ཨེ་མ་ཧོ།
བླ་མ་མཁྱེན་ནོ།།
སྐྱེ་ནས་འཆི་བ་དངོས་པོ་ཆོས་ཉིད།།
འདུས་ནས་འབྲལ་བ་འཁོར་བའི་རང་བཞིན།།
སྐད་ཅིག་མི་རྟག་འདུས་བྱས་མཚན་ཉིད།།
གང་ལ་བསམ་ཡང་འཆི་ལ་ཉེ་འདུག།
ཕྱུག་པོའི་འབྱོར་བ་སྡུག་གི་གཞི་མ།།
བཙན་པོའི་གོ་ས་དམྱལ་བའི་རྒྱུ་ཆ།།
འཁོར་གཡོག་སྐྱོང་བ་བདུད་ཀྱི་ཞགས་པ།།
གང་ལ་བསམ་ཡང་དགོས་པ་མི་འདུག།
བདེན་པའི་སྨྲས་ཀྱང་གྱོད་ཀྱི་རྩ་བ།།
སྙིང་གི་གྲོགས་པོ་དགྲ་རུ་གྱུར་པ།།
འཇིག་རྟེན་བརྩེ་བ་འཁྲུལ་བའི་བསླུ་བ།།
གང་ལ་བསམ་ཡང་སྙིང་པོ་མི་འདུག།
སྙིང་པོ་དམ་པ་དམ་པའི་ལྷ་ཆོས།།
གཅིག་ཤེས་ཀུན་གྲོལ་རྫོགས་པ་ཆེན་པོ།།
སེམས་ཉིད་རང་བཞིན་རྫོགས་པའི་སངས་རྒྱས།།
གང་ལ་བསམ་ཡང་རིག་པའི་ཡེ་ཤེས།།
གཞི་མེད་ཆོས་ལ་བདག་ཏུ་བཟུང་བའི།།
དོན་མེད་འཁྲུལ་བ་རིང་དུ་སྤོང་ཞིང་།།
བརྗོད་མེད་རྟོགས་པའི་བཙན་ས་མཐོང་བས།།
མཚུངས་མེད་འགྲོ་བའི་དོན་ཆེན་འགྲུབ་འདུག།
ཀུན་བཟང་བརྒྱུད་པའི་གྲལ་མཐའ་ཉུལ་བའི།།
ཀུན་ལ་ཕན་ཕྱིར་མི་རྟག་ཕོ་ཉ།།
ཀུན་ཏུ་རྒྱུ་ཡིས་སྐུལ་མ་ཇི་བཞིན།།
ཀུན་བཟང་གླིང་ནས་ཤར་མར་བྲིས་སོ།།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་ཡར་ཚེས་དགེ་བར་གདོང་ཐོག་རིན་པོ་ཆེའི་རིག་མའི་འདས་རྟགས་ཀྱི་སྐུལ་མས་རིག་འཛིན་ཨེ་མ་ཧོས་བགྱིས་པར་དགེའོ།། །།