ཨེ་མ་ཧོ།
ན་མོ་གུ་རུ་བྷྱེ།།
དཔྱིད་ཀླུང་དྲོད་མོས་ནོར་འཛིན་སྣུམ་ཞག་བྱིན།།
ཁ་བ་དཀར་པོས་རྩི་ཤིང་ཁྲུས་ཆས་གསོལ།།
རྐང་འཐུང་འཛུམ་པའི་པདྨོ་བཞད་པ་འདིས།།
དོན་དམ་དཔྱིད་ཀྱི་དཔལ་མོའི་མགྲོན་བརྡ་ལགས།།
གངས་ལྡན་རི་བོ་ཁ་བས་དཀར་གསོལ་འདིས།།
ཞི་བདེའི་ཉི་མ་བཟང་པོའི་འོད་སྣང་ངམ།།
ན་གཞོན་སེམས་པ་དགའ་བའི་དུས་བཟང་འདིས།།
ནམ་ཟླར་སློབ་བརྩོན་དགོས་པའི་བརྡ་སྤྲོད་ལགས།།
ཀུན་ལ་བརྩེ་བའི་གཏམ་རྒྱུད་གངས་སྐྱེས་བུས།།
རྣམ་ཐར་ཡིད་ལ་མཛའ་བའི་ཟློས་གར་འདིས།།
ནུབ་ཕྱོགས་སྤྱང་དྲང་མཁན་ལ་བརྡ་བརྒྱུད་དུ།།
ཐབས་ཤེས་དཔྱིད་དཔལ་བསུ་བའི་བརྡ་གླུ་ལགས།།
དགུན་རླུང་ཙག་ངར་འདྲེ་མོས་གདུང་བ་སངས།།
དཔྱིད་ཀའི་བསིལ་དྲོད་མཉམ་པའི་ན་ཆུང་འདིས།།
དབྱར་དུས་རྒྱ་མཚོ་རྒྱས་པའི་ཆུ་ཀླུང་བཞིན།།
སྟོན་ཆེན་འབྲུ་དྲུག་སྨིན་པའི་བརྡ་རྟགས་ལགས།།
གཞན་གསོས་བུ་མོས་སྙན་ངག་གར་སྟེགས་སུ།།
དབྱར་གྱི་རྔ་གསང་གྲགས་པའི་མཁའ་ལམ་དུ།།
མི་དབང་ལས་ཀྱིས་བསྐོར་པའི་ཀུན་མཁྱེན་པའི།།
ཕྲིན་ལས་ཀུན་གསལ་དབྱིངས་སུ་གདལ་ལ་བྲེལ།།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་བའི་ཡར་ངོའི་ཚེས་པ་བཅུ་ཉིན་དབྱིན་ཡུལ་དུ་ཁ་བས་རི་ལུང་གང་ཞིང་ཉེ་འཁོར་རྒན་བྱིས་ཕལ་ཆེ་བ་དགའ་སྤྲོས་ཁེངས་ཞིང་དགའ་བའི་གླུ་དང་སྐྱིད་པའི་གངས་བརྩེའི་མིའུ་བཟོ་བཞིན་པའི་ཉི་མ་དེར་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་བགྱིས་པར་དགེའོ།། །།
གངས་ལྡན་རི་བོ་ཁ་བས་དཀར་གསོལ་འདིས་།
རྫ་རི་བྲག་རི་ཁ་བས་གཡོགས་པ་འདིས་།།