མགལ་དུམ།
———(ཐག་ཉེ་རིང་གི་གློ་ཉེ་དག་ལ་བསྐུར་བའི་སྙིང་གི་ཚིག)
རྡོ་ཡི་ཁོག་པར་སྦས་པའི་སྐད་ཆ་དག
རི་བོ་གཡོམ་གཡོམ་འགུལ་བའི་མིག་ཆུ་ལ་འཐིམས་ཡོད།
བརྩེ་དུང་ཞགས་ཐག་གིས་རིང་དུ་བཏགས་ཡོད་པས།
མཆི་མ་སྨུག་ལོང་གི་ལྟེ་བར་གཅུད་ཅིང་།
དབུགས་ལེབ་མོ་དག་ཀྱང་ཆུ་བུར་གྱི་ངོས་སུ་འབྱར་ཡོད་སྐད།
ད་དུང་གཞན་དག་ཀྱང་བན་བུན་ལས་ཡུན་གྱིས་བརྒལ་གྱིན་པས།
ལོ་དེ་ག་རུ་ཆག་གྲུམ་མི་ཤོར་བ་ཐག་གིས་ཆོད་ཡོད།
ཚོར་བས་མིད་དུ་རུང་བ་ནི་དོན་དངོས་ལགས་པས།
ཡིད་དུ་ཁྲག་འཛག་པ་ནས་གློ་བ་ལ་བཙའ་ཆགས་སྲིད་ལ།
མིག་ཟུང་ལོང་ཞིང་རྣ་བ་འོན་མི་འགྲོ་བའི་ངེས་པ་ལར་ནས་ཡོད་མི་སྲིད་ལགས།
རྨི་ལམ་དུ་མ་འཁོར་བའི་ཚོར་བ་ཚོ།
སླར་ཡར་རྨི་ལམ་དུ་འཁོར་ངེས་བ་ནི་ཆོས་ཀྱི་ངོ་བོར་བཀྲལ་བས།
གནད་ཀ་དེ་ཡིད་ཀྱི་ཏིང་འཛིན་དུ་སྒོམས་ཤིག
དམིགས་པ་དེ་ཚོར་བའི་ཨ་ལོང་དུ་སྐོན་ཞིག
ད་དུང་མང་པོ་ཡོད་སྲིད་ཀྱང་།
མང་པོ་གློད་པ་ནི་བརྩེ་བ་ལ་གྲི་འཛུགས་པ་དེའོ།
༢༠༡༥-༡-༢༩ ཉིན། Mona valeནས།