ཨེ་མ་ཧོ།
ན་མོ་གུ་རུ་དྷརྨ་དྷ་ར་ཡེ།
ཁ་བའི་འདབ་མང་བརྩེགས་པའི་གངས་རིའི་རྩེར།།
སྤྲིན་དཀར་སྨུག་པས་གཏམས་པའི་ཀློང་ཡངས་སུ།།
རི་དྭགས་གཡང་དྭགས་རྒྱལ་པོ་འཇིགས་བྲལ་བ།།
གངས་སེང་དཀར་པོའི་གཡུ་རལ་དགུང་ལས་མཐོ།།
ཕ་ལམ་ཕྲ་རྡུལ་སྤུངས་འདྲའི་རྫ་རིའི་ངོགས།།
ཐང་དཀར་བྱ་རྒྱལ་རྒོད་པོ་ཚང་ཆེན་དུ།།
རྒྱན་དྲུག་གཙོ་བདག་ཁྱུང་ཆེན་མཁའ་འགྲོའི་རིགས།།
གངས་ཅན་ལྷ་བྱའི་སྒྲོ་མདངས་འཇའ་གུར་འཁྲིགས།།
རྐང་ཐང་གཡུ་ལོས་ཕྱུག་པའི་ནགས་རིའི་དཀྱིལ།།
དྲི་བཟང་ཕྱོགས་ཀུན་ཁྱབ་པའི་ཀློང་ཡངས་སུ།།
དགའ་འཁྱིལ་དམར་ནག་མཛེས་པའི་དཔའ་བོ་ཆེ།།
རྒྱ་སྟག་ངར་མའི་སྙིང་ཁམས་དགུང་དང་མཉམ།།
ཉི་ཟླ་སྐར་གསུམ་ཤར་བའི་ནམ་མཁའ་རུ།།
སྤྲིན་ནག་སྦྲང་ཆར་འདྲིས་མའི་བར་སྣང་དུ།།
སྒྲ་དབྱངས་ཤུགས་དྲག་སྒྲོག་པའི་ནོར་བུ་འཛིན།།
མཐིང་མདོག་འབྲུག་རྒྱལ་དཔའ་སྐད་དབྱིངས་སུ་གདལ།།
མཐའ་ཡས་མུ་མེད་མཛེས་པའི་རྩ་ཐང་དུ།།
གོམས་འགྲོས་རླུང་ལ་འགྲན་པའི་ཅང་ཤེས་གར།།
ལས་དབང་བདེ་ལེགས་ངང་དུ་བསྐྱོད་མཁས་པ།།
རྟ་མཆོག་རིན་ཆེན་འགྲོས་བཟང་ཡིད་དུ་འོང་།།
གངས་རིས་མུ་ཁྱུད་བསྐོར་བའི་ཡུལ་ལྗོངས་སུ།།
ལུགས་གཉིས་དཔལ་ཡོན་ལྡན་པའི་དཔའ་མཛངས་ཅན།།
དགེ་བཅུའི་ཁྲིམས་ལུགས་མཛད་པའི་ཡ་རབས་པ།།
གངས་ཅན་རྗེ་འབངས་བསམ་དོན་ཡིད་བཞིན་འགྲུབ།།
ནང་བསྟན་འོད་སྣང་གསལ་བའི་ཆོས་ལྡན་ཡུལ།།
ལྷག་བསམ་དྲང་བདེན་ཕྱུག་པའི་ཁ་བ་ཅན།།
སྣོད་བཅུད་དག་པ་རབ་འབྱམས་མངོན་གྱུར་ནས།།
ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་ཤོག།
ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་ཡར་ངོས་ཚེས་པ་བཅུ་ཉིན་རྟེན་འབྲེལ་ལེགས་པའི་དགའ་སྟོན་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་གང་དྲན་མགུར་དུ་བླངས་པར་དགེའོ།། །།
ནང་བསྟན་འོད་སྣང་གསལ་བའི་ཆོས་ལྡན་ཡུལ།།
ལྷག་བསམ་དྲང་བདེན་ཕྱུག་པའི་ཁ་བ་ཅན།།
སྣོད་བཅུད་དག་པ་རབ་འབྱམས་མངོན་གྱུར་ནས།།
ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་ཤོག།
འདི་ལས།
ནང་བསྟན་བག་ཆགས་མཐུག་པའི་ཆོས་ལྡན་ཡུལ། །
དམ་ཚིག་ལྷག་བསམ་དད་ལྡན་ཁ་བ་ཅན། །
མ་དག་སྣོད་བཅུད་ཡར་ངོར་མངོན་གྱུར་ནས། །
གོ་ལ་ཕྱོགས་ཀུན་ཞི་བདེ་དར་སྤེལ་མཛོད། །