ཁྱོད་སུ་ཡིན།
གོ་ཐོས་ལ་དེ་རིང་ནི་དོན་བོའི་དུས་ཆེན་རེད་ཟེར།
དེ་ནི་རྒྱའི་སྙན་ངག་པ་ཞིག་གི་འདས་མཆོད་ཀྱི་ཉིན་མོ་རེད་ཟེར།
ངས་བསམས་ན། ཁྱེད་ཀྱིས་ཀྱང་ཨང་དོ་འཕྲུག་བཞིན།
ལོ་མས་ལྕིབས་པའི་འབྲས་ཉོག་དེ་ཞིམ་མདོག་གིས་བཞེས་བཞིན་ཡོད་ངེས།
—– ཀླད་ཀྱི་གཏམ་མོ།
མགོ་ཐོག་གི་སྨུག་པ་དེ་མགོ་ན་བྱེད་ཅིག་ཡིན་ན།
ཁྱོད་ཀྱིས་གླུ་ལེན་པ་ད་ལྟ་དེའི་ཆེད་རེད།
རི་བོང་སྐྱ་རིལ་དེས་ནམ་མཁའ་ལ་ཅེར་བཞིན་འདུག
དོན་ངོ་མར་ནམ་མཁའ་ནི་ཀླད་ཁེབས་ཤིག་ཡིན་ནམ།
མིག་སྐྲན་འབྱུང་བར་དོགས་པས།
ཁྱོད་ཀྱིས་ཆུ་ནང་གི་ནས་ལྡོག་དེ་ལ་ཁབ་གཙག་ཅིག་བྱས།
མིག་ནད་ཇི་འདྲ་འདུག་ལགས།
ཁྱོད་ཀྱིས་སྡོང་བོ་དེ་ལ་ཚོད་མེད་དུ་སྟ་རེས་རྡེག
རང་བྱུང་ཐོན་རྫས་རྨེག་མེད་གཏོང་འདོད་ཡིན་ནམ།
ཨ་རོ་མགོ་སྟོང་། ངས་ཁྱོད་ལ་ངོ་རྒོལ་བྱེད་རྒྱུ།
ཁྱོད་ཀྱིས་མྱུ་གུ་དེ་རྡོག་བརྫིས་གཏོང་བཞིན་དུ།
ཁྱོད་ལ་མགོ་འབུས་པའི་དབང་ཆ་མེད་ཟེར་ངེས།
ཡིན་ན་ཡང་། མྱུ་གུ་དེས་ཀྱང་མཆི་ཁའི་དབུགས་རིང་ཙམ་ལེན་ཨེ་ཐུབ་བལྟ་ངེས་རེད།
གལ་སྲིད། བྲག་རྡོ་འབའ་འབུར་ཚོ་ས་འོག་ཏུ་འཇུག་རྒྱུ་ན།
ས་སྟེང་ཐམས་ཅད་རྡོ་བས་ཁེངས་འདུག་ཨང་།
ཡང་གཅིག་བཤད་ན་ས་གཞི་འདི་ལ་ཡང་དགོས་པ་དེ་ཙམ་མེད་འདུག
མི་ནི་མི་ཡིན་པའི་གནས་ལུགས་ཁས་ལེན་ན།
མིག་འདུན་གྱི་ལྗང་མྱུག་དེ་ཚོ་ཡང་འཚོ་དགོས་ཡོད།
གངས་རིའི་ཁ་དོག་དཀར་བོ་རེད་ཟེར་བ་ཡང་གནས་ལུགས་ཤིག་རེད་ཡ།
མེ་ལྩེ་ཐུར་དུ་འབར་གྱི་རེད་ཟེར་ན་ཡང་ཁྱོད་ཀྱི་རང་དབང་རེད་མོད།
ན་ནིང་བྲིས་པའི་སྙན་ངག་དེ་དག་དང་།
རྗེས་སུ་མིག་མདུན་རྒྱུ་དགོས་པའི་ངོ་གདོང་དེ་ཚོར་ཇི་ལྟར་འགྲེལ་ལགས།