བོད ལྷ་ཀླུ་གཉན་གསུམ།
དེང་སང་བོད་མི་བྱེས་བསྡོད་པ་ཆེས་མི་ཉུང་བ་ཞིག་གིས་ལུས་པོ་གཞན་ཡུལ་དུ་ཡོད་ཀྱང་། ཆུང་ནས་འཚར་ལོངས་བྱུང་སའི་ཕ་ཡུལ་ཟེར་བའི་རང་ཉིད་ཀྱི་སྐྱེ་ཡུལ་དེ་དང་གཏན་ནས་འབྲལ་ཐུབ་མེད་པ་ཞིག་ཡོད་པ་དེ་ནི་བོད་ཡུལ་ཡིན། བོད་ཡུལ་དུ་སྐྱེ་བའི་བོད་མི་སུ་ཞིག་གིས་ངོས་ནས་གླེང་བ་ཡིན་ན། རང་ཉིད་བོད་ཀྱི་ཤ་རུས་ནས་མཆེད་པའི་མི་ཞིག་ཡིན་པ་ནམ་ཡང་བརྗེད་དུ་མེད་ལ། ད་དུང་མ་ཤི་བར་དུ་གཏན་ནས་འགྱུར་བ་གཏོང་ཐུབ་མེད་པ་ཞིག་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ཡིན། འོན་ཀྱང་། དེང་སང་ཡིད་སྐྱོ་བའི་གནད་དོན་ཁ་ཤས་ཤིག་མཐོང་རྒྱུ་ཡོད་པ་དེ་ནི་ཕྱི་ཡུལ་དུ་བསྡོད་མཁན་བོད་མི་མི་ཉུང་བ་ཞིག་གིས་རང་ཉིད་ལ་ཕྱི་རྒྱལ་ཡུལ་གྲུ་གང་རུང་གི་མི་སེར་གྱི་ཐོབ་ཐང་ལག་ཁྱེར་རེག་ཉིན་ནས། རང་ཉིད་ནི་གཞན་ཞིག་གི་ཁུངས་སུ་ཡོད་པར་སྣང་བ་འཁོར་གྱི་ཡོད་ལ། སྣང་བ་དེ་ལ་བརྟེན་ནས་རང་ཉིད་ཀྱིས་བོད་མི་རིགས་ལ་འགན་ཞིག་འཁུར་དགོས་ཀྱི་ཡོད་པ་དེ་ཡང་ཞིབ་མོ་ཞིག་བསམ་བློ་གཏོང་ཐུབ་ཀྱི་མེད་པ་མ་ཟད། དེ་ཡི་རིགས་ཀྱིས་བོད་ཡིག་གི་ཟ་འཐུང་མི་སྤྲོད། སྡོད་གནས་མི་སྤྲོད། རང་དབང་མི་སྤྲོད། གོ་གནས་མི་སྤྲོད། ཐོབ་ཐང་མི་སྤྲོད། ལས་ཀ་མི་སྤྲོད། དེ་དག་གླེང་ནས་འོང་དུས་རང་རང་གི་བུ་ཕྲུག་དག་ལ་མི་རིགས་ཤིག་གི་འགན་འཁྲུ་དགོས་པའི་སྐུལ་སློང་ནན་མོ་ཞིག་གཏན་ནས་བྱེད་ཐུབ་ཀྱི་མེད་ལ། རེ་ཟུང་གིས་རང་གི་བུ་ཕྲུག་བོད་ཡིག་ལ་སློབ་དགོས་པ་དང་བོ་བྱེད་དགོས་པར་སྐུལ་ན་ཡང་གོང་གི་མི་སྤྲོད་པ་དག་བཤད་དེ་འོང་ནས། རང་གི་བུ་ཕྲུག་དག་གི་ཤ་གསེང་རུས་གསེང་དུ་བོད་ཟེར་བའི་ན་ཟུག་ཞིག་སླེབས་པར་ཚོར་བ་ཞིག་གཏན་སྤྲོད་ཀྱི་མེད།
འདི་ནི་མ་འོངས་བོད་འདི་རྒྱ་འོག་ནས་བསྡོད་པ་ལས་ཀྱང་ཉེན་ཁ་ཆེ་སར་ཞིག་དུ་ཁྲིད་ཀྱིན་ཡོད་པ་དེ་ཡིན། ང་ཚོ་བྱེས་སུ་གྱར་བ་ནི་རང་གི་ཁ་རྒྱབ་གཅིག་བུའི་ཆེད་དུ་ཡིན་མི་སྲིད་ལ། དེ་འདྲ་ཞིག་ཡིན་ན་ནི། ང་ཚོ་ལ་བོད་མི་ཡིན་ཡང་བོད་སྐད་བཤད་མ་ཤེས་ཀྱང་འགྲིག་ལ། བོད་མི་ཡིན་ཡང་བོད་ཡིག་འབྲི་ཀློག་མི་ཤེས་ཀྱང་གཏན་ནས་སྐྱོན་ཆ་མེད། ལྷག་པར་དུ་རང་ཉིད་བོད་ཡིན་ཟེར་ནས་མི་རིགས་གཞན་དག་གི་དྲུང་ནས་ཨུ་ཚུགས་བྱེད་དགོས་དོན་ཡང་གཏན་ནས་ལུས་མེད།
ད་ནི་དངོས་ནས་དྲང་གནས་ཀྱི་ཕྱི་ཕྱོགས་སུ་བཞུགས་མཁན་སྤུན་ཟླ་ཡོངས་ཀྱིས་འགན་རང་འཁུར་བྱས་དེ་རང་ཉིད་བོད་ལ་སྐྱེ་བའི་བོད་མི་ཞིག་ཡིན་པ་སེམས་ཁོང་ནས་དྲན་པ་བྱས་དེ། བཟང་རང་ངན་རང་མ་ཤི་བར་དུ་རང་ཉིད་བོད་པ་ཡིན་པ་མ་ཟད། རང་གི་བུ་ཕྲུག་དག་ཀྱང་མ་འོངས་པའི་བོད་པ་ཞིག་ཆགས་པར་རེ་འདོད་ཡོད་པ་བདེན་པ་ཡིན་ན། ཐོག་མར་བོད་སྐད་ཤོད་དུ་བཅུགས། བོད་ཡིག་གི་འབྲི་ཀློག་ལ་གོམ་དུ་བཅུགས། ད་གཟོད་བོད་མི་ཞིག་གི་ལམ་ཕྲན་དུ་གོམ་པ་རྒྱག་ཐུབ་ངེས་ཡིན། དེ་མིན་བོད་མི་ཟེར་བ་མིང་ཙམ་ཡིན།
ཁ་ཤས་ཀྱི་དེས་བོད་མི་བོད་ཡིག་དང་བོད་སྐད་མི་ཤེས་པའི་ཕྱི་རྒྱལ་ཁག་དུ་ཡོད་པའི་བོད་ལ་སེམས་པ་འཁོར་ནས་བོད་དོན་གླེང་བཞིན་པའི་བོད་མི་དེ་དག་ཟེར་ན། དེ་དག་ནི་བོད་མིང་ཐོབ་པའི་མི་རིགས་གཞན་གྱི་རིག་གཞུང་གི་སེམས་པ་ཡོད་མཁན་ཞིག་ལས། བོད་མིའི་རིག་གཞུང་གི་ཚོར་བ་ཡོད་མཁན་དག་གཏན་ནས་མིན་ལ། བོད་སྐད་དང་བོད་ཡིག་གི་འབྲི་ཀློག་ཁྲོད་ནས་འཚར་ལོངས་བྱུང་མ་ཐུབ་པའི་མི་ཞིག་ཡིན་ཕྱིན་བོད་པའི་རིག་གཞུང་གི་དྲི་མ་དང་བྲལ་པའི་བོད་ཀྱི་མིང་ཙམ་ཡོད་པའི་གཟུགས་བརྙན་ཞིག་ཡིན། གཟུགས་བརྙན་དེ་དག་གི་ལུས་པོ་གཞན་ཡུལ་དུ་ཡོད་ཀྱང་། སེམས་པ་རང་ཡུལ་དུ་འཁོར་བའི་ན་ཟུག་མེད་མཁན་ཆགས་དོན་ཡང་དེ་ཡིན།
གྲོགས་པོ་ལགས་ལ་རྒྱབ་སྐྱོར་ཡོད། ང་ཡོད་ས་ན་བོད་ཕྲུག་བརྒྱ་ལྷག་ཅིག་ཡོད་ནའང་བོད་སྐད་རྩ་ནས་བཤད་མི་ཤེས་མཁན་སུམ་ཅུ་ལྷག་ཡོད། ངས་རྟག་པར་ཁོང་ཚོ་ལ་བོད་ཕྱེད་ཀ་ཟེར་ནས་སྡིག་གི་ཡོད། བུ་ཕྲུག་དེ་ཚོའི་ཕ་རྒན་གཅིག་གིས་ང་ལ་སྐད་ཆ་ངན་པ་ལབ་ནས་སྡིག་མྱོང་། དྲང་བོར་བཤད་ན་རྒྱ་གར་དང་བལ་ཡུལ་ནས་ཡོང་བའི་ཕ་མ་ཚོས་རང་གི་བུ་ཕྲུག་ལ་བོད་སྐད་བཤད་མཁན་དཔེ་དེ་ཉུང་ཉུང་རེད་འདུག
རྩོམ་པ་པོ་ལགས།
ཁྱེད་ཀྱིས་གསུངས་པ་དེ་བདེན་པ་རེད། བོད་སྐད་བེད་སྤྱོད་བྱེད་མཁན་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་ལ་སླེབས་འདུག འོན་ཀྱང་དེ་བོད་ཕྱི་ནང་གཉིས་ཀར་རེད་འདུག
དཔེར་ན།
དེ་སྔ་ཁོ་བོ་བདེ་ལེགས་སྨན་ཁང་དུ་འགྲོ་སྐབས། བོད་ནས་ཉེ་ཆར་འབྱོར་མ་ཐག་པའི་བུ་མོ་གྲོགས་མོ་གསུམ་འདུག གྱོན་གོས་ལ་བལྟས་ནས་བོད་ཁུལ་གྱི་གྲོང་ཁྱེར་ཞིག་ནས་སླེབས་པ་འདྲ་པོ་འདུག
ཁོང་ཚོ་སྐད་ཆ་ཤོད་པའི་ཚེ་རྒྱ་སྐད་བེད་སྤྱོད་བྱེད་པ་མ་ཟད། བོུ་ཆུང་ཤོས་དེར་ ཞའོ་མཻ ཞེས་བོད་ཀྱི་འདུག
ང་རང་ཡང་བོད་ནས་སླེབས་པའི་གསར་འབྱོར་ཞིག་ཡིན། ཧ་སང་བ་དང་སྦྲགས་སྐྱོ་སྣང་ཞིག་ཀྱང་བྱུང་། འོན་ཀྱང་བོུ་གསུམ་པོ་དེར་སྐྱོན་བརྗོད་བྱེད་ཀྱི་མེད། དཔེ་མཚོན་ཙམ་ཞིག་ཡིན།། །།