲ་རུ་ལངས་པའི་འཁྲུལ་ཆེན་ཡིན།
རྡོ་མེ་འབུད་ཀྱིས་སྙན་ངག་འདི་འདྲ་ཞིག་འབྲི་བ་ཡིད་ལའང་དྲན་མེད། སྒྱུ་འཕྲུལ་གྱི་དབྱངས་བརྡོལ་བ་འདྲ་ཞིག་བྲིས་འདུག་ ངོ་མ་ཡག་བྱུང་།